Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 140

Văn bản gốc(Tây Tạng)

Trang 16 / 17 (50.000 ký tự/trang)
ཡིན་ནོ་ཞེས་ཟེར་རོ། །ལྷག་མ་རྣམས་འདིར་མི་དགེ་བའོ། །ཕྲ་རྒྱས་ལྷག་མ་རྣམས་ནི་འདོད་པའི་ཁམས་ན་མི་དགེ་བ་དག་ཡིན་ནོ། །དུ་ནི་མི་དགེ་བའི་རྩ་བ་དག་ཡིན། དུ་ནི་མ་ཡིན་ཞེ་ན། འདོད་ན་འདོད་ཆགས་ཁོང་ཁྲོ་དང་། །
རྨོངས་རྣམས་མི་དགེའི་རྩ་བ་ཡིན། །འདོད་པའི་ཁམས་ན་འདོད་ཆགས་ཐམས་ཅད་དང་། ཁོང་ཁྲོ་བ་ཐམས་ཅད་དང་། འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་དང་། མཚུངས་པར་ལྡན་པ་མ་གཏོགས་པའི་རྨོངས་པ་ཐམས་ཅད་ནི་གོ་རིམས་བཞིན་དུ་མི་དགེ་བའི་རྩ་བ་གསུམ་པ་ཆགས་

པ་མི་དགེ་བའི་རྩ་བ་དང་། ཞེ་སྡང་མི་དགེ་བའི་རྩ་བ་དང་། གཏི་མུག་མི་དགེ་བའི་རྩ་བ་ཡིན་ཏེ། གང་ཞིག་མི་དགེ་བ་ཡང་ཡིན་ལ་མི་དགེ་བའི་རྩ་བ་ཡང་ཡིན་པ་དེ་ཁོ་ན་མི་དགེ་བའི་རྩ་བ་ཡིན་པར་འདོད་དོ། །ཕྲ་རྒྱས་ལྷག་མ་རྣམས་ནི་མི་དགེ་བའི་རྩ་བ་དག་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དུ་ནི་
ལུང་དུ་མ་བསྟན་པའི་རྩ་བ་དག་ཡིན། དུ་ནི་མ་ཡིན་ཞེ་ན། ལུང་མ་བསྟན་པའི་རྩ་བ་གསུམ། །གསུམ་པོ་གང་དག་ཅེ་ན། དེ་ནི་སྲེད་དང་མ་རིག་བློ། །དེ་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པ་ཡིན་པར་སྟོན་ཏེ། ཁ་ཆེ་བ་རྣམས་ན་རེ་སྲེད་པ་དང་མ་རིག་པ་དང་ཤེས་རབ་ཐ་ན་རྣམ་པར་སྨིན་པ་ལས་
སྐྱེས་པ་ཡང་རུང་སྟེ། གང་ཅུང་ཟད་ལུང་དུ་མ་བསྟན་པ་དེ་ཐམས་ཅད་ནི་ལུང་དུ་མ་བསྟན་པ་དེ་རྩ་བ་དག་ཀྱང་ཡིན་ནོ་ཞེས་ཟེར་རོ། །རྣམ་གཉིས་མཐོར་འཇུག་ཕྱིར་དེ་ལས། །གཞན་མིན། ཐེ་ཚོམ་ནི་རྣམ་པ་གཉིས་ཉིད་དུ་འཇུག་པའི་ཕྱིར་རྩ་བར་འོང་བ་མ་ཡིན་ཏེ། གཡོ་བའི་ཕྱིར་རོ། །ང་
རྒྱལ་ནི་ཁེངས་པའི་མཚན་ཉིད་ཀྱིས་མཐོན་པོར་འཇུག་པའི་ཕྱིར་མ་ཡིན་ཏེ། རྩ་བ་དང་ཆོས་མི་མཐུན་པའི་ཕྱིར་རོ། །འཇིག་རྟེན་ན་རྩ་བ་རྣམས་ནི་བརྟན་པ་དང་། འོག་ན་གནས་པ་དག་ཡིན་པར་མཐོང་ངོ་ཞེས་གྲག་གོ། །བཞི་ཞེས་ཉི་འོག་པ། ཉི་འོག་པ་རྣམས་ནི་ལུང་དུ་མ་བསྟན་པའི་རྩ་བ་
བཞིར་འདོད་དེ། དེ་དག་སྲེད་ལྟ་ང་རྒྱལ་རྨོངས། །དེ་དག་ཅེས་བྱ་བ་ནི་ལུང་དུ་མ་བསྟན་པ་དག་ཅེས་བྱ་བར་སྟོན་ཏེ། ལུང་དུ་མ་བསྟན་པའི་སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། མ་རིག་པའོ། །ཅིའི་ཕྱིར་དེ་དག་ཁོ་ན་ལུང་དུ་མ་བསྟན་པའི་རྩ་བ་རྣམས་སུ་འདོད་ཅེ་ན། བསམ་
གཏན་པ་གསུམ་མ་རིག་ལས། །འདི་ལྟར་བསམ་གཏན་པ་ནི་གསུམ་སྟེ། སྲེད་པ་དང་། ལྟ་བ་དང་། ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་དག་ཡིན་ལ། དེ་དག་ཀྱང་མ་རིག་པའི་དབང་གིས་འགྱུར་རོ། །མདོ་ལས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་ཅི་དེ་
དག་ལུང་དུ་མ་བསྟན་པའི་ཕྱིར་ཡིན་ནམ། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཡིན་ཞེ་ན། གཞག་པར་བྱ་བའི་དྲི་བ་ལ་ལུང་དུ་མ་བསྟན་པ་ཞེས་བཤད་དོ། །འདྲི་བ་ནི་རྣམ་པ་བཞི་སྟེ། མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་དང་། རྣམ་པར་ཕྱེ་ནས་ལུང་བསྟན་པར་བྱ་བ་

དང་། དྲིས་ནས་ལུང་བསྟན་པར་བྱ་བ་དང་གཞག་པར་བྱ་བའོ། །དེ་ལ་གོ་རིམས་བཞིན་དུ། མགོ་གཅིག་དང་ནི་རྣམ་ཕྱེ་དང་། །དྲི་དང་གཞག་པར་ལུང་བསྟན་པ། །འཆི་དང་སྐྱེ་དང་ཁྱད་པར་འཕགས། །བདག་གཞན་ལ་སོགས་ལྟ་བུ་ཡིན། །བར་རིག་པར་བྱ་
སྟེ། ཅི་སེམས་ཅན་ཐམས་ཅད་འཆི་བར་འགྱུར་རམ་ཞེས་འདྲི་ན། འཆི་བར་འགྱུར་རོ་ཞེས་མགོ་གཅིག་ཏུ་ལུང་བསྟན་པར་བྱའོ། །ཅི་སེམས་ཅན་ཐམས་ཅད་སྐྱེ་བར་འགྱུར་རམ་ཞེས་འདྲི་ན། ཉོན་མོངས་པ་དང་བཅས་པ་རྣམས་ནི་སྐྱེ་བར་འགྱུར་གྱི་ཉོན་མོངས་པ་མེད་པ་རྣམས་ནི་མ་ཡིན་
ནོ་ཞེས་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱའོ། །ཅི་མི་འདི་ཁྱད་པར་དུ་འཕགས་པ་ཡིན་ནམ་དམན་པ་ཡིན་ཞེས་འདྲི་ན། གང་ལས་ལྟོས་ཏེ་འདྲི་ཞེས་དྲིས་ནས་ལུང་བསྟན་པར་བྱ་སྟེ། གལ་ཏེ་ལྷ་རྣམས་ལ་ལྟོས་ཏེའོ་ཞེས་ཟེར་ན་ནི་དམན་ནོ་ཞེས་ལུང་བསྟན་པར་བྱའོ། །འོན་
ཏེ་ངན་སོང་རྣམས་ལས་ལྟོས་ཏེའོ་ཞེས་ཟེར་ན་ནི་ཁྱད་པར་དུ་འཕགས་སོ་ཞེས་ལུང་བསྟན་པར་བྱའོ། །ཅི་ཕུང་པོ་རྣམས་ལས་སེམས་ཅན་གཞན་ནམ་གཞན་མ་ཡིན་ཞེས་འདྲི་ན། སེམས་ཅན་གྱི་རྫས་མེད་པའི་ཕྱིར་གཞག་པར་བྱ་སྟེ། མོ་གཤམ་གྱི་བུ་སྔོ་བསངས་སམ་དཀར་
ཤམ་ཞེས་བྱ་བ་བཞིན་ནོ། །འདི་ཇི་ལྟར་ན་ལུང་མ་བསྟན་པ་ཡིན་ཞེ་ན། དེ་ནི་ལུང་མ་བསྟན་ནོ་ཞེས་དེ་ལྟ་བུར་ལུང་དུ་བསྟན་པའི་ཕྱིར་རོ། །གཞན་དག་ན་རེ་ཐམས་ཅད་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་འདི་ཡང་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །གང་ཞིག་ཅི་
གང་དག་འཆི་བར་འགྱུར་བ་དེ་དག་སྐྱེ་བར་འགྱུར་རམ་ཞེས་འདྲི་བ་དེ་ལ་ནི་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱ་བ་ཡིན་ནོ། །མི་ལ་ཡང་དམན་པ་དང་ཁྱད་པར་དུ་འཕགས་པ་གཉི་ག་ཡོད་དེ། ལྟོས་པ་ཡིན་པས་མགོ་གཅིག་ཏུ་གཉིས་ཀར་ལུང་བསྟན་པར་བྱ་དགོས་ཏེ། དཔེར་ན་
རྣམ་པར་ཤེས་པ་ནི་རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་ཡིན་པ་བཞིན་ནོ། །གཅིག་ཏུ་འདྲི་བ་ལ་གཅིག་ཏུ་ལུང་བསྟན་དུ་མི་རུང་བས་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་རིགས་སོ། །ཕུང་པོ་དག་ལས་སེམས་ཅན་གཞན་ནམ་ཞེས་འདྲི་བ་འདི་ནི་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ཏེ། ལུང་དུ་མ་

བསྟན་པ་ཁོ་ན་ནི་ལུང་བསྟན་པར་མི་རུང་བའོ། །གཞག་པར་བྱ་བའི་འདྲི་བ་གང་ཡིན་པ་གཞག་པར་བྱ་བ་ཉིད་དུ་ལུང་སྟོན་པ་དེ་ཇི་ལྟར་ན་ལུང་དུ་མ་བསྟན་པ་ཡིན། ཆོས་མངོན་པ་རྣམས་ན་རེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
དང་། དེའི་ལེགས་པར་བཤད་པའི་ཆོས་དང་། ཉན་ཐོས་ཀྱི་དགེ་འདུན་ལེགས་པར་ཞུགས་པ་དང་། གཟུགས་མི་རྟག་པ་ནས་རྣམ་པར་ཤེས་པའི་བར་མི་རྟག་པ་དང་། སྡུག་བསྔལ་གདགས་པ་ནས་ལམ་གདགས་པའི་བར་ནི་དོན་དང་ལྡན་པ་ཡིན་པའི་ཕྱིར། མགོ་གཅིག་ཏུ་ལུང་
བསྟན་པར་བྱའོ། །རྣམ་པར་ཕྱེ་སྟེ་ལུང་བསྟན་པ་ཞེས་བྱ་བ་ནི་གལ་ཏེ་འགའ་ཞིག་ཆོས་དག་སྨྲོས་ཤིག་ཅེས་ཟེར་ན། དེ་ལ་འདས་པ་དག་དང་། མ་འོངས་པ་དག་དང་། ད་ལྟར་བྱུང་བ་དག་དང་། ཆོས་མང་པོ་ཞིག་ཡོད་ན་གང་དག་སྨྲ་བར་བྱ་ཞེས་བརྗོད་པར་བྱའོ། །གལ་ཏེ་
འདས་པ་དག་སྨྲོས་ཤིག་ཅེས་ཟེར་ན། དེ་ལ་འདས་པ་རྣམས་ལ་ཡང་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་མང་དུ་ཡོད་ན་ཞེས་བརྗོད་པར་བྱའོ། །འོན་ཏེ་གཟུགས་སྨྲོས་ཤིག་ཅེས་ཟེར་ན། གཟུགས་ལ་ཡང་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམ་པ་གསུམ་
ཡོད་ན་ཞེས་བརྗོད་པར་བྱའོ། །གལ་ཏེ་དགེ་བ་སྨྲོས་ཤིག་ཅེས་ཟེར་ན། དེ་ལ་ཡང་སྲོག་གཅོད་པ་སྤོང་བ་ནས་ཚིག་ཀྱལ་པ་ལས་སྤོང་བའི་བར་དུ་རྣམ་པ་བདུན་ཡོད་དོ་ཞེས་བརྗོད་པར་བྱའོ། །གལ་ཏེ་སྲོག་གཅོད་པ་ལས་སྤོང་བ་སྨྲོས་ཤིག་ཟེར་ན། དེ་ལ་ཡང་མ་ཆགས་པ་དང་། ཞེ་
སྡང་མེད་པ་དང་། གཏི་མུག་མེད་པ་ལས་སྐྱེས་པ་དང་རྣམ་པ་གསུམ་ཡོད་ལ་མ་ཆགས་པ་ལས་སྐྱེས་པ་ལ་ཡང་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཡོད་ན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམ་པར་ཕྱེ་སྟེ་བརྗོད་པར་བྱ་བ་ཡིན་ནོ། །
གཡོན་ཅན་གྱི་འདྲི་བ་ལ་ལུང་བསྟན་པ་ཡང་དེ་ཉིད་ཡིན་ཏེ། དེ་ལ་ནི་ཆོས་མང་པོ་ཞིག་ཡོད་ན་ཞེས་བརྗོད་པར་བྱའི་རྣམ་པར་དབྱེ་བར་ནི་མི་བྱ་སྟེ། ཅང་མི་སྨྲ་བའམ། བདག་ཉིད་ལུང་སྟོན་དུ་གཞུག་ཅེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །གང་གི་ཚེ་དེ་གཉིས་ཅུང་ཟད་ཀྱང་མི་འདྲ་བའི་

