Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 141

Văn bản gốc(Tây Tạng)

Trang 3 / 18 (50.000 ký tự/trang)
།སློབ་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་དག་གིས་བརྟན་པོར་བྱས་པའི་ཕྱིར་རོ། །ཕྱིས་སྦྱངས་པས་ཐོབ་པ་གང་ཡིན་པ་
དེ་ལས་ནི་ཡོངས་སུ་ཉམས་པར་འགྱུར་རོ། །གང་གི་འབྲས་བུ་དང་པོ་གང་ཡིན་པ་དེ་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ལྷག་མ་ལས་ནི་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་ལས་ཡོངས་སུ་ཉམས་པ་མེད་དོ། །དེ་
ལྟར་བྱས་ན་ཡོངས་སུ་ཉམས་པའི་ཆོས་ཅན་ནི་རྣམ་པ་གསུམ་ཡིན་ཏེ། དེའི་སོ་ན་གནས་པ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་དང་། དབང་པོ་འཕོ་བའམ། ཡོངས་སུ་ཉམས་ནས་སློབ་པ་ཉིད་དུ་འགྱུར་བའོ། །འཆི་བར་སེམས་པའི་ཆོས་ཅན་ནི་བཞི་སྟེ། གསུམ་པོ་དེ་དག་ཉིད་དང་།
ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་སུ་སླར་འོང་བའོ། །དེ་བཞིན་དུ་གསུམ་ལ་ཡང་རེ་རེ་བསྐྱེད་དེ། གོ་རིམས་བཞིན་དུ་རྣམ་པ་ལྔ་དང་དྲུག་དང་བདུན་ཡིན་པར་རིག་པར་བྱའོ། །དེ་སློབ་པར་གྱུར་ན་གང་གི་རིགས་དང་པོ་གང་ཡིན་པ་དེ་ཁོ་ན་ལ་གནས་ཀྱི་གཞན་དག་ལ་ནི་མ་ཡིན་
ནོ། །དེ་ལྟ་མ་ཡིན་ན་རིགས་ཁྱད་པར་ཅན་རྙེད་པའི་ཕྱིར་དེ་འཕེལ་བ་ཁོ་ནར་འགྱུར་གྱི་ཡོངས་སུ་ཉམས་པར་ནི་མི་འགྱུར་རོ། །ཅིའི་ཕྱིར་འབྲས་བུ་དང་པོ་ལས་ཡོངས་སུ་ཉམས་པ་མེད་ཅེ་ན། མཐོང་བས་སྤང་བར་བྱ་བ་རྣམས་གཞི་མེད་པའི་ཕྱིར་ཏེ། དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་

རྩ་བ་ཅན་ཡིན་པའི་ཕྱིར་བདག་གི་གཞི་ལ་འཇུག་པ་ཅན་ཡིན་ན་བདག་དེ་ཡང་མེད་དོ། །འོ་ན་མེད་པ་ལ་དམིགས་པར་འགྱུར་རོ་ཞེ་ན། བདེན་པ་ལ་དམིགས་པའི་ཕྱིར་མེད་པ་ལ་དམིགས་པ་ནི་མ་ཡིན་གྱི་ཕྱིན་ཅི་ལོག་ཏེ་དམིགས་པ་དག་ནི་ཡིན་ནོ། །དེ་ལྟ་མ་ཡིན་པའི་ཉོན་
མོངས་པ་གང་ཞིག་ཡིན་ཞེ་ན། ཁྱད་པར་ཡོད་དེ། བདག་ཏུ་ལྟ་བ་ནི་བདག་མེད་བཞིན་དུ་གཟུགས་ལ་སོགས་པའི་དངོས་པོ་ལ་བྱེད་པ་པོ་དང་ཚོར་བ་པོ་དང་དབང་བསྒྱུར་བ་ཉིད་དུ་བདག་ཡང་དག་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་ལ། མཐར་འཛིན་པ་ལ་སོགས་པ་ཡང་དེའི་གཞི་ལ་ཞུགས་པ་
ཡིན་པས་གཞི་མེད་པ་དག་ཅེས་བྱའོ། །བསྒོམ་པས་སྤང་བར་བྱ་བ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་རྣམ་པ་ནི་གཟུགས་ལ་སོགས་པའི་དངོས་པོ་ལ་ཆགས་པ་དང་། ཀུན་ནས་མནར་སེམས་དང་། ཁེངས་པ་དང་། མི་གསལ་བའི་ངོ་བོར་ཞུགས་
པ་འབའ་ཞིག་ཏུ་ཟད་པས་གཞི་དང་བཅས་པ་དག་ཅེས་བྱ་སྟེ། གང་ལ་དེ་དག་འཇུག་པར་འགྱུར་བ་སྡུག་པ་ལ་སོགས་པ་ཙམ་དེ་ནི་ཡོད་ཀྱི། བདག་ལ་སོགས་པ་ནི་བག་ཀྱང་མེད་དོ། །གཞན་དག་ནི་འདི་སྐད་ཅེས་ཟེར་ཏེ། འདི་ལྟར་བསྒོམ་པས་སྤང་བར་བྱ་བ་རྣམས་ལ་ནི་གཞི་ཡིད་དུ་འོང་བ་དང་ཡིད་
དུ་མི་འོང་བའི་མཚན་ཉིད་སོ་སོར་ངེས་པ་ཡོད་ཀྱི། མཐོང་བས་སྤང་བར་བྱ་བ་རྣམས་ལ་ནི་བདག་ལ་སོགས་པའི་མཚན་ཉིད་མེད་དེ། དེ་ལྟ་བས་ན་གཞི་སོ་སོར་ངེས་པ་མེད་པ་དག་ཅེས་བྱའོ། །གཞན་ཡང་འཕགས་པ་ངེས་པར་མི་རྟོག་པ་ལ་དྲན་པ་ཉམས་པས་ཉོན་མོངས་པ་རྣམས་སྐྱེ་བར་
འགྱུར་གྱི་ངེས་པར་རྟོག་པ་ལ་ནི་མ་ཡིན་ཏེ། ཐག་པ་ལ་སྦྲུལ་གྱི་འདུ་ཤེས་བཞིན་ནོ། །ངེས་པར་མི་རྟོག་པ་ལ་ནི་བདག་ཏུ་ལྟ་བ་ལ་སོགས་པ་འབྱུང་བར་མི་རུང་སྟེ། ཀུན་དུ་རྟོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་མཐོང་བས་སྤང་བར་བྱ་བ་སྤངས་པས་ས་དང་པོ་ལས་ཡོངས་
སུ་ཉམས་པ་མེད་དོ། །མདོ་སྡེ་པ་རྣམས་ན་རེ་དགྲ་བཅོམ་པ་ཉིད་ལས་ཀྱང་ཡོངས་སུ་ཉམས་པ་མེད་དོ་ཞེས་ཟེར་ཏེ། དེ་ཉིད་རིགས་པ་ཡིན་ནོ། །འདི་ཇི་ལྟར་ཁོང་དུ་ཆུད་ཅེ་ན། ལུང་དང་རིགས་པ་ལས་སོ། །ལུང་ལས་ཇི་ལྟ་བུ་ཞེ་ན། དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་

སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་གསུངས་པ་དང་། སློབ་པ་ལ་བག་ཡོད་པ་ལ་བག་ཡོད་པར་བྱའོ་ཞེས་དང་སྨྲའོ་གསུངས་ཀྱི་དགྲ་བཅོམ་པ་ལ་ནི་མ་ཡིན་ནོ། །ཀུན་དགའ་བོ་དགྲ་བཅོམ་པ་ལ་ཡང་རྙེད་པ་དང་བཀུར་སྟིས་བར་ཆད་བྱེད་པ་ཡིན་པར་ང་སྨྲའོ་ཞེས་གསུངས་པའི་
མདོ་དེ་ལས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཙམ་ཁོ་ན་ལས་ཡོངས་སུ་ཉམས་པར་འགྱུར་བར་གསུངས་པར་ཟད་དེ། འདིས་སེམས་རྣམ་པར་གྲོལ་བ་མི་གཡོ་བ་ལུས་ཀྱིས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ལས་ནི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བར་
ང་མི་སྨྲའོ་ཞེས་གསུངས་སོ། །གལ་ཏེ་དུས་དང་སྦྱོར་བ་ལ་ཡོད་དོ་ཞེ་ན། ཁོ་བོ་ཅག་ཀྱང་དེ་སྐད་ཅེས་ནི་ཟེར་རོ། །ཅི་དེ་དགྲ་བཅོམ་པ་ཉིད་ཡིན་ནམ། འོན་ཏེ་བསམ་གཏན་པ་རྣམས་ཡིན་ཞེས་བྱ་བ་དཔྱད་པར་བྱས་ཏེ། བསམ་གཏན་དངོས་གཞིའི་ཏིང་ངེ་འཛིན་ནི་དུས་སུ་མངོན་
སུམ་དུ་འགྱུར་བའི་ཕྱིར་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ཞེས་ཀྱང་བྱ་ལ་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཡང་དང་ཡང་དུ་བཙལ་བར་བྱ་བ་ཡིན་པའི་ཕྱིར་ཡིད་དུ་འོང་བ་ཞེས་ཀྱང་བྱའོ། །གཞན་དག་ན་རེ་རོ་མྱང་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དགྲ་
བཅོམ་པ་ཉིད་ཀྱི་རྣམ་པར་གྲོལ་བ་ནི་རྟག་ཏུ་རྗེས་སུ་འབྲེལ་བའི་ཕྱིར་དུས་དང་སྦྱོར་བ་ཡིན་པར་ཡང་མི་རུང་ལ། ཡང་དོན་དུ་གཉེར་བར་བྱ་བ་མ་ཡིན་པའི་ཕྱིར་ཡིད་དུ་འོང་བ་ཡང་མ་ཡིན་ནོ། །གལ་ཏེ་ཡང་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་སྲིད་པ་ཞིག་ཏུ་གྱུར་ན། ཅིའི་ཕྱིར་བཅོམ་
ལྡན་འདས་ཀྱིས་མཐོང་བའི་ཆོས་ལ་བདེ་བར་གནས་པར་ལྷག་པའི་སེམས་ལས་བྱུང་བ་དག་ཁོ་ན་ལས་ཡོངས་སུ་ཉམས་པར་འགྱུར་བར་གསུངས་པར་གྱུར་ཏེ། དེའི་ཕྱིར་དགྲ་བཅོམ་པ་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་ནི་མི་གཡོ་བ་ཡིན་པར་ཁོང་དུ་ཆུད་དོ། །མཐོང་བའི་ཆོས་ལ་
བདེ་བར་གནས་པ་དག་ལས་ནི་ལ་ལ་ནི་རྙེད་པ་དང་བཀུར་སྟིས་གཡེན་སྤྱོ་བའི་ཉེས་པས་དབང་ཉམས་པའི་ཕྱིར་ཡོངས་སུ་ཉམས་པར་འགྱུར་ཏེ། དབང་པོ་རྟུལ་པོ་གང་ཡིན་པའོ། །ལ་ལ་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དབང་པོ་རྣོན་པོ་གང་ཡིན་པའོ། །དེ་ལ་གང་ཞིག་

ཡོངས་སུ་ཉམས་པར་འགྱུར་བ་དེ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ལ། གང་ཞིག་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ནི་ཡོངས་སུ་ཉམས་པར་མི་འགྱུར་བའི་ཆོས་ཅན་ཡིན་ཏེ། དེ་བཞིན་དུ་འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །
ཡོངས་སུ་མི་ཉམས་པའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པ་དང་། མི་གཡོ་བའི་ཆོས་ཅན་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡོངས་སུ་མི་ཉམས་པའི་ཆོས་ཅན་ནི་སྦྱངས་པ་ལས་གྱུར་པ་ནི་མ་ཡིན་ལ། མི་གཡོ་བའི་ཆོས་ཅན་ནི་སྦྱངས་པ་ལས་གྱུར་པ་ཡིན་ཏེ། དེ་གཉིས་ནི་ཏིང་ངེ་འཛིན་གྱི་ཁྱད་
པར་གང་ཁོ་ན་སྐྱེད་པར་བྱེད་པ་དེ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །གནས་པ་ལས་མི་བསྐྱོད་པ་ནི་ཡོན་ཏན་གང་ཁོ་ན་ལ་གནས་པ་དེ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི། གཞན་ཡང་སྐྱེད་པར་མི་བྱེད་པའམ། སྐྱེད་པར་བྱེད་ན་ཡང་དེ་ལས་གཡོ་བར་
འགྱུར་བ་ཡིན་པས་འདི་ནི་ཁྱད་པར་ཡིན་པར་མངོན་ནོ། །ཚེ་དང་ལྡན་པ་གནག་ཚོགས་ཅན་སློབ་པར་གྱུར་པ་ཧ་ཅང་རོ་མྱང་བའི་ཕྱིར་དང་། དབང་པོ་རྟུལ་པོ་ཡིན་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་པ་ལས་ཡང་དང་ཡང་དུ་ཡོངས་སུ་ཉམས་པ་དང་། ཡི་ཆད་ནས་ལུས་དང་
སྲོག་ལ་མི་ལྟ་བར་མཚོན་གྱིས་འདེབས་པར་བྱེད་ལ། འཆི་བའི་དུས་ཁོ་ནར་དགྲ་བཅོམ་པ་ཉིད་ཐོབ་ཅིང་ཡོངས་སུ་མྱ་ངན་ལས་འདས་པར་ཡང་གྱུར་ཏེ། དེ་ལྟ་བས་ན་དེ་ཡང་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་མ་ཡིན་ནོ། །བཅུ་ལས་འཕྲོས་པ་ལས་ཀྱང་བསྐྱེད་པར་བྱ་བའི་ཆོས་ནི་
གཅིག་སྟེ། སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་པ་ཡིད་དུ་འོང་བ་ཡིན་ནོ། །མངོན་སུམ་དུ་བྱ་བའི་ཆོས་ནི་གཅིག་སྟེ། སེམས་རྣམ་པར་གྲོལ་བ་མི་གཡོ་བ་ཡིན་ནོ་ཞེས་གསུངས་ཏེ། གལ་ཏེ་སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་པ་ཡིད་དུ་འོང་བ་དགྲ་བཅོམ་པ་ཉིད་ཁོ་ན་ཡིན་པར་
གྱུར་ན། ཅིའི་ཕྱིར་བཅུ་ཚན་དེ་ཁོ་ན་ལས་དགྲ་བཅོམ་པ་ཉིད་ལན་གཉིས་སུ་སྨོས་པར་འགྱུར། དགྲ་བཅོམ་པ་ཉིད་བསྐྱེད་པར་བྱ་བ་ཡིན་པར་ནི་གང་དུ་ཡང་མ་གསུངས་སོ། །འོ་ན་ཅི་ཞེ་ན། མངོན་སུམ་དུ་བྱ་བ་ཡིན་ནོ། །དབང་པོ་རྟུལ་པོས་བསྡུས་པའི་དགྲ་བཅོམ་པ་ཉིད་བསྐྱེད་པར་

