Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 141

Văn bản gốc(Tây Tạng)

Trang 4 / 18 (50.000 ký tự/trang)
གས་པ་མ་ཡིན་པས་བསྐྱེད་པའི་སྒོ་ནས་བདག་དང་། བདག་གི་དང་། རྟག་པ་དང་། ཆད་པ་དང་། རྒྱུ་མེད་པ་དང་། བྱེད་པ་མེད་པ་དང་། སྐུར་བ་འདེབས་པ་དང་། མཆོག་དང་། གཙོ་བོ་དང་།
ཁྱད་པར་དུ་འཕགས་པ་དང་། དམ་པ་དང་། དག་པ་དང་། གྲོལ་བ་དང་། ངེས་པར་འཛིན་པར་བྱེད་པ་དང་། ནེམ་ནུར་དང་། ཡིད་གཉིས་དང་། ཐེ་ཚོམ་དུ་ཤེས་པར་འགྱུར་ཞིང་། ཆགས་པ་དང་། སྡང་བ་དང་། རློམ་པ་དང་། རྨོངས་པར་འགྱུར་རོ་ཞེས་གང་གསུངས་པ་དེར་ཡང་
འདི་སྐད་དུ་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་འབྱུང་བར་འགྱུར་བ་ཞིག་ན། དེ་སྐད་ཀྱང་མི་འབྱུང་སྟེ། དེ་ལྟ་བས་ན་འདི་ནི་དེའི་དོན་མ་ཡིན་ནོ། །ཅི་རྣམ་པ་བཅུ་དྲུག་པོ་འདི་དག་མིང་གི་སྒོ་ནས་སམ། འོན་ཏེ་རྫས་སུ་ཞེ་ན། ཁ་ཅིག་ན་རེ་རྫས་སུ་ནི་བདུན་ཡིན་ལ་མིང་གི་སྒོ་ནས་
ནི་བཅུ་དྲུག་ཡིན་ཏེ། ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་རྫས་སུ་རེ་རེ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་སྐད་དུ་བརྗོད་དེ་རྫས་སུ་རྣམ་པ་བཅུ་དྲུག་གོ། །དེ་ལ་རྐྱེན་ལ་རག་ལུས་པའི་ཕྱིར་མི་རྟག་པའོ། །གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་
བསྔལ་བའོ། །བདག་གིར་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱིས་སྟོང་པའོ། །བདག་ཏུ་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱིས་བདག་མེད་པའོ། །ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་རྒྱུའོ། །འབྱུང་བའི་ཆོས་ཀྱི་ཚུལ་གྱིས་ཀུན་འབྱུང་བའོ། །འབྲེལ་པའི་ཚུལ་གྱིས་རབ་ཏུ་སྐྱེ་བའོ། །

མངོན་པར་སྒྲུབ་པའི་དོན་གྱིས་ནི་རྐྱེན་ཏེ། དཔེར་ན་འཇིམ་པའི་གོང་བུ་དང་ཐལ་ཞར་དང་འཁོར་ལོ་དང་ཐག་གུ་དང་ཆུ་རྣམས་འདུས་པ་ལས་བུམ་པ་མངོན་པར་གྲུབ་པ་དེ་བཞིན་ནོ། །ཕུང་པོ་ཞིག་པའི་ཕྱིར་འགོག་པའོ། །མེ་གསུམ་ཞི་བའི་ཕྱིར་ཞི་བའོ། །འཚེ་
བ་མེད་པའི་ཕྱིར་གྱ་ནོམ་པའོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ངེས་པར་འབྱུང་བའོ། །བགྲོད་པའི་དོན་གྱིས་ལམ་མོ། །རིགས་པ་དང་ལྡན་པའི་ཕྱིར་རིགས་པའོ། །ཡང་དག་པར་བསྒྲུབ་པའི་དོན་གྱིས་སྒྲུབ་པའོ། །ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་
པར་བྱེད་པའོ། །ཡང་ན་གཏན་དུ་བ་མ་ཡིན་པའི་ཕྱིར་མི་རྟག་པའོ། །ཁུར་ལྟ་བུར་གྱུར་པའི་ཕྱིར། སྡུག་བསྔལ་བའོ། །ནང་གི་སྐྱེས་བུ་དང་བྲལ་བའི་ཕྱིར་སྟོང་པའོ། །འདོད་དགུར་བྱེད་པ་མེད་པའི་ཕྱིར་བདག་མེད་པའོ། །འོང་བའི་ཚུལ་གྱིས་རྒྱུའོ། །འབྱུང་བའི་ཚུལ་གྱིས་ཀུན་འབྱུང་བའོ། །འཕེལ་
བའི་ཚུལ་གྱིས་རབ་ཏུ་སྐྱེ་བའོ། །སོ་སོར་འབྲང་བའི་ཚུལ་གྱིས་རྐྱེན་ནོ། །འབྲེལ་བ་མེད་པས་འབྲེལ་པ་ཞིག་པའི་ཕྱིར་འགོག་པའོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་དང་འབྲལ་བའི་ཕྱིར་ཞི་བའོ། །དགེ་བའི་ཕྱིར་གྱ་ནོམ་པའོ། །ཡིད་བརྟན་པའི་མཆོག་ཡིན་པའི་ཕྱིར་ངེས་པར་འབྱུང་བའོ། །
ལམ་ངན་པའི་མི་མཐུན་པའི་ཕྱོགས་ཀྱིས་ལམ་མོ། །རིགས་པ་མ་ཡིན་པའི་མི་མཐུན་པའི་ཕྱོགས་ཀྱིས་རིགས་པའོ། །མྱ་ངན་ལས་འདས་པའི་གྲོང་དང་། མི་འགལ་བའི་དོན་གྱིས་སྒྲུབ་པའོ། །སྲིད་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ངེས་པར་འབྱིན་པར་བྱེད་པའོ། །ཇི་
ལྟར་འདོད་པ་བརྗོད་པར་བྱ་སྟེ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་མི་རྟག་པའོ། །མི་མཐུན་པར་གྱུར་པའི་ཕྱིར་སྡུག་བསྔལ་བའོ། །བདག་དང་བྲལ་བའི་ཕྱིར་སྟོང་བའོ། །བདག་ཉིད་ཀྱིས་བདག་མ་ཡིན་པའི་ཕྱིར་བདག་མེད་པའོ། །རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་
དང་། རྐྱེན་ཉིད་ནི་གང་མདོ་ལས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ནི་འདུན་པའི་རྩ་བ་ཅན། འདུན་པ་ལས་ཀུན་འབྱུང་བ། འདུན་པ་དང་འདྲ་བ། འདུན་པ་ལས་རབ་ཏུ་སྐྱེ་བ་དག་ཡིན་ནོ་ཞེས་གསུངས་པ་ཁོ་ན་ཡིན་ཏེ། རབ་ཏུ་སྐྱེ་བ་ཞེས་བྱ་བའི་སྒྲ་ཐ་མར་གདོན་པ་འབའ་ཞིག་ཏུ་

ཟད་དོ། །ཡང་འདི་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། འདུན་པ་ནི་རྣམ་པ་བཞི་སྟེ། ངའོ་སྙམ་པ་ནི་བྱེ་བྲག་མེད་པར་ལུས་པ་འདུན་པ་ཡིན་ནོ། །གྱུར་ཅིག་སྙམ་པ་ནི་བྱེ་བྲག་ཏུ་མེད་པར་ཡང་སྲིད་པ་ལ་འདུན་པ་ཡིན་ནོ། །འདི་ལྟ་བུར་གྱུར་ཅིག་སྙམ་པ་ནི། བྱེ་བྲག་ཏུ་ཡང་སྲིད་པ་ལ་
འདུན་པ་ཡིན་ནོ། །བཞི་པ་ནི་ཉིང་མཚམས་སྦྱོར་བའི་འཆིང་བ་ལ་འདུན་པ་ཡིན་ནོ། །ཡང་ན་ལས་མངོན་པར་འདུ་བྱེད་པ་ལ་འདུན་པ་ཡིན་ནོ། །དེ་ལ་དང་པོ་ནི་སྡུག་བསྔལ་གྱི་དང་པོའི་རྒྱུ་ཡིན་པའི་ཕྱིར་རྩ་བའི་རྒྱུ་ཡིན་ཏེ། འབྲས་བུའི་ས་བོན་བཞིན་ནོ། །གཉིས་པ་ནི་ཀུན་འབྱུང་བ་ཡིན་
ཏེ། དེས་དེ་ཡང་དག་པར་འགྲུབ་པའི་ཕྱིར། འབྲས་བུའི་མྱུ་གུ་ལ་སོགས་པ་སྐྱེ་བ་བཞིན་ནོ། །གསུམ་པ་ནི་དེ་དང་འདྲ་བའི་སྡུག་བསྔལ་གྱི་རྐྱེན་ཡིན་ཏེ། འབྲས་བུའི་ཞིང་དང་ཆུ་དང་ལུད་ལ་སོགས་པ་བཞིན་ནོ། །ཞིང་ལ་སོགས་པའི་དབང་གིས་ནི་འབྲས་བུའི་དྲི་དང་རོ་དང་། ནུས་པ་དང་།
སྨིན་པ་དང་མཐུ་དང་ལྡན་པར་འགྱུར་རོ། །བཞི་པ་ནི་རབ་ཏུ་སྐྱེ་བ་སྟེ། དེ་ཁོ་ན་ལས་དེ་སྐྱེ་བའི་ཕྱིར་འབྲས་བུའི་ཐ་མ་མེ་ཏོག་བཞིན་ནོ། །ཡང་ན་སྲེད་པ་རྣམ་པར་སྤྱད་པ་རྣམས་ཀྱི་འདུན་པ་བཞི་ནི་སྲེད་པའི་བྱེ་བྲག་རྣམས་ལས་ལྔ་ཚན་གཉིས་དང་། བཞི་ཚན་གཉིས་ཡིན་ཏེ། དགེ་སློང་དག་
ངའོ་སྙམ་པ་ཡོད་ན་ང་འདི་ལྟ་བུའོ་སྙམ་པ་འབྱུང་བར་འགྱུར་ཞིང་། ང་ནི་འདི་འདྲའོ་སྙམ་པ་དང་། ང་དེ་ལྟ་མ་ཡིན་ནོ་སྙམ་པ་དང་། ང་བཟང་ངོ་སྙམ་པ་དང་། ང་ངན་ནོ་སྙམ་པ་འབྱུང་བར་འགྱུར་རོ། །དེ་ལ་འབྱུང་བར་འགྱུར་བར་བྱའོ་སྙམ་པར་འགྱུར་ཞིང་། དེ་ལ་འབྱུང་བར་འགྱུར་བར་མི་བྱའོ་
སྙམ་པ་དང་། འདི་ལྟ་བུར་འབྱུང་བར་འགྱུར་བར་བྱའོ་སྙམ་པ་དང་། འདི་འདྲ་བར་འབྱུང་བར་འགྱུར་བར་བྱའོ་སྙམ་པ་དང་། དེ་ལྟ་མ་ཡིན་པར་འབྱུང་བར་འགྱུར་བར་བྱའོ་སྙམ་པ་འབྱུང་བར་འགྱུར་རོ། །དེ་ལ་གྱུར་ཅིག་སྙམ་པ་འབྱུང་བར་འགྱུར་ཞིང་། དེ་ལ་འདི་ལྟ་བུར་གྱུར་ཅིག་
སྙམ་པ་དང་། དེ་འདྲ་བར་གྱུར་ཅིག་སྙམ་པ་དང་། དེ་ལྟ་མ་ཡིན་པར་གྱུར་ཅིག་སྙམ་པ་དང་། གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། འདི་ལྟ་བུར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། འདི་འདྲ་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། དེ་ལྟ་མ་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་འབྱུང་བར་འགྱུར་

རོ་ཞེས་གསུངས་པ་ཡིན་ནོ། །འཇུག་པ་མེད་པའི་ཕྱིར་འགོག་པའོ། །སྡུག་བསྔལ་མེད་པའི་ཕྱིར་ཞི་བ་སྟེ། དགེ་སློང་དག་དེ་ལྟར་ན་འདུ་བྱེད་རྣམས་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་གསུངས་པའི་ཕྱིར་རོ། །གོང་ན་མེད་པའི་ཕྱིར་གྱ་ནོམ་
པའོ། །ཡང་ཕྱིར་མི་ལྡོག་པའི་ཕྱིར་ངེས་པར་འབྱུང་བའོ། །ལམ་ལྟ་བུར་གྱུར་པའི་ཕྱིར་ལམ་མོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞུགས་པའི་ཕྱིར་རིགས་པའོ། །སོ་སོར་ངེས་པའི་ཕྱིར་སྒྲུབ་པ་སྟེ། ཇི་སྐད་དུ་མཐོང་བ་རྣམ་པར་དག་པར་བྱ་བའི་ཕྱིར་འདི་ལམ་ཡིན་གྱི་གཞན་ནི་མེད་དོ་ཞེས་
གསུངས་པ་ལྟ་བུའོ། །གཏན་དུ་ངེས་པར་འབྱུང་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པའོ། །ཡང་ན་རྟག་པ་དང་། བདེ་བ་དང་། བདག་གི་དང་། བདག་ཏུ་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོར་གོ་རིམས་བཞིན་དུ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་
རྣམ་པ་དག་ཡིན་ནོ། །རྒྱུ་མེད་པ་དང་། རྒྱུ་གཅིག་པུ་དང་། འགྱུར་བ་དང་། བློ་སྔར་བཏང་བ་དང་། ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོར་གོ་རིམས་བཞིན་དུ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་དག་ཡིན་ནོ། །ཐར་པ་མེད་དོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་
ཀྱི་གཉེན་པོར་འགོག་པའི་རྣམ་པ་ཡིན་ནོ། །སྡུག་བསྔལ་ལ་ཐར་པ་ཡིན་ནོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོར་ཞི་བའི་རྣམ་པ་ཡིན་ནོ། །བསམ་གཏན་གྱི་བདེ་བ་གྱ་ནོམ་པ་ཡིན་པར་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོར་གྱ་ནོམ་པ་ཡིན་ནོ། །ཡང་དང་ཡང་ཡོངས་སུ་ཉམས་པར་
འགྱུར་བའི་སྒོ་ནས་ཐར་པ་ནི་གཏན་དུ་མ་ཡིན་ནོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོར་ངེས་པར་འབྱུང་བའི་རྣམ་པ་ཡིན་ནོ། །ལམ་མེད་དོ་སྙམ་པ་དང་། ལམ་འདི་ཡིན་ནོ་སྙམ་པ་དང་། གཞན་ཡང་ལམ་ཡིན་ནོ་སྙམ་པ་དང་། ལམ་འདི་ཡང་ལྷག་གོ་སྙམ་དུ་ལྟ་བར་སྤྱད་པ་རྣམས་ཀྱི་
གཉེན་པོར་གོ་རིམས་བཞིན་དུ་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ་པ་དག་ཡིན་ནོ། །རྣམ་པ་ཞེས་བྱ་བའི་ཆོས་འདི་ཅི་ཞེ་ན། རྣམ་པ་ཤེས་རབ། དེ་ལྟ་ན་ནི་འོ་ན་ཤེས་རབ་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར། ཤེས་རབ་རྣམ་པ་དང་བཅས་