གསོལ་བ་འདེབས་པ་འབའ་ཞིག་ཏུ་ཟད་ལ། དེ་གཉིས་ལ་ཡང་ཅུང་ཟད་ཀྱང་ལུང་མི་སྟོན་གྱི་འདྲི་བ་འབའ་ཞིག་ཟད་ན་དེ་ཇི་ལྟར་ན་དེ་གཉིས་ཀྱི་འདྲི་བ་ཡིན། ཇི་ལྟར་ན་ལུང་དུ་སྟོན་པ་ཡིན། གང་ཞིག་ལམ་སྨྲོས་ཤིག་ཅེས་ཟེར་ན། ཅི་དེས་ལམ་མ་དྲིས་པ་ཡིན་ནམ།
དྲི་བ་ཉིད་ཀྱིས་དེ་ལུང་བསྟན་པའི་ཕྱིར་ཇི་ལྟར་དྲིས་ནས་ལུང་བསྟན་པ་མ་ཡིན། གཞག་པར་བྱ་བ་ནི་དཔེར་ན་འཇིག་རྟེན་མཐའ་ཡོད་པ་ཞིག་གམ། མཐའ་མེད་པ་ཞིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དྲི་བ་ལུང་བསྟན་པ་རྣམས་ཀྱི་མཚན་ཉིད་ནི་མདོ་ཁོ་ན་ལས་བལྟ་བར་བྱ་སྟེ། བཙུན་པ་དགེ་
འདུན་ཕལ་ཆེན་སྡེ་པ་རྣམས་དགེ་སློང་དག་བཞི་པོ་འདི་དག་ནི། དྲི་བ་ལུང་དུ་བསྟན་པ་དག་ཡིན་ཏེ། བཞི་གང་ཞེ་ན། དགེ་སློང་དག་མགོ་གཅིག་ཏུ་ལུང་དུ་བསྟན་པར་བྱ་བའི་དྲི་བ་ཡང་ཡོད། གཞག་པར་བྱ་བའི་བར་དུ་ཡང་ཡོད་དེ། དགེ་སློང་དག་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བའི་
འདྲི་བ་གང་ཞེ་ན། འདུ་བྱེད་ཐམས་ཅད་མི་རྟག་པ་ཡིན་ནམ་ཞེས་འདྲི་བ་འདི་ནི། དགེ་སློང་དག་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བའི་དྲི་བ་ཡིན་ནོ། །དགེ་སློང་དག་རྣམ་པར་ཕྱེ་སྟེ། ལུང་བསྟན་པར་བྱ་བའི་འདྲི་བ་གང་ཞེ་ན། ཆེད་དུ་བསམ་པར་བྱ་བའི་ལས་བྱས་ནས་ཅི་ཞིག་སོ་
སོར་ཡང་དག་པར་མྱོང་བར་འགྱུར་ཞེ་ན། འདྲི་བ་འདི་ནི་དགེ་སློང་དག་མགོ་རྣམ་པར་ཕྱེ་སྟེ། ལུང་བསྟན་པར་བྱ་བའི་འདྲི་བ་ཡིན་ནོ། །དགེ་སློང་དག་དྲིས་ནས་ལུང་བསྟན་པར་བྱ་བའི་དྲི་བ་གང་ཞེ་ན། འདུ་ཤེས་སྐྱེས་བུ་བདག་ཉིད་ཡིན་ནམ། འོན་ཏེ་འདུ་ཤེས་ཀྱང་གཞན་ཞིག་ལ། བདག་
ཀྱང་གཞན་ཞིག་ཡིན་ཞེས་དྲིས་ན། ཚེ་དང་ལྡན་པ་བདག་གང་ཡིན་པར་ཡིད་ཆེས་ཞེས་འདྲི་བར་བྱའོ། །གལ་ཏེ་འདི་སྐད་དུ་ཚེ་དང་ལྡན་པ་བདག་གིས་ནི་རིག་པ་བདག་ཡིན་པར་ཤེས་སོ་ཞེས་ཟེར་ན། དེ་ལྟ་ཡིན་ན་འདི་སྐད་དུ་འདུ་ཤེས་ཀྱང་གཞན་ལ་བདག་ཀྱང་གཞན་ཡིན་ནོ་ཞེས་
བརྗོད་པར་བྱ་སྟེ། འདི་ནི་དགེ་སློང་དག་དྲིས་ནས་ལུང་བསྟན་པར་བྱ་བའི་དྲི་བ་འདི་ཡིན་ནོ། །དགེ་སློང་དག་གཞག་པར་བྱ་བའི་འདྲི་བ་གང་ཞེ་ན། དཔེར་ན་འཇིག་རྟེན་རྟག་པ་ཞིག་གམ། མི་རྟག་པ་ཞིག་གམ། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་ཞིག་གམ། རྟག་པ་ཡང་མ་ཡིན་མི་རྟག་

པ་ཡང་མ་ཡིན་པ་ཞིག་གམ། མཐའ་ཡོད་པ་ཞིག་གམ། མཐའ་ཡོད་པ་མ་ཡིན་པ་ཞིག་གམ། མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་པ་ཞིག་གམ། མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ་ཞིག་གམ། དེ་བཞིན་འོངས་པ་ཤི་ནས་ཡོད་པ་ཞིག་གམ་ཞེས་བྱ་བ་
ནས་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞིག་གམ་ཞེས་བྱ་བའི་བར་དུ་འདྲི་བ་ལྟ་བུ་སྟེ། འདི་ནི་དགེ་སློང་དག་གཞག་པར་བྱ་བའི་འདྲི་བ་ཡིན་ནོ་ཞེས་འདོན་ཏོ། །གང་ཟག་གང་གི་ཕྲ་རྒྱས་གང་ཞིག་དམིགས་པ་གང་ལ་རྒྱས་པར་འགྱུར་བ་འདི་ནི་དེས་དེ་དང་ལྡན་པ་ཡིན་ནོ། །འདས་པས་ནི་གང་དང་
ལྡན་པ་ཞེས་བྱ་བ་ནས་ད་ལྟར་བྱུང་བས་ནི་གང་དང་ལྡན་ཞེས་བྱ་བའི་བར་འདི་བརྗོད་པར་བྱ་སྟེ། མདོར་བསྡུ་ན་ཉོན་མོངས་པ་ནི་རྣམ་པ་འདི་གཉིས་ཏེ། རང་གི་མཚན་ཉིད་པའི་ཉོན་མོངས་པ་ནི་འདོད་ཆགས་དང་། ཁོང་ཁྲོ་བ་དང་ང་རྒྱལ་རྣམས་སོ། །ཉོན་མོངས་པ་སྤྱི་པ་ནི་ལྟ་བ་དང་། ཐེ་ཚོམ་དང་མ་
རིག་པ་རྣམས་སོ། །དེ་ལ་རེ་ཞིག །འདས་དང་ཉེར་གནས་འདོད་ཆགས་དང་། །ཁོང་ཁྲོ་ང་རྒྱལ་དག་གིས་ནི། །གང་ལ་དེ་སྐྱེས་མ་སྤངས་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །དངོས་པོ་གང་ལ་འདས་པ་དང་ད་ལྟར་བྱུང་བའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་རྣམས་སྐྱེས་ལ་
མ་སྤངས་པ་དེ་དག་གི་དངོས་པོ་དེ་དང་ལྡན་ཏེ། དེ་དག་ནི་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་གདོན་མི་ཟ་བར་ཐམས་ཅད་ལ་ཐམས་ཅད་དུ་འབྱུང་བ་མ་ཡིན་ནོ། །ཉིད་ཀྱིས་དེ་དག་མ་འོངས་པས། །ཀུན་དང་། གང་ལ་མ་སྤངས་པ་དེ་དག་ཅེས་བྱ་བར་སྦྱར་ཏེ། ཡིད་ཀྱི་ས་པའི་
འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་མ་འོངས་པ་དེ་དག་ཉིད་ཀྱིས་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན་ཏེ། ཡིད་དག་གི་ཡུལ་ནི་དུས་གསུམ་པ་ཡིན་པའི་ཕྱིར་རོ། །གཞན་གྱིས་རང་དུས་པ། འདོད་ཆགས་དང་ཁོང་ཁྲོ་བ་གཞན་དག་གིས་ནི་མ་འོངས་པའི་དངོས་པོ་ཁོ་ན་
དང་ལྡན་ནོ། །གཞན་ཡང་གང་དག་ཡིན་ཞེ་ན། གང་གི་རྣམ་པར་ཤེས་པའི་ཚོགས་ལྔ་པོའི་འདོད་ཆགས་དང་། ཁོང་ཁྲོ་བ་སྟེ། སྐྱེ་བའི་ཆོས་ཅན་རྣམས་ཀྱི་ནི་དེ་ལྟ་བུ་ཡིན་ནོ། །དེ་དག་ཉིད། མི་སྐྱེ་རྣམས་ཀྱིས་ཐམས་ཅད་དང་། །མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་རྣམ་པར་ཤེས་པའི་ཚོགས་

ལྔ་པོ་དག་གིས་ཀྱང་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན་ནོ། །ལྷག་མ་ཀུན་གྱི་ཀུན་དང་ལྡན། །ལྷག་མ་ཡང་གང་དག་ཅིག་ཡིན་ཞེ་ན། ལྟ་བ་དང་། ཐེ་ཚོམ་དང་། མ་རིག་པ་རྣམས་ཏེ། ཉོན་མོངས་པ་སྤྱི་དང་ལྡན་པ་ཡིན་པའི་ཕྱིར་དུས་གསུམ་པའི་དངོས་པོ་
མེད་པའི་དངོས་པོ་ཐམས་ཅད་ལྡན་ནོ། །ཇི་སྲིད་དུ་མ་སྤངས་པ་ཞེས་བྱ་བའི་དབང་དུ་བྱས་པ་ཁོ་ན་ཡིན་ནོ། །ཅི་འདས་པ་དང་། མ་འོངས་པའི་དངོས་པོ་རྫས་སུ་ཡོད་དམ། འོན་ཏེ་མེད། གལ་ཏེ་ཡོད་ན་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་འདུ་བྱེད་རྣམས་རྟག་པ་ཉིད་དུ་འགྱུར་རོ། །འོན་ཏེ་
མེད་ན་ནི་ཇི་ལྟར་ན་དེ་དང་ངམ། དེས་ལྡན་པའམ་བྲལ་བ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་འདུས་བྱས་རྣམས་རྟག་པ་ཉིད་དུ་དམ་མི་འཆའོ། །དུས་རྣམས་ཀུན་དུ་ཡོད་པར་ནི་གསལ་བར་དམ་འཆའོ། །ཅིའི་ཕྱིར་ཞེ་ན། གསུངས་ཕྱིར་བཅོམ་
ལྡན་འདས་ཀྱིས་དགེ་སློང་དག་གལ་ཏེ་འདས་པའི་གཟུགས་ཤིག་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་
པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། །གལ་ཏེ་མ་འོངས་པའི་གཟུགས་ཤིག་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་དགའ་བ་མེད་པར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་ཞེས་རྒྱས་པར་
གསུངས་སོ། །གཉིས་ཕྱིར། རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེའོ་ཞེས་གསུངས་པ། གཉིས་གང་ཞེ་ན། མིག་དང་གཟུགས་རྣམས་ནས་ཡིད་དང་ཆོས་རྣམས་ཀྱི་བར་ཡིན་ཏེ། འདས་པ་དང་མ་འོངས་པ་དག་མེད་ན་དེ་ལ་དམིགས་པའི་རྣམ་པར་ཤེས་པ་གཉིས་ལ་
བརྟེན་པར་མི་འགྱུར་རོ། །རེ་ཞིག་ལུང་ལས་འདས་པ་དང་མ་འོངས་པ་ཡོད་པ་ནི་དེ་ལྟ་བུ་ཡིན་ནོ། །རིགས་པས་ཀྱང་། ཡུལ་ཡོད་ཕྱིར། ཡུལ་ཡོད་ན་རྣམ་པར་ཤེས་པ་སྐྱེ་བར་འགྱུར་གྱི་མེད་པར་ནི་མ་ཡིན་ནོ། །གལ་ཏེ་འདས་པ་དང་མ་འོངས་པ་མེད་ན་ནི་དམིགས་པ་མེད་པའི་རྣམ་