བྱ་བ་ཡིན་ནོ་ཞེ་ན། ཡང་འདིས་ཅི་ཞིག་ཤེས་པར་བྱ་བ་ཡིན། རེ་ཞིག་གལ་ཏེ་བསྐྱེད་པར་བྱ་བར་ནུས་པ་ཡིན་ནོ་ཞེ་ན་ནི། གཞན་ཡང་ནུས་སོ། །འོན་ཏེ་བསྐྱེད་པར་འོས་པ་ཡིན་ནོ་ཞེ་ན་ནི་གཞན་ཆེས་ཤིན་ཏུ་འོས་པ་ཡིན་ཏེ། དེ་ལྟ་བས་ན་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་པ་ནི་དགྲ་བཅོམ་
པ་ཉིད་མ་ཡིན་ནོ། །འོ་ན་དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཞེས་ཇི་སྐད་ཅེས་བྱ་ཞེ་ན། གང་ཞིག་དབང་པོ་རྟུལ་པོའི་ཕྱིར་ཏིང་ངེ་འཛིན་མངོན་སུམ་དུ་འགྱུར་བ་དུས་ལ་ལྟོས་པ་ཡིན་ནོ། །བཟློག་པ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཡིན་ནོ། །ཆོས་མངོན་པ་ལས་ཀྱང་།
གནས་གསུམ་གྱིས་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་སྐྱེ་བར་འགྱུར་ཏེ། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན། འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པར་གྱུར་པའི་ཆོས་རྣམས་ཀྱང་སྣང་བར་གྱུར་པ་ཡིན། དེ་ལ་ཡང་ཚུལ་
བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་བུ་ནི་རྒྱུ་ཡོངས་སུ་ཚང་བ་ལས་སྐྱེས་པ་ཡིན་ནོ་ཞེ་ན། རྒྱུ་ཡོངས་སུ་མ་ཚང་བར་གོ་གང་ཞིག་སྐྱེ་ཞེ་ན། རེ་ཞིག་ལུང་ལས་ནི་དེ་ལྟ་བུ་ཡིན་ནོ། །རིགས་པ་ལས་ཇི་ལྟ་བུ་ཞེ་ན། རེ་ཞིག་གལ་ཏེ་དགྲ་བཅོམ་པ་ལ་
གང་གིས་ན་ཉོན་མོངས་པ་རྣམས་གཏན་ཏུ་མི་སྐྱེ་བའི་ཆོས་ཉིད་དུ་གྱུར་པ་དེ་ལྟ་བུའི་གཉེན་པོ་ཞིག་སྐྱེས་ན་ནི་ཇི་ལྟར་ན་ཡང་ཡོངས་སུ་ཉམས་པར་འགྱུར། འོན་ཏེ་མ་སྐྱེས་ཏེ་དེའི་ས་བོན་གྱི་ཆོས་ཉིད་གཏན་དུ་རྩ་ནས་མ་བཏོན་ན་ནི་ཇི་ལྟར་ཟག་པ་ཟད་པ་ཡིན། ཟག་པ་མ་ཟད་ན་ཡང་ཇི་
ལྟར་དགྲ་བཅོམ་པ་ཉིད་ཡིན་ཏེ། རིགས་པ་ལས་ནི་དེ་ལྟ་བུ་ཡིན་ནོ། །འོ་ན་ནི་གང་ལས་འདི་སྐད་དུ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་སྤྱོད་པ་དེ་ལྟར་གནས་པ་དེ་བརྒྱ་ལ་རེས་འགའ་ཞིག་དྲན་པ་ཉམས་པ་ལས་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དག་སྐྱེ་བར་
འགྱུར་རོ་ཞེས་གསུངས་པ་སོལ་བའི་ཕུང་པོ་ལྟ་བུའི་མདོའི་ལན་གདབ་དགོས་སོ། །དེ་ནི་དེ་ལས་དགྲ་བཅོམ་པ་ཁོ་ན་ཡིན་པར་བསྟན་ཏེ། ཡུན་རིང་པོ་ནས་སེམས་དབེན་པ་ལ་གཞོལ་བ་ཡིན་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ལ་བབ་པ་ཡིན་ཞེས་བྱ་བའི་

བར་དུ་གསུངས་པའི་ཕྱིར་རོ། །གཞན་ལས་དེ་ནི་དགྲ་བཅོམ་པའི་སྟོབས་ཡིན་པར་ཡང་གསུངས་ལ། ཟག་པའི་གནས་ལྟ་བུའི་ཆོས་ཐམས་ཅད་ལས་ནི་བསིལ་བར་གྱུར་ཅིང་བསིལ་བར་གྱུར་པ་ཞེས་ཀྱང་གསུངས་པའི་ཕྱིར་རོ། །དེ་
སྐད་དུ་འབྱུང་བ་ཡང་ཡོད་མོད་ཀྱི་ཇི་སྲིད་དུ་སྤྱོད་པ་ལེགས་པར་མ་རྟོགས་པ་དེ་སྲིད་དུ་སློབ་པ་དེ་ལྟར་སྤྱོད་པ་ལ་ཡང་ཉོན་མོངས་པ་འབྱུང་བ་སྲིད་པ་ཡོད་པས་སློབ་པའི་གནས་སྐབས་ཀྱི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པའི་ཕྱིར་ཉེས་པ་མེད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དགྲ་
བཅོམ་པ་ཉིད་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བར་བརྗོད་དོ། །ཅི་དགྲ་བཅོམ་པ་དེ་དག་ཁོ་ན་རིགས་དྲུག་དང་ལྡན་ནམ། འོན་ཏེ་གཞན་དག་ཀྱང་རིགས་དྲུག་དང་ལྡན་ཞེ་ན། སློབ་དང་འཕགས་མིན་རིགས་དྲུག་ལྡན། །སློབ་པ་དང་སོ་སོའི་སྐྱེ་བོ་རྣམས་ཀྱང་དེ་བཞིན་དུ་རིགས་དྲུག་
དང་ལྡན་ཏེ། དགྲ་བཅོམ་པའི་རིགས་རྣམས་ནི་དེ་དག་སྔོན་དུ་འགྲོ་བ་ཡིན་ནོ། །གཞན་ཡང་། མཐོང་བ་ལ་ནི་འཕོ་བ་མེད། །མཐོང་བའི་ལམ་ལས་གཞན་པ་ལ་དབང་པོ་འཕོ་བ་ཡོད་ཀྱི་སྦྱོར་བ་མི་སྲིད་པའི་ཕྱིར་མཐོང་བའི་ལམ་ལ་ནི་མ་ཡིན་ནོ། །ལ་ལ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ན་དབང་
པོ་རྣམས་འཕོའོ། །ལ་ལ་ནི་དད་པས་མོས་པའི་གནས་སྐབས་ནའོ། །མདོ་ལས་འདི་སྐད་དུ། འདིས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལྷག་པའི་སེམས་ལས་བྱུང་བ་བཞི་ཐོབ་པ་གང་དག་ཡིན་པ་དེ་ལས་གང་ཡང་རུང་བ་ཞིག་ལས་འདི་ཡོངས་སུ་ཉམས་པར་འགྱུར་བར་ནི་ང་སྨྲའི།
འདི་གཅིག་པུས་སེམས་ཀྱི་རྣམ་པར་གྲོལ་བ་མི་གཡོ་བའི་བར་དུ་ལུས་ཀྱིས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ལས་ནི་འདིའི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བར་ན་མི་སྨྲའོ་ཞེས་གང་གསུངས་པ་ཡང་ཇི་ལྟར་ན་མ་གཡོ་བའི་ཆོས་ཅན་མཐོང་བའི་ཆོས་ལ་བདེ་བར་གནས་པ་
དག་ལས་ཡོངས་སུ་ཉམས་པར་འགྱུར་ཞེ་ན། ཐོབ་དང་མ་ཐོབ་ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ཤེས་བྱ། །གལ་ཏེ་ཡོན་ཏན་ཐོབ་པ་ལས་ཡོངས་སུ་ཉམས་ན་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡིན་ནོ། །གལ་ཏེ་ཡོན་ཏན་ཐོབ་པར་བྱ་བ་མ་ཐོབ་ན་མ་ཐོབ་པ་ལས་ཡོངས་སུ་

ཉམས་པ་ཡིན་ནོ། །གལ་ཏེ་ཡོན་ཏན་ཐོབ་པ་མངོན་སུམ་དུ་མི་བྱེད་ན་ཉེ་བར་སྤྱོད་པ་ལས་ཡོངས་སུ་ཉམས་པ་ཡིན་ནོ། །ཡོངས་སུ་ཉམས་པ་འདི་རྣམས་ལས། །སྟོན་པ་ཐ་མ་མི་གཡོ་ལ། །བར་མའང་གཞན་ལ་རྣམ་གསུམ་མོ། །སངས་རྒྱས་ལ་ན་ཉེ་བར་སྤྱད་པ་ལས་ཡོངས་སུ་ཉམས་པ་ཁོ་ན་
མངའི་གཞན་ནི་མི་མངའོ། །མི་གཡོ་བའི་ཆོས་ཅན་ལ་ནི་དེ་དང་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡང་ཡོད་དེ། གང་ཟག་ཁྱད་པར་ཅན་གྱི་ཆོས་མ་ཐོབ་པའི་ཕྱིར་རོ། །དགྲ་བཅོམ་པ་གཞན་ལ་ནི་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡང་ཡོད་དོ། །དེའི་ཕྱིར་མི་གཡོ་བའི་ཆོས་ཅན་ཉེ་བར་སྤྱད་པ་
ལས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་མདོ་དང་མི་འགལ་ལོ། །ཡོངས་སུ་མི་ཉམས་པར་སྨྲ་བ་ན་རེ་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་ཟག་པ་མེད་པ་ནི་མི་གཡོ་བ་ཡིན་ལ། མི་གཡོ་བའི་ཆོས་ཅན་དུ་ཇི་ལྟར་རྣམ་པར་གཞག་པ་ནི་དེ་བཞིན་དུ་བཤད་ཟིན་པ་དེའི་ཕྱིར་འདི་ནི་ཀླན་ཀར་མི་རུང་ངོ་
ཞེས་ཟེར་རོ། །ཡང་གང་ཞིག་དགྲ་བཅོམ་པའི་འབྲས་བུ་ལས་ཡོངས་སུ་ཉམས་ན་ཅི་དེ་ཡང་སྐྱེ་འམ་ཞེ་ན། དེ་ལྟ་བུ་ནི་མེད་དེ། འདི་ལྟར། འབྲས་ལས་ཉམས་པ་འཆི་བ་མེད། །འབྲས་བུ་ལས་ཡོངས་སུ་ཉམས་པ་ནི་འགའ་ཡང་འཆི་བ་མེད་དེ། མདོ་ལས། དགེ་སློང་དག་འཕགས་པ་
ཉན་ཐོས་ཐོས་པ་དང་ལྡན་པ་ལ་དྲན་པ་ཉམས་པ་ཆུང་ངུ་འབྱུང་མོད་ཀྱི་འོན་ཀྱང་ཡང་མྱུར་བ་ཁོ་ནར་ནུབ་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཚངས་པར་སྤྱོད་པ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ། །འབྲས་བུ་གང་ཞིག་ལས་
ཡོངས་སུ་ཉམས་པ་ནི་འབྲས་བུ་དེ་ལ་གནས་པས་བྱ་བ་མ་ཡིན་པ་གང་ཡིན་པའི། བྱ་བ་མ་ཡིན་དེ་མི་བྱེད། །ཡོངས་སུ་ཉམས་ཀྱང་འབྲས་བུ་དེ་དང་འགལ་བའི་བྱ་བ་མི་བྱེད་དེ། རྩལ་པོ་ཆེ་བྲེད་པ་རྡེག་མི་འཆའ་བ་བཞིན་ནོ། །ཡང་དབང་པོ་རྣམས་འཕོ་བ་ལ་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་
དུ་དག་ཅིག་སྐྱེ་ཞེ་ན། མི་གཡོ་རྣམ་གྲོལ་བར་ཆད་མེད། །ལམ་དགུའོ། །རྟོགས་པའི་སྐལ་བ་ཅན་ཞིག་མི་གཡོ་བའི་རིགས་ཅན་རྟོགས་པར་བྱེད་ན་བར་ཆད་མེད་པའི་ལམ་དགུ་དང་། རྣམ་པར་གྲོལ་བའི་ལམ་དགུ་སྐྱེ་སྟེ། དཔེར་ན་དགྲ་བཅོམ་པ་ཉིད་ཐོབ་པ་བཞིན་ནོ། །ཅིའི་ཕྱིར་ཞེ་ན།

དབང་པོ་རྟུལ་པོའི་རིགས་དེ་ཤིན་ཏུ་བརྟེན་ཕྱིར་རོ། །དེས་དབང་པོ་རྟུལ་པོའི་རིགས་དེ་ཤིན་ཏུ་གོམས་པར་བྱས་པ་ཡིན་པས་འབད་པ་ཆུང་ངུས་བཟློག་པར་མི་ནུས་ཏེ། སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟན་པོར་བྱས་པའི་ཕྱིར་རོ། །མཐོང་བས་ཐོབ་ལ་
རེ་རེའོ། །མཐོང་བས་ཐོབ་པ་རྟོགས་པར་བྱེད་ན་བར་ཆད་མེད་པའི་ལམ་གཅིག་ཁོ་ན་དང་རྣམ་པར་གྲོལ་བའི་ལམ་གཅིག་ཁོ་ན་སྐྱེའོ། །སྦྱོར་བའི་ལམ་ནི་ཐམས་ཅད་དུ་གཅིག་ཁོ་ན་ཡིན་ནོ། །བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དེ་དག་ཐམས་ཅད་ནི། ཟག་མེད། འཕགས་པ་
རྣམས་ཀྱི་དབང་པོ་ནི་ཟག་པ་དང་བཅས་པའི་ལམ་གྱིས་འཕོ་བ་མེད་དོ། །དབང་པོ་རྣམས་གང་དུ་འཕོ་ཞེ་ན། མི་ཡི་ནང་དུ་འཕོ། །མི་རྣམས་ཀྱི་ནང་ཁོ་ནར་དབང་པོ་འཕོའི་གཞན་དུ་ནི་མ་ཡིན་ཏེ། ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ། །གང་ཞིག་ས་གང་ལ་བརྟེན་ནས་དབང་པོ་
རྣམས་འཕོ་བར་བྱེད་ཅེ་ན། མི་སློབ་པ་དགུ་ལ་བརྟེན་ཏེ། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་གསུམ་པ་ལའོ། །སློབ་པ་དྲུག་ལ། གཟུགས་མེད་པ་རྣམས་མ་གཏོགས་སོ། །ཅིའི་ཕྱིར་ཞེ་ན། གང་གི་
ཕྱིར། འཕེལ་བ་འབྲས་བུ་ཁྱད་པར་ཅན། །བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། །དབང་པོ་རྣམས་འཕོ་བ་ན་དབང་པོ་རྟུལ་པོའི་ལམ་གྱི་འབྲས་བུ་དང་འབྲས་བུ་ཁྱད་པར་ཅན་བཏང་སྟེ་དབང་པོ་རྣོན་པོའི་རིགས་ཀྱི་ལམ་གྱི་འབྲས་བུ་ཁོ་ན་འཐོབ་པར་འགྱུར་ན། ཕྱིར་མི་འོང་བའི་འབྲས་བུ་
གཟུགས་མེད་པས་བསྡུས་པ་ནི་མེད་དོ་ཞེས་བྱ་བ་འདི་ནི་གཏན་ཚིགས་ཡིན་ནོ། །དགྲ་བཅོམ་པ་འདི་དག་ཐམས་ཅད་ནི་དབང་པོའི་བྱེ་བྲག་ལས་དགུ་ཁོ་ན་ཡིན་ཏེ། ཇི་ལྟར་བྱས་པས་ཤེ་ན། སངས་རྒྱས་གཉིས་དང་ཉན་ཐོས་བདུན། །དེ་དགུ་དབང་པོ་རྣམ་དགུ་ཅན། །ཉན་ཐོས་བདུན་གང་ཞེ་
ན། །ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔ་དང་། མི་གཡོ་བའི་ཆོས་ཅན་རྣམ་པ་གཉིས་ཏེ། སྦྱངས་པ་ལས་གྱུར་པ་དང་། དང་པོ་ནས་དེའི་རིགས་ཅན་ནོ། །སངས་རྒྱས་གཉིས་ནི་མི་གཡོ་བའི་བྱེ་བྲག་ཁོ་ན་ཡིན་ཏེ། རང་སངས་རྒྱས་དང་། སངས་རྒྱས་སོ། །དེ་