པར་མི་འགྱུར་གྱི། འདི་ལྟར་རྣམ་པ་ནི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་དམིགས་པ་འཛིན་པའི་བྱེ་བྲག་ནི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པར་འགྱུར་རོ། །ཡང་ཅི་ཤེས་རབ་ཁོ་ནས་འཛིན་པར་བྱེད་དམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་དང་བཅས་པའི་དམིགས་
པ་དང་བཅས་པས་འཛིན་པར་བྱེད། ཤེས་རབ་དང་། དམིགས་པ་དང་བཅས་པའི་ཆོས་གཞན་ཐམས་ཅད་ཀྱིས་ཀྱང་འཛིན་པར་བྱེད་དོ། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན། །གང་ཅི་ཡོད་ཀྱང་རུང་ཐམས་ཅད་གཟུང་བར་བྱ་བ་ཡིན་ནོ། །དེ་ལྟར་བྱས་ན་ཤེས་རབ་ནི་རྣམ་པ་ཡང་ཡིན། འཛིན་
པར་བྱེད་པ་ཡང་ཡིན། གཟུང་བར་བྱ་བ་ཡང་ཡིན་ནོ། །དམིགས་པ་དང་བཅས་པ་གཞན་ནི་འཛིན་པར་བྱེད་པ་དང་། གཟུང་བར་བྱ་བ་ཡིན་ནོ། །དམིགས་པ་མེད་པ་རྣམས་ནི་གཟུང་བར་བྱ་བ་ཁོ་ན་ཡིན་ནོ། །འདི་མན་ཆད་ནི་ཤེས་པ་བཅུ་པོ་འདི་དག་གི་དགེ་བ་ལ་སོགས་པའི་བྱེ་བྲག་
བསྟན་པར་བྱ་སྟེ། དང་པོ་རྣམ་གསུམ་གཞན་རྣམས་དགེ །ཀུན་རྫོབ་ཤེས་པ་ནི་ཚིགས་སུ་བཅད་པའི་དང་པོ་ནི་ཡོད་པའི་ཕྱིར་དང་པོ་སྟེ། དེ་ནི་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་རྣམ་པ་གསུམ་ཡིན་ནོ། །ཤེས་པ་གཞན་དགུ་ནི་དགེ་བ་ཁོ་ན་ཡིན་ནོ། །དང་པོ་ས་
རྣམས་ཐམས་ཅད་ན། འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་ན་ཡོད་དོ། །དྲུག་ན་ཆོས་ཤེས་བྱ། ཆོས་ཤེས་པ་ནི་བསམ་གཏན་བཞི་དང་། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་ན་ཡོད་དོ། །དགུ་ན་རྗེས་ཤེས་བྱ་བ། རྗེས་སུ་ཤེས་པ་ནི་ས་དྲུག་པོ་དེ་དག་ཉིད་དང་
གཟུགས་མེད་པ་གསུམ་ན་ཡོད་དོ། །དེ་བཞིན་དུ་དྲུག །སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་རྣམས་ཀྱང་བྱེ་བྲག་མེད་པར་ནི་ས་དགུ་པོ་དེ་དག་ཉིད་ན་ཡོད་དོ། །དབྱེ་བ་ནི་ཆོས་ཤེས་པས་བསྡུས་པ་རྣམས་ནི་ས་དྲུག་ན་ཡོད་དོ། །
རྗེས་སུ་ཤེས་པས་བསྡུས་པ་རྣམས་ནི་ས་དགུ་ན་ཡོད་དོ། །གཞན་ཡིད་ཤེས་པ་བསམ་གཏན་བཞི། །ཕ་རོལ་གྱི་སེམས་ཤེས་པ་ནི་བསམ་གཏན་བཞི་ཁོ་ན་ན་ཡོད་ཀྱི་གཞན་ན་མེད་དོ། །དེ་ན་འདོད་དང་གཟུགས་རྟེན་ཅན། །ཕ་རོལ་གྱི་སེམས་ཤེས་པ་དེ་ནི་འདོད་པ་དང་གཟུགས་ཀྱི་

ཁམས་དག་ཏུ་མངོན་སུམ་དུ་བྱེད་དོ། །ཆོས་ཤེས་བྱ་བ་འདོད་རྟེན་ཅན། །ཆོས་ཤེས་པ་ནི་འདོད་པའི་ཁམས་ཀྱི་རྟེན་ཅན་ཁོ་ན་ཡིན་གྱི། གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ནི་མངོན་སུམ་དུ་མི་བྱེད་དོ། །ཁམས་གསུམ་པ་ཡི་རྟེན་ཅན་གཞན། །གཞན་གང་ཞེ་
ན། ཕ་རོལ་གྱི་སེམས་ཤེས་པ་དང་། ཆོས་ཤེས་པ་མ་གཏོགས་པའོ། །ས་དག་དང་རྟེན་བཤད་ཟིན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་བསྡུས་པ་བརྗོད་པར་བྱ་སྟེ། དེ་སྨྲས་པ། འགོག་བློ་དྲན་པ་ཉེར་གཞག་པ། །གཅིག་སྟེ་བློ་དང་ཤེས་རབ་དང་། །ཤེས་པ་ཞེས་བྱ་བ་ནི་རྣམ་
གྲངས་ཡིན་ནོ། །འགོག་པ་ཤེས་པ་ནི་གཅིག་སྟེ། ཆོས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །ཕ་རོལ་གྱི་སེམས་བློ་ནི་གསུམ་མོ། །ཕ་རོལ་གྱི་སེམས་ཤེས་པ་ནི་གསུམ་སྟེ། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་རྣམས་ཡིན་ནོ། །ལྷག་མ་བཞི་ཡིན་ནོ། །
འགོག་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དག་ལས་གཞན་པའི་ཤེས་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་ཡིན་ནོ། །ཤེས་པ་གང་གིས་དམིགས་པ་ཤེས་པ་དུ་ཞིག་ཡིན་ཞེ་ན། ཆོས་བློའི་སྤྱོད་ཡུལ་དགུ་ཡིན་ནོ། །ཆོས་ཤེས་པའི་དམིགས་པ་ནི་ཤེས་པ་དགུ་ཡིན་
ཏེ། རྗེས་སུ་ཤེས་པ་མ་གཏོགས་སོ། །ལམ་རྗེས་བློ་ཡི་དགུ་ཡིན་ནོ། །རྗེས་སུ་ཤེས་པའི་དམིགས་པ་ཡང་ཤེས་པ་དགུ་ཡིན་ཏེ། ཆོས་ཤེས་པ་མ་གཏོགས་སོ། །ལམ་ཤེས་པའི་དམིགས་པ་ཡང་དགུ་ཡིན་ཏེ། ཀུན་རྫོབ་ཤེས་པ་མ་གཏོགས་སོ། །སྡུག་བསྔལ་རྒྱུ་བློའི་གཉིས་ཡིན་
ནོ། སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་གི་དམིགས་པ་དག་ནི་གཉིས་ཏེ། ཀུན་རྫོབ་དང་གཞན་གྱི་སེམས་ཤེས་པ་ཡིན་ནོ། །བཞི་ཡི་བཅུ་ཡིན། ཀུན་རྫོབ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་རྣམས་ཀྱི་དམིགས་པ་ནི་ཤེས་པ་
བཅུ་ཆར་ཡང་ཡིན་ནོ། །གཅིག་གི་མིན། འགོག་པ་ཤེས་པ་ནི་གཅིག་པུའི་དམིགས་པ་ནི་ཤེས་པ་མ་ཡིན་པ་ཉིད་དོ། །ཆོས་བཅུ་དག་ནི་སྦྱར་བར་བྱ། བཅུ་གང་དག་ཅེ་ན། ཁམས་གསུམ་པ་དང་དྲི་མེད་ཆོས། །འདུས་མ་བྱས་རྣམས་གཉིས་གཉིས་སོ། །ཆོས་འདུས་བྱས་རྣམས་ལ་

འདོད་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་རྣམས་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་བྱའོ། །འདུས་མ་བྱས་རྣམས་ལ་དགེ་བ་དང་། ལུང་དུ་མ་བསྟན་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་བྱའོ། །ཆོས་བཅུ་པོ་
འདི་དག་ཇི་ལྟར་སྦྱར་བར་བྱ་ཞེ་ན། ཤེས་པ་གང་གིས་དམིགས་པ་དུ་ཞིག་ཡིན་ཞེས་སྦྱར་བར་བྱ་སྟེ། དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པ་ནི་ཆོས་བཅུ་པོ་ཐམས་ཅད་ཡིན་ནོ། །ཆོས་ཤེས་པ་ནི་ལྔ་སྟེ། འདོད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་དང་། གཞི་དང་། འདུས་མ་བྱས་དགེ་བ་
ཡིན་ནོ། །རྗེས་སུ་ཤེས་པ་ནི་བདུན་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་དང་། དྲུག་དང་། འདུས་མ་བྱས་དགེ་བ་ཡིན་ནོ། །སྡུག་བསྔལ་དང་། ཀུན་འབྱུང་ཤེས་པ་དག་གི་ནི་དྲུག་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་རྣམས་
ཡིན་ནོ། །འགོག་པ་ཤེས་པའི་ནི་གཅིག་སྟེ། འདུས་མ་བྱས་དགེ་བ་ཁོ་ན་ཡིན་ནོ། །ལམ་ཤེས་པའི་ནི་གཉིས་ཏེ། ཟག་པ་མེད་པ་དག་ཡིན་ནོ། །གཞན་གྱི་སེམས་ཤེས་པའི་ནི་གསུམ་སྟེ། འདོད་པ་དང་། གཟུགས་ན་སྤྱོད་པ་དང་། ཟག་པ་མེད་པ་དང་མཚུངས་པར་ལྡན་པ་རྣམས་
ཡིན་ནོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་དམིགས་པ་ནི་ཆོས་དགུ་ཡིན་ཏེ། འདུས་མ་བྱས་ལུང་དུ་མ་བསྟན་པ་མ་གཏོགས་སོ། །ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། མེད་དོ། །འོན་ཀྱང་། ཀུན་རྫོབ་གཅིག་པུས་རང་ཚོགས་ལས། །གཞན་ནི་བདག་
མེད་ཉིད་རིགས་འགྱུར། །ཀུན་རྫོབ་ཤེས་པས་ནི་རང་གི་ཚོགས་ལས་གཞན་པའི་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བདག་མེད་པ་ཉིད་དུ་ཤེས་པར་འགྱུར་རོ། །དེའི་རང་གི་ཚོགས་ནི་རང་གི་ངོ་བོ་དང་དེ་དང་ལྷན་ཅིག་ཏུ་འབྱུང་བའི་ཆོས་རྣམས་ཡིན་ཏེ། དེ་དག་ནི་ཡུལ་དང་ཡུལ་ཅན་ཐ་
དད་པའི་ཕྱིར་དང་། དམིགས་པ་གཅིག་པའི་ཕྱིར་དང་། ཧ་ཅང་ཉེ་བའི་ཕྱིར་མི་འཛིན་ཏོ། །དེ་ཡང་འདོད་པ་ན་སྤྱོད་པ་ནི་ཐོས་པ་དང་། བསམ་པ་ལས་བྱུང་བ་ཡིན་ནོ། །གཟུགས་ན་སྤྱོད་པ་ནི་ཐོས་པ་ལས་བྱུང་བ་ཡིན་ནོ། །བསྒོམ་པ་ལས་བྱུང་བ་ནི་མ་ཡིན་ཏེ། དེ་ནི་ས་རྣམ་པར་ཆད་པ་ལས་

དམིགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ལས་ཅིག་ཅར་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདི་ནི་རྫོགས་སོ།། །།གང་ཞིག་ཤེས་པ་དུ་དང་ལྡན། །ཞེས་བྱ་བ་འདི་བརྗོད་པར་བྱ་སྟེ། རེ་ཞིག་སོ་སོའི་སྐྱེ་བོ་ནི་
ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ནོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་ཕ་རོལ་གྱི་སེམས་ཤེས་པ་དང་ཡང་ལྡན་ནོ། །འཕགས་པ་ནི། ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་ཅན་ཤེས་པ་གཅིག་དང་ལྡན། །འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན། སྡུག་
བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་ཀུན་རྫོབ་ཤེས་པ་གཅིག་ཁོ་ན་དང་ལྡན་པ་ཡིན་ནོ། །གཉིས་པ་ལ་གསུམ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་ནི་ཀུན་རྫོབ་ཤེས་པ་དང་། ཆོས་ཤེས་པ་དང་། སྡུག་བསྔལ་ཤེས་པ་སྟེ། གསུམ་དང་ལྡན་ནོ། །ཡན་ཆད་ནི། བཞི་ལ་རེ་རེ་འཕེལ་
དང་ལྡན། །དེ་ཡན་ཆད་ཀྱི་སྐད་ཅིག་མ་བཞི་ལ་ནི། དེ་ལ་ཤེས་པ་རེ་རེ། འཕེལ་བར་ཤེས་པར་བྱ་སྟེ། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་ནི་རྗེས་སུ་ཤེས་པ་འཕེལ་ལ། ཀུན་འབྱུང་དང་། འགོག་པ་དང་། ལམ་ལ་ཆོས་ཤེས་པ་རྣམས་ལ་ནི་ཀུན་འབྱུང་དང་། འགོག་པ་དང་། ལམ་
ཤེས་པ་རྣམས་འཕེལ་བས་ལམ་ལ་ཆོས་ཤེས་པ་ལ་ཤེས་པ་བདུན་དང་ལྡན་པ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་ཐམས་ཅད་དུ་གཞན་གྱི་སེམས་ཤེས་པ་ལྷག་པར་ལྡན་པར་རིག་པར་བྱའོ། །ཡང་ན་གནས་སྐབས་གང་དུ་ཤེས་པ་དུ་དག་ཅིག་འཐོབ་ཅེ་ན། མཐོང་
བའི་ལམ་ལ་བཟོད་པ་དང་། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས། །མ་འོངས་པ་འཐོབ། མཐོང་བའི་ལམ་ལ་བཟོད་པའམ། ཤེས་པ་གང་དང་གང་སྐྱེས་པ་དེ་དང་འདྲ་བ་མ་འོངས་པ་དེའི་རྣམ་པ་བཞི་ཁོ་ན་འཐོབ་པར་འགྱུར་རོ། །ཅིའི་ཕྱིར། མཐོང་བའི་ལམ་ལ་ཤེས་པ་དང་། །
རྣམ་པ་འདྲ་བ་ཁོ་ན་འཐོབ་ཅེ་ན། རིགས་རྣམས་མ་ཐོབ་པའི་ཕྱིར་རོ། །དེ་ཉིད་ལས། རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང་། །མཐོང་བའི་ལམ་དེ་ཉིད་ལ་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་ལ་རྗེས་སུ་ཤེས་པ་གསུམ་ལ་ཀུན་རྫོབ་ཤེས་པ་ཡང་འཐོབ་བོ། །ཆོས་ཤེས་པ་