པར་འགྱུར་ཏེ། དེ་བས་ན་དམིགས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་ཉིད་དུ་ཡང་མི་འགྱུར་རོ། །འབྲས་ཕྱིར། གལ་ཏེ་འདས་པ་ཞིག་མེད་ན་ཚེ་ཕྱི་མ་ལ་ལས་དགེ་བ་དང་མི་དགེ་བའི་འབྲས་བུར་ཡང་ཇི་ལྟར་འགྱུར་ཏེ། འབྲས་བུ་བསྐྱེད་པའི་ཚེ་ནི་ད་ལྟར་གྱི་རྣམ་པར་སྨིན་པའི་རྒྱུ་ནི་མེད་
དོ། །དེ་ལྟ་བས་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདས་པ་དང་མ་འོངས་པ་ཡོད་པ་ཁོ་ནའོ་ཞེས་ཟེར་རོ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན་ཕན་ཆད་གདོན་མི་ཟ་བར་འདི་ཁས་བླང་བར་བྱ་དགོས་སོ་ཞེས་གྲགས་ཏེ། འདི་ལྟར། དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད། །ཡོད་པར་སྨྲ་བར་འདོད།
གང་དག་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཐམས་ཅད་ཡོད་པར་སྨྲ་བ་དེ་དག་གི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་གྱི། གང་དག་ད་ལྟར་བྱུང་བ་དང་འབྲས་བུ་མ་བསྐྱེད་པའི་ལས་འདས་པ་གང་ཡིན་པ་ཅུང་ཟད་ཅིག་ནི་ཡོད། མ་འོངས་པ་དང་འབྲས་བུ་བསྐྱེད་ཟིན་པའི་འདས་
པ་གང་ཡིན་པ་ཅུང་ཟད་ཅིག་ནི་མེད་དོ་ཞེས་རྣམ་པར་ཕྱེ་སྟེ་སྨྲ་བ་དེ་དག་ནི་རྣམ་པར་ཕྱེ་སྟེ་སྨྲ་བ་དག་ཡིན་ནོ། །ཐམས་ཅད་ཡོད་པར་སྨྲ་བ་དེ་དག་ཀྱང་དུ་ཞིག་ཅེ་ན། སྨྲས་པ། དེ་དག །རྣམ་བཞི་དངོས་དང་མཚན་ཉིད་དང་། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །དངོས་པོ་གཞན་
དུ་འགྱུར་བ་པ་ནི། བཙུན་པ་ཆོས་སྐྱོབ་ཡིན་ཏེ། དེ་ན་རེ་ཆོས་དུས་རྣམས་སུ་འཇུག་པ་ན་དངོས་པོ་གཞན་དུ་འགྱུར་གྱི་རྫས་གཞན་དུ་འགྱུར་བ་ནི་མ་ཡིན་ཏེ། དཔེར་ན་གསེར་གྱི་སྣོད་བཅོམ་ནས་གཞན་དུ་བྱེད་པ་ན། དབྱིབས་གཞན་དུ་འགྱུར་གྱི་ཁ་དོག་གཞན་དུ་འགྱུར་བ་ནི་མ་
ཡིན་པ་དང་། ཡང་དཔེར་ན་འོ་མ་ཞོ་ཉིད་དུ་འགྱུར་བ་ན་རོ་དང་མཐུ་དང་སྨིན་པར་བྱེད་པ་དག །ཡོངས་སུ་འདོར་གྱི་ཁ་དོག་ནི་མ་ཡིན་པ་དེ་བཞིན་དུ་ཆོས་ཀྱང་མ་འོངས་པའི་དུས་ནས་ད་ལྟར་བྱུང་བའི་དུས་སུ་འོངས་པ་ན་མ་འོངས་པའི་དངོས་པོ་འདོར་གྱི་རྫས་ཀྱི་དངོས་པོ་ནི་མ་ཡིན་ནོ། །དེ་
བཞིན་དུ་ད་ལྟར་བྱུང་བ་ནས་འདས་པའི་དུས་སུ་འགྲོ་བ་ན་ད་ལྟར་བྱུང་བའི་དངོས་པོ་འདོར་གྱི། རྫས་ཀྱི་དངོས་པོ་ནི་མ་ཡིན་ནོ་ཞེས་ཟེར་རོ་ཞེས་གྲག་གོ། །མཚན་ཉིད་གཞན་དུ་འགྱུར་བ་པ་ནི་བཙུན་པ་དབྱངས་སྒྲོགས་ཡིན་ཏེ། དེ་ན་རེ་ཆོས་དུས་རྣམས་སུ་འཇུག་པ་ན་འདས་པ་ནི་

འདས་པའི་མཚན་ཉིད་དང་ལྡན་ལ་མ་འོངས་པ་དང་ད་ལྟར་བྱུང་བའི་མཚན་ཉིད་དག་ནི་མི་ལྡན་པ་མ་ཡིན་ནོ། །མ་འོངས་པ་ནི་མ་འོངས་པའི་མཚན་ཉིད་དང་ལྡན་པ་ལ་འདས་པ་ད་ལྟར་བྱུང་བ་དག་ནི་མི་ལྡན་པ་མ་ཡིན་ནོ། །དེ་བཞིན་དུ་ད་ལྟར་བྱུང་བ་ཡང་འདས་པ་
དང་མ་འོངས་པ་དག་དང་མི་ལྡན་པ་མ་ཡིན་ཏེ། དཔེར་ན་སྐྱེས་བུ་བུད་མེད་དག་ཅིག་ལ་ཆགས་པ་ལྷག་མ་རྣམས་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པ་བཞིན་ནོ་ཞེས་ཟེར་རོ་ཞེས་གྲག་གོ། །གནས་སྐབས་གཞན་དུ་འགྱུར་བ་པ་ནི་བཙུན་པ་དབྱིག་བཤེས་ཡིན་ཏེ། དེ་ན་རེ་ཆོས་
དུས་རྣམས་སུ་འཇུག་པ་ན་གནས་སྐབས་དང་གནས་སྐབས་སུ་ཕྱིན་ནས་གནས་སྐབས་གཞན་གྱི་སྒོ་ནས་གཞན་དང་གཞན་ཞེས་སྟོན་གྱི་རྫས་གཞན་གྱི་སྒོ་ནས་ནི་མ་ཡིན་ཏེ། དཔེར་ན་རི་ལུ་གཅིག་གཅིག་གི་ཤོད་མིག་ཏུ་གཞག་ན་གཅིག་ཅེས་བྱ། བརྒྱའི་ཤོད་མིག་ཏུ་གཞག་ན་བརྒྱ། སྟོང་
གི་ཤོད་མིག་ཏུ་གཞག་ན་སྟོང་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་རོ་ཞེས་གྲག་གོ། །གཞན་དང་གཞན་དུ་འགྱུར་བ་ནི་བཙུན་པ་སངས་རྒྱས་ལྷ་ཡིན་ཏེ། དེ་ན་རེ་ཆོས་དུས་རྣམས་སུ་འཇུག་པ་ན་སྔ་མ་དང་ཕྱི་མ་ལ་ལྟོས་ནས་གཞན་དང་གཞན་ཞེས་བརྗོད་དེ། དཔེར་ན་བུད་མེད་གཅིག་ལ་མ་ཞེས་ཀྱང་
བྱ། བུ་མོ་ཞེས་ཀྱང་བྱ་བ་བཞིན་ནོ་ཞེས་ཟེར་རོ་ཞེས་གྲག་སྟེ། དེ་ལྟར་ན་བཞི་པོ་དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བ་དག་ཡིན་ནོ། །དེ་དག་ལས་དང་པོ་ནི་ཡོངས་སུ་འགྱུར་བར་སྨྲ་བའི་ཕྱིར་གྲངས་ཅན་གྱི་ཕྱོགས་ལ་བསླན་པར་བྱའོ། །གཉིས་པའི་ཡང་ཐམས་ཅད་ལ་མཚན་ཉིད་
ཐམས་ཅད་དང་ལྡན་པའི་ཕྱིར་དུས་འཆོལ་བར་འགྱུར་ཏེ། སྐྱེས་བུ་ཞིག་བུད་མེད་ལ་ལ་ལ་ནི་འདོད་ཆགས་ཀུན་དུ་འབྱུང་ལ། ལ་ལ་ལ་ནི་ལྡན་པ་འབའ་ཞིག་གོ་ཞེས་བྱ་བ་འདིར་ཅི་ཞིག་མཚུངས། བཞི་པའི་ཡང་དུས་གཅིག་ལ་དུས་གསུམ་ཆར་དུ་འགྱུར་ཏེ། འདས་པའི་དུས་
ལ་སྔ་མ་དང་ཕྱི་མའི་སྐད་ཅིག་མ་དག་ནི་འདས་པ་དང་མ་འོངས་པ་ཡིན་ལ། དབུས་ཀྱི་སྐད་ཅིག་མ་ནི་ད་ལྟར་བྱུང་བར་འགྱུར་རོ། །དེ་ལྟ་བས་ན་དེ་དག་ཐམས་ཅད་ཀྱི་ནང་ན། གསུམ་པ་བཟང་སྟེ། གནས་སྐབས་གཞན་དུ་འགྱུར་བ་གང་ཡིན་པའོ། །དེ་ཡིས་ནི། བྱ་བ་ཡིས། དུས་

རྣམས་རྣམ་གཞག་གང་གི་ཚེ་ཆོས་དེ་བྱ་བ་མི་བྱེད་པ་དེའི་ཚེ་མ་འོངས་པ་ཡིན་ལ། གང་གི་ཚེ་བྱེད་པ་དེའི་ཚེ་ནི་ད་ལྟར་བྱུང་བ་ཡིན། གང་གི་ཚེ་བྱས་ནས་འགགས་པ་དེའི་ཚེ་ནི་འདས་པ་ཡིན་ནོ་ཞེས་གྲག་གོ། །དེ་དག་ཐམས་ཅད་ནི་ཡོངས་སུ་གོ་ན་གལ་ཏེ་འདས་པ་ཡང་རྫས་སུ་ཡོད་
ལ་མ་འོངས་པ་ཡང་རྫས་སུ་ཡོད་ན། ཅིའི་ཕྱིར་འདས་པའམ་མ་འོངས་པ་ཞེས་བྱ་བ་བརྗོད་པར་བྱ་དགོས་སོ། །བྱ་བ་ཡིས། དུས་རྣམས་རྣམ་གཞག་ཅེས་བཤད་པ་མ་ཡིན་ནམ། གལ་ཏེ་ཁྱིམ་དེ་ལྟ་ན་ད་ལྟར་བྱུང་བའི་མིག་དེ་དང་འདྲ་བའི་བྱ་བ་གང་ཞིག་ཡིན། འབྲས་བུ་འབྱིན་པ་
དང་འཛིན་པ་ཡིན་ནོ། །འོ་ན་ནི་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་འདས་པ་རྣམས་ཀྱང་འབྲས་བུ་འབྱིན་པའི་ཕྱིར་བྱ་བ་འམ་བྱ་བ་བྱེད་དུ་ཐལ་བར་འགྱུར་བས་མཚན་ཉིད་འཆོལ་བར་འགྱུར་རོ། །འདི་ཡང་བརྗོད་པར་བྱ་དགོས་ཏེ། གལ་ཏེ་ཆོས་དེའི་བདག་ཉིད་ཁོ་ནར་ཡོད་ན་རྟག་ཏུ་
བྱ་བ་བྱེད་པ་ལ། བགེགས་སུ་བྱེད། གང་གིས་ན་རེས་འགའ་ནི་བྱ་བ་བྱེད་ལ་རེས་འགའ་ནི་མ་ཡིན་ཞེས་བྱ། གལ་ཏེ་རྐྱེན་རྣམས་མ་ཚོགས་པ་ཡིན་ནོ་ཞེ་ན། མི་རུང་སྟེ། རྟག་ཏུ་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །བྱ་བ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བ་
གང་ཡིན་པ། དེ་ཡང་ཇི་ལྟར། བྱ་བ་ལ་ཡང་བྱ་བ་གཞན་ཞིག་ཡོད་དམ་ཅི། འོན་ཏེ་དེ་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ལ། ཡོད་པ་ཡང་ཡིན་ན་ནི་དེས་ན་འདུས་མ་བྱས་ཡིན་པས་རྟག་ཏུ་ཡོད་དོ་ཞེས་བྱ་བར་འགྱུར་ཏེ། དེའི་ཕྱིར་གང་
གི་ཚེ་ཆོས་བྱ་བ་མི་བྱེད་པ་དེའི་ཚེ་མ་འོངས་པ་ཡིན་ནོ་ཞེས་བརྗོད་པར་མི་བྱའོ། །གལ་ཏེ་ཆོས་ལས་བྱ་བ་གཞན་ཞིག་ཡིན་ན་ནི་སྐྱོན་དེར་ཡང་འགྱུར་བ་ཞིག་ན་དེ་ནི་གཞན་མ་ཡིན་ཏེ། དེའི་ཕྱིར་སྐྱོན་དེར་མི་འགྱུར་རོ། །དེ་ལྟ་ན་ནི་འོ་ན་དེ་ཉིད་དུས་སུ་མི་རུང་སྟེ། གལ་ཏེ་ཆོས་
ཁོ་ན་བྱ་བ་ཡིན་ན་ཆོས་དེ་དེའི་བདག་ཉིད་ཁོ་ནར་ཡོད་བཞིན་དུ་ཅིའི་ཕྱིར་རེས་འགའ་ནི་འདས་པ་ཞེས་བྱ། རེས་འགའ་ནི་མ་འོངས་པ་ཞེས་བྱ་སྟེ། དུས་རྣམ་པར་གཞག་པ་མི་འགྲུབ་བོ། །ཆོས་གང་མ་སྐྱེས་པ་དེ་ནི་མ་འོངས་པ་ཡིན་ནོ། །གང་སྐྱེས་ལ་མ་ཞིག་པ་དེ་ནི་ད་ལྟར་