ལྟར་ན་དེ་དག་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པ་དབང་པོ་རྣམ་པ་དགུའི་བྱེ་བྲག་གིས་གང་ཟག་དགུ་ཡིན་ནོ། །འཕགས་པའི་གང་ཟག་རྣམས་ནི་ཐམས་ཅད་དུ་བདུན་ཡིན་ཏེ། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་དང་། དད་པས་མོས་པ་དང་། མཐོང་བས་ཐོབ་
པ་དང་། ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ། །གང་ཟག་བདུན་པོ་དེ་དག་ཀྱང་སྦྱོར་བ་དང་། དབང་པོ་སྙོམས་འཇུག་རྣམ་གྲོལ་དང་། །གཉི་གས་བྱས་པའོ། །སྦྱོར་བ་ལས་ནི་དད་པས་རྗེས་སུ་
འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་དག་སྟེ། དང་པོ་ཉིད་ནས་གཞན་གྱི་དྲིང་འཇོག་པ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་དག་གིས་དོན་རྣམས་ལ་སྦྱོར་བའི་ཕྱིར་རོ། །དབང་པོ་ལས་ནི་དད་པས་མོས་པ་དང་། མཐོང་བས་ཐོབ་པ་དག་སྟེ། དད་པས་མོས་པ་དང་ཤེས་རབ་ལྷག་
པའི་སྒོ་ནས་དབང་པོ་རྟུལ་པོ་དང་རྣོན་པོ་ཡིན་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ལས་ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པ་སྟེ། འགོག་པའི་སྙོམས་པར་འཇུག་པ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །རྣམ་པར་གྲོལ་བ་ལས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བའོ། །སྙོམས་པར་
འཇུག་པ་དང་རྣམ་པར་གྲོལ་བ་ལས་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ། །མིང་གི་སྒོ་ནས་ནི་གང་ཟག་དེ་བདུན་ཡིན་ནོ། །དེ་དག་དྲུག །རྫས་སུ་ནི་དེ་དག་དྲུག་ཡིན་ཏེ། འདི་ལྟར་ལམ་གསུམ་ལ་གཉིས་གཉིས། མཐོང་བའི་ལམ་ལ་གང་ཟག་གཉིས་ཏེ། དད་པས་
རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་དག་གོ། །དེ་དག་ཉིད་བསྒོམ་པའི་ལམ་ལ་གཉིས་ཏེ། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དག་གོ། །དེ་གཉིས་ཀྱང་མི་སློབ་པའི་ལམ་ལ་གཉིས་ཡིན་ཏེ། དུས་ཀྱིས་རྣམ་པར་གྲོལ་བ་དང་། །དུས་དང་མི་སྦྱོར་
བར་རྣམ་པར་གྲོལ་བ་དག་གོ། །དེ་ལ་དད་པས་རྗེས་འབྲང་བ་དབང་པོའི་སྒོ་ནས་ནི་གསུམ་མོ། །རིགས་ཀྱི་སྒོ་ནས་ནི་ལྔའོ། །ལམ་གྱི་སྒོ་ནས་བཅོ་ལྔ་སྟེ། བཟོད་པ་བརྒྱད་དང་ཤེས་པ་བདུན་ལ་གནས་པའོ། །འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་བདུན་ཅུ་རྩ་གསུམ་སྟེ། འཆིང་བ་

མཐའ་དག་དང་ལྡན་པ་དང་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དགུ་ནས་དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་ཕྱིར་གྱི་བར་དུའོ། །རྟེན་གྱི་སྒོ་ནས་ནི་དགུ་སྟེ། གླིང་གསུམ་དང་ལྷའི་རིས་དྲུག་ཏུ་སྐྱེས་པའོ། །དབང་པོ་དང་
རིགས་དང་ལམ་དང་འདོད་ཆགས་དང་བྲལ་བ་དང་རྟེན་གྱི་སྒོ་ནས་བསྡོམས་ན་ནི། འབུམ་བཞི་ཁྲི་བདུན་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་ལྔར་འགྱུར་ཏེ། གང་ཟག་གཞན་དག་ཀྱང་ཅི་རིགས་པར་དེ་བཞིན་དུ་བརྩི་བར་བྱའོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་འདི་ནི་གང་། ཤེས་
རབ་ཀྱིས་རྣམ་པར་གྲོལ་བ་ནི་གང་ཞེ་ན། འགོག་ཐོབ་གཉི་ག་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། །གང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དེ་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ཏེ། ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་དག་གིས་ཉོན་མོངས་པ་དང་།
སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཅིག་ཤོས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཡིན་ཏེ། ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས། འདི་ལ་གང་ཞིག་ཉོན་མོངས་ལྔ་
སྤངས་ཏེ། །མི་འཕྲོགས་ཆོས་ལྡན་སློབ་པ་ཡོངས་སུ་རྫོགས། །ཞེས་གང་གསུངས་པ། ཇི་ཙམ་གྱིས་ན་སློབ་པ་ཡོངས་སུ་རྫོགས་པ་ཡིན་ཞེ་ན། སྙོམས་འཇུག་དབང་པོ་འབྲས་རྣམས་ཀྱིས། །སློབ་པ་ཡོངས་རྫོགས་ཞེས་བྱའོ། །སློབ་པ་ཡོངས་སུ་རྫོགས་པ་ནི་རྣམ་པ་གསུམ་སྟེ། འབྲས་
བུ་དང་། དབང་པོ་དང་། སྙོམས་པར་འཇུག་པ་ལས་སོ། །ཕྱིར་མི་འོང་བ་དད་པས་མོས་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་མ་ཡིན་པ་ནི་འབྲས་བུ་ཁོ་ན་ལས་སོ། །མཐོང་བས་ཐོབ་པ་འདོད་ཆགས་དང་མ་བྲལ་བ་ནི་དབང་པོ་ཁོ་ན་ལས་སོ། །ཕྱིར་མི་འོང་བ་མཐོང་བས་ཐོབ་པ་ལུས་ཀྱིས་
མངོན་སུམ་དུ་བྱེད་པ་མ་ཡིན་པ་ནི་འབྲས་བུ་དང་དབང་པོ་ལས་སོ། །དད་པས་མོས་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི་འབྲས་བུ་དང་སྙོམས་པར་འཇུག་པ་ཁོ་ན་ལས་སོ། །མཐོང་བས་ཐོབ་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི་འབྲས་བུ་དང་། དབང་པོ་དང་། སྙོམས་པར་འཇུག་པ་

ལས་སོ། །སྙོམས་པར་འཇུག་པ་ཁོ་ན་དང་། སྙོམས་པར་འཇུག་པ་དང་། དབང་པོ་ལས་ཡོངས་སུ་རྫོགས་པ་ཉིད་ནི་མེད་དོ། །གཉིས་ཀྱིས་མི་སློབ་ཡོངས་སུ་རྫོགས། །དབང་པོ་དང་སྙོམས་པར་འཇུག་པ་ལས་སོ། །འབྲས་བུ་ཡོངས་སུ་མ་རྫོགས་པ་ལ་ནི་མི་སློབ་པ་ཉིད་ཀྱང་མེད་པ་ཁོ་
ན་ཡིན་པས་འདིའི་འབྲས་བུ་རྫོགས་པ་ནི་ཡོངས་སུ་རྫོགས་པ་ཉིད་དུ་རྣམ་པར་མ་བཞག་གོ། །ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ནི་དབང་པོ་ཁོ་ན་ལས་སོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དུས་ཀྱིས་རྣམ་པར་གྲོལ་བ་ནི་སྙོམས་པར་འཇུག་པ་ཁོ་ན་
ལས་སོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ནི་དབང་པོ་དང་སྙོམས་པར་འཇུག་པ་དག་ལས་སོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་རྣམས་དང་། སྦྱོར་བ་དང་། བར་ཆད་མེད་པ་དང་
རྣམ་པར་གྲོལ་བའི་ལམ་དང་ཁྱད་པ་ཅན་གྱི་ལམ་རྣམས་ཞེས་བྱ་བ་ལམ་གྱི་བྱེ་བྲག་མང་པོ་ཞིག་བཤད་པ་དེ་དག་མདོར་བསྡུ་ན་ལམ་རྣམ་པ་དུ་ཞིག་ཡིན་ཞེ་ན། མདོར་ན་ལམ་ནི་རྣམ་པ་བཞི་སྟེ། ཁྱད་པར་ཅན་དང་རྣམ་གྲོལ་དང་། །བར་ཆད་མེད་དང་སྦྱོར་ཞེས་བྱ། །སྦྱོར་བའི་ལམ་ནི་གང་གི་
མཇུག་ཐོགས་སུ་བར་ཆད་མེད་པའི་ལམ་སྐྱེ་བའོ། །བར་ཆད་མེད་པའི་ལམ་ནི་གང་གིས་སྒྲིབ་པ་རབ་ཏུ་སྤོང་བའོ། །རྣམ་པར་གྲོལ་བའི་ལམ་ནི་དེས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་པ་དང་པོ་ཉིད་དུ་སྐྱེ་བ་གང་ཡིན་པའོ། །ཁྱད་པར་ཅན་གྱི་ལམ་ནི་དེ་དག་ལས་གཞན་པའི་ལམ་
གང་ཡིན་པའོ། །ཅིའི་ཕྱིར་ལམ་ཞེས་བྱ་ཞེ་ན། དེ་ནས་དེར་འགྲོ་བའི་ཕྱིར་རམ། འདིས་མྱ་ངན་ལས་འདས་པ་ཚོལ་བའི་ཕྱིར་འདི་ནི་མྱ་ངན་ལས་འདས་པའི་ལམ་ཡིན་ནོ། །རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་དག་ཇི་ལྟར་ན་ལམ་ཉིད་ཡིན་ཞེ་ན། དེ་དང་འདྲ་བ་དང་།
ཆེས་ཆེ་བ་ཡིན་པའི་ཕྱིར་ཏེ། གོང་ནས་གོང་དུ་ཕྱིན་པར་བྱེད་པའི་ཕྱིར་རམ། ཕུང་པོའི་ལྷག་མ་མ་ལུས་པར་འཇུག་པའི་ཕྱིར་རོ། །ཡང་ལམ་ཉིད་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའི་ཕྱིར་སྒྲུབ་པ་ཞེས་གསུངས་སོ། །ལམ་ནི་བཞི་སྟེ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་

ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཡང་ཡོད་དེ། དེ་བཞིན་དུ་སླ་བ་ཡང་རྣམ་པ་གཉིས་སོ། །དེ་ལ། བསམ་གཏན་དག་གི་ལམ་རྣམས་སླ། །བསམ་གཏན་བཞིའི་ལམ་ནི་སླ་བ་ཡིན་ཏེ། ཡན་ལག་གིས་ཡོངས་སུ་ཟིན་པ་དང་། ཞི་གནས་
དང་ལྷག་མཐོང་མཉམ་པ་དག་གིས་འབད་མི་དགོས་པར་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །ས་གཞན་དག་གི་དཀའ་བ་ཡིན། །མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། གཟུགས་མེད་པ་རྣམས་ཀྱི་ལམ་ནི། ཡན་ལག་གིས་ཡོངས་སུ་མ་ཟིན་པའི་ཕྱིར་དང་།
ཞི་གནས་དང་ལྷག་མཐོང་ཆུང་བའི་ཕྱིར་ལམ་དཀའ་བ་ཡིན་ཏེ། མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་ན་ནི་ཞི་གནས་ཆུང་ངོ་། །གཟུགས་མེད་པ་དག་ན་ནི་ལྷག་མཐོང་ཆུང་ངོ་། །ལམ་དེ་ཡང་རྣམ་པ་གཉིས་ཏེ། བློ་རྟུལ་མངོན་ཤེས་བུལ་བ་སྟེ། །ཅིག་ཤོས་
ཀྱི་ནི་མངོན་ཤེས་མྱུར། །དབང་པོ་རྟུལ་པོ་ནི་ལམ་སླ་བའམ་དཀའ་བ་ཡང་རུང་སྟེ། མངོན་པར་ཤེས་པ་བུལ་བ་ཡིན་ནོ། །དབང་པོ་རྣོན་པོ་ནི་མངོན་པར་ཤེས་པ་མྱུར་བ་ཡིན་ནོ། །ལམ་ཉིད་ལ་མངོན་པར་ཤེས་པ་བུལ་བ་ཡོད་པས་ན་འདི་ནི་མངོན་པར་ཤེས་པ་བུལ་བ་སྟེ། མངོན་པར་
ཤེས་པ་མྱུར་བ་ཡང་དེ་དང་འདྲའོ། །ཡང་ན་འདི་གང་ཟག་དབང་པོ་རྟུལ་པོའི་ཡིན་པས་མངོན་པར་ཤེས་པ་བུལ་བ་ཡིན་ལ། ཡིད་རྣོན་པོའི་ཡིན་པས་མངོན་པར་ཤེས་པ་མྱུར་བའོ། །ལམ་འདི་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱ་བའི་མིང་འཐོབ་སྟེ། བྱང་ཆུབ་ཀྱི་ཕྱོགས་དང་
མཐུན་པ་སུམ་ཅུ་རྩ་བདུན་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལ་ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་ཟད་
པ་དང་མི་སྐྱེ་བ་ཤེས་པ་ན་གང་ཟག་གི་བྱེ་བྲག་གིས་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། བྱང་ཆུབ་གསུམ་ཞེས་བྱ་སྟེ། དེ་གཉིས་ཀྱིས་མ་རིག་པ་མ་ལུས་པར་སྤངས་པའི་ཕྱིར་དང་། རང་གི་དོན་བྱས་པ་དང་། ཡང་