ལ་ནི་མ་ཡིན་ཏེ། བདེན་པ་ཟད་པར་མངོན་པར་མ་རྟོགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མངོན་རྟོགས་མཐའ་ཞེས་བྱ། དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཤེས་པ་དེ་ནི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཞེས་བྱ་སྟེ། བདེན་པ་རེ་རེ་མངོན་པར་རྟོགས་པའི་རྗེས་ལ་འཐོབ་པའི་ཕྱིར་རོ། །ཅིའི་
ཕྱིར་ལམ་ལ་རྗེས་སུ་ཤེས་པ་ན་འཐོབ་པར་མི་འགྱུར་ཞེ་ན། ལམ་གྱི་བདེན་པ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་མངོན་པར་མ་རྟོགས་པའི་ཕྱིར་དང་། ཟད་པར་མངོན་པར་མ་རྟོགས་པའི་ཕྱིར་རོ། །སྡུག་བསྔལ་ཟད་པར་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་
དང་། འགོག་པ་མངོན་དུ་བྱ་བར་ནི་ནུས་ཀྱི། ལམ་ནི་ཟད་པར་བསྒོམ་པར་མི་ནུས་པས་མངོན་པར་རྟོགས་པའི་མཐའ་མེད་པའི་ཕྱིར། དེ་ནི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་མི་འཐོབ་བོ། །དེའི་ཚེ་ཀུན་འབྱུང་བ་ལ་ཡང་ཐམས་ཅད་སྤངས་པ་མ་ཡིན་པས་མངོན་པར་
རྟོགས་པའི་མཐའ་ལས་བྱུང་བར་མི་འགྱུར་རོ་ཞེ་ན། དེའི་བདེན་པ་མཐོང་བས་སྤང་བར་བྱ་བ་ཐམས་ཅད་སྤངས་པ་ཡིན་ནོ། །ལམ་ནི་རིགས་མང་བའི་ཕྱིར། མཐོང་བས་སྤང་བའི་གཉེན་པོར་ཐམས་ཅད་བསྒོམ་པར་མི་ནུས་པས་ཁྱད་པར་ཆེར་ཡོད་དོ། །གཞན་དག་ན་རེ་
མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཤེས་པར་བྱེད་པ་མ་ཡིན་ནོ། །ཅི་ཀུན་རྫོབ་ཤེས་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་དེ་རེས་འགའ་མངོན་སུམ་དུ་བྱེད་དམ་ཞེ་ན། ནམ་ཡང་མི་བྱེད་དེ། གཅིག་ཁོ་ནར་དེ་
ནི་མི་སྐྱེ་བའི་ཆོས་ཅན་ཡིན། ཇི་ལྟར་ན་དེ་ཐོབ་པ་ཡིན་ཏེ། མ་རྙེད་པ་ལས་རྙེད་པའི་ཕྱིར་རོ། །ད་ནི་གལ་ཏེ་དེ་མངོན་སུམ་དུ་བྱ་བ་མི་ནུས་པ་ཁོ་ན་ཡིན་ན་ཇི་ལྟར་ན་དེ་རྙེད་པ་ཡིན། ཐོབ་པའི་སྒོ་ནས་སོ། །གང་གི་ཕྱིར་རྙེད་པ་དེའི་ཕྱིར་རྙེད་དོ་ཞེས་སྟོན་པ་འདི་ནི་སྔོན་མ་བྱུང་བའི་རྣམ་པ་ཡིན་ནོ། །དེ་
ལྟ་བས་ན་དེ་ལྟ་ན་ནི་ཐོབ་པ་མི་འགྲུབ་པ་ཉིད་ཀྱིས་སྔོན་གྱི་སློབ་དཔོན་དག་ཇི་སྐད་ཟེར་བ་དེ་ལྟ་ན་འགྲུབ་པར་འགྱུར་རོ། །སྔོན་གྱི་སློབ་དཔོན་དག་ཇི་སྐད་ཟེར་ཞེ་ན། འཇིག་རྟེན་ལས་འདས་པའི་ལམ་གྱི་མཐུས་དེ་ལས་ལངས་ནས་འཇིག་རྟེན་པའི་ཤེས་པ་ཆེས་ཁྱད་པར་དུ་འཕགས་

པ་བདེན་པ་ལ་དམིགས་པ་མངོན་སུམ་དུ་བྱེད་པར་འགྱུར་བ་ཀུན་རྫོབ་ཤེས་པ་སྐྱེ་བར་འགྱུར་རོ། །དེ་མངོན་སུམ་དུ་འགྱུར་བར་ནུས་པའི་རྟེན་རྙེད་པ་གང་ཡིན་པ་དེ་ཉིད་རྙེད་པ་ཡིན་ཏེ། རིགས་རྙེད་ན་རིགས་ལས་བྱུང་བ་ཡང་རྙེད་པ་ཡིན་ནོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་
རྣམས་ནི་འདི་མི་འདོད་དོ། །ས་དུ་པའི་ཀུན་རྫོབ་ཤེས་པ་དེ་འཐོབ་ཅེ་ན། མཐོང་བའི་ལམ་གྱིས་ནི། རང་དང་འགོག་པ་མཐོང་བའི་ལམ་ལས་ས་གང་པ་ཡིན་པ་ས་དེ་པ་དང་། ས་འོག་མ་པའི་ཀུན་རྫོབ་ཤེས་པ་འཐོབ་པ་སྟེ། གལ་ཏེ་མཐོང་བའི་ལམ་མི་ལྕོགས་པ་མེད་པའི་ས་པ་
ཞིག་ཡིན་ན་ནི། མི་ལྕོགས་པ་མེད་པའི་ས་པ་དང་། འདོད་པ་ན་སྤྱོད་པ་དང་། ས་གཉིས་པ་ཐོབ་ལ། དེ་བཞིན་དུ་མཐོང་བའི་ལམ། བསམ་གཏན་བཞི་པའི་ས་པ་ཡིན་ན་ས་བདུན་པའི་ཀུན་རྫོབ་ཤེས་པ་ཐོབ་པའི་བར་དུའོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་དུ་དག་ཅིག་ཡིན་
ཞེ་ན། འགོག་པའི་མཐའ། འགོག་པའི་མངོན་པར་རྟོགས་པའི་ཀུན་རྫོབ་ཤེས་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཐ་མ་སྟེ། ཆོས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཅིག་གྲངས་བཅད་པས་ལྷག་མ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་ཡིན་ནོ་ཞེས་བྱ་བར་གྲུབ་པ་
ཡིན་ནོ། །ཀུན་རྫོབ་ཤེས་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་དེ་ནི་རང་བདེན་རྣམས་ཅན། བདེན་པ་གང་ཞིག་མངོན་པར་རྟོགས་པའི་འཐོབ་པ་བདེན་པ་དེའི་རྣམ་པ་ཅན་ཁོ་ན་ཡིན་ནོ། །དེའི་རྣམ་པ་ཅན་ཡིན་ནོ། །ཞེས་སྨོས་པས་འདིའི་དམིགས་པ་ཡང་བདེན་པ་དེ་ཉིད་
ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ནི་མཐོང་བའི་ལམ་གྱིས་འཐོབ་པར་བྱ་བ་ཡིན་པའི་ཕྱིར་འབད་ལས་བྱུང་བ་སྦྱོར་བ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་དང་བཅས་པ་ལ་སོགས་པ་སྨོས་པའི་ཕྱིར། འདོད་པ་དང་གཟུགས་ན་སྤྱོད་པ་ནི་ཕུང་པོ་བཞི་དང་ལྔའི་རང་བཞིན་
ཡིན་ནོ། །ཆགས་བཅས་བཅུ་དྲུག་པ་ལ་དྲུག །འཐོབ་ཅེས་བྱ་བར་སྦྱར་ཏེ། འདོད་ཆགས་དང་མ་བྲལ་བ་ནི་བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་ལས་ཤེས་པ་གཉིས་ད་ལྟར་བྱུང་བ་ཡིན་ལ། མ་འོངས་པ་དྲུག་འཐོབ་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། སྡུག་བསྔལ་

དང་ཀུན་འབྱུང་དང་འགོག་པ་དང་། ལམ་ཤེས་པ་རྣམས་སོ། །འདོད་ལ་ཆགས་དང་བྲལ་བས་བདུན། །འདོད་ཆགས་དང་བྲལ་བས་ནི་བདུན་པ་ཕ་རོལ་གྱི་སེམས་ཤེས་པ་འཐོབ་བོ། །དེ་ཡི་གོང་མ་ཆགས་བཅས་ཀྱི། །བསྒོམ་པའི་ལམ་ལ་བདུན་འཐོབ་པོ། །སྐད་ཅིག་མ་བཅུ་
དྲུག་གི་གོང་མའི་བསྒོམ་པའི་ལམ་ལ་ནི་ཇི་སྲིད་དུ་འདོད་པ་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ་དེ་སྲིད་དུ་སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་ཅན་གྱི་ལམ་ཐམས་ཅད་ལ་ཤེས་པ་བདུན་འཐོབ་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། སྡུག་བསྔལ་དང་།
ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་ཀུན་རྫོབ་ཤེས་པ་རྣམས་སོ། །གལ་ཏེ་བསྒོམ་པའི་ལམ་འཇིག་རྟེན་པ་ཞིག་ཡིན་ན་ནི་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་ཡིན་ནོ། །གལ་ཏེ་འཇིག་རྟེན་ལས་འདས་པ་ཞིག་ཡིན་ན་ནི། ཆོས་ཤེས་པ་བཞི་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་
ནོ། །ས་བདུན་ལས་རྒྱལ་མངོན་ཤེས་དང་། །མི་གཡོ་འཐོབ་དང་སྤེལ་བསྒོམས་པའི། །བར་ཆད་མེད་པའི་ལམ་དག་དང་། །གོང་མའི་གྲོལ་བའི་ལམ་བརྒྱད་ལའང་། །ཤེས་པ་བདུན་འཐོབ་བོ་ཞེས་བྱ་བར་སྦྱར་ཏེ། ས་བདུན་ནི་བསམ་གཏན་བཞི་དང་། གཟུགས་མེད་པ་གསུམ་མོ། །དེ་དག་
ལས་རྒྱལ་བ་ནི་འདོད་ཆགས་དང་བྲལ་བ་སྟེ། སློབ་པ་ས་བདུན་པོ་དེ་དག་ལས་འདོད་ཆགས་དང་བྲལ་བ་དང་། མངོན་པར་ཤེས་པ་ལྔ་དང་། མི་གཡོ་བ་རྟོགས་པར་བྱེད་པ་དང་། བསམ་གཏན་སྤེལ་མར་བསྒོམ་པའི་བར་ཆད་མེད་པའི་ལམ་ཇི་སྙེད་པ་དེ་དག་ཐམས་ཅད་ལ་ཤེས་པ་བདུན་འཐོབ་སྟེ།
དེ་དག་ཉིད་དོ། །གལ་ཏེ་བསྒོམ་པའི་ལམ་འཇིག་རྟེན་པ་ཞིག་ཡིན་ན་ནི། ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་ཡིན་ནོ། །འཇིག་རྟེན་ལས་འདས་པ་ཞིག་ཡིན་ན་ནི་རྗེས་སུ་ཤེས་པ་བཞི་དང་ཆོས་ཤེས་པ་གཉིས་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ནོ། །མི་གཡོ་བ་རྟོགས་པར་བྱེད་པ་ལ་ནི་ཀུན་རྫོབ་ཤེས་པ་མི་འཐོབ་
སྟེ། སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །དེར་ནི་ཟད་པ་ཤེས་པ་བདུན་པ་ཡིན་པར་རིག་པར་བྱའོ། །ས་བདུན་ལས་འདོད་ཆགས་དང་བྲལ་བའི་ཡང་གོང་མ་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་བརྒྱད་ལ་ཡང་ཤེས་པ་བདུན་ཁོ་ན་འཐོབ་སྟེ། ཆོས་

ཤེས་པ་དང་། རྗེས་སུ་ཤེས་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་། ཕ་རོལ་གྱི་སེམས་ཤེས་པ་རྣམས་སོ། །ཀུན་རྫོབ་ཤེས་པ་ནི་མི་འཐོབ་སྟེ། སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །རྗེས་སུ་ཤེས་པ་རྣམ་པ་བཞི་དང་། ཆོས་
ཤེས་པ་རྣམ་པ་གཉིས་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ནོ། །སློབ་པ་སྦྱོང་བའི་གྲོལ་བ་ལ། །ཤེས་པ་དྲུག་དང་བདུན་འཐོབ་བམ། །སློབ་པ་འདོད་ཆགས་དང་བཅས་པས་ནི་དབང་པོ་སྦྱོང་བའི་རྣམ་པར་གྲོལ་བའི་ལམ་ལ་དྲུག་འཐོབ་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་།
སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པ་རྣམས་སོ། །འདོད་ཆགས་དང་བྲལ་བས་ནི་ཕ་རོལ་གྱི་སེམས་ཤེས་པ་བསྣན་ཏེ། བདུན་འཐོབ་བོ། །འམ་ཞེས་བྱ་བའི་སྒྲ་ནི་ཁ་ཅིག་ན་རེ་གཉི་གས་ཀུན་རྫོབ་ཤེས་པ་ཡང་འཐོབ་བོ་ཞེས་ཟེར་བའི་ལུགས་ཐ་དད་པ་
ཤེས་པར་བྱ་བའི་ཕྱིར་རོ། །སྦྱོར་བའི་ལམ་ལ་ནི་དེ་གཉིས་ཀྱིས་ཀུན་རྫོབ་ཤེས་པ་ཡང་འཐོབ་བོ། །བར་ཆད་མེད་པའི་ལམ་ལ་དྲུག །སློབ་པ་འདོད་ཆགས་དང་བྲལ་བ་ཡང་རུང་། འདོད་ཆགས་དང་མ་བྲལ་བ་ཡང་རུང་། དབང་པོ་སྦྱོང་བའི་བར་ཆད་མེད་པའི་ལམ་ལ་དྲུག་འཐོབ་སྟེ། སྔ་
མ་བཞིན་ནོ། །ཀུན་རྫོབ་ཤེས་པ་ནི་མ་ཡིན་ཏེ། མཐོང་བའི་ལམ་དང་འདྲ་བའི་ཕྱིར། ཕ་རོལ་གྱི་སེམས་ཤེས་པ་ཡང་མ་ཡིན་ཏེ། བར་ཆད་མེད་པའི་ལམ་ཐམས་ཅད་ལ་བཀག་པའི་ཕྱིར་རོ། །ཅིའི་ཕྱིར་བཀག་པ་ཅི་ཞེ་ན། གཉེན་པོ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་སྲིད་རྩེའི་རྣམ་རྒྱལ་ལ། །
སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་པའི་ལམ་རྣམས་ལ་ཡང་དེ་བཞིན་དུ་དྲུག་འཐོབ་བོ། །ཟད་པ་ཤེས་པ་ལ་དགུའོ། །སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་ལ་རྣམ་པར་གྲོལ་བའི་ལམ་དགུ་པ་ནི་ཟད་པ་ཤེས་པ་ཡིན་ཏེ། དེ་ལ་མི་སྐྱེ་བ་ཤེས་པ་མ་གཏོགས་
པ་ཤེས་པ་དགུ་འཐོབ་པོ། །མི་གཡོ་བས་ནི་བཅུ་འཐོབ་བོ། །མི་གཡོ་བའི་ཆོས་ཅན་གང་ཡིན་པ་དེས་ནི་བཅུ་འཐོབ་སྟེ། མི་སྐྱེ་བ་ཤེས་པ་འཐོབ་པའི་ཕྱིར་རོ། །དེར་འཕོ་བའི་གྲོལ་བ་ཐ་མ་ལའང་། །གང་ཞིག་མི་གཡོ་བ་ཉིད་དུ་འཕོ་བ་དེའི་རྣམ་པར་གྲོལ་བའི་ལམ་ཐ་མ་ལ་ཡང་བཅུ་འཐོབ་