བྱུང་བ་ཡིན་ནོ། །གང་ཞིག་པ་དེ་ནི་འདས་པ་ཡིན་ནོ་ཞེས་བྱ་བ་འདི་ལ་མི་འགྲུབ་པ་ཅི་ཞིག་ཡོད། འདིར་དེ་ཉིད་བརྗོད་པར་བྱ་དགོས་ཏེ། གལ་ཏེ་ཇི་ལྟར་ད་ལྟར་གྱི་རྫས་སུ་ཡོད་པ་དེ་བཞིན་དུ། འདས་པ་དང་མ་འོངས་པ་ལ་ཡང་ཡོད་ན་ནི། དེ་བཞིན་དུ། ཡོད་
ན་ཅིའི་ཕྱིར་མ་སྐྱེས་ཤིག །ཆོས་དེའི་རང་གི་ངོ་བོ་ཁོ་ནར་ཡོད་ན་ནི་ཇི་ལྟར་ན་མ་སྐྱེས་པ་ཞེས་བྱ་བའམ། ཞིག་པ་ཞེས་བྱ་བ་འདི་འགྲུབ་པར་འགྱུར། གང་ཞིག་མེད་པས་མ་སྐྱེས་པ་ཞེས་བྱ་བ་ནི་སྔོན་ཅི་ཞིག་མ་བྱུང་བར་འགྱུར། གང་ཞིག་མེད་པས་ཞིག་པ་ཞེས་བྱ་བ་ཡང་ཕྱིས་
ཅི་ཞིག་མེད་དེ། དེ་ལྟ་བས་ན་གལ་ཏེ་མ་བྱུང་བ་ལས་བྱུང་བ་དང་། བྱུང་ནས་ཀྱང་ཡང་མི་འབྱུང་བར་མི་འདོད་ཕན་ཆད་དུས་གསུམ་རྣམ་པ་ཐམས་ཅད་དུ་མི་འགྲུབ་བོ། །གང་ཡང་འདུ་བྱེད་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་རྟག་པ་ཉིད་དུ་ཐལ་བར་མི་འགྱུར་རོ་ཞེས་སྨྲས་པ་དེ་
ཡང་སྐྱེ་བ་དང་། འཇིག་པ་དག་མི་རུང་བའི་ཕྱིར་ཚིག་ཙམ་སྟེ། ཆོས་དེ་རྟག་པ་ཡང་ཡོད་ལ་མི་རྟག་པ་ཡང་ཡིན་ནོ་ཞེས་བྱ་བའི་ཚིག་གི་ལུགས་འདི་ནི་སྔོན་མ་བྱུང་བ་ཡིན་ནོ། །ཡང་སྨྲས་པ། རང་བཞིན་ཡང་ནི་རྟག་ཏུ་ཡོད། །དངོས་པོ་ཡང་ནི་རྟག་མི་འདོད། །རང་བཞིན་
ལས་ཀྱང་དངོས་མི་གཞན། །དབང་ཕྱུག་ཐ་སྙད་ཡིན་པར་གསལ། །གང་ཡང་གསུངས་ཕྱིར་ཞེས་སྨྲས་པ། །ཁོ་བོ་ཅག་ཀྱང་འདས་པ་དང་མ་འོངས་པ་ཡོད་དོ་ཞེས་སྨྲས་ཏེ། སྔོན་བྱུང་བ་གང་ཡིན་པ་དེ་ནི་འདས་པ་ཡིན་ལ། རྐྱེན་ཡོད་ན་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་
མ་འོངས་པ་ཡིན་ནོ་ཞེས་དེ་ལྟར་བྱས་ནས་ཡོད་དེ་ཞེས་བྱའི། རྫས་སུ་ནི་མ་ཡིན་ནོ། །ད་ལྟར་བཞིན་དུ་ཡོད་དོ་ཞེས་དེ་སྐད་དུ་ཟེར། གཞན་དུ་ན་ཇི་ལྟར་ཡོད། འདས་པ་དང་མ་འོངས་པའི་བདག་ཉིད་དུ་ཡོད་མོད། གལ་ཏེ་རྟག་ཏུ་ཡོད་ན་དེ་ཇི་ལྟར་འདས་པ་དང་མ་འོངས་པ་ཞེས་བྱ་བ་
དེ་ཉིད་ཉེ་བར་གནས་སོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་དགག་པའི་ཕྱིར་སྔོན་བྱུང་བའི་རྒྱུ་དང་། ཕྱིས་འབྱུང་བར་འགྱུར་བའི་འབྲས་བུ་སྔོན་བྱུང་བ་ཉིད་དང་འབྱུང་བར་འགྱུར་བ་ཉིད་དུ་ཤེས་པར་བྱ་བར་འདས་པ་ཡོད་དོ། །མ་འོངས་

པ་ཡོད་དོ་ཞེས་གསུངས་པར་ཟད་དོ། །ཡོད་ཅེས་བྱ་བའི་སྒྲ་ནི་ཚིག་གི་སྒྲ་ཡིན་པའི་ཕྱིར་ཏེ། དཔེར་ན་སྨྲ་བ་པོ་མར་མེ་སྔ་མ་མེད་པ་ཡོད་དོ། །ཕྱིས་མེད་པ་ཡོད་དོ་ཞེས་སྨྲས་པ་དང་། ཡང་དཔེར་ན་མར་མེ་དེ་ཤི་བ་ནི་ཡོད་མོད་ཀྱི་ཁོ་བོས་ནི་མ་བསད་དོ་ཞེས་འཛེར་བ་དེ་བཞིན་དུ་འདས་
པ་དང་། མ་འོངས་པ་ཡང་ཡོད་དོ་ཞེས་གསུངས་ཀྱི། དེ་ལྟ་མ་ཡིན་ན་འདས་པ་དང་མ་འོངས་པ་མི་འགྲུབ་པ་ཁོ་ནར་འགྱུར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཀུན་དུ་རྒྱུ་དབྱུག་ཐོགས་ཐོར་ཚུགས་ཅན་རྣམས་ཀྱི་དབང་དུ་མཛད་ནས། ལས་འདས་པ་དང་། ཟད་པ་དང་། འགོག་པ་
དང་། བྲལ་བ་དང་། རྣམ་པར་གྱུར་པ་གང་ཡིན་པ་དེ་ནི་ཡོད་དོ་ཞེས་གང་གསུངས་པ་ཇི་ལྟ་བུ། ཅི་དེ་དག་ལས་དེ་སྔོན་བྱུང་བ་ཉིད་དུ་མི་འདོད་པར་གྱུར་ཏམ། དེ་ལས་ནི་རྒྱུད་དེ་ལས་དེས་ཀུན་དུ་དྲངས་པར་འབྲས་བུ་བསྐྱེད་པའི་མཐུ་ཡོད་པ་ལས་དགོངས་ཏེ་གསུངས་པ་ཡིན་ནོ། །དེ་ལྟ་
མ་ཡིན་ཏེ། རང་གི་ངོ་བོ་ཁོ་ནར་ཡོད་ན་འདས་པ་འགྲུབ་པར་མི་འགྱུར་རོ། །དེ་ནི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས། མིག་ནི་སྐྱེ་བ་ན་ཡང་གང་ནས་ཀྱང་མི་འོང་ལ། འགག་པ་ན་ཡང་
གང་དུ་ཡང་སོགས་པར་མི་འགྱུར་རོ། །དེ་ལྟ་བས་ན་དགེ་སློང་དག་མིག་ནི་མ་བྱུང་བ་ལས་འབྱུང་ཞིང་བྱུང་ནས་ཀྱང་སླར་འཇིག་པར་འགྱུར་རོ་ཞེས་གསུངས་ཏེ། གལ་ཏེ་མ་འོངས་པའི་མིག་ཅིག་ཡོད་པར་གྱུར་ན་མ་བྱུང་བ་ལས་འབྱུང་ངོ་ཞེས་གསུངས་པར་མི་འགྱུར་རོ། །
གལ་ཏེ་ད་ལྟར་གྱི་དུས་སུ་མ་བྱུང་བ་ལས་འབྱུང་ངོ་ཞེ་ན་མི་རུང་སྟེ། དུས་ནི་དངོས་པོ་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །འོན་ཏེ་རང་གི་མཚན་ཉིད་དུ་མ་བྱུང་བ་ལས་འབྱུང་ངོ་ཞེ་ན་ནི་མ་འོངས་པའི་མིག་མེད་དོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གང་ཡང་རྣམ་པར་ཤེས་
པ་ནི་གཉིས་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ་ཞེས་སྨྲས་པ་ནི་རེ་ཞིག་འདིར་ཡིད་དང་ཆོས་རྣམས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ཇི་ལྟར་ཡིད་སྐྱེད་པར་བྱེད་པའི་རྐྱེན་ཡིན་པ་དེ་ལྟར་ཆོས་རྣམས་ཀྱང་དེ་དང་འདྲའམ། འོན་ཏེ་ཆོས་རྣམས་དམིགས་པ་ཙམ་

ཞིག་ཡིན་ཞེས་བྱ་བ་འདི་དཔྱད་པར་བྱ་སྟེ། རེ་ཞིག་གལ་ཏེ་ཆོས་རྣམས་སྐྱེད་པར་བྱེད་པའི་རྐྱེན་ཡིན་ནོ་ཞེ་ན་ནི་ཇི་ལྟར་ན་མ་འོངས་པ་བསྐལ་པ་སྟོང་ན་འབྱུང་བར་འགྱུར་བའམ། ཡང་ན་མི་འབྱུང་བ་གང་ཡིན་པ་དེ་ད་ལྟར་གྱི་རྣམ་པར་ཤེས་པ་བསྐྱེད་པར་འགྱུར། མྱ་
ངན་ལས་འདས་པ་ཡང་འཇུག་པ་ཐམས་ཅད་དང་འགལ་བའི་ཕྱིར་སྐྱེད་པར་བྱེད་པ་ཡིན་པར་མི་འཐད་དོ། །འོན་ཏེ་ཆོས་རྣམས་དམིགས་པ་ཙམ་ཞིག་ཡིན་ནོ་ཞེ་ན་ནི་འདས་པ་དང་མ་འོངས་པ་ཡང་དམིགས་པ་ཡིན་ནོ་ཞེས་སྨྲའོ། །གལ་ཏེ་མེད་པ་ཇི་ལྟར་དམིགས་པ་ཡིན་ན་ཞེ། ད་ནི་འདིར་
དེ་ཇི་ལྟར་ན་དམིགས་པ་ཡིན་པ་དེ་ལྟར་ཡོད་དོ་ཞེས་སྨྲའོ། །དེའི་ཇི་ལྟར་ན་དམིགས་པ་ཡིན་ཞེ་ན། བྱུང་བར་གྱུར་པ་དང་། འབྱུང་བར་འགྱུར་རོ་ཞེས་བྱ་བ་སྟེ། འདས་པའི་གཟུགས་སམ། ཚོར་བ་དྲན་པ་ན་ཡོད་དོ་ཞེས་བྱ་བར་ནི་སུ་ཡང་མི་ལྟའོ། །འོ་ན་ཅི་ཞེ་ན། བྱུང་བར་གྱུར་
ཏོ་ཞེས་བྱ་བར་ལྟའོ། །ཡང་ཇི་ལྟར་ད་ལྟར་གྱི་གཟུགས་ཉམས་སུ་མྱོང་བ་དེ་ལྟར་འདས་པ་ཡང་དྲན་ནོ། །མ་འོངས་པ་ཇི་ལྟར་ད་ལྟར་དུ་འགྱུར་བ་དེ་ལྟ་བུ་ནི་སངས་རྒྱས་རྣམས་ཀྱིས་མཁྱེན་ཏོ། །གལ་ཏེ་ཡང་དེ་དེ་བཞིན་དུ་ཡོད་དོ་ཞེ་ན་ནི་ད་ལྟར་དུ་འགྱུར་རོ། །འོན་ཏེ་མེད་དོ་ཞེ་ན་ནི་མེད་
པ་ཡང་དམིགས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ཉིད་སིལ་བུ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སིལ་བུ་ལ་མི་འཛིན་པའི་ཕྱིར་རོ། །གལ་ཏེ་ཡང་དེ་ནི་གཟུགས་དེ་ཁོ་ན་ཡིན་ཏེ། རྡུལ་ཕྲ་རབ་ཏུ་གྱེས་པ་འབའ་ཞིག་ཏུ་ཟད་དོ་ཞེ་ན། དེ་ལྟ་ན་ནི་རྡུལ་ཕྲ་རབ་རྣམས་རྟག་པར་འགྱུར་
ཏེ། དེ་ལྟ་ན་རྡུལ་ཕྲ་རབ་བསགས་པ་དང་གྱེས་པ་ཙམ་དུ་འགྱུར་གྱི་ཅུང་ཟད་ཀྱང་སྐྱེ་བ་ཡང་མེད་ལ་འགག་པ་ཡང་མེད་པས་འཚོ་བྱེད་ཀྱི་རྩོད་པ་བླངས་པ་ཡིན་ནོ། །མིག་ནི་ནམ་སྐྱེ་བ་ན་ཡང་གང་ནས་ཀྱང་མི་འོང་ཞེས་རྒྱས་པར་གསུངས་པའི་མདོ་ཡང་བོར་བར་འགྱུར་རོ། །ཚོར་
བ་ལ་སོགས་པ་རྡུལ་ཕྲ་རབ་བསགས་པ་མ་ཡིན་པ་རྣམས་ཀྱང་ཇི་ལྟར་ན་སིལ་བུ་ཉིད་ཡིན། དེ་དག་ཀྱང་ཇི་ལྟར་བྱུང་ཞིང་ཉམས་སུ་མྱོང་བ་དྲན་ཏེ། གལ་ཏེ་ཡང་དེ་དག་དེ་བཞིན་དུ་ཡོད་དོ་ཞེ་ན་ནི་རྟག་པར་འགྱུར་རོ། །འོན་ཏེ་མེད་དོ་ཞེ་ན་ནི། མེད་པ་ཡང་དམིགས་པ་ཡིན་ནོ་ཞེས་བྱ་