བྱར་མེད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །དེ་དང་མཐུན་ཉིད་ཕྱིར། སུམ་ཅུ་རྩ་བདུན་དེའི་ཕྱོགས་མཐུན། །བྱང་ཆུབ་དང་མཐུན་པའི་ཕྱིར་རོ། །མིང་གི་སྒོ་ནས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་ཞེས་བྱའོ། །རྫས་སུ་བཅུ། བྱང་ཆུབ་ཀྱི་ཕྱོགས་
དང་མཐུན་པ་ཐམས་ཅད་ནི་རྫས་སུ་བཅུ་སྟེ། བཅུ་གང་ཞེ་ན། དད་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །དེ་ལྟར་བྱས་ན་དེ་དག་ནི་རྫས་སུ་བཅུའོ། །ཇི་ལྟར་བྱས་པས་ཤེ་ན། དྲན་པ་ཉེར་གཞག་ཤེས་རབ་
སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །རྫུ་འཕྲུལ་རྐང་པ་ཏིང་འཛིན་ཏོ། །དྲན་པ་ཉེ་བར་གཞག་པ་དང་ཡང་དག་པར་རབ་ཏུ་འཇོག་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཤེས་རབ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་གྱི་རང་བཞིན་དག་ཡིན་ནོ། །དེའི་ཕྱིར་རེ་ཞིག་དབང་པོ་དང་
སྟོབས་རྣམས་ནི་མིང་གིས་སྨོས་པ་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྫས་ལྔ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་ལྟ་བ་ནི་ཤེས་རབ་ཁོ་ན་ཡིན་ནོ། །ཡང་དག་པར་རབ་
ཏུ་འཇོག་པ་རྣམས་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཁོ་ན་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ནོ། །དྲན་
པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་དྲན་པ་ནི་དྲན་པ་ཁོ་ན་ཡིན་ནོ། །ཅི་ཞིག་ལུས་ཤེ་ན། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་རྟོག་པ་དང་། ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་དང་རྫས་དེ་ལྔ་སྟེ། དེ་
ལྟར་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དེ་དག་ནི་རྫས་བཅུ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ལུས་དང་ངག་གི་ལས་དག་ཐ་དད་ཅིང་རིགས་མི་མཐུན་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་རྫས་གཉིས་ཡིན་པས་རྫས་བཅུ་གཅིག་ཡིན་ནོ། །འདི་སྐད་དུ་དྲན་པ་ཉེ་བར་གཞག་པ་

ལ་སོགས་པ་ནི་ཤེས་རབ་དང་བརྩོན་འགྲུས་དང་། ཏིང་འཛིན་གྱི་རང་བཞིན་དག་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེར་ནི། གཙོ་བོ་སྨོས་པ་ཡིན་པར་རིག་པར་བྱའོ། །དེ་དག་ནི། སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །གཙོ་བོ་སྨོས་པས་དེ་སྐད་བཤད་ཀྱི། དྲན་པ་ཉེ་བར་
གཞག་པ་དང་། ཡང་དག་པར་རབ་ཏུ་འཇོག་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཐམས་ཅད་ཀྱང་ཡིན་ནོ། །ཅིའི་ཕྱིར་བརྩོན་འགྲུས་ལ་ཡང་དག་པར་རབ་ཏུ་འཇོག་པ་ཞེས་བཤད་ཅེ་ན། དེས་ལུས་དང་ངག་དང་ཡིད་ཡང་དག་པར་འཇོག་པས་སོ། །ཅིའི་
ཕྱིར་ཏིང་ངེ་འཛིན་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བཤད་ཅེ་ན། དེ་ནི་ཡོན་ཏན་ཐམས་ཅད་སྦྱོར་བའི་རྟེན་ཡིན་པའི་ཕྱིར་རོ། །གང་དག་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ལ། འདུན་པ་ལ་སོགས་པ་ནི་རྐང་པ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ལྟར་ན་ནི་འདུན་པ་དང་སེམས་དག་ལྷག་པའི་ཕྱིར་བྱང་
ཆུབ་ཀྱི་ཕྱོགས་དང་མཐུན་པ་རྫས་བཅུ་གསུམ་དུ་འགྱུར་ལ། དགེ་སློང་དག་རྫུ་འཕྲུལ་ཡང་བཤད་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་བཤད་དོ་ཞེས་བྱ་བ་ནས། རྫུ་འཕྲུལ་གང་ཞེ་ན། འདི་ན་དགེ་སློང་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་ཅིང་། གཅིག་ཏུ་གྱུར་ནས་མང་
པོར་འགྱུར་ཞེས་བྱ་བའི་བར་རྒྱས་པར་གསུངས་པའི་མདོ་དང་ཡང་འགལ་ལོ། །ཅིའི་ཕྱིར་དབང་པོ་རྣམས་ཁོ་ན་ཡང་སྟོབས་རྣམས་སུ་བཤད་ཅེ་ན། ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་རྫི་བ་དང་རྫི་བ་མེད་པའི་ཕྱིར་རོ། །དབང་པོ་རྣམས་ཀྱི་གོ་རིམས་ཅིས་བྱས་ཤེ་ན། དད་པར་གྱུར་
པ་ནི་འབྲས་བུའི་དོན་དུ་བརྩོན་འགྲུས་རྩོམ་པར་བྱེད་དོ། །བརྩོན་འགྲུས་བརྩམས་ན་དྲན་པ་ཉེ་བར་གནས་པར་འགྱུར་རོ། །དྲན་པ་ཉེ་བར་གནས་ན་རྣམ་པར་མི་གཡེང་བའི་ཕྱིར་སེམས་མཉམ་པར་འཇོག་གོ། །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་
འགྱུར་རོ། །གནས་སྐབས་གང་དུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་གང་ཞིག་རབ་ཏུ་འབྱེད་ཅེ་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། སྡེ་ཚན་བདུན་ནི་གོ་རིགས་བཞིན། །ལས་ནི་དང་པོ་པ་དག་དང་། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །བསྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ལས་

དང་པོ་པའི་གནས་སྐབས་སུ་ནི་ལུས་ལ་སོགས་པ་ལ་ཉེ་བར་བརྟག་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཁྱད་པར་ཐོབ་པས་བརྩོན་འགྲུས་ཡང་དག་པར་སྤེལ་བའི་ཕྱིར་དྲོ་བར་གྱུར་པ་དག་ལ་ནི་ཡང་དག་པར་རབ་ཏུ་འཇོག་པ་རྣམས་སོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་དགེ་
བའི་རྩ་བ་ལ་འཇུག་པའི་ཕྱིར་རྩེ་མོ་དག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །ཡང་ཡོངས་སུ་ཉམས་པར་མི་འགྱུར་བའི་སྒོ་ནས་དབང་པོ་ཐོབ་པའི་ཕྱིར་བཟོད་པ་དག་ལ་ནི་དབང་པོ་རྣམས་སོ། །ཉོན་མོངས་པ་རྣམས་ཀྱིས་མི་བརྫི་བའི་ཕྱིར་རམ། འཇིག་རྟེན་པའི་ཆོས་ཅན་གཞན་དག་གིས་མི་བརྫི་
བའི་ཕྱིར་ཆོས་ཀྱི་མཆོག་དག་ལ་ནི་སྟོབས་རྣམས་སོ། །བྱང་ཆུབ་དང་ཉེ་བའི་ཕྱིར་བསྒོམ་པའི་ལམ་དག་ལ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འགྲོ་བས་རབ་ཏུ་ཕྱེ་བའི་ཕྱིར་མཐོང་བའི་ལམ་ལ་ནི་ལམ་གྱི་ཡན་ལག་རྣམས་ཏེ། དེ་ནི་མྱུར་བར་འགྲོ་བ་ཡིན་པའི་ཕྱིར་རོ། །གྲངས་
ཀྱི་རིམ་པ་བཞིན་དུ་བྱ་བའི་ཕྱིར་སྔར་བདུན་བཤད་ལ་ཕྱིས་བརྒྱད་བཤད་དོ། །དེ་ལ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱང་ཆུབ་ཀྱང་ཡིན་ལ་བྱང་ཆུབ་ཀྱི་ཡན་ལག་ཀྱང་ཡིན་ནོ། །ཡང་དག་པའི་ལྟ་བ་ནི་ལམ་ཡང་ཡིན་ལ་ལམ་གྱི་ཡན་ལག་ཀྱང་ཡིན་ནོ་ཞེས་
ཟེར་རོ། །གཞན་དག་ནི་གོ་རིམས་མ་ཉམས་པ་ཁོ་ནར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་གོ་རིམས་བཞིན་དུ་བརྗོད་དོ། །རེ་ཞིག་དང་པོ་ཁོ་ནར་ཡུལ་རྣམ་པ་མང་པོ་ལ་གཡེང་བར་འཕྲོ་བའི་བློ་རྣམས་ཚར་བཅད་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་སོ། །དྲན་པ་ཉེ་བར་
གཞག་པ་བཞི་པོ་འདི་དག་ནི་དེའི་སེམས་ཀྱི་ཉེ་བར་འདོགས་པ་ཡིན་ཏེ། མདོ་ལས་འདི་ལྟ་སྟེ། ཞེན་པ་ལ་བརྟེན་པའི་དྲན་པའི་ཀུན་དུ་རྟོག་པ་རྣམས་བསལ་བར་བྱ་བའི་ཕྱིར་ཞེས་འབྱུང་བའི་ཕྱིར་རོ། །དེའི་སྟོབས་ཀྱིས་བརྩོན་འགྲུས་ཡང་དག་པར་འཕེལ་བས་དགོས་པ་རྣམ་པ་
བཞི་བསྒྲུབ་པའི་ཕྱིར་སེམས་ཡང་དག་པར་རབ་ཏུ་འཇོག་པས་ན་ཡང་དག་པར་རབ་ཏུ་འཇོག་པ་རྣམས་སོ། །དེའི་འོག་ཏུ་ཏིང་ངེ་འཛིན་རྣམ་པར་སྦྱོང་བའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །ཏིང་ངེ་འཛིན་ལ་ཡང་དག་པར་བརྟེན་ནས་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་བདག་

པོར་འགྱུར་བའི་ཕྱིར་དད་པ་ལ་སོགས་པ་ནི་དབང་པོ་རྣམས་སོ། །དེ་དག་ཉིད་མི་མཐུན་པའི་ཕྱོགས་ཀུན་ཏུ་སྤྱོད་པ་ལས་ངེས་པར་རྒྱལ་བ་ནི་སྟོབས་རྣམས་སོ། །མཐོང་བའི་ལམ་ལ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། དང་པོ་ཉིད་དུ་ཆོས་ཀྱི་དེ་ཁོ་ན་རྟོགས་པའི་ཕྱིར་རོ། །གཉི་
ག་ལ་ནི་ལམ་གྱི་ཡན་ལག་རྣམས་ཏེ། འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་ཡོངས་སུ་རྫོགས་པར་གྱུར་ན། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བར་དུ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་
རོ་ཞེས་གསུངས་སོ། །ཡང་དགེ་སློང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཚིག་བརྗོད་པ་ཞེས་བྱ་བ་འདི་ནི་འཕགས་པའི་བདེན་པ་བཞིའི་ཚིག་བླ་དགས་ཡིན་ནོ། །དགེ་སློང་ཇི་ལྟར་རྟོགས་པའི་ལམ་གྱིས་འཇུག་ཅེས་བྱ་བ་འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཚིག་བླ་དགས་ཡིན་ནོ་ཞེས་
གསུངས་སོ། །དེ་ལྟ་བས་ན་གཉི་ག་ལ་འཕགས་པའི་ལམ་ཡན་ལག་བརྒྱད་འདོད་པར་བྱ་དགོས་པས་གོ་རིམས་གྲུབ་པ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དུ་ཞིག་ནི་ཟག་པ་དང་བཅས་པ་དག་ཡིན། དུ་ཞིག་ནི་ཟག་པ་མེད་པ་དག་ཡིན་ཞེས་བྱ་བ་འདི་བརྗོད་པར་བྱ་སྟེ། བྱང་ཆུབ་
ཡན་ལག་ལམ་ཡན་ལག །ཟག་པ་མེད། དེ་གཉིས་ནི་བསྒོམ་པའི་ལམ་དང་མཐོང་བའི་ལམ་ལ་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་སོགས་པ་ཡང་ཡོད་མོད་ཀྱི། དེ་དག་ནི་འཕགས་པའི་ལམ་ཞེས་བྱ་བའི་སྒྲ་མི་འཐོབ་པོ། །གཞན་རྣམ་
གཉིས་སོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་གཞན་དག་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡང་ཡིན་ནོ། །ས་གང་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དུ་ཞིག་ཡོད་ཅེ་ན་བསམ་གཏན་དང་པོ་ན་ཐམས་ཅད། བསམ་གཏན་དང་པོ་ན་སུམ་ཅུ་རྩ་བདུན་པོ་ཐམས་ཅད་ཡོད་དོ། །མི་
ལྕོགས་མེད་ན་དགའ་མ་གཏོགས། །ཅིའི་ཕྱིར་མི་ལྕོགས་པ་མེད་པ་ན་དགའ་བ་མེད་ཅེ་ན། ཉེར་བསྡོགས་རྣམས་ནི་སྟོབས་ཀྱིས་དྲང་དགོས་པའི་ཕྱིར་དང་། ས་འོག་མའི་དོགས་པ་དང་བཅས་པའི་ཕྱིར་རོ། །གཉིས་པ་ན་ནི་རྟོག་མ་གཏོགས། །བསམ་གཏན་གཉིས་པ་ན་ནི་ཡང་དག་

པའི་རྟོག་པ་མ་གཏོགས་པ་སུམ་ཅུ་རྩ་དྲུག་ཁོ་ན་ཡོད་དེ། དེ་ན་རྟོག་པ་མེད་པའི་ཕྱིར་རོ། །གཉིས་ན་དེ་གཉིས་མ་གཏོགས་པ། བསམ་གཏན་གསུམ་པ་དང་བཞི་པ་དག་ན་ནི་དགའ་བ་དང་རྟོག་པ་དག་མ་གཏོགས་པ་སུམ་ཅུ་རྩ་ལྔ་ཡོད་དོ། །བསམ་གཏན་བར་ནའང་། དེ་གཉིས་ཉིད་
མ་གཏོགས་པ་སུམ་ཅུ་རྩ་ལྔ་ཁོ་ན་ཡོད་དོ། །གཟུགས་མེད་པ། གསུམ་ནའང་དེ་དང་མཚུངས་ཡན་ལག །མ་གཏོགས་ཞེས་བྱ་བར་སྦྱར་ཏེ། གཟུགས་མེད་པ་དག་ན་ནི་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་རྣམས་དང་། དགའ་བ་དང་། རྟོག་པ་དག་མ་
གཏོགས་པ་སུམ་ཅུ་རྩ་གཉིས་ཡོད་དོ། །བྱང་ཆུབ་དང་ནི་ལམ་ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། །དེ་གཉིས་ནི་ཟག་པ་མེད་པའི་ལམ་མེད་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཉི་ཤུ་རྩ་གཉིས་ཡོད་དོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ལ་གནས་
པ་གནས་སྐབས་གང་དུ་ཤེས་ནས་དད་པ་འཐོབ་པར་རིག་པར་བྱ་ཞེ་ན། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང་། །ཆོས་ལ་ཤེས་ནས་དད་པ་འཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང་། །དེ་ཡི་དགེ་འདུན་དག་ལ་ཡང་། །སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པའི་བདེན་
པ་རྣམས་མངོན་པར་རྟོགས་ན་ཆོས་ལ་ཤེས་ནས་དད་པ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་འཐོབ་བོ། །ལམ་གྱི་བདེན་པ་མངོན་པར་རྟོགས་ན་སངས་རྒྱས་དང་། དེའི་ཉན་ཐོས་ཀྱི་དགེ་འདུན་ལ་ཤེས་ནས་དད་པ་འཐོབ་སྟེ། གང་ཞིག་དེ་གཉིས་ལ་དད་པ་དེ་ནི་སངས་
རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་རྣམས་དང་། དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་། མི་སློབ་པ་རྣམས་ལ་དད་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲས་ནི་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་དག་ཀྱང་འཐོབ་པར་སྟོན་ཏོ། །འདིར་གང་ལ་ཆོས་སུ་དགོངས་པ་ཡིན་ཞེ་ན། ཆོས་
བདེན་གསུམ་དང་རང་སངས་རྒྱས། །བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །དེའི་ཕྱིར་བདེན་པ་བཞི་ཆར་ཡང་མངོན་པར་རྟོགས་ན་ཆོས་ལ་ཤེས་ནས་དད་པ་འཐོབ་པོ། །དེ་དག་ནི་དད་པའི་གཞིའི་བྱེ་བྲག་ལས་མིང་གི་སྒོ་ནས་ཤེས་ནས་དད་པ་བཞི་ཞེས་བྱ་བའོ། །རྫས་སུ་གཉིས་