བོ། །བཤད་པའི་ལྷག་མ་ལ་བརྒྱད་འཐོབ་བོ། །ལྷག་མ་ཡང་གང་ཞིག་ཅེ་ན། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་དགུ་པ་དང་། ས་བདུན་ལས་འདོད་ཆགས་དང་བྲལ་བ་དང་། མངོན་པར་ཤེས་པ་དང་སྤེལ་མར་བསྒོམ་པ་དག་གིས་རྣམ་པར་གྲོལ་བའི་
ལམ་རྣམས་དང་། མི་གཡོ་བ་རྟོགས་པར་བྱེད་པའི་རྣམ་པར་གྲོལ་བའི་ལམ་བརྒྱད་དང་། འདོད་ཆགས་དང་བྲལ་བའི་སྦྱོར་བ་དང་། ཁྱད་པར་ཅན་གྱི་ལམ་ཐམས་ཅད་དེ། དེ་དག་ཐམས་ཅད་ལ་ནི་ཟད་པ་དང་། མི་སྐྱེ་བ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་མ་འོངས་པ་འཐོབ་པས་འཐོབ་
པ་སྟེ། སློབ་པ་ནི་དེ་ལྟ་བུ་ཡིན་ནོ། །མི་སློབ་པའི་མངོན་པ་ཤེས་པ་ལ་སོགས་པའི་སྦྱོར་བ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་ཅན་གྱི་ལམ་རྣམས་ལ་ཤེས་པ་དགུའམ་བཅུ་འཐོབ་པོ། །མངོན་པར་ཤེས་པ་དང་སྤེལ་མར་བསྒོམ་པའི་བར་ཆད་མེད་པའི་ལམ་རྣམས་ལ་ནི་བརྒྱད་དམ་
དགུ་འཐོབ་པོ། །མངོན་པར་ཤེས་པའི་རྣམ་པར་གྲོལ་བའི་ལམ་གཉིས་ནི་ལུང་དུ་མ་བསྟན་པའི་ཕྱིར་མ་འོངས་པ་ཅུང་ཟད་ཀྱང་མི་འཐོབ་བོ། །སོ་སོའི་སྐྱེ་བོ་ནི་འདོད་པ་དང་། བསམ་གཏན་གསུམ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་ཐ་མ་རྣམས་དང་། བསམ་གཏན་
གྱི་ས་པ་དག་གི་སྦྱོར་བ་རྣམས་དང་། མངོན་པར་ཤེས་པ་གསུམ་གྱི་རྣམ་པར་གྲོལ་བའི་ལམ་རྣམས་དང་། ཚད་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པ་རྣམས་ལ་ཀུན་རྫོབ་ཤེས་པ་མ་འོངས་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་གི་སྦྱོར་བ་རྣམས་དང་།
མངོན་པར་ཤེས་པ་གསུམ་གྱི་རྣམ་པར་གྲོལ་བ་མ་གཏོགས་པ་ཕ་རོལ་གྱི་སེམས་ཤེས་པ་ཡང་འཐོབ་བོ། །དེ་དག་ལ་ནི་གཞན་གྱི་སེམས་ཤེས་པ་ཡང་མི་འཐོབ་སྟེ། མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་རོ། །སྔོན་མེད་པའི་ལམ་ཐོབ་པ་གཞན་ལ་ནི་ཀུན་རྫོབ་ཤེས་པ་ཁོ་ན་མ་འོངས་པ་
འཐོབ་བོ། །ཡང་ལམ་གང་ལ་ས་དུ་པའི་ཤེས་པ་ཐོབ་ཅེ་ན། རེ་ཞིག་ཀུན་རྫོབ་ཤེས་པ་ནི་ལམ་ས་གང་པའི་ཡིན་པ་དང་། དང་པོ་ཉིད་དུ་ས་གང་འཐོབ་པ་ས་དེ་པའི་མ་འོངས་པ་འཐོབ་བོ། །ཟག་པ་མེད་པའི་ལམ་གང་ཡིན་པ་འབའ་ཞིག་ཏུ་ཡང་མ་ཟད་དོ། །འོ་ན་ཇི་ལྟ་བུ་ཞེ་ན། གང་ལས་

ཆགས་བྲལ་བྱ་ཕྱིར་གང་། །འཐོབ་པ་དེར་ཡང་འོག་མའང་འཐོབ། །ས་གང་ལས་འདོད་ཆགས་དང་བྲལ་བ་ལ་ཡང་ལམ་ཡང་སྦྱོར་བའི་ལམ་ལ་སོགས་པ་རྣམ་པ་གཉིས་ཡིན་ལ། འདོད་ཆགས་དང་བྲལ་བ་ས་གང་ཞིག་ཐོབ་པ་དེའི་ས་པ་དང་ས་འོག་མ་པའི་ཟག་པ་མེད་པའི་ཤེས་པ་
རྣམས་འཐོབ་པར་འགྱུར་རོ། །ཟད་པ་ཤེས་ལ་ཟག་བཅས་ཀྱང་། །ས་ཀུན་ཟད་པ་ཤེས་པ་ལ་ནི་ཟད་པ་ཤེས་པས་འཐོབ་པ་ཟག་པ་དང་བཅས་པའི་ཡོན་ཏན་མི་སྡུག་པ་དང་། དབུགས་འབྱུང་བ་དང་། རྔུབ་པ་རྗེས་སུ་དྲན་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཚད་མེད་པ་དང་། རྣམ་པར་ཐར་པ་ལ་
སོགས་པ་ས་ཐམས་ཅད་སྤྲོག་མ་ཐག་པ་བཅད་དེ། དབུགས་ཕྱིན་པ་ལྟ་བུ་དང་། ཆོས་མཐུན་པ་འཐོབ་སྟེ། རྒྱལ་སྲིད་ཆེན་པོ་ཐོབ་ན། ཡུལ་གྱི་མི་རྣམས་ཀྱིས་དབུལ་བར་བྱ་བས་བསུ་བ་བཞིན་དུ་རང་གི་སེམས་ལ་རྒྱལ་སྲིད་ཆེན་པོ་ཉིད་འཐོབ་པ་ལ་དགེ་བའི་ཆོས་ཐམས་ཅད་འཐོབ་པ་རྣམས་ཀྱིས་
བསུ་བའི་ཕྱིར་རོ། །གང་ཅི་རྙེད་པ་དེ་ཐམས་ཅད་འཐོབ་བམ་ཞེ་ན། སྨྲས་པ། གང་སྔོན་མེད་པ་ལས་རྙེད་པ་ཡིན་པས། དེ་ཐམས་ཅད་ནི་འཐོབ་ཀྱི། སྔོན་རྙེད་ཟིན་པ་ནི་མི་འཐོབ་བོ། །གང་རྣམ་པར་ཉམས་པ་ལས་ཡང་རྙེད་པ་དེ་ཡང་མི་འཐོབ་སྟེ། ཐོབ་པ་བཏང་བའི་ཕྱིར་རོ། །ཅི་འཐོབ་པ་རྙེད་པ་
ཁོ་ན་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འཐོབ་པ་ནི་རྣམ་པ་བཞི་སྟེ། ཉེན་པ་འཐོབ་པ་དང་། བསྟེན་པ་འཐོབ་པ་དང་། གཉེན་པོ་འཐོབ་པ་དང་། ཐག་བསྲིང་བ་འཐོབ་བའོ། །དེ་ལ་རྙེད་པ་དང་བསྟེན་ཅེས་བྱ་བ་ནི། དགེ་བ་འདུས་བྱས་འཐོབ་བོ། །གཉེན་པོ་དང་ནི་ཐག་བསྲིང་བའི། །
འཐོབ་པ་ཟག་དང་བཅས་པའི་ཡིན། །རྙེད་པ་དང་བསྟེན་པ་འཐོབ་པ་དག་ནི་དགེ་བ་འདུས་བྱས་རྣམས་ཀྱི་ཡིན་ཏེ། མ་འོངས་པ་རྣམས་ཀྱི་ནི་གཅིག་གོ། །ད་ལྟར་བྱུང་བ་རྣམས་ཀྱི་ནི་གཉི་གའོ། །གཉེན་པོ་དང་ཐག་བསྲིང་བ་འཐོབ་པ་དག་ནི། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་ཡིན་ཏེ། དེ་ལྟར་
ན་དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱི་ནི་འཐོབ་པ་བཞི་ཡིན་ནོ། །ཟག་པ་མེད་པ་རྣམས་དང་། ཉོན་མོངས་པ་ཐམས་ཅད་དང་། ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་གཉིས་ཡིན་ནོ། །ཆོས་མངོན་པ་པ་ཉི་འོག་པ་རྣམས་ཀྱི་ལྟར་ན་འཐོབ་པ་དྲུག་སྟེ། བཞི་པོ་དེ་དག་དང་། སྡོམ་པ་འཐོབ་པ་

དང་། རྣམ་པར་འཇིག་པ་འཐོབ་པའོ། །སྔ་མ་ནི་དབང་པོ་རྣམས་ཀྱི་ཡིན་ལ། ཕྱི་མ་ནི་ལུས་ཀྱི་ཡིན་ཏེ། དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང་། ཤིན་ཏུ་བསྒོམས་པ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ལུས་འདི་ལ་སྐྲ་ཡང་ཡོད་ཅེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །གང་དག་ཁ་ཆེ་
བ་རྣམས་ན་རེ་དེ་གཉིས་ནི་གཉེན་པོ་དང་ཐག་བསྲིང་བ་འཐོབ་པའི་ཁོངས་སུ་འདུས་སོ་ཞེས་ཟེར་རོ། །གང་ཟག་ཐམས་ཅད་ཀྱིས་ཟད་པ་ཤེས་པའི་ཚེ། ཡོན་ཏན་འཐོབ་པའི་ཕྱིར་བཤད་ཀྱི། །སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །གང་དག་སངས་
རྒྱས་ཁོ་ནས་ཟད་པ་མཁྱེན་པའི་ཚེ་བརྙེས་པར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་པའོ། །བཅོ་བརྒྱད་གང་ཞེ་ན། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོའོ། །ཐུན་མོང་མ་ཡིན་པས་ན་མ་འདྲེས་པ་ཞེས་བྱའོ། །དེ་ལ། གནས་
དང་གནས་མིན་ཤེས་པ་བཅུ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་ཤེས་པ་བཅུ་ཡིན་ནོ། །ལས་འབྲས་ལ་བརྒྱད། ལས་དང་རྣམ་པར་སྨིན་པའམ་མཁྱེན་པའི་སྟོབས་ནི་ཤེས་པ་བརྒྱད་དེ། འགོག་པ་དང་ལམ་ཤེས་པ་དག་མ་གཏོགས་སོ། །བསམ་གཏན་སོགས།
དབང་པོ་མོས་དང་ཁམས་ལ་ནི། དགུའོ། །བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ནི་ཤེས་པ་དགུ་ཡིན་ཏེ། འགོག་པ་ཤེས་པ་མ་གཏོགས་སོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་
སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ལམ་དག་ལ་བཅུའམ། འམ་ཞེས་བྱ་བའི་སྒྲ་ནི་དགུ་འམ་ཞེས་ལུགས་ཐ་དད་པའི་དོན་ཏེ། གལ་ཏེ་ལམ་དེ་འབྲས་བུ་དང་བཅས་པར་གཟུང་ན་ནི་ཐམས་ཅད་དུ་འགྲོ་བའི་
ལམ་མཁྱེན་པའི་སྟོབས་ཤེས་པ་བཅུའོ། །གལ་ཏེ་མ་ཡིན་ན་ནི་དགུ་སྟེ། འགོག་པ་ཤེས་པ་མ་གཏོགས་སོ། །གཉིས་ནི་ཀུན་རྫོབ་ཤེས་པ་ཡིན། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། ཤི་འཕོ་བ་དང་། སྐྱེ་བ་མཁྱེན་པའི་སྟོབས་ནི་ཀུན་རྫོབ་ཤེས་པ་ཡིན་ནོ། །ཟད་པ་

དྲུག་གམ་བཅུ་ཡིན་ནོ། །གལ་ཏེ་ཟག་པ་ཟད་པ་ཤེས་པ་འགོག་པ་ཤེས་པ་ཁོ་ན་ཞིག་ཡིན་ན་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཤེས་པ་དྲུག་ཡིན་ཏེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། འགོག་པ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་
པ་དང་། ཀུན་རྫོབ་ཤེས་པ་རྣམས་སོ། །འོན་ཏེ་ཟད་པ་ཤེས་པ་ཟག་པ་ཟད་པའི་རྒྱུད་ལ་ཡོད་པའི་ཤེས་པ་ཡིན་ན་ནི། དེས་ན་ཤེས་པ་བཅུ་ཡིན་ནོ། །རང་བཞིན་བཤད་ཟིན་ཏོ། །ད་ནི་ས་བརྗོད་པར་བྱ་སྟེ། སྔོན་གནས་ཤི་འཕོ་སྐྱེ་བའི་སྟོབས། །བསམ་གཏན་དག་ན། འཆི་འཕོ་བ་ནི་
འཆི་འཕོ་བ་ཁོ་ན་སྟེ། སྔོན་གྱི་གནས་དང་། ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི་བསམ་གཏན་བཞིའི་ས་པ་ཡིན་ནོ། །ལྷག་མ་ནི་ས་རྣམས་ཀུན་ན། །སྟོབས་ལྷག་མ་ནི་ས་ཐམས་ཅད་ཀྱིས་བསྡུས་པ་ཡིན་ཏེ། དེ་དག་ཀྱང་འདོད་པའི་ཁམས་དང་། མི་ལྕོགས་པ་མེད་པ་དང་།
བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་། གཟུགས་མེད་པའོ། །ཐམས་ཅད་ཀྱང་འཛམ་བུའི་གླིང་གི་སྐྱེས་པའི་རྟེན་ཅན་ཡིན་ཏེ། གཞན་དུ་སངས་རྒྱས་མི་འབྱུང་བའི་ཕྱིར་རོ། །ཤེས་པ་རྣམ་པ་བཅུ་པོ་འདི་ཉིད་གཞན་གྱི་ནི་སྟོབས་ཞེས་མི་བྱའི། སངས་རྒྱས་ཁོ་ནའི་
སྟོབས་ཞེས་བྱའོ། །ཅིའི་ཕྱིར། འདིའི་སྟོབས་གང་ཕྱིར་ཐོགས་མི་མངའ། །གང་གི་ཕྱིར་འདིའི་མཁྱེན་པ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པ་དེའི་ཕྱིར་སྟོབས་ཡིན་ནོ། །གཞན་དག་གི་ཤེས་པ་ནི་ལ་ལར་འདོད་ཀྱང་མི་འཇུག་པའི་ཕྱིར། ཐོགས་པ་ཡིན་པས་དེ་
ནི་སྟོབས་ཞེས་བྱ་བའི་མིང་ཐོབ་པར་འོས་པ་མ་ཡིན་ཏེ། འདིར་དཔེ་ནི་གནས་བརྟན་ཤཱ་རིའི་བུས་རབ་ཏུ་འབྱུང་བར་འདོད་པའི་མི་ཕྱིར་བཏང་བ་དང་། བྱ་ཞིག་ཁྲས་གཙེས་པ་སྐྱེ་བ་ལ་སོགས་པའི་མཐའ་མ་ཤེས་པ་ལྟ་བུ་ཡིན་ནོ། །རེ་ཞིག་དེ་ལྟར་ན་མཁྱེན་པ་ལ་ཐོགས་པ་མི་མངའ་བའི་ཕྱིར། སངས་
རྒྱས་རྣམས་ཀྱི་ཐུགས་ཀྱི་སྟོབས་ནི་ཤེས་བཞིན་དུ་མཐའ་ཡས་པ་ཡིན་ནོ། །སྐུ་ལ་སྲེད་མེད་བུ་ཡི་སྟོབས། །སངས་རྒྱས་ཀྱི་སྐུ་ལ་ནི་སྲེད་མེད་བུའི་སྟོབས་མངའོ་ཞེས་བརྗོད་དོ། །གཞན་དག་ཚིགས་ན། གཞན་དག་ན་རེ་ཚིགས་དང་ཚིགས་ན་སྲེད་མེད་ཀྱི་བུའི་སྟོབས་མངའོ་ཞེས་ཟེར་རོ། །བཙུན་པ་ན་རེ་