བར་གྲུབ་པ་ཡིན་ནོ། །གལ་ཏེ་མེད་པ་ཡང་དམིགས་པ་ཡིན་ན་སྐྱེ་མཆེད་བཅུ་གསུམ་པ་ཡང་དམིགས་པ་ཡིན་པར་འགྱུར་རོ། །འོ་ན་སྐྱེ་མཆེད་བཅུ་གསུམ་པ་མེད་དོ་སྙམ་པའི་རྣམ་པར་ཤེས་པ་འདིའི་དམིགས་པ་ཅི་ཞིག་ཡིན། མིང་དེ་ཉིད་དམིགས་པ་ཡིན་ནོ། །དེ་ལྟ་ནི་འོ་ན་
མིང་དེ་ཉིད་མེད་དོ་ཞེས་བྱ་བར་རྟོགས་པར་འགྱུར་རོ། །གང་ཞིག་སྒྲའི་སྔ་ན་མེད་པ་ལ་དམིགས་པ་དེའི་དམིགས་པ་ཡང་ཅི་ཞིག་ཡིན། སྒྲ་ཁོ་ན་ཡིན་ནོ། །དེ་ལྟ་ན་ནི་འོ་ན་གང་ཞིག་སྒྲ་མེད་པ་དོན་དུ་གཉེར་བ་དེ་ལ་སྒྲ་དབྱུང་དགོས་པ་ཁོ་ནར་འགྱུར་རོ། །གལ་ཏེ་མ་འོངས་པའི་
གནས་སྐབས་ཡིན་ནོ་ཞེ་ན་ནི་ཡོད་ན་ཇི་ལྟར་ན་མེད་པའི་བློར་འགྱུར། གལ་ཏེ་ད་ལྟར་མེད་པ་ཡིན་ནོ་ཞེ་ན་ནི་མ་ཡིན་ཏེ། གཅིག་པའི་ཕྱིར་རོ། །ཡང་ན་དེའི་བྱེ་བྲག་གང་ཡིན་པ་དེ་མ་བྱུང་བ་ལས་འབྱུང་བར་འགྲུབ་སྟེ། དེ་ལྟ་བས་ན་རྣམ་པར་ཤེས་པའི་དམིགས་པ་ནི་ཡོད་པ་
དང་མེད་པ་དེ་གཉི་ག་ཡིན་ནོ། །འོ་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་ན་མེད་པ་གང་ཡིན་པ་དེ་དག་གིས་ཤེས་པའམ་མཐོང་བ་འདི་ནི་གནས་མེད་དོ་ཞེས་གང་སྨྲས་པ་དེ་ཇི་ལྟ་བུ། འདིར་བསམ་པ་ནི་མངོན་པའི་ང་རྒྱལ་ཅན་གཞན་དག་སྣང་བ་མེད་བཞིན་དུ་ཡོད་པར་ལྟའི་བདག་ནི་
ཡོད་པ་ཁོ་ན་ལ་ཡོད་དོ་ཞེས་བྱ་བར་ལྟའོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། བློ་ཐམས་ཅད་ཀྱི་དམིགས་པ་ཡོད་པ་ཉིད་ཡིན་ན་འདི་རྟོག་པར་ཡང་ག་ལ་འགྱུར། ཡང་ན་ཁྱད་པར་ཡང་ཅི་ཞིག་ཡོད། དེ་ནི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་
བཅོམ་ལྡན་འདས་ཀྱིས་གཞན་དུ་ངའི་ཉན་ཐོས་ཀྱི་དགེ་སློང་ཚུར་ཤོག་ཅེས་བྱ་བ་ནས་དེ་ངས་ནང་གཏམས་ན་ནུབ་ཁྱད་པར་དུ་འགྲོ། ནུབ་གཏམས་ན་ནང་ཁྱད་པར་དུ་འགྲོ་སྟེ། ཡོད་པ་ལ་ཡོད་པར་ཤེས་ལ། མེད་པ་ལ་ཡང་མེད་པར་ཤེས་སོ། །བླ་ན་ཡོད་པ་ལ་ཡང་བླ་ན་ཡོད་པར་
ཤེས་ལ། བླ་ན་མེད་པ་ལ་ཡང་བླ་ན་མེད་པར་ཤེས་སོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་ལྟ་བས་ན་རྣམ་པར་ཤེས་པ་ནི་ཡོད་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཡང་གཏན་ཚིགས་སུ་མི་རུང་ངོ་། །གང་ཡང་འབྲས་ཕྱིར་ཞེས་སྨྲས་པ། མདོ་སྡེ་པ་རྣམས་ནི་ལས་དང་འདས་པ་ལས་

འབྲས་བུ་འབྱུང་བར་མི་བརྗོད་པ་ཁོ་ནའོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་སྔོན་དུ་འགྲོ་བའི་རྒྱུད་ཀྱི་ཁྱད་པར་ལས་ཏེ། བདག་ཏུ་སྨྲ་བ་དགག་པ་ནས་བཤད་པར་བྱའོ། །གང་གི་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པ་དེའི་འབྲས་བུ་རྟག་ཏུ་ཡོད་པ་ཁོ་ན་བས་དེ་ལ་
ལས་ཀྱི་ནུས་པ་ཅི་ཞིག་ཡོད། བསྐྱེད་པར་ནུས་སོ། །འོ་ན་ནི་སྐྱེ་བ་མ་བྱུང་བ་ལས་དང་འབྱུང་བ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ཡང་ཐམས་ཅད་ཡོད་པ་ཁོ་ན་ཡིན་ན་ད་ནི་གང་ལ་གང་ཞིག་འདུས་ཏེ། དེ་ལྟ་ན་ལོ་རྩིས་པ་རྣམས་ཀྱི་རྩོད་པ་སྐད་དུ་གང་ཡོད་པ་དེ་ནི་ཡོད་པ་ཁོ་ནའོ། །གང་མེད་པ་དེ་
ནི་མེད་པ་ཁོ་ནའོ། །མེད་པ་ལ་ནི་སྐྱེ་བ་ཡང་མེད་དོ། །ཡོད་པ་ལ་ནི་འཇིག་པ་ཡང་མེད་དོ་ཞེས་བརྗོད་པ་ཡིན་ནོ། །འོ་ན་ད་ལྟར་དུ་བྱེད་པ་ནུས་པ་ཡིན་ནོ། །ད་ལྟར་དུ་བྱེད་པ་ཞེས་བྱ་བ་འདི་ཅི་ཡིན། གལ་ཏེ་ཡུལ་གཞན་དུ་འདྲེན་པ་ཡིན་ནོ་ཞེ་ན་ནི་རྟག་པར་ཐལ་བར་འགྱུར་རོ། །
གཟུགས་ཅན་མ་ཡིན་པ་རྣམས་ལ་ཡང་དེ་ཇི་ལྟ་བུ། དེ་འདྲེན་པ་གང་ཡིན་པ་དེ་ཡང་མ་བྱུང་བ་ལས་བྱུང་བ་ཡིན་ནོ། །གལ་ཏེ་རང་གི་ངོ་བོའི་ཁྱད་པར་ཞིག་ཡིན་ནོ་ཞེ་ན་ནི་མ་བྱུང་བ་ལས་འབྱུང་བ་གྲུབ་པ་ཡིན་ནོ། །དེ་ལྟ་བས་ན་འདི་སྐད་དུ། གང་འདས་པ་དང་མ་འོངས་པའི་རྫས་སུ་ཡོད་
པར་སྨྲ་བའི་ཐམས་ཅད་ཡོད་པར་སྨྲ་བ་ནི་བསྟན་པ་ལ་ལེགས་པ་མ་ཡིན་གྱི། ཇི་སྐད་དུ་མདོ་ལས་ཐམས་ཅད་ཡོད་དོ་ཞེས་གསུངས་པ་དེ་བཞིན་དུ་སྨྲ་བ་དེ་དག་ནི་ལེགས་པ་ཡིན་ནོ། །མདོ་ལས་ཇི་ལྟ་བུ་ཐམས་ཅད་ཡོད་ཅེས་གསུངས་ཤེ་ན། ཐམས་ཅད་ཡོད་ཅེས་བྱ་བ་ནི་བྲམ་ཟེ་སྐྱེ་
མཆེད་བཅུ་གཉིས་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་སོ། །ཡང་ན་དུས་གསུམ་སྟེ། དེ་ཇི་ལྟར་ཡོད་པ་དེ་བཞིན་དུ་ནི་བཤད་ཟིན་ཏོ། །ཡང་འདས་པ་དང་མ་འོངས་པ་དག་མེད་ན་ཇི་ལྟར་ན་དེས་སམ། དེར་ལྡན་པ་ཡིན་ཞེ་ན། དེ་ལས་སྐྱེས་པ། དེའི་རྒྱུའི་ཕྲ་རྒྱས་ཡོད་པའི་
ཕྱིར་ཉོན་མོངས་པ་དེས་ལྡན་ལ། དེ་ལ་དམིགས་པའི་ཉོན་མོངས་པའི་ཕྲ་རྒྱས་ཡོད་པས་དངོས་པོ་དང་ལྡན་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདས་པ་དང་མ་འོངས་པ་ནི་ཡོད་པ་ཁོ་ན་ཡིན་ནོ། །གང་ཞིག་དྲང་བར་མི་ནུས་པ་དེ་ལ་ནི་འདི་ལྟར། ཆོས་ཉིད་དག་ནི་ཟབ་པ་ཡིན། །

དེ་གདོན་མི་ཟ་བར་རྟོགས་པས་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ་ཞེས་ཟེར་རོ། །གང་སྐྱེས་པ་དེ་འགག་པའི་རྣམ་གྲངས་ཀྱང་ཡོད་དེ། གཟུགས་སྐྱེ་ལ་གཟུགས་འགག་གོ། །གཞན་སྐྱེ་ལ་གཞན་འགག་པའི་རྣམ་གྲངས་ཀྱང་ཡོད་དེ། མ་འོངས་པ་སྐྱེ་ལ་ད་ལྟར་འགག་
གོ། །དུས་ཀྱང་སྐྱེ་སྟེ། སྐྱེ་བ་དུས་ཀྱིས་བསྡུས་པའི་ཕྱིར་རོ། །དུས་ལས་ཀྱང་སྐྱེ་སྟེ། མ་འོངས་པའི་དུས་སྐད་ཅིག་མ་དུ་མ་ཡིན་པའི་ཕྱིར་རོ། །ཞར་ལ་འོངས་པ་འདི་རྫོགས་སོ།། །།ད་ནི་དངོས་པོ་གང་ཞིག་སྤངས་ན་དེ་དངོས་པོ་དེ་དང་བྲལ་བ་ཡིན་ནམ། གང་དང་བྲལ་ན་དེས་དངོས་
པོ་དེ་སྤངས་པ་ཡིན་ཞེས་བྱ་བ་འདི་དཔྱད་པར་བྱ་སྟེ། རེ་ཞིག་གང་དང་བྲལ་ན་དེས་དངོས་པོ་དེ་སྤངས་པ་ཡིན་ནོ། །སྤངས་ལ་དེ་དང་མ་བྲལ་བ་ཡང་ཡོད་དེ། འདི་ལྟ་སྟེ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །དང་པོའི་རྣམ་པ་སྤངས་ཀྱང་
དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །སྡུག་བསྔལ་ཤེས་པ་ནི་སྐྱེས་ལ། །ཀུན་འབྱུང་ཤེས་པ་ནི་མ་སྐྱེས་པའི་ཚེ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་སྤངས་པ་ཡིན་ནོ། །དེ་སྤངས་ཀྱང་དེ་ལ་དམིགས་པ་ཀུན་དུ་འགྲོ་བ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རྣམས་ཀྱིས་
ལྡན་ནོ། །བསྒོམ་པས་སྤང་བར་བྱ་བའི་རིས་ལ་ཡང་རྣམ་པ་དགུ་ལས་དང་པོའི་རྣམ་པ་སྤངས་ན་དེ་སྤངས་ཀྱང་དེ་ལ་དམིགས་པའི་ཉོན་མོངས་པ་ལྷག་མ་རྣམས་ཀྱིས་ལྷག་པར་རིག་པར་བྱའོ། །དངོས་པོ་གང་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བའི་ཚིག་འདི་རེ་རེ་ནས་བཤད་ན་ནི་བརྗོད་པར་
བྱ་བ་མང་པོར་འགྱུར་ཏེ། དེ་ལྟ་བས་ན་ཅི་ནས་ཀྱང་འབད་པ་ཆུང་ངུ་ཆུང་ངུས་འདྲི་བའི་ཚོགས་མང་པོ་གོ་བར་འགྱུར་བར་བསྡུས་ཏེ་རྣམ་པར་འཆད་པར་བྱེད་དོ། །མདོར་བསྡུ་ན་ཆོས་ནི་བཅུ་དྲུག་པོ་འདི་ལྟ་སྟེ། འདོད་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམ་པ་ལྔ་ལྔ་དང་། ཟག་
པ་མེད་པའོ། །སེམས་ཀྱང་བཅུ་དྲུག་སྟེ། དེ་དག་ཉིད་དོ། །དེ་ལ་ཆོས་གང་ཞིག་སེམས་གང་གི་དམིགས་པ་ཡིན་པ་ཤེས་པར་བྱས་ནས་འདི་ལ་ནི་ཕྲ་རྒྱས་འདི་དེ་སྙེད་ཅིག་རྒྱས་པར་འགྱུར་རོ་ཞེས་བྱ་བ་འདི་ནི་རྟག་པར་བྱའོ། །དེ་ལ་རེ་ཞིག །སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། །སྤང་བྱ་

འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་གཅིག །དྲི་མེད་རྣམ་ཤེས་སྤྱོད་ཡུལ་ལོ། །དེ་དག་ནི་རང་གི་ཡང་ཡིན་ལ་གསུམ་ཡང་ཡིན་པས་རང་གི་གསུམ་མོ། །དེ་ནི་གཅིག་ཀྱང་ཡིན་ལ་གཟུགས་སུ་གཏོགས་པ་ཡང་ཡིན་པས་གཟུགས་
གཏོགས་གཅིག་སྟེ། དེ་ནི་ཚིག་རྣམ་པར་སྦྱར་བའི་རྣམ་པ་ཡིན་ནོ། །རེ་ཞིག་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཆོས་འདོད་པ་ན་སྤྱོད་པ་རྣམས་ནི་སེམས་ལྔའི་དམིགས་པ་ཡིན་ཏེ། རང་གི་ཁམས་པ་གསུམ་སྟེ། དེ་དག་ཉིད་
དང་། གཟུགས་ན་སྤྱོད་པ་གཅིག་སྟེ། བསྒོམ་པས་སྤང་བར་བྱ་བ་ཁོ་ན་དང་། ཟག་པ་མེད་པའི་དམིགས་པ་ཡིན་ནོ། །གཟུགས་ཁམས་ལས་སྐྱེས་རང་གི་དང་། །འོག་གསུམ་གོང་གཅིག་དྲི་མེད་ཀྱི། །ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་གཟུགས་ན་སྤྱོད་པ་ནི་སེམས་བརྒྱད་ཀྱི་
དམིགས་པ་ཡིན་ཏེ། རང་གི་ཁམས་པ་གསུམ་སྟེ། དེ་དག་ཉིད་དང་། ཁམས་འོག་མ་པ་གསུམ་སྟེ། དེ་དག་ཉིད་དང་། ཁམས་གོང་མ་པ་གཅིག་སྟེ། བསྒོམ་པས་སྤང་བར་བྱ་བ་ཁོ་ན་དང་། ཟག་པ་མེད་པའི་དམིགས་པ་ཡིན་ནོ། །གཟུགས་མེད་ལས་སྐྱེས་ཁམས་གསུམ་
གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་གཟུགས་མེད་པ་ན་སྤྱོད་པའི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་པ་རྣམ་པ་གསུམ་གསུམ་སྟེ། དེ་དག་ཉིད་དང་། ཟག་པ་མེད་པའི་དམིགས་པ་ཡིན་ནོ། །སྡུག་བསྔལ་དང་
ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཆོས་ཁམས་གསུམ་པ་དག་བཤད་ཟིན་ཏོ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ཀྱི་རང་གི་སེམས་ནི་འགོག་
པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། ཆོས་དེ་དག་ནི་དེས་གླགས་པའི་སྤྱོད་ཡུལ་ཡིན་པར་ཤེས་པར་བྱ་སྟེ། ཇི་ལྟར་བྱས་པས་ཤེ་ན། འགོག་པ་མཐོང་བས་སྤང་བར་བྱ་བའི་ཆོས་འདོད་པ་ན་སྤྱོད་པ་རྣམས་ནི་རྣམ་པར་ཤེས་པ་དྲུག་གི་དམིགས་པ་ཡིན་ཏེ། སྔར་བཤད་པ་

ལྔ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་གླགས་པ་དེ་ཉིད་ཀྱི་དམིགས་པ་ཡིན་ནོ། །ལམ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་དང་འདྲ་སྟེ། སྔར་བཤད་པ་ལྔ་དང་། ལམ་མཐོང་བས་སྤང་བར་བྱ་བ་གླགས་པ་དེ་ཉིད་ཀྱི་དམིགས་པ་ཡིན་ཏེ། དེ་བཞིན་དུ་འགོག་པ་དང་། ལམ་
མཐོང་བས་སྤང་བར་བྱ་བ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་སེམས་གླགས་པ་དེའི་དམིགས་པ་ཡིན་པས་སེམས་དགུ་དང་། བཅུ་གཅིག་གི་དམིགས་པ་ཡིན་ནོ། །ཁམས་གསུམ་པའི་ཆོས་རྣམ་པ་ལྔ་བཤད་ཟིན་
ཏོ། །ཟག་མེད་ཁམས་གསུམ་མཐའ་གསུམ་དང་། །ཟག་པ་མེད་པའི་སྤྱོད་ཡུལ་ལོ། །ཆོས་ཟག་པ་མེད་པ་རྣམས་ནི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་པའི་ཐ་མ་གསུམ་སྟེ། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དང་། ཟག་པ་མེད་པའི་
དམིགས་པ་ཡིན་ནོ། །ཡང་དོན་དེ་ཉིད་ཚིགས་སུ་བཅད་པ་ཕྱེད་པ་དང་གཉིས་ཀྱིས་བསྡུས་པ་ཡིན་ཏེ། ཁམས་གསུམ་སྡུག་བསྔལ་རྒྱུ་མཐོང་དང་། །བསྒོམ་པས་སྤང་བྱ་ཟག་པ་མེད། །རྣམ་ཤེས་ལྔ་བརྒྱད་བཅུ་དང་ནི། །རྣམ་ཤེས་བཅུ་ཡི་སྤྱོད་ཡུལ་ཏེ། །འགོག་དང་ལམ་
མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །དེ་ལྟར་སེམས་བཅུ་དྲུག་པོ་དེ་དག་གི་དམིགས་པར་ཆོས་བཅུ་དྲུག་པོ་རྣམ་པར་གཞག་པར་རིག་ནས། ཇི་ལྟར་ན་ཕྲ་རྒྱས་ཀྱི་དགོས་པ་ཡིན་པ་སྦྱར་བར་བྱ་སྟེ། ཕྱོགས་ཙམ་ཞིག་བསྟན་པར་བྱ་སྟེ། བདེ་བའི་
དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བའི་དྲི་བ་འོངས་པ་ལ་དཔྱད་པར་བྱ་སྟེ། བདེ་བའི་དབང་པོ་ནི་རྣམ་པ་བདུན་ཏེ། འདོད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་དང་། གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང་། ཟག་པ་མེད་
པའོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པར་ཤེས་པ་རྣམ་པ་བཅུ་གཉིས་ཀྱི་དམིགས་པ་ཡིན་ཏེ། འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་འདོད་པ་ན་སྤྱོད་པ་རྣམ་པ་བཞི་དང་། གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང་། གཟུགས་མེད་པ་ན་སྤྱོད་པ་རྣམ་པ་གཉིས་ཏེ།

ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དང་། ཟག་པ་མེད་པའི་དམིགས་པ་ཡིན་ཏེ། རྣམ་པ་བཅུ་གཉིས་པོ་འདི་ནི་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་ཅི་རིགས་པར་ཕྲ་རྒྱས་འདོད་པ་ན་སྤྱོད་པ་རིས་བཞི་དང་། གཟུགས་
ན་སྤྱོད་པ་འདུས་བྱས་ལ་དམིགས་པ་རྣམས་དང་། གཟུགས་མེད་པ་ན་སྤྱོད་པ་རིས་གཉིས་དང་། ཀུན་དུ་འགྲོ་བ་རྣམས་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེ་ན། བདེ་བའི་དབང་པོ་ལ་
དམིགས་པའི་རྣམ་པར་ཤེས་པ་རྣམ་པ་བཅུ་གཉིས་པོ་དེ་ནི་རྣམ་པར་ཤེས་པ་གང་གི་དམིགས་པ་ཡིན་ཞེ་ན། རྣམ་པ་བཅུ་གཉིས་པོ་དེ་ཉིད་དང་། ཡང་གཟུགས་མེད་པ་ན་སྤྱོད་པ་རྣམ་པ་གཉིས་ཏེ། སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཡིན་ཏེ།
རྣམ་པ་བཅུ་བཞི་པོ་འདི་ནི་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་བསྐྱེད་ནས་འདོད་པ་ན་སྤྱོད་པ་དང་གཟུགས་མེད་པ་ན་སྤྱོད་པ་རིས་བཞི་བཞི་དང་། གཟུགས་
ན་སྤྱོད་པ་འདུས་བྱས་ལ་དམིགས་པ་རྣམས་རྒྱས་པར་འགྱུར་རོ་ཞེས་བྱ་བར་ཤེས་པར་བྱ་སྟེ། ལམ་འདིས་གཞན་ཡང་ཁོང་དུ་ཆུད་པར་བྱ་སྟེ། ཕྲ་རྒྱས་གང་དག་གི་སེམས་ཕྲ་རྒྱས་དང་བཅས་པའི་ཕྲ་རྒྱས་དེ་དག་སེམས་དེ་ལ་རྒྱས་པར་འགྱུར་རམ་ཞེ་ན། རྒྱས་པར་འགྱུར་བ་
དག་ཀྱང་ཡོད་དེ། སེམས་དེ་དང་མཚུངས་པར་ལྡན་པ་ཡང་མ་སྤངས་ལ་དེ་ལ་དམིགས་པ་ཡང་མ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ། །རྒྱས་པར་མི་འགྱུར་བ་དག་ཀྱང་ཡོད་དེ། སེམས་དེ་དང་མཚུངས་པར་ལྡན་པ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ། །དེ་ལྟར་བྱས་ན། ཉོན་
མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཡིན་ལ། ཉོན་མོངས་ཅན་མིན་རྒྱས་འགྱུར་གྱི། །སེམས་ཉོན་མོངས་པ་ཅན་ནི་དེ་དང་མཚུངས་པར་ལྡན་པ་དང་། དེ་ལ་དམིགས་པ་མ་སྤངས་པར་བྱ་བའི་ཕྲ་རྒྱས་རྒྱས་པར་འགྱུར་བ་རྣམས་དང་། དེ་དང་མཚུངས་པར་ལྡན་པ་སྤངས་པ་

རྒྱས་པར་མི་འགྱུར་བ་རྣམས་ཀྱི་ཕྲ་རྒྱས་དང་བཅས་པ་ཡིན་ཏེ། དེ་དང་ལྷན་ཅིག་པའི་ཕྱིར་རོ། །སེམས་ཉོན་མོངས་པ་ཅན་མ་ཡིན་པ་ནི་དེ་ལ་དམིགས་པ་མ་སྤངས་པ་རྒྱས་པར་འགྱུར་བ་དག་ཁོ་ནས་ཕྲ་རྒྱས་དང་བཅས་པ་ཡིན་ནོ། །ཡང་ཕྲ་རྒྱས་བཅུ་པོ་འདི་དག་ཇི་ལྟར་འཇུག་པར་འགྱུར་
ཞེ་ན། རེ་ཞིག་དང་པོ་ཁོ་ནར་མ་རིག་པ་དང་ལྡན་པ་ལས་བདེན་པ་རྣམས་ལ་ཀུན་དུ་རྨོངས་པར་འགྱུར་ཏེ། དེ་སྡུག་བསྔལ་ནས་ལམ་གྱི་བར་དུ་མི་འདོད་དོ། །དེའི་འོག་ཏུ། རྨོངས་ལས་ཐེ་ཚོམ། ཐེ་ཚོམ་རྨོངས་པར་གྱུར་པ་ཕྱོགས་གཉིས་ཐོས་ནས་འདི་སྡུག་བསྔལ་ཡིན་ནམ། འདི་
སྡུག་བསྔལ་མ་ཡིན་སྙམ་པ་དེ་ལྟ་བུ་ལ་སོགས་པའི་ཐེ་ཚོམ་སྐྱེ་བར་འགྱུར་རོ། །དེ་ནས་ནི་ལོག་ལྟ། ཐེ་ཚོམ་ལས་ལོག་པའི་ལྟ་བ་འཇུག་སྟེ། ཐེ་ཚོམ་སྐྱེས་པ་ལོག་པར་ཐོས་པ་དང་། བསམས་པ་ལས་སྡུག་བསྔལ་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལོག་པར་ངེས་པ་སྐྱེ་
བའི་ཕྱིར་རོ། །དེ་ནས་འཇིག་ཚོགས་ལྟ། ལོག་པར་ལྟ་བ་ལ་འཇིག་ཚོགས་ལ་ལྟ་བ་འཇུག་སྟེ། སྡུག་བསྔལ་ལས་ཕུང་པོ་བསལ་ནས་བདག་ཏུ་མངོན་པར་ཞེན་པའི་ཕྱིར་རོ་ཞེས་གྲག་གོ། །དེ་ནས་མཐར་འཛིན་འཇིག་ཚོགས་ལ་ལྟ་བ་ལས་མཐར་འཛིན་པར་ལྟ་བ་འཇུག་སྟེ།
བདག་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ། །དེ་ནས་ནི། ཚུལ་ཁྲིམས་མཆོག་འཛིན། མཐར་འཛིན་པ་ལས་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་འཇུག་སྟེ། གང་ཁོ་ན་ལ་མཐར་འཛིན་པ་དེས་དག་པར་ཡིད་ཆེས་པའི་ཕྱིར་རོ། །དེ་ནས་ལྟ། མཆོག་ཏུ་འཛིན་
ཅེས་བྱ་བར་སྦྱར་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལས་ལྟ་བ་མཆོག་ཏུ་འཛིན་པ་འཇུག་སྟེ། གང་གིས་དག་པར་ཡིད་ཆེས་པ་དེ་ལས་མཆོག་ཏུ་འཛིན་པའི་ཕྱིར་རོ། །དེ་ནས་ནི། རང་གི་ལྟ་ལ་ང་རྒྱལ་ཆགས། །དེ་ལ་ཆགས་པའི་ཕྱིར་དང་། དེས་ཁེངས་པར་
འགྱུར་བའི་ཕྱིར་རོ། །གཞན་ལ་ཞེ་སྡང་། རང་གི་ལྟ་བ་ལ་ལྷག་པར་ཞེན་པར་གྱུར་པ་དེའི་དགྲ་བོར་གྱུར་པ་གཞན་གྱི་ལྟ་བ་ལ་ཞེ་སྡང་འཇུག་གོ། །གཞན་དག་ནི་རང་གི་ལྟ་བ་བླངས་ནས་བོར་བ་གཞན་ལ་ཞེ་སྡང་བར་འདོད་དོ། །འདོད་ཆགས་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་