ཏེ་དད་པ་དང་། ཚུལ་ཁྲིམས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་རྣམས་ནི་དད་པའི་རང་བཞིན་དག་ཡིན་ནོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ནི་ཚུལ་ཁྲིམས་ཡིན་པས་རྫས་གཉིས་སོ། །ཅི་འདི་དག་ཟག་པ་དང་བཅས་པ་དག་
ཅིག་གམ་ཟག་པ་མེད་པ་དག་ཅིག་ཡིན་ཞེ་ན། ཤེས་ནས་དད་པ་རྣམས་ནི་གཅིག་ཏུ། དྲི་མ་མེད་པ་ཡིན། ཤེས་ནས་དད་པ་ཞེས་བྱ་བའི་དོན་ཅི་ཞེ་ན། བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་ནས་ཡིད་ཆེས་པ་ནི་ཤེས་ནས་དད་པ་ཡིན་ནོ། །འདི་དག་གི་རིམ་པ་ནི་ལངས་ནས་
ཇི་ལྟར་མངོན་སུམ་དུ་བྱེད་པ་དེ་བཞིན་དུ་བཀོད་དོ། །ལངས་ནས་ཇི་ལྟར་མངོན་སུམ་བྱེད་ཅེ་ན། ཀྱེ་མ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་ནོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་
པར་ཞུགས་པ་ཡིན་ནོ་ཞེས་བྱ་བར་མངོན་སུམ་དུ་བྱེད་དེ། སྨན་པ་དང་སྨན་དང་ནད་གཡོག་ལྟ་བུར་གྱུར་པའི་ཕྱིར་རོ། །སེམས་རབ་ཏུ་དང་བས་བྱས་པའི་ཚུལ་ཁྲིམས་ཀྱང་རབ་ཏུ་དང་བ་ཡིན་པས་ཐ་མར་བཞི་པ་བཤད་དེ། འདི་ནི་དེ་ལྟར་རབ་ཏུ་དང་བར་གྱུར་པའི་སྒྲུབ་པ་ཡིན་
པའི་ཕྱིར་རོ། །ཡང་ན་ནད་མེད་པ་ལྟ་བུར་གྱུར་པ་ཡིན་པའི་ཕྱིར་རོ། །ཡང་ན་སྟོན་པར་བྱེད་པ་དང་། ལམ་དང་། ལམ་གྲོགས་དང་། བཞོན་པ་ལྟ་བུ་ཡིན་ནོ། །མདོ་ལས་སློབ་པ་ནི་ཡན་ལག་བརྒྱད་དང་ལྡན་ནོ། །མི་སློབ་པ་ནི་ཡན་ལག་བཅུ་དང་ལྡན་ནོ་ཞེས་གསུངས་པ། ཅིའི་ཕྱིར་
སློབ་པ་ལ་ཡང་དག་པའི་རྣམ་པར་གྲོལ་བ་དང་། ཡང་དག་པའི་ཤེས་པ་མ་བཤད་ཅེ་ན། བཅིངས་ཕྱིར་སློབ་པའི་ཡན་ལག་ཏུ། །རྣམ་གྲོལ་མ་བཤད། སློབ་པ་ནི་ད་དུང་ཉོན་མོངས་པའི་འཆིང་བ་རྣམས་ཀྱིས་བཅིངས་པ་ཡིན་པས་བཅིངས་བཞིན་དུ་ཇི་ལྟར་རྣམ་པར་གྲོལ་བར་རྣམ་པར་གཞག་
སྟེ་འཆིང་བའི་ཕྱོགས་གཅིག་ལས་གྲོལ་བས་ནི་གྲོལ་ཞེས་མི་བྱའོ། །རྣམ་པར་གྲོལ་བ་མེད་པར་ཡང་ཇི་ལྟར་རྣམ་པར་གྲོལ་བའི་ཤེས་པ་རྣམ་པར་གཞག །མི་སློབ་པ་ནི་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་པའི་ཕྱིར་རྣམ་པར་གྲོལ་བ་དང་། དེ་སོ་སོ་རང་གི་ཤེས་

པ་དག་གིས་རབ་ཏུ་ཕྱེ་བ་ཡིན་པས་དེ་ཁོ་ན་ལ་དེ་སྨོས་པ་རིག་པ་དང་ལྡན་པ་ཡིན་ནོ། །རྣམ་པར་གྲོལ་ཞེས་བྱ་བ་འདི་ཅི་ཞེ་ན། དེ་རྣམ་གཉིས། འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ། ཉོན་མོངས་བཅོམ་པ་འདུས་མ་བྱས། །མོས་པ་འདུས་བྱས་ཉོན་མོངས་པ་སྤངས་པ་ནི་རྣམ་པར་
གྲོལ་བ་འདུས་མ་བྱས་ཡིན་ནོ། །མི་སློབ་པའི་མོས་པ་ནི་རྣམ་པར་གྲོལ་བ་འདུས་བྱས་ཡིན་ནོ། །ཡན་ལག་ནི་དེ་ཡིན། རྣམ་པར་གྲོལ་བ་འདུས་བྱས་དེ་ནི་མི་སློབ་པའི་ཡན་ལག་ཏུ་བཤད་དེ། ཡན་ལག་རྣམས་ནི་འདུས་བྱས་ཡིན་པའི་ཕྱིར་རོ། །དེ་ཉིད་རྣམ་གྲོལ་གཉིས། རྣམ་པར་གྲོལ་བ་འདུས་བྱས་དེ་
ཉིད་མདོ་ལས། སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་གཉིས་སུ་གསུངས་ཏེ། དེ་ཉིད་རྣམ་པར་གྲོལ་བའི་ཕུང་པོ་ཡིན་པར་ཡང་བལྟའོ། །གཞན་དག་ན་རེ་མདོ་ལས། སྟག་གི་བྱང་ཆུབ་ཀྱི་བུ་དག་རྣམ་པར་གྲོལ་བ་ཡོངས་སུ་དག་པ་གཙོ་
བོ་གང་ཡིན་ཞེ་ན། འདི་ན་དགེ་སློང་འདོད་ཆགས་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་ཡིན། ཞེ་སྡང་དང་གཏི་མུག་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་ཡིན་ཏེ། འདི་ལྟར་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་
བྱེད་པའམ། ཡོངས་སུ་རྫོགས་པ་རྗེས་སུ་འཛིན་པར་བྱེད་པ་འདུན་པ་དང་བརྩོན་འགྲུས་གང་ཡིན་པ་ཞེས་རྒྱས་པར་གང་གསུངས་པ་ཇི་ལྟ་བུ། དེའི་ཕྱིར་རྣམ་པར་གྲོལ་བ་ནི་མོས་པ་ཁོ་ན་ཡིན་པར་མ་ཟད་དོ། །འོ་ན་ཅི་ཞེ་ན། དེ་ཁོ་ན་ཤེས་པས་འདོད་ཆགས་ལ་སོགས་པ་སྤངས་ནས་
སེམས་དྲི་མ་མེད་པ་ཉིད་རྣམ་པར་གྲོལ་བ་ཡིན་ནོ་ཞེས་ཟེར་རོ། །ཡང་དག་པའི་རྣམ་པར་གྲོལ་བ་བཤད་ཟིན་ཏོ། །ཡང་དག་པའི་ལྟ་བ་ལས་མ་གཏོགས་པ་ཡང་དག་པའི་ཤེས་པ་གང་ཞིག་ཡིན་ཞེ་ན། བྱང་ཆུབ་ཇི་སྐད་བཤད་ཤེས་པ། སྔར་བྱང་ཆུབ་ཇི་སྐད་དུ་བཤད་པ་གང་ཡིན་པ་དེ་ཉིད་
འདིར་ཡང་དག་པའི་ཤེས་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའོ། །སེམས་གང་ཞིག་རྣམ་པར་གྲོལ་བར་འགྱུར། ཅི་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བ་ཡིན་ཞེ་ན། མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །

བསྟན་བཅོས་ལས་མི་སློབ་པའི་སེམས་མ་འོངས་པ་སྒྲིབ་པ་རྣམ་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་འབྱུང་ངོ་། །དེའི་སྒྲིབ་པ་ཡང་གང་ཞེ་ན། ཉོན་མོངས་པའི་ཐོབ་པ་ཡིན་ཏེ། དེ་སྐྱེ་བ་ལ་བགེགས་བྱེད་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་དེ་
ཡང་སྤོང་བར་འགྱུར་ལ་མི་སློབ་པའི་སེམས་སྐྱེ་བར་འགྱུར་བ་དེ་ཡང་རྣམ་པར་གྲོལ་བར་འགྱུར་རོ། །དེ་སྤངས་ནས་ནི་མི་སློབ་པའི་སེམས་དེ་ཡང་སྐྱེས་པ་དང་རྣམ་པར་གྲོལ་བ་ཡིན་ནོ། །འོ་ན་སྐྱེ་བར་འགྱུར་བ་མ་ཡིན་པ་དང་། འཇིག་རྟེན་པ་གང་ཡིན་པ་ཇི་ལྟ་བུ་ཞེ་ན། དེ་དག་ཀྱང་རྣམ་
པར་གྲོལ་བར་འགྱུར་མོད་ཀྱི་སྐྱེ་བར་ངེས་པ་གང་ཡིན་པ་དེ་ཁོ་ན་བཤད་དོ། །གང་ལས་འཇིག་རྟེན་པ་རྣམ་པར་གྲོལ་བར་འགྱུར་ཞེ་ན། སྐྱེ་བའི་སྒྲིབ་པ་དེ་ཉིད་ལས་སོ། །མ་གྲོལ་བ་ལ་ཡང་འཇིག་རྟེན་པའི་སྐྱེ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་དེ་དང་མི་འདྲའོ། །དེ་ཅི་འདྲ་ཞེ་
ན། ཉོན་མོངས་པའི་ཐོབ་པ་དང་ལྷན་ཅིག་པ་ཡིན་ནོ། །གནས་སྐབས་གང་ཡིན་པའི་ལམ་གྱིས་དེ་སྐྱེ་བའི་སྒྲིབ་པ་སྤོང་ཞེ་ན། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང་། །དེ་ལྟར་གྱི་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་གྲོལ་བ་འདུས་མ་བྱས་སུ་བཤད་
པ་གང་ཡིན་པ་དང་། ཁམས་གསུམ་པོ་སྤངས་པའི་ཁམས་དང་། འདོད་ཆགས་དང་བྲལ་བའི་ཁམས་དང་། འགོག་པའི་ཁམས་ཞེས་འབྱུང་བ་གང་ཡིན་དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། འདུས་མ་བྱས་ཉིད་ཁམས་ཞེས་བྱ། །རྣམ་པར་གྲོལ་བ་འདུས་མ་བྱས་དེ་ཉིད་ཁམས་
གསུམ་ཡིན་ནོ། །དེ་ལ། འདོད་ཆགས་ཀུན་ཟད་འདོད་ཆགས་བྲལ། །འདོད་ཆགས་སྤངས་པ་ནི་འདོད་ཆགས་དང་བྲལ་བའི་ཁམས་ཡིན་ནོ། །སྤངས་པའི་ཁམས་ནི་གཞན་དག་གོ། །ཡང་དག་པར་ཟད་པ་ཞེས་བྱ་བར་སྦྱར་ཏེ། འདོད་ཆགས་ལས་གཞན་པའི་ཉོན་མོངས་
པ་རྣམས་སྤངས་པ་ནི་སྤངས་པའི་ཁམས་ཡིན་ནོ། །འགོག་པའི་ཁམས་ཞེས་བྱ་བ་གཞི། །ཡང་དག་པར་ཟད་པ་ཞེས་བྱ་བ་ཁོ་ནར་སྦྱར་ཏེ། ཉོན་མོངས་པ་ལས་མ་གཏོགས་པ་བཞི་སྤངས་པ་ནི་འགོག་པའི་ཁམས་ཡིན་ནོ། །དངོས་པོ་གང་གིས་ཡིད་འབྱུང་བར་འགྱུར་བའི་དངོས་པོ་

དེས་འདོད་ཆགས་དང་བྲལ་བར་ཡང་འགྱུར་རམ་ཞེ་ན། མུ་བཞིའོ། །ཇི་ལྟར་བྱས་པས་ཤེ་ན། སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། །ཡིད་འབྱུང་སྡུག་བསྔལ་དང་ཀུན་འབྱུང་ལ་བཟོད་པ་དང་ཤེས་པ་རྣམས་ཁོ་ནས་ཡིད་འབྱུང་བར་འགྱུར་གྱི་གཞན་དག་གིས་ནི་མ་ཡིན་ནོ། །
གང་གིས་སྤོང་འགྱུར་བ། ཀུན་གྱིས་འདོད་ཆགས་བྲལ་བར་འགྱུར། །སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་གང་དག་གིས་ཉོན་མོངས་པ་སྤོང་བར་འགྱུར་བ་ཐམས་ཅད་ཀྱིས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་ལྟ་ན་ནི་མུ་བཞི་
སྲིད། དེ་ལྟ་ན་མུ་བཞིར་གྲུབ་སྟེ། སྡུག་བསྔལ་དང་ཀུན་འབྱུང་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་ན་ཡིད་འབྱུང་བ་ཁོ་ན་ཡིན་ཏེ། ཡིད་འབྱུང་བའི་དངོས་པོ་ཁོ་ན་ལ་དམིགས་པའི་ཕྱིར་རོ། །འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་
ཉོན་མོངས་པ་དག་སྤོང་ན་འདོད་ཆགས་དང་བྲལ་བ་ཁོ་ན་ཡིན་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །སྔ་མ་རྣམས་ཀྱིས་ཉོན་མོངས་པ་དག་སྤོང་ན་གཉི་ག་ཡིན་ནོ། །ཕྱི་མ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་ན་གཉི་ག་མ་ཡིན་ནོ། །དེ་ལ་འདོད་ཆགས་དང་
བྲལ་བ་ཞིག་བདེན་པ་རྣམས་ལ་ལྟ་ན་ཆོས་ཤེས་པ་དང་བཟོད་པ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་ངོ་། །ཤེས་པ་རྣམས་ཀྱིས་ནི་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་གྱིས་བསྡུས་པ་རྣམས་ཀྱིས་མི་སྤོང་ངོ་། །ཆོས་མངོན་པ་མཛོད་ཀྱི་བཤད་པ་ལས་ལམ་དང་གང་ཟག་
བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་དྲུག་པའོ།། །།བཟོད་པ་རྣམས་ཞེས་ཀྱང་འབྱུང་། ཤེས་པ་རྣམས་ཞེས་ཀྱང་འབྱུང་། ཡང་དག་པའི་ལྟ་བ་ཞེས་ཀྱང་འབྱུང་། ཡང་དག་པའི་ཤེས་པ་ཞེས་ཀྱང་འབྱུང་ན་ཅི་བཟོད་པ་དག་ཡིན་ལ་ཤེས་པ་མ་ཡིན་ནམ། ཡང་དག་པའི་ཤེས་
པ་ཡིན་ལ་ཡང་དག་པའི་ལྟ་བ་མ་ཡིན་ནམ་ཞེ་ན། དྲི་མེད་བཟོད་རྣམས་ཤེས་པ་ཡིན། །དེས་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་རོ། །དེ་དག་ཡང་དག་པར་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ལྟ་བ་དག་ཡིན་ནོ། །ཇི་ལྟར་བཟོད་པ་རྣམས་ལྟ་བ་ཡིན་གྱི་ཤེས་པ་མ་ཡིན་