སྐུའི་སྟོབས་ཀྱང་ཐུགས་ཀྱི་སྟོབས་བཞིན་དུ་མཐའ་ཡས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མཁྱེན་པའི་སྟོབས་མཐའ་ཡས་པས་བཟོད་པར་མི་འགྱུར་རོ་ཞེས་ཟེར་རོ། །སངས་རྒྱས་དང་རང་སངས་རྒྱས་དང་འཁོར་ལོས་སྒྱུར་བ་རྣམས་ཀྱི་ཚིགས་ཀྱི་མདུད་པ་དང་། ལུ་གུ་བརྒྱུད་དང་། གཟར་བུས་བཏབ་པ་ལྟ་
བུ་དག་ཡིན་ནོ། །སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཇི་ཙམ་ཞེ་ན། གླང་ཆེན་སོགས་བདུན་ཅུས་གླགས་པའི་སྟོབས་ཡིན་ནོ། །གླང་པོ་ཆེ་ཕལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་ཡིན་ནོ། །དེ་བཞིན་དུ་ཚན་པོ་ཆེ་ཆེན་པོ་དང་། རབ་གནོན་དང་། ཡན་ལག་མཆོག་
དང་། སྟོབས་མཆོག་དང་། སྲེད་མེད་ཀྱི་བུ་རྣམས་གོང་ནས་གོང་དུ་བཅུ་འགྱུར་དུ་བསྐྱེད་དེ་བརྗོད་པར་བྱའོ། །གཞན་དག་ན་རེ་གླང་པོ་ཆེ་ཕལ་པ་དང་། སྤོས་ཀྱི་གླང་པོ་ཆེ་དང་། ཚན་པོ་ཆེ་ཆེན་པོ་དང་། རབ་གནོན་དང་། ཡན་ལག་མཆོག་དང་། སྟོབས་མཆོག་རྣམས་གོང་ནས་གོང་དུ་
བཅུ་འགྱུར་དུ་བསྐྱེད་པ་ནི་སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཕྱེད་ཡིན་ལ། དེ་གཉིས་སུ་བསྒྱུར་བ་ནི་སྲེད་མེད་ཀྱི་བུའི་སྟོབས་ཡིན་ནོ་ཞེས་ཟེར་ཏེ། ཇི་ལྟར་ཆེས་ཆེ་བ་དེ་ལྟར་རུང་ངོ་། །དེ་ནི་རེག་བྱའི་སྐྱེ་མཆེད་དོ། །ལུས་ཀྱི་སྟོབས་དེ་ནི་ཐམས་ཅད་ཀྱང་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་འབྱུང་བ་ཆེན་
པོའི་ཁྱད་པར་ཁོ་ན་ཡིན་པར་རིག་པར་བྱའོ། །གཞན་དག་ན་རེ་བདུན་ལས་དོན་གཞན་དུ་གྱུར་པ་རྒྱུར་བྱས་པའི་གཟུགས་ཡིན་ནོ་ཞེས་ཟེར་རོ། །སྟོབས་རྣམས་བཤད་ཟིན་ཏོ། །མི་འཇིགས་པ་ནི་རྣམ་པ་བཞི། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །མི་འཇིགས་པ་བཞི་པོ་དེ་དག་
ཀྱང་། ཇི་ལྟར་སྟོབས་ནི་དང་པོ་དང་བཅུ་པ་གཉིས་པ་བདུན་པ་བཞིན་ནོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཇི་ལྟ་བར། ཀྱེ་མ་ང་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཟག་པ་ཟད་པ་མཁྱེན་པའི་
སྟོབས་ཇི་ལྟ་བར་ཀྱེ་མ་ང་ཟག་པ་ཟད་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲའོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཇི་ལྟ་བར་ངས་གང་དག་ཉན་ཐོས་རྣམ་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲའོ། །ཀུན་

དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཇི་ལྟ་བར་ངས་གང་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་དུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཇི་ལྟར་ན་མཁྱེན་པ་ཉིད་མི་འཇིགས་པ་ཡིན་ཞེ་ན། མི་འཇིགས་པ་ནི་མི་
སྐྲག་པ་ཡིན་ལ། འདི་དག་གིས་ཀྱང་མི་སྐྲག་པར་འགྱུར་རོ། །ཤེས་པས་བྱས་པ་ནི་མི་འཇིགས་པར་རུང་གི་ཤེས་པ་ཉིད་ནི་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་ནི་འཁོར་གྱི་བྱེ་བྲག་ལས་གསུམ་ཡིན་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེ་ཡང་དྲན་པ་ཤེས་རབ་དག་ཉིད་གསུམ། །
དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་དྲན་པ་དང་། ཤེས་བཞིན་གྱི་རང་བཞིན་དག་ཡིན་ནོ། །གང་གི་ཚེ་ཉན་ཐོས་དག་ཀྱང་གུས་པར་ཉན་པ་དང་། གུས་པར་མི་ཉན་པ་དང་། གཉི་ག་ལ་ཀུན་དུ་དགའ་བའམ། ཀུན་ནས་མནར་སེམས་མི་འབྱུང་བ་ན། ཅིའི་ཕྱིར། འདི་
དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་བྱ་ཞེ་ན། བག་ཆགས་དང་བཅས་པར་སྤངས་པའི་ཕྱིར་རོ། །ཡང་ན་ཉན་ཐོས་རྣམས་གང་ཡིན་པ་དེ་ལ་ནི་གུས་པར་ཉན་པ་དང་། གུས་པར་མི་ཉན་པ་དང་། གཉིས་པོ་དེ་དག་ལ་ཤིན་ཏུ་ཡང་ཡིད་བདེ་བ་ལ་སོགས་པའི་གོ་སྐབས་སུ་མི་
འགྱུར་གྱི། གཞན་ལ་ནི་དེ་ལྟ་མ་ཡིན་པས་དེ་ཁོ་ན་ལ་དེ་མི་འབྱུང་བ་ཡ་མཚན་དུ་རྣམ་པར་གཞག་གི་གཞན་ལ་ནི་མ་ཡིན་ནོ། །ད་ནི་ཐུགས་རྗེ་ཆེན་པོ་བརྗོད་པར་བྱ་སྟེ། དེ་སྨྲས་པ། ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། །ཐུགས་རྗེ་ཆེན་པོ་ནི་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ནོ། །དེ་ལྟ་མ་
ཡིན་ན་སེམས་ཅན་ཐམས་ཅད་ལ་དམིགས་པར་ཡང་མི་འགྲུབ་ལ། སྙིང་རྗེ་བཞིན་དུ་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་ཡང་མི་འགྲུབ་བོ། །འདི་ཅིའི་ཕྱིར་ཐུགས་རྗེ་ཆེན་པོ་ཞེས་བྱ་ཞེ་ན། ཚོགས་དང་རྣམ་པ་སྤྱོད་ཡུལ་དང་། །མཉམ་པའི་ཕྱིར་དང་ཆེས་ཆེའི་ཕྱིར། །ཚོགས་ནི་བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར་རོ། །རྣམ་པ་ནི་སྡུག་བསྔལ་གསུམ་ལ་རྟོགས་པའི་ཕྱིར་རོ། །དམིགས་པ་ནི་ཁམས་གསུམ་པའི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །མཉམ་པ་ཉིད་ནི་སེམས་ཅན་ཐམས་ཅད་ལ་འདྲ་བར་འཇུག་པའི་ཕྱིར་

རོ། །ཆེས་ཆེ་བ་ཉིད་ནི་དེ་བས་ཆེ་བ་མེད་པའི་ཕྱིར་རོ། །སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་གཉིས་ལ་ཐ་དད་དུ་བྱ་བ་ནི་ཅི་ཞིག་ཡོད་ཅེ་ན། ཐ་དད་བྱ་བ་རྣམ་པ་བརྒྱད། ངོ་བོ་ཉིད་ལས་ནི་ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་
གཅིག་དང་། གསུམ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དམིགས་པ་ལས་ནི་ཁམས་གཅིག་དང་། གསུམ་གྱི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །ས་ལས་ནི་བསམ་གཏན་བཞི་དང་། བསམ་གཏན་བཞི་པའི་ས་པ་ཡིན་པའི་ཕྱིར་རོ། །རྒྱུད་ལས་ནི་ཉན་ཐོས་ལ་སོགས་པ་དང་།
སངས་རྒྱས་ཀྱི་རྒྱུད་ལས་སྐྱེ་བ་ཡིན་པའི་ཕྱིར་རོ། །ཐོབ་པ་ལས་ནི་འདོད་པའི་ཁམས་དང་། སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བས་ཐོབ་པའི་ཕྱིར་རོ། །ཡོངས་སུ་མི་སྐྱོབ་པ་དང་། ཡོངས་སུ་སྐྱོབ་པ་དང་། མི་འདྲ་བ་དང་འདྲ་བར་ཐུགས་རྗེ་མཛད་པའི་ཕྱིར་རོ། །ཅི་སངས་
རྒྱས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་མཉམ་པ་ཡིན་ནམ་ཞེ་ན། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོང་ཚོད་ཀྱིས་མིན། །སངས་རྒྱས་ཐམས་ཅད་ནི་རྒྱུ་གསུམ་པོ་སྔོན་གྱི་བསོད་ནམས་དང་།
ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་འགྲུབ་པ་དང་། ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པ་དང་། འཇིག་རྟེན་གྱི་དོན་སྤྱོད་པས་མཉམ་པ་ཉིད་ཡིན་ནོ། །སྐུ་ཚེ་དང་། རིགས་དང་། གདུང་དང་། སྐུ་བོང་ཚོད་དུ་མཛད་པ་ལ་ནི་བྱེ་བྲག་ཡོད་དེ་དུས་ཇི་ལྟ་བ་བཞིན་དུ་ཡུན་ཤིན་ཏུ་རིང་བ་དང་། ཐུང་ངུར་འཚོ་
བའི་ཕྱིར་དང་། རྒྱལ་རིགས་དང་། བྲམ་ཟེའི་རིགས་ཐ་དད་པའི་ཕྱིར་དང་། འོད་སྲུངས་དང་ཤཱཀྱ་ལ་སོགས་པ་གདུང་ཐ་དད་པའི་ཕྱིར་དང་། སྐུ་བོང་ཚོད་ཆུང་བ་དང་། ཆུང་བ་མ་ཡིན་པ་ཐ་དད་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་རྣམ་པ་གསུམ་པོ་འདི་ཁོ་ན་ཡིད་ལ་བྱེད་པ་མཁས་པས་
ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགའ་བ་དང་། གུས་པ་ཆེན་པོ་སྐྱེད་པར་ནུས་ཏེ། འདི་ལྟ་སྟེ། རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ཕན་འདོགས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལ་རྒྱུ་ཕུན་སུམ་ཚོགས་པ་

ནི། རྣམ་པ་བཞི་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་གོམས་པ་དང་། ཡུན་རིང་པོ་ནས་གོམས་པ་དང་། བར་ཆད་མེད་པར་གོམས་པ་དང་། གུས་པར་བྱས་ཏེ་གོམས་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཡེ་ཤེས་ཕུན་སུམ་
ཚོགས་པ་དང་། སྤང་བ་ཕུན་སུམ་ཚོགས་པ་དང་། མཐུ་ཕུན་སུམ་ཚོགས་པ་དང་། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །ཕན་འདོགས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བར་མཛད་པ་ཕུན་སུམ་ཚོགས་པའོ། །
ཡང་ན་ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པར་མཛད་པ་ཕུན་སུམ་ཚོགས་པའོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མ་བསྟན་པར་མཁྱེན་པ་དང་། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། མ་འབད་པར་མཁྱེན་པའོ། །སྤངས་པ་ཕུན་སུམ་
ཚོགས་པ་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་། བག་ཆགས་དང་བཅས་ཏེ་སྤངས་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །མཐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཕྱིའི་ཡུལ་སྤྲུལ་
པ་དང་། ཡོངས་སུ་བསྒྱུར་བ་དང་། སྐུ་ཚེ་གཏོང་བ་དང་། བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་དང་། སྒྲིབ་པ་དང་ནམ་མཁའ་དང་ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པ་དང་། ཆུང་ངུར་མང་པོ་འཇུག་པར་མཛད་པའི་མངའ་ཕུན་སུམ་ཚོགས་པ་དང་། ཡ་མཚན་གྱི་ཆོས་ནར་མ་རྣམ་
པ་སྣ་ཚོགས་ཕུན་སུམ་ཚོགས་པའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མཚན་ཕུན་སུམ་ཚོགས་པ་དང་། དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་དང་། སྟོབས་ཕུན་སུམ་ཚོགས་པ་དང་། སྐུ་གདུང་རྡོ་རྗེ་ལྟར་སྲ་བ་ཉིད་ཕུན་སུམ་ཚོགས་པའོ། །དེ་ལྟར་ན་དེ་
དག་ནི་སངས་རྒྱས་རྣམས་ཀྱི་ཆེ་བའི་བདག་ཉིད་མདོར་བསྡུས་པ་ཡིན་ནོ། །དེ་དབྱེ་ན་ནི་མཐའ་ཡས་པར་འགྱུར་ཏེ། དེ་ཡང་བཅོམ་ལྡན་འདས་རྣམས་ཁོ་ན་ནས་གལ་ཏེ་སྐུ་ཚེ་བསྐལ་པ་གྲངས་མེད་པ་དུ་མར་བྱིན་གྱིས་བརླབས་པར་གྱུར་ན་མཐའ་དག་མཁྱེན་པ་དང་བརྗོད་པར་སྤྱོད་དོ། །རེ་ཞིག་

དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ནི་ཡོན་ཏན་དང་ཡེ་ཤེས་དང་མཐུ་དང་ཕན་འདོགས་པ་མཐའ་ཡས་ཤིང་རྨད་དུ་བྱུང་བ་ནི་རིན་པོ་ཆེ་ཆེན་པོའི་འབྱུང་གནས་ཡིན་ནོ། །འོན་ཀྱང་བྱིས་པ་རང་ཉིད་ཡོན་ཏན་དབུལ་བས་མོས་པ་བཅོམ་པ་རྣམས་ནི་ཡོན་ཏན་འབྱོར་པ་དེ་ལྟ་བུ་དེ་ཐོས་སུ་ཟིན་ཀྱང་སངས་
རྒྱས་དང་དེའི་ཆོས་ལ་གུས་པར་མི་བྱེད་ཀྱི། མཁས་པ་རྣམས་ནི་རྐང་ཡན་ཆད་ནས་ཀྱང་། བཅོམ་ལྡན་འདས་དེ་དང་དེའི་ཆོས་ལ་མངོན་པར་རབ་ཏུ་དང་བར་འགྱུར་ཏེ། གཅིག་ཏུ་རབ་ཏུ་དང་བ་དེ་དག་ནི་དང་བ་ཙམ་གྱིས་ཀྱང་རྣམ་པར་སྨིན་པར་མ་ངེས་པའི་སྡིག་པའི་ཚོགས་རྣམས་ཟིལ་གྱིས་མནན་ཏེ་ལྷ་
དང་མིའི་ལེགས་པ་ཉམས་སུ་མྱོང་ནས་བགྲོད་པར་བྱ་བའི་མཆོག་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱ་སྟེ། འབྲས་བུ་མེད་པ་མ་ཡིན་པ་དང་། ཡིད་དུ་འོང་བ་དང་། མཆོག་ཏུ་གྱུར་པ་དང་། མྱུར་བ་དང་།
མཐའ་བཟང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་། གང་དག་རྒྱལ་བ་རྣམ་འདྲེན་ལ། །བྱ་བ་ཆུང་ངུ་བྱེད་འགྱུར་བའང་། །དེ་དག་མཐོ་རིས་སྣ་ཚོགས་དག །བགྲོད་ནས་བདུད་རྩིའི་གོ་འཕང་འཐོབ། །ཅེས་གསུངས་སོ། །རེ་ཞིག་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་
བརྒྱད་ཅེས་བྱའོ། །ཆོས་གཞན་སློབ་དང་ཐུན་མོང་མིན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་གཞན་དག་ནི་ཉན་ཐོས་དང་ཐུན་མོང་ཡིན་ནོ། །ཁ་ཅིག་སོ་སོའི་སྐྱེ་བོ་དང་། དེ་དག་ཀྱང་གང་ཞེ་ན། ཅི་རིགས་པར། ཉོན་མོངས་མེད་དང་སྨོན་ནས་ཤེས། །སོ་སོ་ཡང་དག་རིག་སྔོན་
སོགས། །ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་དང་། བསམ་གཏན་དང་། གཟུགས་མེད་པ་དང་། ཚད་མེད་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་
ལ་སོགས་པའོ། །དེ་ལ་ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་ལ་ལ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི་ཉོན་མོངས་པ་ལས་རབ་ཏུ་སྐྱེ་བ་དང་། བདག་ཉིད་ཀྱང་ཡོན་གནས་གྱི་ཁྱད་པར་ཡིན་པར་རིག་ནས་ཕ་རོལ་པོ་དག་དེ་ལ་དམིགས་ནས། ཉོན་མོངས་པ་སྐྱེ་བ་ཡོངས་སུ་སྤངས་

པར་འདོད་དེ། གང་གིས་ན་ཕ་རོལ་པོ་དག་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་སྐྱེ་བར་མི་བྱེད་ཅིང་འགའ་ཡང་དེ་ལ་དམིགས་ནས་འདོད་ཆགས་སམ། ཞེ་སྡང་ངམ། ང་རྒྱལ་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་སྟེ། ལམ་དེ་ནི་འགའ་
ཡང་ཉོན་མོངས་པ་སྐྱེད་པར་མི་བྱེད་པས་ན་ཉོན་མོངས་པ་མེད་པ་ཡིན་ནོ། །ཉོན་མོངས་པ་མེད་པ་དེ་ནི། ཀུན་རྫོབ་ཤེས། དེའི་རང་བཞིན་ནི་འདི་ཡིན་ནོ། །བསམ་གཏན་མཐའ་ན་བསམ་གཏན་བཞི་པའི་ས་པ་ཡིན་ཏེ། ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །མི་གཡོ་བའི་
ཆོས། དགྲ་བཅོམ་པ་གཞན་གྱིས་ནི་མ་ཡིན་ཏེ། གཞན་ནི་རེས་འགའ་རང་གི་རྒྱུད་ལས་ཀྱང་ཉོན་མོངས་པ་མཐའ་དག་ཡོངས་སུ་སྤང་བར་མི་ནུས་སོ། །མིས་སྐྱེད། གླིང་གསུམ་དུ་མི་དག་གི་ནང་ཁོ་ནར་སྐྱེད་པར་བྱེད་དོ། །ཉོན་མོངས་འདོད་གཏོགས་པ། མ་སྐྱེད་གཞིར་བཅས་སྤྱོད་
ཡུལ་ཅན། འདིའི་དམིགས་པ་ནི་ཉོན་མོངས་པ་འདོད་པ་ན་སྤྱོད་པ་མ་འོངས་པ་གཞི་དང་བཅས་པ་རྣམས་ཡིན་ཏེ། ཕ་རོལ་པོ་དག་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་ཅེས་བྱ་བ་དེ་ལྟར་ཞུགས་པའི་ཕྱིར་རོ། །ཉོན་མོངས་པ་གཞི་མེད་པ་རྣམས་ནི་ཡོངས་སུ་སྤང་བར་མི་ནུས་ཏེ། ཐམས་ཅད་དུ་འགྲོ་
བ་རྣམས་ནི་རང་གི་ས་མཐའ་དག་ལ་དམིགས་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ཇི་སྐད་དུ་བཤད་པ། སྨོན་ནས་ཤེས་པའང་དེ་བཞིན་ནོ། །དེ་ཡང་ཀུན་རྫོབ་ཤེས་པ་དང་། །བསམ་གཏན་མཐའ་ན་ཡོད་པ་དང་། །མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་། མིའི་རྟེན་ཅན་ཡིན་ནོ། །དེའི་དམིགས་པ་
ཐམས་ཅད་དོ། །སྨོན་ནས་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་ཡིན་པས་འདི་ནི་བྱེ་བྲག་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སྨོན་ནས་ཤེས་པ་གཟུགས་མེད་པ་རྣམས་མངོན་སུམ་དུ་མི་ཤེས་སོ། །འོ་ན་ཇི་ལྟ་བུ་ཞེ་ན། རྒྱུ་མཐུན་པ་དང་སྤྱོད་པའི་བྱེ་བྲག་ལས་ཤེས་ཏེ། འདིར་དཔེ་ནི་ཞིང་
པ་ལྟ་བུའོ་ཞེས་ཟེར་རོ། །སྨོན་པ་སྔར་བཏང་བའི་ཤེས་པ་ནི་སྨོན་ནས་ཤེས་པ་སྟེ། འདི་ཤེས་པར་བྱའོ་སྙམ་དུ་སྨོན་ནས་རབ་ཀྱི་མཐའི་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཅིང་། ཏིང་ངེ་འཛིན་དེའི་ཡུལ་དུ་ཇི་ཙམ་ཞིག་གྱུར་པ་གང་ཡིན་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །

དེ་བཞིན་ཆོས་དོན་ངེས་ཚིག་དང་། །སྤོབས་པ་སོ་སོ་ཡང་དག་རིག། །སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་དག་ཀྱང་
ཉོན་མོངས་པ་མེད་པ་ཇི་ལྟ་བ་དེ་དང་འདྲའོ། །དེ་དག་གི་དེ་དང་འདྲ་བ་ཅི་ཞེ་ན། མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་། མིའི་རྟེན་ཅན་ཉིད་ཡིན་ནོ། །འདི་དག་གི་དམིགས་པ་དང་། ས་དང་། རང་གི་ངོ་བོའི་བྱེ་བྲག་ནི་ཐ་དད་པར་བརྗོད་དེ། གསུམ་ནི་གོ་རིམས་བཞིན་མིང་དང་། །དོན་དང་ངག་ལ་
ཐོགས་མེད་ཤེས། །ཆོས་དང་དོན་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་རྣམས་ནི་གོ་རིམས་བཞིན་དུ་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་དང་། དོན་དང་ངག་ལ་ཐོགས་པ་མེད་པར་ཤེས་པ་ཡིན་ནོ། །བཞི་པ་རིགས་པ་ཐགས་ཐོགས་མེད། །མངོན་བརྗོད་ལམ་ལ་དབང་ཉིད་དང་། །
ཐོགས་པ་མེད་པར་ཤེས་པ་ཞེས་བྱ་བར་སྦྱར་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་རིགས་པ་དང་། ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ཉིད་དང་། ཏིང་ངེ་འཛིན་ལ་དབང་གསལ་བར་བྱ་བ་ལ་ཐོགས་པ་མེད་པར་ཤེས་པ་ཡིན་ནོ། །དེ་ཡི་དམིགས་པ་ངག་དང་
ལམ། །དེའི་དམིགས་པ་ནི་ངག་ཀྱང་ཡིན་ལ་ལམ་ཡང་ཡིན་ནོ། །ཤེས་པ་དགུའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་ཤེས་པ་དགུའི་རང་བཞིན་ཡིན་ཏེ། འགོག་པ་ཤེས་པ་མ་གཏོགས་སོ། །ས་ཐམས་ཅད། འདི་ནི་ངག་དང་ལམ་གཉིས་ལས་གང་ཡང་རུང་བ་ཞིག་ལ་
དམིགས་པའི་ཕྱིར་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་ས་ཐམས་ཅད་པ་ཡང་ཡིན་ནོ། །ཡང་དག་དོན་རིག་བཅུའམ་དྲུག །དོན་སོ་སོ་ཡང་དག་པར་རིག་པ་ནི་གལ་ཏེ་དོན་ཆོས་ཐམས་ཅད་ཡིན་ན་ནི་ཤེས་པ་བཅུ་ཡིན་ནོ། །གལ་ཏེ་དོན་མྱ་ངན་ལས་འདས་པ་ཡིན་ན་ནི་ཤེས་པ་
དྲུག་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། འགོག་པ་དང་ཟད་པ་དང་མི་སྐྱེ་བ་དང་། ཀུན་རྫོབ་ཤེས་པ་རྣམས་སོ། །དོན་ནི་ཀུན་ན། དོན་སོ་སོ་ཡང་དག་པར་རིག་པ་དེ་ནི་ས་ཐམས་ཅད་པ་ཡིན་ནོ། །གཞན་ཀུན་རྫོབ། གཞན་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་

རིག་པ་གཉིས་ནི་ཀུན་རྫོབ་ཤེས་པའི་རང་བཞིན་དག་ཡིན་ཏེ། མིང་གི་ཚོགས་ལ་སོགས་པ་དང་། ངག་ལ་དམིགས་པའི་ཕྱིར་རོ། །ཆོས་རིག་འདོད་དང་བསམ་གཏན་ན། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་ས་ལྔ་པོ་འདོད་པའི་ཁམས་དང་། བསམ་གཏན་བཞིས་
བསྡུས་པ་ཡིན་ཏེ། ཡན་ཆད་ན་མིང་གི་ཚོགས་མེད་པའི་ཕྱིར་རོ། །ངག་ནི་འདོད་པ་དང་པོ་ན། །ངག་དང་ངེས་པའི་ཚིག་ཅེས་བྱ་བ་ནི་དོན་གཅིག་གོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པ་དག་ཡིན་ཏེ། ཡན་ཆད་ན་རྟོགས་
པ་མེད་པའི་ཕྱིར་རོ། །བཏགས་པ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་འདི་སྐད་དུ་ཚིག་དང་ཡི་གེ་དང་། དེ་ཉིད་ཀྱི་དོན་དང་། དེ་ཉིད་ཀྱི་གཅིག་དང་གཉིས་དང་མང་པོ་དང་ཕོ་དང་མོ་ལ་སོགས་པའི་ཚིག་བླ་དགས་དང་། དེ་ལ་ཐགས་ཐོགས་མེད་པར་བྱ་བ་ལ་ཐོགས་པ་མེད་པར་ཤེས་པ་ནི་ཆོས་སོ་སོ་ཡང་དག་པར་
རིགས་པ་ལ་སོགས་པ་ཡིན་ནོ་ཞེས་སྟོན་ཏེ། དེ་ཉིད་ཀྱིས་འདི་དག་གི་གོ་རིམས་གྲུབ་པ་ཡིན་ནོ། །ཚིག་ངེས་པ་ནི་ངེས་པའི་ཚིག་སྟེ། དཔེར་ན་གཟུགས་སུ་རུང་བས་ནི་དེའི་ཕྱིར། གཟུགས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །གཞན་དག་ན་རེ་ལན་དང་ལན་ལ་སྤོབས་པས་ན་སྤོབས་པ་ཡིན་
ནོ་ཞེས་ཟེར་རོ། །སོ་སོ་ཡང་དག་པར་རིག་པ་འདི་དག་གི་སྔོན་གྱི་སྦྱོར་བ་ནི་གོ་རིམས་བཞིན་དུ་རྩིས་དང་། སངས་རྒྱས་ཀྱི་བཀའ་དང་། སྒྲ་རིག་པ་དང་། གཏན་ཚིགས་རིག་པ་དག་ཡིན་ཏེ། འདི་དག་ལ་མཁས་པར་མ་བྱས་པར་དེ་དག་སྐྱེད་པར་མི་ནུས་སོ་ཞེས་གྲག་གོ། །ཐམས་ཅད་
ཀྱི་སྦྱོར་བ་སངས་རྒྱས་ཀྱི་བཀའ་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །གང་ལ་གཅིག་ཡོད་པ་དེ་ལ་གདོན་མི་ཟ་བར་སོ་སོ་ཡང་དག་པར་རིག་པ་བཞི་ཆར་ཡོད་དོ། །མ་ཚང་བར་ནི་དེ་ཐོབ་མེད། །དེ་དག་མ་ཚང་བར་ནི་སོ་སོ་ཡང་དག་པར་རིག་པ་འཐོབ་པ་མ་ཡིན་ནོ། །ཉོན་མོངས་པ་མེད་པ་
ལ་སོགས་པའི་ཡོན་ཏན་བསྟན་པ་གང་དག་ཡིན་པ། དྲུག་པོ་དེ་དག་རབ་མཐའ་པས། །དེ་དག་ནི་རབ་ཀྱི་མཐའ་པའི་བསམ་གཏན་གྱི་སྟོབས་ཀྱིས་འཐོབ་པོ། །དེ་ནི་རྣམ་དྲུག །བསམ་གཏན་བཞི་པ་རབ་ཀྱི་མཐའ་པ་དེ་ཡང་ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་