རྣམས་ཀྱི་དམིགས་པ་ནི་རང་གི་རྒྱུད་ལ་ཡོད་པའི་ལྟ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་རིམ། འདི་ནི་ཕྲ་རྒྱས་བཅུ་པོ་དེ་དག་གི་འཇུག་པའི་རིམ་པ་ཡིན་ནོ། །སྐྱེ་བ་ནི་རྒྱུ་གསུམ་གྱིས་སྐྱེ་སྟེ། ཕྲ་རྒྱས་སྤང་བ་མ་ཡིན་དང་། །ཡུལ་ནི་ཉེ་བར་གནས་པ་དང་། །ཚུལ་
བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་སྐྱེ་སྟེ། འདི་ལྟ་སྟེ་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཡིན། འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དང་། མཐུན་པའི་ཆོས་རྣམས་ཀྱང་སྣང་བར་འགྱུར་བ་ཡིན། དེ་ལ་ཡང་ཚུལ་བཞིན་
མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ཏེ། དེ་ལྟར་ན་འདོད་པའི་འདོད་ཆགས་སྐྱེ་བར་འགྱུར་རོ། །དེ་དག་ནི་གོ་རིམས་བཞིན་དུ་རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་དག་ཡིན་ཏེ། ཉོན་མོངས་པ་གཞན་ཡང་དེ་བཞིན་དུ་སྐྱེ་བར་རིག་པར་བྱའོ། །གང་ཞིག རྒྱུ་ནི་ཚངས་པ་ཡིན། རེས་འགའ་
ཡུལ་གྱི་སྟོབས་ཁོ་ན། །སྐྱེའི་རྒྱུའི་སྟོབས་ཀྱིས་མ་ཡིན་ཏེ། དཔེར་ན་དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ལྟ་བུའོ་ཞེས་གྲག་གོ། །ཡང་ཕྲ་རྒྱས་དེ་དག་ཉིད་བཅོམ་ལྡན་འདས་ཀྱིས་ཟག་པ་གསུམ་དུ་གསུངས་ཏེ། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་
རིག་པའི་ཟག་པའོ། །ཆུ་བོ་བཞི་སྟེ། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོའོ། །སྦྱོར་བ་བཞི་སྟེ། དེ་དག་ཉིད་དོ། །ཉེ་བར་ལེན་པ་བཞི་སྟེ། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་
པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །དེ་ལ་རེ་ཞིག །འདོད་ན་གཏི་མུག་མ་གཏོགས་པའི། །ཉོན་མོངས་ཀུན་ནས་དཀྲིས་བཅས་ཟག །མ་རིག་པ་རྣམས་མ་གཏོགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང་བཅས་པ་དང་ཟག་པ་མེད་པ་རྫས་བཞི་བཅུ་རྩ་
གཅིག་ནི་འདོད་པའི་ཟག་པ་ཡིན་པར་རིག་པར་བྱ་སྟེ། མ་རིག་པ་རྣམ་པ་ལྔ་མ་གཏོགས་པ་ཕྲ་རྒྱས་སུམ་ཅུ་རྩ་གཅིག་དང་ཀུན་ནས་དཀྲིས་པ་བཅུའོ། །གཟུགས་དང་གཟུགས་ནི་མེད་པ་ན། །ཕྲ་རྒྱས་ཁོ་ན་སྲིད་པའི་ཟག །མ་རིག་པ་མ་གཏོགས་པ་ཞེས་བྱ་བར་སྦྱར་ཏེ། མ་རིག་

པ་རྣམས་མ་གཏོགས་པར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་རྫས་ལྔ་བཅུ་རྩ་གཉིས་ནི་སྲིད་པའི་ཟག་པ་ཡིན་ཏེ། མ་རིག་པ་རྣམ་པ་ལྔ་མ་གཏོགས་པ་གཟུགས་ན་སྤྱོད་པའི་ཕྲ་རྒྱས་ཉི་ཤུ་རྩ་དྲུག་དང་། གཟུགས་མེད་པ་ན་སྤྱོད་པའི་ཉི་ཤུ་རྩ་དྲུག་གོ། །དེ་ན་ཡང་རྨུགས་
པ་དང་རྒོད་པ་དང་ཀུན་ནས་དཀྲིས་པ་གཉིས་ཡོད་པ་མ་ཡིན་ནམ། རབ་ཏུ་བྱེད་པ་དག་ལས་ཀྱང་། སྲིད་པའི་ཟག་པ་གང་ཞེ་ན། མ་རིག་པ་རྣམས་མ་གཏོགས་པ་དེ་ལས་གཞན་པ་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་
ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་གང་དག་ཡིན་པའོ་ཞེས་བཤད་ན་ཅིའི་ཕྱིར་འདིར་དེ་མ་སྨོས་ཤེ་ན། ཁ་ཆེ་བ་རྣམས་ན་རེ་རང་དབང་ཅན་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཅིའི་ཕྱིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་རྣམས་གཅིག་ཏུ་བསྡུས་ནས་སྲིད་པའི་ཟག་
པར་བཤད་ཅེ་ན། དེ་ལུང་མ་བསྟན་ཁ་ནང་བལྟས། །མཉམ་གཞག་པ་ཡི་ཕྱིར་གཅིག་བྱས། །དེ་གཉི་ག་ཡང་ལུང་དུ་མ་བསྟན་པ་དང་། ཁ་ནང་དུ་བལྟས་ཏེ་འཇུག་པ་དང་། མཉམ་པར་གཞག་པའི་ས་པ་དག་ཡིན་པའི་ཕྱིར་ཆོས་མཐུན་པ་རྣམ་པ་གསུམ་གྱིས་གཅིག་ཏུ་བྱས་
ཏེ། རྒྱུ་གང་གིས་སྲིད་པའི་འདོད་ཆགས་ཞེས་བཤད་པ་དེ་ཉིད་ཀྱི་སྲིད་པའི་ཟག་པ་ཞེས་བྱའོ། །ད་ནི་མ་རིག་པའི་ཁམས་གསུམ་པ་རྫས་བཅོ་ལྔ་ནི་མ་རིག་པའི་ཟག་པ་ཞེས་བྱ་བར་གྲུབ་བོ། །ཅིའི་ཕྱིར་འདི་ལོགས་ཤིག་ཏུ་རྣམ་པར་གཞག་ཅེ་ན། དེ་དག་ཐམས་ཅད་ཀྱི། རྩ་བ་
མ་རིག་ཡིན་པས་ན། །ལོགས་ཤིག་ཏུ་ནི་ཟག་པར་བསྟན། །ཟག་པ་དེ་དག་ཇི་སྐད་དུ་བཤད་པ་ལྟར། ཆུ་བོ་སྦྱོར་བའང་དེ་བཞིན་དུ་རིག་པར་བྱའོ། །ལྷ་རྣམས་གསལ་ཕྱིར་ལོགས་ཤིག་བསྟན། །ལྟ་བ་རྣམས་མ་གཏོགས་པ་འདོད་པའི་ཟག་པ་ཁོ་ནར་འདོད་པའི་ཆུ་བོ་དང་། འདོད་
པའི་སྦྱོར་བ་ཡིན་ལ། དེ་བཞིན་དུ་སྲིད་པའི་ཟག་པ་ཁོ་ན་སྲིད་པའི་ཆུ་བོ་དང་། སྲིད་པའི་སྦྱོར་བ་ཡིན་ནོ། །དེ་དག་ནི་བསལ་བའི་ཕྱིར་ཆུ་བོ་དང་སྦྱོར་བ་དག་ནི་ནང་དུ་ལོགས་ཤིག་ཏུ་བསལ་བའི་རྣམ་པར་གཞག་གོ་ཞེས་གྲག་གོ། །ཟག་པ་མ་ཡིན་གྲོགས་མེད་རྣམས། །འཇོག་པའི་རྗེས་

སུ་མི་མཐུན་ལོ། །ཟག་པ་རྣམས་ཀྱི་ངེས་པའི་ཚིག་ནི་འཇོག་པར་བྱེད་པས་ན་ཞེས་འོག་ནས་འཆད་ན། ལྟ་བ་རྣམས་འབའ་ཞིག་ནི་བསལ་བའི་ཕྱིར་འཇོག་པའི་རྗེས་སུ་མཐུན་པ་མ་ཡིན་པས་དེའི་ཕྱིར་ཟག་པ་དག་ཏུ་ལོགས་ཤིག་ཏུ་མ་བཞག་གི་བསྲེས་ཏེ་
ནི་བཞག་གོ་ཞེས་ཟེར་རོ་ཞེས་གྲག་གོ། །དེ་ལྟར་ན་འདོད་པའི་ཆུ་བོ་ནི་རྫས་ཉི་ཤུ་རྩ་དགུ་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་བཅོ་ལྔ་དང་། ཐེ་ཚོམ་བཞི་དང་། ཀུན་ནས་དཀྲིས་པ་བཅུའོ། །སྲིད་པའི་ཆུ་བོ་ནི་རྫས་ཉི་ཤུ་རྩ་བརྒྱད་དེ། འདོད་ཆགས་དང་ང་རྒྱལ་ཉི་ཤུ་དང་།
ཐེ་ཚོམ་བརྒྱད་དོ། །ལྟ་བའི་ཆུ་བོ་ནི་རྫས་སུམ་ཅུ་རྩ་དྲུག་གོ། །མ་རིག་པའི་ཆུ་བོ་ནི་རྫས་བཅོ་ལྔ་སྟེ། སྦྱོར་བ་ཡང་ཆུ་བོ་བཞིན་དུ་རིག་པར་བྱའོ། །ཇི་སྐད་བཤད་ཉིད་མ་རིག་བཅས། །ཉེར་ལེན་རྣམས་ཏེ་ལྟ་རྣམ་གཉིས། །ཕྱེ་བའི་ཕྱིར་རོ། །འདོད་པའི་སྦྱོར་བ་མ་རིག་པ་དང་བཅས་པ་
རྫས་སུམ་ཅུ་རྩ་བཞི་ཁོ་ན་འདོད་པ་ཉེ་བར་ལེན་པ་ཡིན་ཏེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་ཉི་ཤུ་དང་། ཐེ་ཚོམ་བཞི་དང་། ཀུན་ནས་དཀྲིས་པ་བཅུའོ། །སྲིད་པའི་སྦྱོར་བ་ཉེ་བར་མ་རིག་པ་དང་བཅས་པ་རྫས་སུམ་ཅུ་རྩ་བརྒྱད་ཁོ་ན་བདག་ཏུ་སྨྲ་བ་ཉེ་
བར་ལེན་པ་ཡིན་ཏེ། འདོད་ཆགས་དང་། ང་རྒྱལ་དང་། མ་རིག་པ་སུམ་ཅུ་དང་། ཐེ་ཚོམ་བརྒྱད་དོ། །ལྟ་བའི་སྦྱོར་བ་ལས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཕྱུང་སྟེ། ལྟ་བ་ལ་ཉེ་བར་ལེན་པ་རྫས་སུམ་ཅུ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་ནི་རྫས་དྲུག་གོ། །ཅིའི་
ཕྱིར་ལྟ་བ་རྣམས་ལས་ཕྱུང་ཞེ་ན། ལམ་གྱི་དགྲར་འགྱུར་བའི་ཕྱིར་དང་། ཕྱོགས་གཉི་ག་བསླུ་བའི་ཕྱིར་ཏེ། འདིས་ཁྱིམ་པ་རྣམས་ཀྱང་ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པས་ཟས་མི་ཟ་བ་ལ་སོགས་པས་བསླུས་ལ། རབ་ཏུ་བྱུང་བ་རྣམས་ཀྱང་ཡུལ་ཡིད་དུ་འོང་བ་ཡོངས་སུ་
སྤངས་པས་དག་པར་ཡིད་ཆེས་པས་བསླུས་སོ། །ཅིའི་ཕྱིར་མ་རིག་པ་བསྲེས་ཏེ་ཉེ་བར་ལེན་པར་བཤད་ལ་ལོགས་ཤིག་ཏུ་མ་བཤད་ཅེ་ན། སྲིད་པ་འཛིན་པའི་ཕྱིར་ཉེ་བར་ལེན་པ་དག་ཡིན་ནོ། །མ་རིག་པ། འཛིན་པར་བྱེད་པ་མིན་ཕྱིར་བསྲེས། །མ་རིག་པ་ནི་མི་ཤེས་པའི་མཚན་