པ་དེ་བཞིན་དུ། ཟད་དང་མི་སྐྱེའི་བློ་ལྟ་མིན། །ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ནི་ཡང་དག་པའི་རྟོག་པ་མེད་པ་དང་། ཡོངས་སུ་འཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་ལྟ་བ་མ་ཡིན་ནོ། །དེ་ལས་གཞན་འཕགས་བློ་གཉི་ག །བཟོད་པ་དང་ཟད་པ་དང་མི་
སྐྱེ་བ་ཤེས་པ་དག་ལས་གཞན་པ་ཟག་པ་མེད་པའི་ཤེས་རབ་ནི་ལྟ་བ་དང་ཤེས་པ་ཡང་ཡིན་ནོ། །གཞན་ཤེས་འཇིག་རྟེན་པའི་ཤེས་རབ་ཐམས་ཅད་ནི་ཤེས་པ་ཁོ་ན་ཡིན་ནོ། །དྲུག་ནི་ལྟ་བའང་ཡིན། །ལྟ་བ་ལྔ་དང་། འཇིག་རྟེན་པའི་ལྟ་བ་ཡང་དག་པའི་ལྟ་བ་སྟེ། འཇིག་རྟེན་པའི་
ཤེས་པ་རྣམ་པ་དྲུག་ནི་ལྟ་བ་ཡིན་གྱི་གཞན་ནི་ལྟ་བ་མ་ཡིན་ནོ། །འདི་དག་དང་གཞན་དག་ཀྱང་ཤེས་པ་ནི་མ་ཡིན་ནོ། །ཇི་སྙེད་ཅིག་གིས་ཤེས་པ་ཐམས་ཅད་བསྡུས་ཤེ་ན། ཤེས་པ་བཅུས་བསྡུས་སོ། །མདོར་བསྡུ་ན་ནི་གཉིས་ཏེ། ཤེས་པ་ཟག་བཅས་ཟག་པ་མེད། །དེ་གཉིས་ལས་
ཀྱང་། དང་པོ་ཀུན་རྫོབ་ཅེས་བྱའོ། །ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་ཕལ་ཆེར་བུམ་པ་དང་སྣམ་བུ་དང་སྐྱེས་པ་དང་བུད་མེད་ལ་སོགས་པ་ཀུན་རྫོབ་འཛིན་པའི་ཕྱིར་ཀུན་རྫོབ་ཤེས་པ་ཡིན་ནོ། །ཟག་མེད་རྣམ་གཉིས་ཆོས་དང་ནི། རྗེས་སུ་ཤེས་པ་ཁོ་ན་ཡིན། །ཟག་པ་མེད་པའི་
ཤེས་པ་ལ་རྣམ་པ་གཉིས་སུ་དབྱེ་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའོ། །དེ་ལྟར་ན་ཤེས་པ་འདི་གཉིས་ནི་གསུམ་ཡིན་ཏེ། ཀུན་རྫོབ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའོ། །དེ་ལ། ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། །ཀུན་རྫོབ་ཤེས་པའི་
དམིགས་པ་ནི་ཅི་རིགས་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་ནོ། །ཆོས་ཤེས་བྱ་བའི་སྤྱོད་ཡུལ་ནི། །འདོད་པའི་སྡུག་བསྔལ་ལ་སོགས་པ། །ཆོས་ཤེས་པའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་། དེ་ཀུན་འབྱུང་བ་དང་། འགོག་པ་
དང་ལམ་རྣམས་ཡིན་ནོ། །རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི། །གོང་མའི་སྡུག་བསྔལ་ལ་སོགས་ཡིན། །རྗེས་སུ་ཤེས་པའི་དམིགས་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་དང་། དེ་ཀུན་འབྱུང་བ་དང་། འགོག་པ་དང་ལམ་རྣམས་སོ། །དེ་དག་ཉིད་བདེན་

བྱེ་བྲག་གིས། །བཞི་སྟེ། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དེ་དག་ཉིད་བདེན་པའི་བྱེ་བྲག་གིས་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པ་རྣམས་དང་ཤེས་པ་བཞི་ཡིན་ཏེ། དེ་དག་ལ་དམིགས་པའི་ཕྱིར་རོ། །རྣམ་བཞི་དེ་དག་ནི། མི་སྐྱེ་བ་
དང་ཟད་པ་ཤེས། །ཆོས་དང་རྗེས་སུ་ཤེས་པ་ལྟ་བའི་རང་བཞིན་མ་ཡིན་པ་རྣམ་པ་བཞི་པོ་དེ་དག་ཁོ་ནར་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ཞེས་བྱའོ། །དེ་གཉིས་དང་པོ་སྐྱེས་པ་ནི། །སྡུག་བསྔལ་རྒྱུ་རྗེས་ཤེས་པ་ཡིན། །ཟད་པ་དང་མི་སྐྱེ་བ་ཤེས་པ་དང་པོ་སྐྱེས་པ་ནི་སྡུག་བསྔལ་
དང་། ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ཏེ། སྲིད་པའི་རྩེ་མོའི་ཕུང་པོ་ལ་སྡུག་བསྔལ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་རྣམ་པར་དམིགས་པའི་ཕྱིར་རོ། །ཡང་ཅི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱང་དེ་གཉིས་དང་དམིགས་པ་གཅིག་པ་ཞིག་ཡིན་ནམ་ཞེ་ན། གལ་ཏེ་སྡུག་བསྔལ་
དང་ཀུན་འབྱུང་ལ་དམིགས་ན་ནི་ཡིན་ནོ། །འོན་ཏེ་འགོག་པ་དང་ལམ་ལ་དམིགས་པ་ཞིག་ཡིན་ན་ནི་དམིགས་པ་གཅིག་པ་མ་ཡིན་ནོ། །བཞི་ལས་ཕ་རོལ་སེམས་རིག་པ། །རིག་པར་བྱེད་པས་ན་རིག་པ་སྟེ་ཤེས་པའོ། །ཕ་རོལ་གྱི་སེམས་ཤེས་པ་ནི་ཤེས་པ་བཞི་ལས་སྐྱེ་བར་
བལྟ་བར་བྱ་སྟེ། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང་ལམ་ཤེས་པ་དང་། ཀུན་རྫོབ་ཤེས་པ་རྣམས་ལས་སོ། །དེའི་ངེས་པ་ནི་འདི་ཡིན་ཏེ། །དེས་ནི་ས་དབང་གང་ཟག་འདས། །ཞིག་དང་མ་སྐྱེས་མི་རིག་གོ། །ས་འདས་པ་མི་ཤེས་པ་ནི་བསམ་གཏན་འོག་མའི་ས་པས་
བསམ་གཏན་གོང་མའི་ས་པ་མི་ཤེས་པའོ། །དབང་པོ་འདས་པ་མི་ཤེས་པ་ནི་དད་པས་མོས་པ་དང་དུས་ཀྱིས་རྣམ་པར་གྲོལ་བའི་ལམ་གྱིས་མཐོང་བས་ཐོབ་པ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་མི་ཤེས་པའོ། །གང་ཟག་འདས་པ་མི་ཤེས་པ་ནི་ཕྱིར་མི་འོང་བ་དང་དགྲ་
བཅོམ་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་ལམ་རྣམས་འོག་མས་གོང་མ་མི་ཤེས་པའོ། །ཞིག་པ་དང་མ་སྐྱེས་པ་མི་ཤེས་པ་ནི་འདས་པ་དང་མ་འོངས་པ་མི་ཤེས་པ་སྟེ། ད་ལྟར་གྱི་ཕ་རོལ་གྱི་སེམས་ཡུལ་ཡིན་པའི་ཕྱིར་རོ། །གཞན་ཡང་ཆོས་རྗེས་བློ་ཕྱོགས་ཕན་ཚུན་མིན། །

ཕ་རོལ་གྱི་སེམས་ཤེས་པ་ཆོས་ཤེས་པའི་ཕྱོགས་དང་མཐུན་པས་ཀྱང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་མི་ཤེས་ལ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པས་ཀྱང་ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་མི་ཤེས་ཏེ། དེ་གཉིས་ནི་འདོད་
པའི་ཁམས་དང་ཁམས་གོང་མའི་གཉེན་པོ་ལ་དམིགས་པའི་ཕྱིར་རོ། །མཐོང་བའི་ལམ་ལ་ཕ་རོལ་གྱི་སེམས་ཤེས་པ་མེད་དོ། །དེའི་དམིགས་པ་ནི་ཡོད་དེ། དེ་ལ་ཕ་རོལ་གྱི་སེམས་ཤེས་པས་མཐོང་བའི་ལམ་ཤེས་པར་འདོད་པས་སྦྱོར་བ་བྱས་ན། ཉན་ཐོས་མཐོང་བའི་སྐད་ཅིག་
གཉིས། །རིག་སྟེ་བསེ་རུ་ལྟ་བུས་གསུམ། །སངས་རྒྱས་སྦྱོར་བ་མེད་པར་ཀུན། །ཉན་ཐོས་ཀྱིས་ནི་ཕ་རོལ་གྱི་སེམས་ཤེས་པས་མཐོང་བའི་ལམ་ལས་སྐད་ཅིག་མ་གཉིས་ཤེས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པའོ། །རྗེས་སུ་ཤེས་པའི་ཕྱོགས་དང་
མཐུན་པ་ལ་དམིགས་པ་ནི་སྦྱོར་བ་གཞན་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དེ་ཇི་སྲིད་ཀྱིས་སྦྱོར་བ་རྩོམ་པ་དེ་སྲིད་ཀྱིས་དེས་སེམས་བཅུ་དྲུག་རྗེས་སུ་འཐོབ་པར་འགྱུར་བས་བར་དུ་ནི་མི་ཤེས་སོ། །རང་སངས་རྒྱས་ཀྱིས་ནི་དང་པོ་གཉིས་དང་བརྒྱད་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང་། གསུམ་
ཤེས་ཏེ། སྦྱོར་བ་ཆུང་བའི་ཕྱིར་རོ། །གཞན་དག་ན་རེ་དང་པོ་དང་གཉིས་པ་དང་བཅོ་ལྔ་པ་རྣམས་ཤེས་སོ་ཞེས་ཟེར་རོ། །སངས་རྒྱས་ཀྱིས་ནི་སྦྱོར་བ་མེད་པར་མཐོང་བའི་ལམ་གྱི་སྐད་ཅིག་མ་ཐམས་ཅད་མཁྱེན་ཏོ། །ཡང་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན།
ཟད་པ་ཤེས་པ་བདེན་རྣམས་ལ། །ཡོངས་ཤེས་ལ་སོགས་ངེས་པའོ། །ཡོངས་ཤེས་བྱར་མེད་ཅེས་ལ་སོགས། །མི་སྐྱེ་བ་ཡི་བློར་འདོད་དོ། །བསྟན་བཅོས་ལས། ཟད་པ་ཤེས་པ་གང་ཞེ་ན། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བར་ཤེས་པ་དང་། ཀུན་འབྱུང་སྤངས་
སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་བྱ་བར་ཤེས་པའི་རྒྱུ་ལས་བྱུང་བའི་ཤེས་པ་དང་མཐོང་བ་དང་རིག་པ་དང་བློ་དང་རྟོགས་པ་དང་ཤེས་རབ་དང་སྣང་བ་དང་མངོན་པར་རྟོགས་པ་གང་ཡིན་པ་འདི་ནི་ཟད་པ་ཤེས་པ་ཞེས་བྱའོ། །མི་སྐྱེ་བ་ཤེས་པ་གང་ཞེ་ན། བདག་གིས་

སྡུག་བསྔལ་ཡོངས་སུ་ཤེས་ཏེ། ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བར་ཤེས་པ་ནས་བདག་གིས་ལམ་བསྒོམས་ཏེ་ཡང་བསྒོམ་དུ་མེད་དོ་ཞེས་བྱ་བའི་བར་དུ་ཤེས་པ་དེའི་རྒྱུ་ལས་བྱུང་བའི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཇི་ལྟར་ན་ཟག་པ་མེད་པའི་ཤེས་པས་དེ་ལྟར་ཤེས་ཤེ་ན། ཁ་ཆེ་བ་
རྣམས་ན་རེ་བསྟན་བཅོས་ལས། དེའི་རྗེས་ལ་ལངས་པས་དེ་ལྟར་ཤེས་ཏེ། དེའི་ཕྱིར་དེའི་བྱེ་བྲག་གིས་དེ་གཉིས་ཀྱི་བྱེ་བྲག་བསྟན་ཏོ་ཞེས་ཟེར་རོ། །གཞན་དག་ན་རེ་ཟག་པ་མེད་པས་ཀྱང་དེ་ལྟར་ཤེས་ཏེ། མཐོང་བ་སྨོས་པ་ནི་བཤད་པ་འཕངས་པའི་ཕྱིར་རམ། ཡང་ན་མངོན་སུམ་དུ་འཇུག་
པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རེ་ཞིག་ཤེས་པ་གང་ཡིན་པ་དེ་ནི་མཐོང་བ་ཡང་ཡིན་ནོ་ཞེས་འབྱུང་ངོ་ཞེས་ཟེར་རོ། །དེ་ལྟར་ན་དེ་དག་ནི་ཤེས་པ་བཅུ་ཡིན་ཏེ། འདི་ལྟ་སྟེ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྡུག་བསྔལ་ཤེས་
པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ། །དེ་ལ་ཀུན་རྫོབ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་གཅིག་གི་ཆ་ཡང་ཡིན་ནོ། །ཆོས་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་བདུན་གྱི་ཆ་ཡང་ཡིན་ཏེ།
རྗེས་སུ་ཤེས་པ་ཡང་དེ་དང་འདྲའོ། །སྡུག་བསྔལ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་བཞིའི་ཆ་ཡང་ཡིན་ཏེ། ཀུན་འབྱུང་བ་དང་འགོག་པ་ཤེས་པ་དེ་དང་འདྲའོ། །ལམ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་ལྔའི་ཆ་ཡང་ཡིན་ནོ། །ཕ་རོལ་གྱི་སེམས་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་བཞིའི་ཆ་
ཡང་ཡིན་ནོ། །ཟད་པ་ནི་ཤེས་པ་གཅིག་ཡིན་ལ། དྲུག་གི་ཆ་ཡང་ཡིན་ཏེ། མི་སྐྱེ་བ་ཤེས་པ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་དེ་དག་གསུམ་ཡོད་ལ་བཅུར་རྣམ་པར་གཞག་ཅེ་ན། རང་བཞིན་དང་ནི་གཉེན་པོ་དང་། །རྣམ་པ་རྣམ་པ་སྤྱོད་ཡུལ་དང་། །སྦྱོར་དང་བྱ་བ་བྱས་ཉིད་དང་། །
རྒྱུ་རྒྱས་པ་ལས་བཅུ་ཡིན་ནོ། །རྒྱུ་བདུན་གྱིས་ཤེས་པ་བཅུར་རྣམ་པར་གཞག་གོ་ཞེས་གྲག་སྟེ། རང་བཞིན་ལས་ནི་ཀུན་རྫོབ་ཤེས་པ་སྟེ། དོན་དམ་པ་མི་ཤེས་པའི་ཕྱིར་རོ། །གཉེན་པོ་ལས་ནི་ཆོས་དང་རྗེས་སུ་ཤེས་པ་དག་སྟེ། འདོད་པའི་ཁམས་དང་ཁམས་གོང་མའི་