རིག་པ་གསུམ་དང་། རབ་ཀྱི་མཐའ་པ་དེ་ཉིད་དང་དྲུག་གི་བདག་ཉིད་ཡིན་ནོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་དེའི་སྟོབས་ཀྱིས་འཐོབ་པ་ཡིན་གྱི་དེ་བསམ་གཏན་བཞི་པའི་ས་པ་ནི་མ་ཡིན་ནོ། །རབ་ཀྱི་མཐའ་པ་ཞེས་བྱ་བ་ནི་ཅི་ཞེ་ན། བསམ་གཏན་མཐའ། བསམ་གཏན་བཞི་
པ་ཡིན་ནོ། །དེ་ནི་ས་ཀུན་གྱིས་མཐུན་པས། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། །ཇི་ལྟར་ན་ས་ཐམས་ཅད་ཀྱིས་མཐུན་པར་བྱས་པ་ཡིན་ཞེ་ན། འདོད་པ་ན་སྤྱོད་པའི་སེམས་ལས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ། དེ་ལས་ནི་བསམ་གཏན་གཉིས་པ་སྟེ། དེ་བཞིན་དུ་རིམ་གྱིས་
འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་ལ་སྙོམས་པར་འཇུག་གོ། །མི་མཐུན་པ་ནི་ཡང་འདོད་པ་ན་སྤྱོད་པའི་སེམས་ཀྱི་བར་ལའོ། །དེ་ལས་ཡང་བསམ་གཏན་བཞི་པའི་བར་དུ་མཐུན་པ་ཡིན་ཏེ། དེ་ལྟར་ན་ས་ཐམས་ཅད་ཀྱིས་མཐུན་པར་བྱས་པ་ཡིན་ནོ། །ཇི་ལྟར་ན་
འཕེལ་བའི་རབ་ཏུ་ཕྱིན་པའི་བར་དུ་ཡིན་ཞེ་ན། དེ་ལྟར་བསྒོམས་པ་ཆུང་ངུ་ལས་འབྲིང་། འབྲིང་ལས་ཆེན་པོ་ལ་སྙོམས་པར་འཇུག་པ་སྟེ། འཕེལ་བའི་མཆོག་ནི་འཕེལ་བའི་རབ་ཡིན་ནོ། །བསམ་གཏན་འདི་ལྟ་བུ་འདི་ནི་རབ་ཀྱི་མཐའ་པ་ཡིན་ཏེ། འདི་ལ་མཐར་རབ་ཏུ་ཕྱིན་པ་ཡོད་པའི་
ཕྱིར་རོ། །འདིར་མཐའ་ནི་འཕེལ་བའམ་རྣམ་པ་ཡིན་ཏེ། མུ་བཞི་པ་བཞིན་ནོ། །ཡོན་ཏན་དྲུག་པོ་དེ་དག་ཀྱང་། །སངས་རྒྱས་ལས་གཞན་སྦྱོར་ལས་སྐྱེས། །སངས་རྒྱས་ལས་གཞན་པ་ནི་སྦྱོར་བ་ལས་བྱུང་བ་ཡིན་གྱི་འདོད་ཆགས་དང་བྲལ་བས་ཐོབ་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ནི་སྦྱོར་
བ་ལས་བྱུང་བ་ཅུང་ཟད་ཀྱང་མེད་དེ། འདོད་ཆགས་ཅན་གྱི་དབང་ཕྱུག་ཡིན་པའི་ཕྱིར། དེའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་གྱུར་པ་ནི་བཞེད་པ་ཙམ་ལ་རག་ལས་པ་ཡིན་ནོ། །རེ་ཞིག་དེ་དག་ནི་ཉན་ཐོས་དང་། ཐུན་མོང་པའི་ཡོན་ཏན་དག་ཡིན་ནོ། །མངོན་པར་ཤེས་པ་
ལ་སོགས་པ་ནི་སོ་སོའི་སྐྱེ་བོ་དག་དང་ཡང་ཐུན་མོང་ཡིན་ནོ། །མངོན་པར་ཤེས་པ་ཞེས་བྱ་བ་འདི་ཅི་ཞེ་ན། རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་ཚེ་འཆི་འཕོ་སྐྱེ་བ་དང་། །ཟད་ཤེས་མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་པ་དྲུག །རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་

དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་སྟེ། དེ་དག་ནི་མངོན་པར་ཤེས་པ་དྲུག་ཡིན་ནོ། །དེ་དག་ལས་ལྔ་ནི་སོ་སོའི་
སྐྱེ་བོ་རྣམས་དང་ཐུན་མོང་བ་ཡིན་ནོ། །དེ་དག་ཐམས་ཅད་ནི། རྣམ་གྲོལ་བློ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིན་དུ། རྣམ་པར་གྲོལ་བའི་ལམ་གྱི་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །བཞི་ནི་ཀུན་རྫོབ་ཤེས་པ་སྟེ། །སེམས་ཀྱི་རྣམ་གྲངས་དང་། ཟག་པ་ཟད་པ་ཤེས་པའི་མངོན་པར་
ཤེས་པ་མ་གཏོགས་སོ། །སེམས་ལ་ཤེས་པ་ལྔ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ནི་ལྔ་ཡིན་ཏེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ལམ་དང་ཀུན་རྫོབ་དང་། ཕ་རོལ་གྱི་སེམས་ཤེས་པ་རྣམས་སོ། །ཟག་པ་མངོན་ཤེས་སྟོབས་བཞིན་ནོ། །འདི་ནི་ཟག་
པ་ཟད་པ་མཁྱེན་པའི་སྟོབས་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཤེས་པ་དྲུག་གམ་བཅུ་ཡིན་པ་དེ་ཡང་རིག་པར་བྱ་ལ། དེ་བཞིན་དུ་འདི་ནི་ས་ཐམས་ཅད་པ་ཡིན་པར་ཡང་ཤེས་པར་བྱའོ། །ལྷག་མ། ལྔ་ནི་བསམ་གཏན་བཞི་དག་ན། །མངོན་པར་ཤེས་པ་ལྔ་ནི་བསམ་གཏན་བཞིའི་ས་པ་དག་
ཡིན་ནོ། །ཅིའི་ཕྱིར་གཟུགས་མེད་པའི་ས་པ་དག་མེད་ཅེ་ན། རེ་ཞིག་གསུམ་ནི་མེད་དེ། གཟུགས་ལ་དམིགས་པ་ཡིན་པའི་ཕྱིར་རོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ཡང་མེད་དེ་གཟུགས་ལ་སྟེགས་བཅས་ནས་མངོན་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །སྔོན་གྱི་
གནས་རྗེས་སུ་དྲན་པ་ཡང་མེད་དེ་མཐར་གྱིས་སྔོན་གྱི་གནས་གཞན་རྗེས་སུ་དྲན་པས་མངོན་པར་འགྲུབ་པའི་ཕྱིར་དང་། གནས་དང་རུས་ལ་སོགས་པ་ལ་དམིགས་པ་ཡིན་པའི་ཕྱིར་ཏེ། གཞན་གྱི་སེམས་ཤེས་པར་འདོད་པ་ནི་བདག་གི་ལུས་འདི་འདྲ་བ་ཞིག་ལས་སེམས་ནི་འདི་འདྲ་བ་ཞིག་ཡིན་ནོ་
ཞེས་ལུས་དང་སེམས་ཀྱི་མཚན་མ་འཛིན་ཅིང་དེ་བཞིན་དུ་ཕ་རོལ་པོ་དག་ལ་ཡང་གཏོད་དེ། སེམས་ཤེས་པ་ལས་མངོན་པར་འགྲུབ་པར་འགྱུར་རོ། །མངོན་པར་ཤེས་པ་མངོན་པར་གྲུབ་ན་ནི་གཟུགས་ལ་མི་ལྟོས་པར་མངོན་པར་ཤེས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པར་འདོད་པ་ནི་ཡིད་ཀྱི་

རྣམ་པར་ཤེས་པ་འགགས་མ་ཐག་པའི་མཚན་མ་བཟུང་ནས་དེའི་ལུགས་ལས་བཟློག་སྟེ། མཚམས་སྦྱོར་བའི་སེམས་ཀྱི་བར་དུ་དེ་མ་ཐག་པའི་གནས་སྐབས་གཞན་རྣམས་ཡིད་ལ་བྱེད་དོ། །དེ་ནས་སྲིད་པ་བར་མའི་སྐད་ཅིག་མ་གཅིག་དྲན་ན་ཡང་གྲུབ་པ་ཡིན་ནོ། །དེ་བཞིན་དུ་གཞན་
གྱི་ཡང་དྲན་ནོ། །མངོན་པར་གྲུབ་ནས་ནི་ཐོད་རྒལ་དུ་ཡང་དྲན་ནོ། །སྔོན་ཉམས་སུ་མྱོང་བ་ཁོ་ན་དྲན་ནོ། །གནས་གཙང་མ་རྣམས་ཇི་ལྟར་དྲན་ཞེ་ན། ཐོས་པས་ཉམས་སུ་མྱོང་བའི་ཕྱིར་རོ། །གཟུགས་མེད་པ་ནས་ཤི་འཕོས་ནས་འདིར་སྐྱེས་པ་ན་ཕ་རོལ་པའི་རྒྱུད་ལ་བརྟེན་ནས་སྐྱེད་
དེ། །གཞན་དག་ནི་རང་གི་རྒྱུད་ལ་བརྟེན་ནས་སོ། །རྫུ་འཕྲུལ་ལ་སོགས་པའི་སྦྱོར་བ་ནི་ཡང་བ་དང་། སྒྲ་དང་། སྣང་བ་ཡིད་ལ་བྱེད་པ་ཡིན་ནོ། །མངོན་པར་ཤེས་པ་ལྔ་པོ་འདི་དག་ནི། རང་དང་འོག་སའི་ཡུལ་ཅན་ཡིན། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་གང་ཡིན་པ་དེས་ས་དེའམ་འོག་མར་
འགྲོ་བའམ་སྤྲུལ་པར་བྱེད་ཀྱི་གོང་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྷའི་རྣ་བའི་མངོན་པར་ཤེས་པས་ཀྱང་རང་གི་ས་ཁོ་ནའམ་ས་འོག་མ་པའི་སྒྲ་ཐོས་ཀྱི་ས་གོང་མ་ནི་མ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པས་ཀྱང་ས་གོང་མ་པའི་སེམས་ནི་མི་ཤེས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པས་
ཀྱང་མི་དྲན་ནོ། །འཆི་འཕོ་བ་དང་། སྐྱེ་བ་མངོན་པར་ཤེས་པས་ཀྱང་མི་མཐོང་ངོ་། །དེ་ཉིད་ཀྱི་ཕྱིར་གཟུགས་མེད་པའི་ས་པའི་སེམས་ནི་ས་གོང་མ་པ་ཡིན་པའི་ཕྱིར། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་མངོན་པར་ཤེས་པ་གཉིས་ཀྱིས་མི་འཛིན་ཏོ། །འདི་དག་ཇི་ལྟར་འཐོབ་ཅེ་ན།
མ་འདྲེས་པ་རྣམས་ཀྱི་སྦྱོར་བས། །ཐོབ་བྱ་འདྲིས་པ་ཆགས་བྲལ་བས། །མངོན་པར་ཤེས་པ་ཚེ་རབས་གཞན་ན་གོམས་པ་རྣམས་ནི་འདོད་ཆགས་དང་བྲལ་བས་འཐོབ་བོ། །བྱེ་བྲག་ཅན་རྣམས་ནི་སྦྱོར་བས་སོ། །ཐམས་ཅད་ཀྱང་སྦྱོར་བས་བསྐྱེད་པ་ཡིན་ནོ། །གསུམ་པ་དྲན་པ་ཉེར་
གཞག་གསུམ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ནི་སེམས་དང་སེམས་ལས་བྱུང་བ་ལ་དམིགས་པ་ཡིན་པའི་ཕྱིར། ཚོར་བ་དང་། སེམས་དང་། ཆོས་དང་དྲན་པ་ཉེ་བར་གཞག་པ་གསུམ་གྱི་རང་བཞིན་ནོ། །དང་པོ་རྫུ་འཕྲུལ་རྣ་བ་མིག །མངོན་པར་ཤེས་པ་ཞེས་བྱ་བར་སྦྱར་ཏེ།

རྫུ་འཕྲུལ་དང་ལྷའི་རྣ་བ་དང་ལྷའི་མིག་གི་མངོན་པར་ཤེས་པ་ནི་གཟུགས་ལ་དམིགས་པ་ཡིན་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་དང་པོ་ཡིན་ཏེ། ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྫུ་འཕྲུལ་གྱི་དམིགས་པ་ནི་ཕྱིའི་སྐྱེ་མཆེད་བཞི་ཡིན་ཏེ། སྒྲ་
མ་གཏོགས་སོ། །ལྷའི་རྣ་བ་དང་མིག་གི་མངོན་པར་ཤེས་པའི་དམིགས་པ་ནི་སྒྲ་དང་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ། །འདི་ཇི་ལྟར་ན། འཆི་འཕོ་དང་སྐྱེ་བ་ཤེས་པས་འདི་ལྟར་སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱད་པ་དང་ལྡན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་ཤེས་ཤེ་ན།
དེ་ནི་དེས་མི་ཤེས་ཀྱི་འཕགས་པ་རྣམས་ལ་དེ་ལས་གཞན་པ་གང་གིས་ན་དེ་ལྟ་བུར་ཤེས་པར་འགྱུར་བ་མངོན་པར་ཤེས་པའི་འཁོར་དུ་གྱུར་པའི་ཤེས་པ་སྐྱེའོ། །ལྷག་མ་ནི་དམིགས་ཀྱིས་མ་ཕྱེ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་ཆར་གྱི་རང་བཞིན་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །མིག་དང་
རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ །ལྷའི་མིག་དང་རྣ་བའི་མངོན་པར་ཤེས་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་དག་ཀྱང་མིག་དང་རྣ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ཡིན་ནོ། །འོ་ན་དེ་དག་ཇི་ལྟར་བསམ་གཏན་བཞིའི་ས་པར་གྲུབ་ཅེ་
ན། རྟེན་གྱི་དབང་གིས་དེའི་ས་བསྟན་པའི་ཕྱིར་ཏེ། དེའི་རྟེན་མིག་དང་རྣ་བ་ནི་བསམ་གཏན་བཞིའི་ས་པ་ཡིན་ནོ། །ཡང་ན་བར་ཆད་མེད་པའི་ལམ་གྱི་དབང་གིས་སོ། །གཞན་བཞི་ནི་དགེ་བ་དག་ཡིན་ནོ། །འོ་ན་རབ་ཏུ་བྱེད་པ་ལས་མངོན་པར་ཤེས་པ་གང་ཞེ་ན། ཤེས་པ་དགེ་བ་
ཡིན་ནོ་ཞེས་གང་བཤད་པ་ཇི་ལྟ་བུ་ཞེ་ན། དེ་ནི་གཙོ་བོའམ་ཕལ་ཆེ་བ་བསྟན་པ་ཡིན་ནོ། །མངོན་པར་ཤེས་པ་འདི་རྣམས་ལས། །གསུམ་ནི་རིག་པ། སྔོན་གྱི་གནས་དང་། འཆི་འཕོ་བ་དང་སྐྱེ་བ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བ་རྣམས་ནི་མི་སློབ་པའི་རིག་པ་གསུམ་
ཞེས་བྱའོ། །ཅིའི་ཕྱིར་དེ་དག་ཁོ་ན་ཡིན་གྱི་གཞན་དག་མ་ཡིན་ཞེ་ན། སྔོན་མཐའ་སོགས། མ་རིག་པ་ནི་བཟློག་ཕྱིར་རོ། །འདི་དག་གིས་ནི་གོ་རིམས་བཞིན་དུ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། བར་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ། །དེ་དག་ལས་ཀྱང་དོན་དམ་པར་