གཉེན་པོ་ཡིན་པའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པ་དག་སྟེ། དམིགས་པ་ཐ་མི་དད་པའི་ཕྱིར་རོ། །རྣམ་པ་དང་དམིགས་པ་ལས་ནི་འགོག་པ་དང་། ལམ་ཤེས་པ་དག་སྟེ། རྣམ་པ་དང་དམིགས་པ་ཐ་དད་པའི་ཕྱིར་རོ། །སྦྱོར་བ་
ལས་ནི་ཕ་རོལ་གྱི་སེམས་ཤེས་པ་སྟེ། དེས་ནི་སེམས་ལས་བྱུང་བ་རྣམས་ཀྱང་མི་ཤེས་པ་མ་ཡིན་མོད་ཀྱི་སེམས་ཤེས་པར་བྱ་བའི་ཕྱིར་སྦྱོར་བ་བྱས་པ་ལས་གྲུབ་པའི་ཕྱིར་ཕ་རོལ་གྱི་སེམས་ཤེས་པ་ཞེས་བཤད་དོ། །བྱ་བ་བྱས་པ་ལས་ནི་ཟད་པ་ཤེས་པ་སྟེ། བྱ་བ་བྱས་པའི་རྒྱུད་ལ་དང་པོ་
ཉིད་དུ་སྐྱེ་བའི་ཕྱིར་རོ། །རྒྱུ་རྒྱས་པ་ལས་ནི་མི་སྐྱེ་བ་ཤེས་པ་སྟེ། ཟག་པ་མེད་པའི་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །ཐམས་ཅད་ཀྱི་གཉེན་པོ་ཐམས་ཅད་ཡིན་པའི་ཕྱིར། ཆོས་ཤེས་པ་འདོད་པའི་ཁམས་ཀྱི་གཉེན་པོ་ཞེས་བཤད་པར་ཟད་ཀྱི་གཞན་ཡང་། བསྒོམ་པའི་ལམ་
ལ་འགོག་པའམ། ལམ་ལ་ཆོས་ཤེས་གང་ཡིན་པ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །འགོག་པ་དང་ལམ་ལ་ཆོས་ཤེས་པ་བསྒོམ་པའི་ལམ་གྱིས་བསྡུས་པ་དག་ནི་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་ནོ། །འདོད་པའི་ཁམས་ཀྱི་རྗེས་མ་ཡིན། །འདོད་པའི་ཁམས་ཀྱི་གཉེན་པོ་
རྗེས་སུ་ཤེས་པ་ནི་རྣམ་པ་ཐམས་ཅད་དུ་མེད་དོ། །ཤེས་པ་བཅུ་པོ་དེ་དག་ལས། །ཆོས་ཤེས་པ་དང་རྗེས་སུ་ཤེས། །རྣམ་པ་བཅུ་དྲུག །དེ་དག་ནི་འོག་ནས་བཤད་པར་བྱའོ། །ཀུན་རྫོབ་ནི། དེ་བཞིན་གཞན་དུའང་། ཀུན་རྫོབ་ཤེས་པ་ནི་རྣམ་པ་བཅུ་དྲུག་ཅན་ཡང་ཡིན་ལ་གཞན་གྱི་རྣམ་པ་ཅན་
ཡང་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་འཛིན་པའི་ཕྱིར་རོ། །རང་རང་གི་བདེན་པའི་རྣམ་པས་བཞི་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་ལམ་ཤེས་པ་རྣམས་ནི་རང་རང་གི་བདེན་པའི་རྣམ་པ་དག་ཏུ་འཇུག་པས་རེ་རེ་ཞིང་རྣམ་པ་བཞི་
བཞི་ཡིན་ནོ། །ཕ་རོལ་ཡིད་ཤེས་དྲི་མེད་ཀྱང་། དེ་བཞིན་ཕ་རོལ་གྱི་སེམས་ཤེས་པ་ཟག་པ་མེད་པ་ཡང་དེ་བཞིན་ཁོ་ནར་རང་གི་བདེན་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རྣམ་པ་བཞི་ཅན་ཡིན་ཏེ། ལམ་ཤེས་པ་ཡིན་པའི་ཕྱིར་རོ། །དྲི་མ་དང་བཅས་ནི། ཤེས་བྱའི་རང་གི་མཚན་ཉིད་རྣམས།

ཕ་རོལ་གྱི་སེམས་ཤེས་པ་ཟག་པ་དང་བཅས་པ་ནི་ཤེས་བྱ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རང་གི་མཚན་ཉིད་གང་ཡིན་པ་དེའི་རྣམ་པ་འཛིན་ཏེ། རང་གི་མཚན་ཉིད་འཛིན་པར་བྱེད་པ་ཡིན་པའི་ཕྱིར་རོ། །གཉི་ག་ཡང་། རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ། །གང་གི་ཚེ་སེམས་
འཛིན་པ་དེའི་ཚེ་སེམས་ལས་བྱུང་བ་རྣམས་མི་འཛིན་ལ། གང་གི་ཚེ་ཚོར་བ་འཛིན་པ་དེའི་ཚེ་འདུ་ཤེས་མི་འཛིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །འོ་ན་བཅོམ་ལྡན་འདས་ཀྱིས་འདོད་ཆགས་དང་བཅས་པའི་སེམས་ལ་ཡང་འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བར་ཡང་
དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་གཉིས་ཅིག་ཅར་དུ་འཛིན་པ་ནི་མ་ཡིན་ཏེ། གོས་དང་དྲི་མ་ཅིག་ཅར་དུ་མི་འཛིན་པ་བཞིན་ནོ། །འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པ་ཉིད་
རྣམ་པ་གཉིས་ཏེ། འདྲེས་པའི་འདོད་ཆགས་དང་བཅས་པ་ཉིད་དང་། ལྡན་པའི་འདོད་ཆགས་དང་བཅས་པ་ཉིད་དོ། །དེ་ལ་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་གཉིས་ཀྱིས་འདོད་ཆགས་དང་བཅས་པ་ཡིན་ནོ། །དེ་ལས་གཞན་པ་ཟག་པ་དང་བཅས་པ་ནི་ལྡན་པའི་འདོད་
ཆགས་དང་བཅས་པས་ན་འདོད་ཆགས་དང་བཅས་པ་ཡིན་ནོ། །ཁ་ཅིག་ན་རེ་མདོ་འདིར་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་ཆགས་དང་བཅས་པ་ཡིན་ལ། འདོད་ཆགས་ཀྱི་གཉེན་པོར་ནི་འདོད་ཆགས་དང་བྲལ་བར་བཤད་པ་ཡིན་ཏེ། གལ་ཏེ་འདོད་ཆགས་དང་
མཚུངས་པར་མི་ལྡན་པ་འདོད་ཆགས་དང་བྲལ་བ་ཡིན་ན་ནི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ཡང་ཡིན་པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ལྟ་ན་ནི་འོ་ན་དེའི་གཉེན་པོ་མ་ཡིན་པའི་སེམས་ཉོན་མོངས་པ་ཅན་མ་ཡིན་པ་འདོད་ཆགས་དང་བཅས་པ་ཡང་མ་ཡིན་ལ།
འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་འགྱུར་བས། དེ་ལྟ་བས་ན་མདོ་འདིར་འདོད་ཆགས་དང་ལྡན་པས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་འདོད་པར་བྱ་སྟེ། གཏི་མུག་དང་བཅས་པ་དང་གཏི་མུག་དང་བྲལ་བའི་བར་དུ་ཡང་དེ་དང་འདྲ་བར་ཤེས་

པར་བྱའོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཀུན་དུ་བསྡུས་པ་ནི་དམིགས་པ་ལ་མངོན་པར་སྡུད་པའི་ཕྱིར་དགེ་བ་ཡིན་ནོ། །རྣམ་པར་གཡེང་བ་ནི་རྣམ་པར་གཡེང་བ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ་ཞེས་ཟེར་རོ། །ནུབ་ཕྱོགས་པ་རྣམས་ན་རེ་ཀུན་ཏུ་
བསྡུས་པ་ནི་གཉིད་དང་མཚུངས་པར་ལྡན་པ་ཡིན་ནོ། །རྣམ་པར་གཡེང་བ་ནི་ཉོན་མོངས་པ་ཅན་གཞན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་དུ་མི་བརྗོད་དེ། ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་པར་ལྡན་པའི་ཕྱིར་སེམས་དེ་ཉིད་བསྡུས་པ་ཡང་ཡིན་ལ་རྣམ་པར་གཡེངས་པ་ཡང་ཡིན་པར་
འགྱུར་རོ། །བསྟན་བཅོས་ལས། སེམས་ཀུན་དུ་བསྡུས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ཤེས་པའི་ཤེས་པ་ནི་བཞི་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ལམ་ཤེས་པའོ་ཞེས་འབྱུང་བ་དང་ཡང་འགལ་བར་འགྱུར་རོ། །སེམས་
ཞུམ་པ་ནི་ལེ་ལོ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཡིན་ནོ། །རབ་ཏུ་བཟུང་བ་ནི་བརྩོན་འགྲུས་དང་མཚུངས་པར་ལྡན་པའི་ཕྱིར་དགེ་བ་ཡིན་ནོ། །ཆུང་ངུ་ནི་རྣམ་པར་བྱང་བ་ཆུང་ངུ་དག་གིས་བསྟེན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །ཆེན་པོར་གྱུར་པ་ནི་དེ་ལས་བཟློག་པ་
ཡིན་པའི་ཕྱིར་དགེ་བ་ཡིན་ནོ། །རྩ་བ་དང་། རིན་དང་། འཁོར་དང་། རྗེས་སུ་འབྲང་བ་དང་། སྟོབས་ཆེ་ཆུང་གི་ཡང་ཕྱིར་ཏེ། ཉོན་མོངས་པ་ཅན་ནི་མི་དགེ་བའི་རྩ་བ་གཉིས་ཀྱིས་རྩ་བ་དང་བཅས་པ་ཡིན་ནོ། །དགེ་བ་ནི་དགེ་བའི་རྩ་བ་གསུམ་གྱིས་སོ། །ཉོན་མོངས་པ་ཅན་ནི་འབད་པས་
བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་རིན་ཆུང་བ་ཡིན་ནོ། །དགེ་བ་ནི་ཚོགས་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རིན་ཆེ་བ་ཡིན་ནོ། །ཉོན་མོངས་པ་ཅན་ནི་དེ་དང་འདྲ་བ་མ་འོངས་པ་འཐོབ་པའི་ཕྱིར་འཁོར་མང་བ་མ་ཡིན་ལ་ཕུང་པོ་གསུམ་གྱིས་རྗེས་སུ་འབྲང་བ་དང་བཅས་པ་ཡིན་ནོ། །
དགེ་བ་ནི་འཁོར་མང་བ་ཡིན་ལ་ཕུང་པོ་བཞིས་རྗེས་སུ་འབྲང་བ་དང་བཅས་པ་ཡིན་ནོ། །ཡང་ཉོན་མོངས་པ་ཅན་ནི་སྟོབས་ཆུང་བ་ཡིན་ནོ། །དགེ་བ་ནི་སྟོབས་ཆེ་བ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་གཅིག་གིས་ཀྱང་ཕྲ་རྒྱས་བཅུ་གཏན་དུ་འཇོམས་པར་བྱེད་པས་

དེའི་ཕྱིར་ཡང་ཉོན་མོངས་པ་ནི་ཆུང་བ་ཡིན་ལ་དགེ་བ་ནི་ཆེན་པོར་གྱུར་པ་ཡིན་ནོ། །རྒོད་པ་ནི་རྒོད་པ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །རྒོད་པ་མ་ཡིན་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་དགེ་བ་ཡིན་ནོ། །རྣམ་པར་མ་ཞི་བ་དང་། རྣམ་པར་ཞི་བ་ཡང་དེ་དང་
འདྲའོ། །མཉམ་པར་མ་བཞག་པ་ནི་རྣམ་པར་གཡེང་བ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ནོ། །མཉམ་པར་བཞག་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་དགེ་བ་ཡིན་ནོ། །མ་བསྒོམས་པ་ནི་འཐོབ་པ་དང་བསྟེན་པའི་བསྒོམ་པ་དག་གིས་མ་བསྒོམས་པའི་ཕྱིར་ཉོན་མོངས་པ་ཅན་
ནོ། །བསྒོམས་པ་ནི་དེ་གཉིས་ཀྱིས་བསྒོམས་པའི་ཕྱིར་དགེ་བ་ཡིན་ནོ། །རྣམ་པར་མ་གྲོལ་བ་ནི་རང་བཞིན་དང་རྒྱུད་རྣམ་པར་མ་གྲོལ་བ་དག་གིས་རྣམ་པར་གྲོལ་བའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །རྣམ་པར་གྲོལ་བ་ནི་དེ་གཉིས་ཀྱིས་རྣམ་པར་གྲོལ་བའི་ཕྱིར་དགེ་བ་ཡིན་ནོ་
ཞེས་ཟེར་རོ། །དེ་ལྟ་ན་ནི་མདོ་དང་མི་མཐུན་པར་བྱས་པ་ཡང་ཡིན་ལ། ཚིག་དེ་རྣམས་ཀྱི་དོན་གྱི་ཁྱད་པར་ཡང་མ་བཤད་པ་ཡིན་ནོ། །ཇི་ལྟར་ན་མདོ་དང་མི་མཐུན་པར་བྱས་པ་ཡིན་ཞེ་ན། མདོ་ལས་ཇི་ལྟར་ན་སེམས་ནང་དུ་ཀུན་དུ་བསྡུས་པ་ཡིན་ཞེ་ན། སེམས་གང་རྨུགས་པ་དང་
གཉིད་དང་ལྷན་ཅིག་པར་གྱུར་ཅིང་ནང་དུ་ཀུན་དུ་འགོག་པ་དང་ལྷན་ཅིག་པར་གྱུར་ལ་ལྷག་མཐོང་དང་མཚུངས་པར་མི་ལྡན་པ་ཡིན་ནོ། །ཇི་ལྟར་ན་ཕྱི་རོལ་དུ་རྣམ་པར་གཡེངས་པ་ཡིན་ཞེ་ན། སེམས་གང་འདོད་པའི་ཡོན་ཏན་ལྔ་རྣམས་ལ་རྗེས་སུ་གཡེངས་པ་ཡིན་ཞིང་རྣམ་པར་
འཕྲོས་པ་ཡིན་ནོ་ཞེས་གསུངས་སོ། །སེམས་དེ་ཉིད་ཀུན་དུ་བསྡུས་པ་ཡིན་ལ་རྣམ་པར་གཡེངས་པ་ཡང་ཡིན་པར་འགྱུར་རོ་ཞེས་ཀྱང་བཤད་པ་ཡིན་ནམ་ཞེ་ན། དེ་སྐད་དུ་ནི་བཤད་མོད་ཀྱི་རིགས་པར་བཤད་པ་ནི་མ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་གཉིད་དང་ལྷན་ཅིག་པར་གྱུར་
པ་རྣམ་པར་གཡེངས་པ་ཉིད་དུ་དམ་མ་བཅས་པའི་ཕྱིར་རོ། །བསྟན་བཅོས་དང་འགལ་བར་འགྱུར་རོ་ཞེས་ཀྱང་བཤད་པ་མ་ཡིན་ནམ། བསྟན་བཅོས་དང་འགལ་བ་ནི་བླའི་མདོ་དང་འགལ་བ་ནི་མ་ཡིན་ནོ། །ཇི་ལྟར་ན་ཚིག་དེ་རྣམས་ཀྱི་དོན་གྱི་ཁྱད་པར་མ་བཤད་པ་ཡིན་ཞེ་ན། སེམས་རྣམ་

པར་གཡེངས་པ་དང་། ཞུམ་པ་དང་། རྒོད་པ་དང་རྣམ་པར་མ་ཞི་བ་དང་། མཉམ་པར་མ་བཞག་པ་དང་། མ་བསྒོམས་པ་དང་། རྣམ་པར་མ་གྲོལ་བ་རྣམས་ཀྱི་མཚན་ཉིད་ཀྱང་ཐ་མི་དད་པར་བཤད་པའི་ཕྱིར་ལ། ཀུན་དུ་བསྡུས་པ་དང་། རབ་ཏུ་བཟུང་བ་ལ་སོགས་
པའི་མཚན་ཉིད་ཀྱང་ཐ་མི་དད་པར་བཤད་པའི་ཕྱིར་རོ། །ཚིག་རྣམས་ཀྱི་དོན་གྱི་ཁྱད་པར་ནི་མ་བཤད་པ་མ་ཡིན་པ་ཉིད་དེ། ཉོན་མོངས་པ་ཅན་དུ་མཚུངས་ཀྱང་འདི་ལྟར་སེམས་ཉོན་མོངས་པ་ཅན་འདི་ནི་རྣམ་པར་གཡེངས་པ་ཡིན་ནོ། །འདི་ནི་ཞུམ་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་དེའི་ཉེས་པའི་
ཁྱད་པར་ཡང་དག་པར་བསྟན་པའི་ཕྱིར་ལ། དེ་བཞིན་དུ་དགེ་བ་ཡང་ཡོན་ཏན་གྱི་ཁྱད་པར་ཡང་དག་པར་བསྟན་པའི་ཕྱིར་དོན་གྱི་ཁྱད་པར་བཤད་པ་ཁོ་ན་ཡིན་ནོ། །མདོ་དང་འགལ་བ་མ་སྤངས་པའི་ཕྱིར་དེ་ནི་ཚིག་དེ་རྣམས་ཀྱི་དོན་མ་ཡིན་ནོ། །གལ་ཏེ་མདོ་ལས་སེམས་དེ་ཉིད་ཞུམ་པ་ཡང་
ཡིན་ལ་དེ་ཉིད་རྒོད་པ་ཡང་ཡིན་ནོ་ཞེས་བྱ་བར་བཤད་ན་ནི་གང་གི་ཚེ་སེམས་ཞུམ་པ་དང་ཞུམ་པར་དོགས་པ་དེའི་ཚེ་ཤིན་དུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་མ་ཡིན་ནོ། །གང་གི་ཚེ་སེམས་རྒོད་པ་དང་རྒོད་པར་དོགས་
པ་དེའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་མ་ཡིན་ནོ་ཞེས་པ་འདི་དག་གསུངས་པར་མི་འགྱུར་རོ། །ཅི་འདི་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་སོར་བསྒོམ་མམ་ཞེ་ན། འདི་དག་ཡིད་ལ་བྱེད་པ་
བསྒོམ་པ་ཡིན་པར་འདོད་ཀྱི་མངོན་སུམ་དུ་གྱུར་པ་ནི་མ་ཡིན་པས་ཉེས་པ་མེད་པ་ཉིད་དོ། །འདི་ལས་ལེ་ལོ་ལྷག་པའི་སེམས་ནི་ཞུམ་པ་ཞེས་བཤད་ལ། རྒོད་པ་ལྷག་པ་ནི་རྒོད་པ་ཞེས་བཤད་པས་འགལ་བ་མེད་དེ། དེ་གཉིས་ཀྱང་ལྷན་ཅིག་པ་ཡིན་པའི་ཕྱིར་སེམས་དེ་ཉིད་ཞུམ་པ་ཡང་
ཡིན་ལ་དེ་ཉིད་རྒོད་པ་ཡང་ཡིན་ཞེས་སྨྲའོ། །བསམ་པ་ཅན་གྱི་ཚིག་ལ་ནི་བཟློག་པ་མེད་ཀྱི་མདོའི་དགོངས་པ་ནི་འདི་མ་ཡིན་ནོ་ཞེས་སྨྲའོ། །འདོད་ཆགས་དང་ལྡན་པའི་སེམས་ཐམས་ཅད་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་གང་བཤད་པ། འདོད་ཆགས་དང་ལྡན་པའི་སེམས་

གང་ཞིག་ཡིན། གལ་ཏེ་འདོད་ཆགས་ཀྱི་ཐོབ་པ་དང་ལྷན་ཅིག་པ་ཡིན་ནོ་ཞེ་ན་ནི་སློབ་པའི་སེམས་ཟག་པ་མེད་པ་ཡང་འདོད་ཆགས་དང་བཅས་པར་འགྱུར་རོ། །གལ་ཏེ་འདོད་ཆགས་ཀྱི་དམིགས་པ་ཡིན་ནོ་ཞེ་ན་ནི་དགྲ་བཅོམ་པའི་སེམས་ཟག་པ་དང་བཅས་པ་ཡང་འདོད་ཆགས་དང་བཅས་པ་
ཞེས་བྱ་བར་གཟུང་བར་འགྱུར་ཏེ། འདོད་ཆགས་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །ཡང་ན་ཇི་ལྟར་དེ་ཟག་པ་དང་བཅས་པ་ཡིན། གལ་ཏེ་ཉོན་མོངས་པ་སྤྱི་པའི་དམིགས་པ་ཡིན་པའི་ཕྱིར་རོ་ཞེ་ན་ནི། དེ་ལྟ་ན་ཡང་གཏི་མུག་དང་བཅས་པར་གཟུང་བར་འགྱུར་ཏེ། གཏི་མུག་གི་དམིགས་
པ་ཡིན་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་ནི་ཐོབ་པ་ལ་དམིགས་པ་ཡང་མ་ཡིན་ལ། སེམས་དེ་ལ་དམིགས་པའི་འདོད་ཆགས་ལ་དམིགས་པ་ཅན་ཡང་མ་ཡིན་ནོ། །དེ་ལྟ་བས་ན་འདིར་འདོད་ཆགས་དང་ལྡན་པས་འདོད་ཆགས་དང་བཅས་པའི་སེམས་སུ་འདོད་པར་མི་
བྱའོ། འོ་ན་ཇི་ལྟ་བུ་ཞེ་ན། མདོའི་དགོངས་པ་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་ཆགས་དང་བཅས་པ་ཡིན་ལ། འདོད་ཆགས་དང་མཚུངས་པར་མི་ལྡན་པའི་སེམས་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བར་སྣང་ངོ་། །གང་ལས་འདིའི་སེམས་འདོད་ཆགས་དང་
བྲལ་བ་ཡིན། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བ་ཡིན། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པར་ཕྱིར་མི་ལྡོག་པའི་ཆོས་ཅན་ཡིན་ཞེས་གསུངས་པ་དེར་ནི་དེའི་ཐོབ་པ་དང་བྲལ་བ་ལས་དགོངས་ཏེ་གསུངས་པ་ཡིན་ནོ། །ཉོན་
མོངས་པ་གཞན་དང་མཚུངས་པར་ལྡན་པའི་སེམས་ཀྱང་འདོད་ཆགས་དང་མཚུངས་པར་མི་ལྡན་པའི་ཕྱིར་འདོད་ཆགས་དང་བྲལ་བ་ཡིན་པར་འགྱུར་རོ་ཞེས་བཤད་པ་མ་ཡིན་ནམ་དགོངས་པ་འདི་ནི་ཉེས་པ་མེད་དེ། དེ་ནི་འདོད་ཆགས་དང་བྲལ་བ་ཞེས་བྱ་བར་མི་གཟུང་ངོ་། །འོ་ན་ཅི་
ལྟ་ཞེ་ན། ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་གཟུང་ངོ་། །ཞར་ལ་འོངས་པས་ཆོག་གོ། །གྲུབ་པའི་མཐའ་བརྗོད་པར་བྱ་སྟེ། ཅི་ཕ་རོལ་གྱི་སེམས་ཤེས་པ་ཕ་རོལ་གྱི་སེམས་ཀྱི་རྣམ་པ་འམ་དམིགས་པ་འཛིན་ཞེ་ན། མི་འཛིན་ཏོ། །དེ་

ནི་རྣམ་པ་དང་དམིགས་པ་ལ་མི་ལྟོས་པ་ཡིན་ཏེ། སེམས་འདི་ཆགས་པ་ཡིན་ནོ་ཞེས་བྱ་བར་ཤེས་ཀྱི་གཟུགས་ཆེ་གེ་མོ་ཞིག་ལ་ཆགས་སོ་ཞེས་བྱ་བར་ནི་མི་ཤེས་སོ། །དེ་ལྟ་མ་ཡིན་ན། དེ་གཟུགས་ལ་དམིགས་པར་ཡང་འགྱུར་ལ། དེ་ལ་དམིགས་པའི་
ཕ་རོལ་གྱི་སེམས་འཛིན་པ་ནི་རང་གི་ངོ་བོ་ཉིད་འཛིན་པར་ཡང་འགྱུར་རོ། །གཞན་གྱི་སེམས་ཤེས་པ་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་དང་། རྫས་ཀྱི་རང་གི་མཚན་ཉིད་དང་། ད་ལྟར་བྱུང་བ་དང་། ཕ་རོལ་གྱི་རྒྱུད་དང་འདོད་པ་དང་། གཟུགས་དང་ལྡན་པ་དང་།
ལྡན་པ་མ་ཡིན་པའི་ཡུལ་ཅན་མཐོང་བའི་ལམ་བཀག་པ་དང་། བསྒོམ་པའི་ལམ་ལ་དམིགས་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་མི་ལྡན་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པས་མ་བསྡུས་པ་དང་། བར་ཆད་མེད་པའི་ལམ་བཀག་པ་ཡིན་པར་རིག་པར་བྱའོ། །ཕ་རོལ་གྱི་
སེམས་ཤེས་པ་བཤད་ཟིན་ཏོ། །ལྷག་མ་རྣམ་པ་བཅུ་བཞི་ཅན། །སྟོང་དང་བདག་མེད་མ་གཏོགས་སོ། །ལྷག་མ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་སྟེ། དེ་གཉིས་ནི་སྟོང་པ་དང་བདག་མེད་པའི་རྣམ་པ་དག་མ་གཏོགས་པ་རྣམ་པ་བཅུ་བཞི་ཅན་ཡིན་ནོ། །དོན་དམ་པ་པ་དག་ཡིན་ཡང་
དེ་དག་གི་སྟོབས་ཀྱི་རྗེས་སུ་ཐ་སྙད་འདོགས་པའི་སྒོ་ནས་བདག་གི་སྐྱེ་བ་ཟད་དོ། །འདི་ལས་སྲིད་པ་གཞན་རབ་ཏུ་མི་ཤེས་སོ་ཞེས་ཀུན་རྫོབ་ལ་སྟོན་པའི་ཕྱིར་རོ། །ཅི་ཟག་པ་མེད་པ་ལ་རང་གི་མཚན་ཉིད་ཀྱི་རྣམ་པ་ཡོད་དམ། འོན་ཏེ་མེད་ཅེ་ན། རེ་ཞིག་ཁ་ཆེ་བ་རྣམས་ཀྱི་ལྟར་ན། དྲི་མེད་
བཅུ་དྲུག་གཞན་རྣམས་མེད། །རྣམ་པ་བཅུ་དྲུག་ལས་མ་གཏོགས་པ་ཟག་པ་མེད་པའི་རྣམ་པ་མེད་དོ། །གཞན་ཡོད་ཅེས་བྱ་བསྟན་བཅོས་ལས། །གཞན་ཉི་འོག་པ་རྣམས་ན་རེ་ཡོད་དོ་ཞེས་ཟེར་རོ། །ཇི་ལྟར་ན་ཁོང་དུ་ཆུད་ཅེ་ན། བསྟན་བཅོས་ལས་ཞེས་བྱ་བ་སྨོས་ཏེ། བསྟན་བཅོས་
ལས་འདི་སྐད་དུ་མི་ལྡན་པའི་སེམས་ཀྱིས་འདོད་པ་དང་ལྡན་པའི་ཆོས་རྣམས་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། ཤེས་པར་འགྱུར་ཏེ། རིགས་པས་བསྐྱེད་པའི་སྒོ་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། རྒྱུ་དང་། ཀུན་འབྱུང་བ་དང་། རབ་

ཏུ་སྐྱེ་བ་དང་། རྐྱེན་དང་། འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བར་ཤེས་པར་འགྱུར་རོ་ཞེས་འབྱུང་ངོ་། །གལ་ཏེ་གང་ལས་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་དེ་སྙམ་དུ་ཤེས་པར་འགྱུར་རོ་ཞེས་བྱ་བ་འདིའི་དོན་ནི་འདི་མ་ཡིན་ཏེ། འོན་ཀྱང་མི་རྟག་པ་ལ་
སོགས་པ་ཤེས་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བ་ཡིན་ནོ། །ཞེ་ན། མ་ཡིན་ཏེ། གཞན་ནས་མི་འབྱུང་བའི་ཕྱིར་རོ། །གལ་ཏེ་འདི་བསྟན་བཅོས་ཀྱི་དོན་ཡིན་པར་འགྱུར་ན། འདི་སྐད་དུ་མཐོང་བས་སྤང་བར་བྱ་བའི་སེམས་ཀྱིས་འདོད་པ་
དང་ལྡན་པའི་ཆོས་རྣམས་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། ཤེས་པར་འགྱུར་ཏེ། རི