མི་སློབ་ཐ་མ། ཟག་པ་ཟད་པ་མངོན་དུ་བྱ་བ་ཁོ་ན་མི་སློབ་པའི་རིག་པ་ཡིན་ནོ། །གཉིས་ནི་དེའི། རྒྱུད་ལས་སྐྱེས་ཕྱིར་དེ་ཞེས་བྱ། །གཞན་གཉིས་ནི་མི་སློབ་པའི་རྒྱུད་ལས་སྐྱེས་པའི་ཕྱིར་མི་སློབ་པ་ཞེས་བྱའི་དེ་གཉིས་ནི་སློབ་པ་ཡང་མ་ཡིན་ལ་མི་སློབ་པ་ཡང་མ་ཡིན་ནོ། །མངོན་པར་ཤེས་པ་
འདི་དག་སློབ་པའི་ཡིན་པར་མི་འདོད་དམ་ཞེ་ན་གང་གི་ཕྱིར་སློབ་པའི་རིག་པ་དག་ཅེས་མི་བྱ་ཞེ་ན། སློབ་ལ་འདོད་དེ་མ་རིག་དང་། །བཅས་རྒྱུད་ཕྱིར་ན་རིག་མ་བཤད། །རྒྱུད་མ་རིག་པ་དང་བཅས་བཞིན་དུ་རིག་པ་རྣམ་པར་གཞག་ཏུ་ནི་མི་རུང་སྟེ། ཡང་མ་རིག་པས་ཟིལ་གྱིས་གནོན་
པའི་ཕྱིར་རོ། །མངོན་པར་ཤེས་པ་འདི་དག་ལས། །དང་པོ་གསུམ་པ་དྲུག་པ་ནི། །ཆོ་འཕྲུལ་རྣམས་ཡིན་རྫུ་འཕྲུལ་དང་། །སེམས་ཀྱི་རྣམ་གྲངས་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་ནི་གོ་རིམས་བཞིན་དུ་ཆོ་འཕྲུལ་གསུམ་ཡིན་ཏེ། རྫུ་འཕྲུལ་དང་ཀུན་རྫོབ་པ་དང་རྗེས་སུ་བསྟན་
པའི་ཆོ་འཕྲུལ་རྣམས་ཡིན་ནོ། །དང་པོ་ཉིད་དུ་གདུལ་བྱའི་ཡིད་ཤིན་ཏུ་འཕྲོག་པར་བྱེད་པའི་ཕྱིར་ཆོ་འཕྲུལ་དག་ཡིན་པ་འམ། འདི་དག་གིས་ཞེ་འགྲས་པ་དང་། བར་མར་གནས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པས་ན་ཆོ་འཕྲུལ་དག་ཡིན་ནོ། །འདི་དག་གི་ནང་ན། བསྟན་པ་མཆོག །
རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི། །མི་འཁྲུལ་ཕྱིར་དང་ཕན་པ་དང་། །ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། །མཆོག་ཡིན་ནོ། །རྫུ་འཕྲུལ་དང་ཀུན་བརྗོད་པ་དག་ནི་རིག་སྔགས་ཀྱིས་ཀྱང་། བྱེད་དེ། གྷན་དྷ་རི་ཞེས་བྱ་བའི་རིག་སྔགས་གང་གིས་ན་ནམ་མཁའ་ལ་འགྲོ་བ་དང་། རྟོག་བྱེད་
ཅེས་བྱ་བའི་རིག་སྔགས་གང་གིས་ན་ཕ་རོལ་གྱི་སེམས་ཤེས་པ་ཡང་ཡོད་མོད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྟན་པ་ནི་གཞན་གྱིས་བྱ་བར་མི་ནུས་པས་མི་འཁྲུལ་པའི་ཕྱིར་འདི་ནི་གཙོ་བོ་ཡིན་ནོ། །དེ་གཉིས་ཀྱིས་ནི་གཏོད་པ་ཙམ་དུ་ཟད་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ནི་ཐབས་
ཉེ་བར་བསྟན་པའི་སྒོ་ནས་ཕན་པ་དང་། ཡིད་དུ་འོང་བའི་འབྲས་བུ་ལ་སྦྱོར་བས་འདི་ཉིད་མཆོག་ཡིན་ནོ། །རྫུ་འཕྲུལ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ནི། རྫུ་འཕྲུལ་ཏིང་ངེ་འཛིན། འདིས་འབྱོར་པར་བྱེད་པས་ན་ཞེས་བྱ་བར་སྦྱར་རོ། །དེས་ཅི་ཞིག་ཡང་

དག་པར་འབྱོར་པར་འགྱུར་ཞེ་ན། དེ་ལས་ནི། སྤྲུལ་དང་འགྲོ་བ་སྟེ། དེ་ལ་འགྲོ་བ་ནི་རྣམ་པ་གསུམ་སྟེ། ལུས་ཀྱིས་ཕྱིན་བྱེད་དང་། མོས་པ་ལས་བྱུང་བ་དང་། ཡིད་མགྱོགས་པའོ། །སྟོན་པ་ལ། ཡིད་མགྱོགས་འགྲོ་བ་དང་། ཡིད་བཞིན་དུ་མགྱོགས་པས་ནི་
ཡིད་མགྱོགས་ཀྱི་འགྲོ་བ་སྟེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །ཡུལ་ཐག་ཤིན་ཏུ་རིང་པོར་ཡང་ཐུགས་བསྐྱེད་པའི་དུས་ཀྱི་བྱོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་
བ་གསུངས་སོ། །འགྲོ་བ་གཞན་དག་ནི་མ་བཤད་ཀྱང་སངས་རྒྱས་ལ་མངའ་བར་གྲུབ་པོ། །གཞན་དག་ལ། ཕྱིན་བྱེད་མོས་པ་ལས་བྱུང་ཡང་། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ནི་ལུས་ཕྱིན་བྱེད་ཀྱི་འགྲོ་བ་ཡང་ཡོད་དེ། བྱ་བཞིན་དུ་རིམ་གྱིས་ལུས་ཕྱིན་པར་བྱེད་པའི་ཕྱིར་རོ། །
མོས་པ་ལས་བྱུང་བ་ཡང་ཡོད་དེ། ཐག་རིང་པོ་ལ་ཉེ་བར་མོས་ནས་མྱུར་དུ་འགྲོ་བའི་ཕྱིར་རོ། །སྤྲུལ་པ་ནི་རྣམ་པ་གཉིས་ཏེ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའོ། །དེ་ལ་རེ་ཞིག །འདོད་པར་གཏོགས་པའི་སྤྲུལ་པ་ནི། ཕྱིའི་སྐྱེ་མཆེད་བཞི། འདོད་པ་ན་སྤྱོད་པའི་སྤྲུལ་པ་ནི་
གཟུགས་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་ཡིན་ནོ། །དེ་ཡང་རྣམ་གཉིས། བདག་དང་གཞན་གྱི་ལུས་དང་སྤྲུལ་པའོ། །གཟུགས་གཏོགས་གཉིས། གཟུགས་ན་སྤྱོད་པའི་སྤྲུལ་པ་ནི། དེ་ན་དྲི་དང་རོ་མེད་པའི་ཕྱིར་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཡིན་ནོ། །དེ་ཡང་
འདོད་པའི་ཁམས་ཀྱི་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་རྣམ་པ་གཉིས་ཡིན་ཏེ། འདི་ནི་སྤྲུལ་པ་རྣམ་པ་བཞི་ཡིན་ནོ། །གཟུགས་ཀྱི་ཁམས་ན་ཡང་དེ་དང་འདྲ་བས་མདོར་བསྡུ་ན་སྤྲུལ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །གཟུགས་ཀྱི་ཁམས་སུ་སྐྱེས་པ་འདོད་པ་ན་སྤྱོད་པ་སྤྲུལ་པ་ན་ཇི་ལྟར་ན་དྲི་དང་རོ་དག་དང་མི་ལྡན་
པ་ཡང་ཡིན་ཞེ་ན། གོས་དང་། རྒྱན་བཞིན་དུ་མི་ལྡན་ནོ། །གཞན་དག་ན་རེ་སྐྱེ་མཆེད་གཉིས་སྤྲུལ་པར་བྱེད་དོ་ཞེས་ཟེར་རོ། །ཡང་ཅི་མངོན་པར་ཤེས་པ་ཁོ་ནས་སྤྲུལ་པ་སྤྲུལ་པར་བྱེད་དམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། མངོན་པར་ཤེས་པའི་འབྲས་བུ། སྤྲུལ་སེམས་དག་གིས་དེ་

དག་ཀྱང་ནི་བཅུ་བཞིའོ། །སྤྲུལ་པའི་སེམས་བཅུ་བཞི་པོ་དེ་དག་ནི། བསམ་གཏན་འབྲས་གཉིས་ནས་ལྔའི་བར་རིམ་བཞིན། བསམ་གཏན་དང་པོའི་འབྲས་བུ་སྤྲུལ་པའི་སེམས་ནི་གཉིས་ཏེ། འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པ་དག་གོ། །བསམ་གཏན་གཉིས་པའི་འབྲས་བུ་
ནི་གསུམ་སྟེ། འདོད་པའི་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པའི་ས་པ་དག་གོ། །དེ་བཞིན་དུ་བསམ་གཏན་གསུམ་པ་དང་། བཞི་པའི་ས་པ་དག་ཀྱང་བཞི་དང་ལྔར་སྦྱོར་བར་བྱའོ། །བསམ་གཏན་གྱི་འབྲས་བུ་སྤྲུལ་པའི་སེམས་ནི་རང་གི་ས་པ་དང་ས་འོག་མ་ཡིན་
པར་རིག་པར་བྱའོ། །གོང་མ་ལས་སྐྱེས་མིན། བསམ་གཏན་འོག་མའི་འབྲས་བུ་ས་གོང་མའི་སྤྲུལ་པའི་སེམས་ནི་མེད་དོ། །འདོད་པ་ན་སྤྱོད་པའི་སྤྲུལ་པ་བསམ་གཏན་གཉིས་པ་ལ་སོགས་པའི་འབྲས་བུ་ནི། བསམ་གཏན་དང་པོའི་ས་པ་དེའི་འབྲས་བུ་ལས་འགྲོས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་
སོ། །དེ་རྙེད་བསམ་གཏན་བཞིན། སྤྲུལ་པའི་སེམས་དེ་དག་རྙེད་པ་ནི་བསམ་གཏན་བཞིན་ནོ། །ཡང་ཅི་སྤྲུལ་པའི་སེམས་ཁོ་ན་ལས་ལྡང་བར་འགྱུར་རམ་ཞེ་ན། དེ་ལྟ་བུ་ནི་མེད་དེ། འདི་ལྟར། དེ་ནི། དག་དང་རང་ལས་སྐྱེ་བར་འགྱུར་ཏེ། སྤྲུལ་པའི་སེམས་ནི་བསམ་གཏན་དག་པ་པའམ་སྤྲུལ་པའི་
སེམས་ཀྱི་མཇུག་ཐོགས་སུ་སྐྱེའི་གཞན་དུ་ནི་མ་ཡིན་ནོ། །དེ་ལས་གཉིས། སྤྲུལ་པའི་སེམས་ལས་ཀྱང་བསམ་གཏན་དག་པ་པ་དང་སྤྲུལ་པའི་སེམས་སྐྱེ་སྟེ། གཞན་དུ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་གྱི་འབྲས་བུ་ལ་གནས་པ་ནི་ཡང་ཏིང་ངེ་འཛིན་ལ་མ་ཞུགས་པར་ཏིང་ངེ་འཛིན་དེ་ལས་ལྡང་བ་
མེད་དོ། །སྤྲུལ་པ་ཐམས་ཅད་ཀྱང་། རང་གི་ས་པས་སྤྲུལ་པར་བྱེད། ས་གཞན་པའི་སྤྲུལ་པའི་སེམས་ཀྱིས་ས་གཞན་པའི་སྤྲུལ་པར་ནི་མི་བྱེད་དོ། །སྨྲར་འཇུག་པ་ནི་འོག་མས་ཀྱང་། ཀྱང་ཞེས་བྱ་བའི་སྒྲ་ནི་རང་གི་ས་པས་ཀྱང་སྨྲར་འཇུག་གོ་ཞེས་བྱ་བ་ཡིན་ཏེ། འདོད་པའི་ཁམས་དང་།
བསམ་གཏན་དང་པོའི་ས་པའི་སྤྲུལ་པ་ནི་རང་གི་ས་པའི་སེམས་ཁོ་ནས་སྨྲར་འཇུག་གོ། །ས་གོང་མ་པ་ནི་བསམ་གཏན་དང་པོའི་ས་པ་སྟེ། ཡན་ཆད་ན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་མེད་པའི་ཕྱིར་རོ། །སྤྲུལ་པ་མང་པོ་རྣམས་སྨྲ་བ་ནི་སྟོན་མིན་སྤྲུལ་པ་དང་བཅས། སངས་རྒྱས་ལས་གཞན་

པའི་སྤྲུལ་པ་ནི་སྤྲུལ་པ་དང་བཅས་ཏེ། སྨྲ་བས་གང་གི་ཚེ་སྤྲུལ་པ་མང་པོ་ཞིག་ཡིན་པ་དེའི་ཚེ་ཅིག་ཅར་སྨྲ་སྟེ། གཅིག་ཅིག་སྨྲ་བར་བྱེད་པ་ན། །སྤྲུལ་པ་ཐམས་ཅད་སྨྲ་བར་བྱེད། །གཅིག་མི་སྨྲ་བར་གྱུར་པ་དང་། །དེ་དག་ཐམས་ཅད་སྨྲར་མི་འགྱུར། །ཞེས་ཚིགས་སུ་
བཅད་དེ་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་སྤྲུལ་པ་ནི་སྔ་ཕྱི་ཇི་ལྟར་བཞེད་པར་སྨྲའོ། །གང་གི་ཚེ་སྨྲར་འཇུག་པའི་སེམས་ཡོད་པ་དེའི་ཚེ་སྤྲུལ་པའི་སེམས་མེད་པའི་ཕྱིར་སྤྲུལ་པ་མེད་ན་ཇི་ལྟར་སྨྲར་འཇུག་ཅེ་ན། བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། །གནས་པར་འདོད་པས་སྤྲུལ་
པ་བྱིན་གྱིས་བརླབས་ནས་ཡིད་གཞན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པས་ངག་འཇུག་པར་བྱེད་དོ། །ཅི་གསོན་པོ་ཁོ་ན་ལ་བྱིན་གྱི་རླབས་ཡོད་དམ། འོན་ཏེ་ཤི་བ་ལ་ཡོད་ཅེ་ན། ཤི་བ་ལ་ཡང་བྱིན་གྱི་རླབས་ཡོད། འཕགས་པ་འོད་སྲུངས་ཆེན་པོའི་བྱིན་གྱི་རླབས་ཀྱིས་དེའི་རུས་པའི་
ཀེང་རུས་གནས་པའི་ཕྱིར་རོ། །དེ་ཡང་མི་བརྟན་ལ་མེད། མི་བརྟན་པའི་དངོས་པོ་ལ་ནི་བྱིན་གྱི་རླབས་མེད་དེ། འཕགས་པ་འོད་སྲུངས་ཆེན་པོས་ཤ་ལ་སོགས་པ་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །གཞན་དག་མིན་གཞན་དག་ན་རེ། ཤི་བ་ལ་བྱིན་གྱི་རླབས་མེད་ཀྱི། རུས་པའི་ཀེང་
རུས་གནས་པ་ནི་ལྷའི་མཐུས་སོ་ཞེས་ཟེར་རོ། །ཅི་སེམས་གཅིག་གིས་སྤྲུལ་པ་གཅིག་ཁོ་ན་སྤྲུལ་པར་བྱེད་དམ་ཞེ་ན། དང་པོར་དུ་མས་གཅིག་ཡིན་ཏེ། །བྱ་བར་གྱུར་ནས་བཟློག་པའོ། །དང་པོ་ཉིད་དུ་ནི་སྤྲུལ་པའི་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པར་བྱེད་དོ། །མངོན་པར་ཤེས་པ་བྱང་
ནས་ནི་སེམས་གཅིག་གིས་སྤྲུལ་པ་པོ་ཇི་སྙེད་འདོད་པ་དུ་མ་སྤྲུལ་པར་བྱེ