ཉིད་ཀྱིས་མི་གསལ་བའི་ཕྱིར་འཛིན་པར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་བསྲེས་སོ་ཞེས་གྲག་གོ། །བཅོམ་ལྡན་འདས་ཀྱིས་མདོ་ལས་ནི་འདོད་པའི་སྦྱོར་བ་གང་ཞེ་ན་ཞེས་བྱ་བ་ནས་རྒྱས་པར་འདིའི་འདོད་པ་རྣམས་ལ་འདོད་པ་ལ་འདོད་ཆགས་པ་དང་། འདོད་པ་ལ་འདུན་པ་དང་། འདོད་
པ་ལ་སྲེད་པ་དང་། འདོད་པ་ལ་དད་ཆེ་བ་དང་། འདོད་པ་ལ་འདོད་པས་བརྒྱལ་བ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཆགས་པ་ཡོད་པ་གང་ཡིན་པ་དེས་འདིའི་སེམས་ཡོངས་སུ་གཏུགས་ཏེ་གནས་པ་
འདི་ནི་འདོད་པའི་སྦྱོར་བ་ཞེས་བྱའོ་ཞེས་བྱ་བའི་བར་དང་། ལྟ་བའི་སྦྱོར་བ་ཡང་དེ་དང་འདྲ་བའི་བར་གསུངས་སོ། །མདོ་གཞན་དག་ལས་འདུན་པའི་འདོད་ཆགས་ཀྱང་ཉེ་བར་ལེན་པ་ཡིན་པར་གསུངས་ཏེ། དེའི་ཕྱིར་འདོད་པ་ལ་སོགས་པ་ལ་འདུན་པའི་འདོད་ཆགས་གང་ཡིན་
པ་ནི་འདོད་པ་ཉེ་བར་ལེན་པ་ལ་སོགས་པ་ཡང་ཡིན་པར་ཤེས་སོ། །མདོ་དག་ལས་ཕྲ་རྒྱས་རྣམས་ཁོ་ན་ཟག་པ་དང་། ཆུ་བོ་དང་། སྦྱོར་བ་དང་། ཉེ་བར་ལེན་པའི་མིང་དུ་གསུངས་པ་འདི་ནི་བཤད་ཟིན་ཏོ། །ཡང་ཕྲ་རྒྱས་ཀྱི་དོན་ནི་ཅི་ཡིན། ཉེ་བར་ལེན་པའི་བར་གྱི་དོན་ནི་ཅི་ཡིན་ཞེ་ན།
གང་ཕྱིར་དེ་དག་ཕྲ་བ་དང་། རྗེས་འབྲེལ་རྣམ་གཉིས་རྒྱས་འགྱུར་དང་། །རྗེས་སུ་འབྲང་བ་དེ་ཡི་ཕྱིར། །ཕྲ་རྒྱས་རྟག་ཏུ་བཤད་པ་ཡིན། །དེ་ལ་ཕྲ་བ་རྣམས་ནི་རྟོགས་པར་དཀའ་བས་རྒྱུ་བ་ཕྲ་བའི་ཕྱིར་རོ། །རྗེས་སུ་འབྲེལ་པ་ནི་ཐོབ་པ་དང་རྗེས་སུ་འབྲེལ་པས་སོ། །རྒྱས་པར་འགྱུར་བ་
ནི་རྣམ་པ་གཉིས་ཏེ། དམིགས་པ་དང་། མཚུངས་པར་ལྡན་པའི་སྒོ་ནས་སོ། །རྗེས་སུ་འབྲང་བས་ནི་སྦྱོར་བ་མེད་པར་ཏེ། བཟློག་བཞིན་དུ་ཡང་དང་ཡང་དུ་མངོན་པར་འགྱུར་བའི་ཕྱིར་རོ། །རྒྱུ་དེ་དག་གིས་ན་ཕྲ་རྒྱས་རྣམས་ཞེས་བྱའོ། །དེ་དག་འཇོག་བྱེད་ཟག་བྱེད་དང་། །ཁྱེར་
བར་བྱེད་དང་འབྱར་བྱེད་དང་། །ཉེ་བར་འཛིན་ཕྱིར་ཟག་ལ་སོགས། །དེ་དག་གི་ནི་ངེས་ཚིག་ཡིན། །འཁོར་བར་འཇོག་པར་བྱེད་པ་དང་། །སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་འཛག་པས་ན་ཟག་པ་དག་ཡིན་ནོ། །ཁྱེར་བར་བྱེད་པས་ན་ཆུ་བོ་དག་ཡིན་

ནོ། །འབྱར་བར་བྱེད་པས་ན་སྦྱོར་བ་དག་ཡིན་ནོ། །ཉེ་བར་འཛིན་པས་ན་ཉེ་བར་ལེན་པ་དག་ཡིན་ནོ། །འདི་སྐད་དུ་འདི་དག་གིས། རྒྱུད་ཡུལ་རྣམས་ལ་འཛག་པར་བྱེད་པས་ན་ཟག་པ་རྣམས་ཡིན་ཏེ། ཚེ་དང་ལྡན་པས་དཔེར་ན་གྲུ་མངོན་པར་འདུ་བྱ་བ་ཆེན་
པོས་ཆུའི་བཟློག་ཕྱོགས་སུ་བཀྲི་བ་དེ་མངོན་པར་འདུ་བྱ་བ་དེ་དག་ཉིད་མེད་པར་ཚེགས་ཆུང་ངུས་ཆུའི་འབབ་ཕྱོགས་སུ་འཁྱེར་བར་འགྱུར་བ་བཞིན་ནོ་ཞེས་གསུངས་པའི་མདོའི་ཚིག་དང་མཐུན་པའི་ཕྱིར་རོ། །ཤུགས་ཆེན་པོ་དང་ལྡན་པའི་ཕྱིར་ཆུ་བོ་དག་སྟེ། དེའི་རྗེས་སུ་འབྱེད་པའི་
ཕྱིར་དེ་དག་གིས་དེ་དག་དང་ལྡན་པ་འཁྱེར་བར་འགྱུར་རོ། །ཆེ་བ་དང་ཀུན་དུ་མི་འབྱུང་བ་རྣམས་ནི་སྦྱོར་བ་དག་སྟེ། སྡུག་བསྔལ་སྣ་ཚོགས་དང་སྦྱོར་བའི་ཕྱིར་རམ། ཡང་ན་ཡང་དང་ཡང་དུ་རྗེས་སུ་འབྲེལ་བའི་སྒོ་ནས་སོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་
པ་རྣམས་ནི་ཡིན་ནོ་ཞེས་བྱ་བ་ནི་ཆེས་ལེགས་པ་ཡིན་ནོ། །དེ་དག་ཀུན་དུ་སྦྱོར་སོགས་ཀྱི། །དབྱེ་བས་ཡང་རྣམ་ལྔར་བཤད་དོ། །ཕྲ་རྒྱས་དེ་དག་ཉིད་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པའི་དབྱེ་བས་ཡང་རྣམ་པ་ལྔར་
ཕྱེ་ནས་བཤད་དེ། དེ་ལ་ཀུན་དུ་སྦྱོར་བ་ནི་དགུ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་ཀུན་དུ་སྦྱོར་བ་རྣམས་སོ། །དེ་ལ་རྗེས་སུ་ཆགས་པའི་ཀུན་དུ་
སྦྱོར་བ་ནི་ཁམས་གསུམ་པའི་འདོད་ཆགས་ཏེ། དེ་བཞིན་དུ་གཞན་དང་གཞན་དག་ཀྱང་ཅི་རིགས་པར་སྦྱོར་བར་བྱའོ། །ལྟ་བའི་ཀུན་དུ་སྦྱོར་བ་ནི་ལྟ་བ་གསུམ་མོ། །མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ནི་ལྟ་བ་གཉིས་སོ། །དེ་ཉིད་ཀྱི་ཕྱིར་ལྟ་བ་དང་མཚུངས་པར་ལྡན་པའི་ཆོས་
རྣམས་ལ་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བས་ལྡན་ཞིང་ལྟ་བའི་ཀུན་དུ་སྦྱོར་བ་མ་ཡིན་པ། དེ་ལ་ལྟ་བའི་ཕྲ་རྒྱས་རྒྱས་པར་མི་འགྱུར་བ་ཡང་མ་ཡིན་པ་ལྟ་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ། ཀུན་འབྱུང་ཤེས་པ་སྐྱེས་པ་ལ་འགོག་པ་ཤེས་པ་མ་སྐྱེས་པའི་ཚེ་འགོག་པ་དང་ལམ་མཐོང་

བས་སྤང་བར་བྱ་བ་ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཏེ། དེ་དག་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དེ་ལ་དམིགས་པར་ལྡན་ལ་ལྟ་བའི་ཀུན་དུ་སྦྱོར་བས་ནི་མི་ལྡན་ཏེ། ཀུན་དུ་འགྲོ་བ་ནི་
སྤངས་པའི་ཕྱིར་ལ་ཀུན་དུ་འགྲོ་བ་མ་ཡིན་པ་དེ་ལ་དམིགས་པ་དང་མཚུངས་པར་ལྡན་པ་ཅན་ལྟ་བའི་ཀུན་དུ་སྦྱོར་བ་ནི་མེད་པའི་ཕྱིར་རོ། །དེ་དག་ལ་ལྟ་བའི་ཕྲ་རྒྱས་དག་ནི་རྒྱས་པར་འགྱུར་ཏེ། མཆོག་ཏུ་འཛིན་པའི་ལྟ་བ་དེ་དག་ཁོ་ན་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་
འགྱུར་རོ་ཞེས་བྱ་བ་ནས། ཡང་ཅིའི་ཕྱིར་ཀུན་དུ་སྦྱོར་བ་དག་གི་ནང་དུ་ལྟ་བ་གསུམ་ནི་ལོགས་ཤིག་ཏུ་ལྟ་བའི་ཀུན་དུ་སྦྱོར་བར་བཤད་ལ། གཉིས་ནི་ལོགས་ཤིག་ཏུ་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བའི་ནང་དུ་བཤད་ཅེ་ན། རྫས་དང་མཆོག་འཛིན་འདྲ་བའི་ཕྱིར། །ལྟ་གཉིས་ཀུན་དུ་
སྦྱོར་གཞན་ནོ། །ལྟ་བ་མཆོག་གསུམ་ཡང་རྫས་བཅོ་བརྒྱད་ཡིན་ལ། མཆོག་ཏུ་འཛིན་པའི་ལྟ་བ་གཉིས་ཀྱང་རྫས་བཅོ་བརྒྱད་ཁོ་ན་ཡིན་ཏེ། དེའི་ཕྱིར་རྫས་མཉམ་པས་འདི་གཉིས་ཀུན་ཏུ་སྦྱོར་བས་གཞན་དུ་བྱས་སོ་ཞེས་གྲག་གོ། །འདི་གཉིས་ནི་མཆོག་ཏུ་འཛིན་པའི་རང་བཞིན་
ཡིན་ལ། ལྷག་མ་རྣམས་ནི་མ་ཡིན་པས་མཆོག་ཏུ་འཛིན་པར་འདྲ་བའི་ཕྱིར་ཡང་འདི་གཉིས་ལོགས་ཤིག་ཏུ་བཤད་དེ། གཟུང་བ་དང་འཛིན་པ་ཐ་དད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཀུན་ཏུ་སྦྱོར་བ་དག་ཏུ་ཕྲག་དོག་དང་། སེར་སྣ་ནི་ལོགས་ཤིག་ཏུ་ཀུན་དུ་སྦྱོར་བ་གཉིས་སུ་བཤད་ལ། ཀུན་
ནས་དཀྲིས་པ་གཞན་ནི་མ་ཡིན་ཞེ་ན། གང་ཕྱིར་གཉི་ག་གཅིག་ཏུ་ནི། །མི་དགེ་རང་དབང་དེ་ཡི་ཕྱིར། །ཕྲག་དོག་སེར་སྣ་དེ་དག་ལས། །ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད། །གང་ལ་གཅིག་ཏུ་མི་དགེ་བ་དང་རང་དབང་ཅན་འདི་གཉིས་ཀ་ཡོད་པ་དེ་ལྟ་བུའི་ཀུན་ནས་
དཀྲིས་པ་གཞན་ནི་མེད་དོ། །གཞན་དག་ན་རེ་གང་གི་ཀུན་ནས་དཀྲིས་པ་བརྒྱད་ཡིན་པ་དེའི་ཕྱིར་ནི་དེ་ལྟར་འགྱུར་གྱི། གང་གི་བཅུ་ཡིན་པ་དེ་ནི་ཁྲོ་བ་དང་འཆབ་པ་ཡང་རྣམ་པ་གཉི་ག་ཡིན་པས་དེའི་ཕྱིར་འདི་ལ་ལན་མ་ཡིན་ནོ་ཞེས་ཟེར་རོ། །ཡང་བཅོམ་ལྡན་འདས་ཀྱིས་

གཞན་དུ་ཀུན་དུ་སྦྱོར་བ། ཐ་མའི་ཆ་དང་མཐུན་རྣམ་ལྔ། །གསུངས་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་སོ། །ཅིའི་ཕྱིར་
འདི་དག་ཐ་མའི་ཆ་དང་མཐུན་པ་རྣམས་ཞེས་བྱ་ཞེ་ན། ཐ་མའི་ཆ་དང་ལྡན་པའི་ཕྱིར་ཏེ། ཐ་མའི་ཆ་ནི་འདོད་པའི་ཁམས་ཡིན་ལ། འདི་དག་ཀྱང་དེའི་རྗེས་སུ་མཐུན་པ་ཡིན་ཏེ། འདི་ལྟར་གཉིས་ཀྱིས་འདོད་པ་ལས་མི་འདའ་ལ། གསུམ་པོ་ཡིས་ནི་ཕྱིར་ཟློག་བྱེད། །འདོད་པ་ལ་
འདུན་པ་དང་། གནོད་སེམས་དག་གིས་ནི་འདོད་པའི་ཁམས་ལས་མི་འདའོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དག་གིས་ནི་འདས་ཀྱང་ཕྱིར་ཟློག་པར་བྱེད་དེ། སྒོ་བ་དང་། རྗེས་སུ་འབྲང་བ་དང་ཆོས་མཐུན་པའི་ཕྱིར་རོ། །གཞན་དག་ན་རེ་གསུམ་གྱིས་ནི་སེམས་ཅན་གྱི་ཐ་
མ་སོ་སོའི་སྐྱེ་བོ་ཉིད་ལས་མི་འདའ་ལ། གཉིས་ཀྱིས་ནི་ཁམས་ཀྱི་ཐ་མ་འདོད་པའི་ཁམས་ལས་མི་འདའ་སྟེ། དེའི་ཕྱིར་འདི་དག་ཐ་མའི་ཆ་དང་མཐུན་པ་རྣམས་ཞེས་བྱའོ་ཞེས་ཟེར་རོ། །གང་གི་ཚེ་རྒྱུན་དུ་ཞུགས་པས་ཀུན་དུ་སྦྱོར་བ་གསུམ་ཡོངས་སུ་གཏུགས་ཏེ་སྤང་བའི་ཕྱིར་ཉོན་
མོངས་པ་དྲུག་སྤངས་པ་ཡིན་ན། ཅིའི་ཕྱིར་ལྟ་བ་གསུམ་བོར་ལ། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གསུམ་ཁོ་ན་གསུངས་ཤེ་ན། དེ་དག་ཐམས་ཅད་བརྗོད་པར་བྱ་བ་ནི་ཡིན་མོད་ཀྱི་འོན་ཀྱང་། སྒོ་དང་རྩ་བ་
བསྡུས་ཕྱིར་གསུམ། །དུ་བཤད་དེ། ཉོན་མོངས་པ་རྣམས་ནི་རྣམ་པ་གསུམ་སྟེ། རྣམ་པ་གཅིག་དང་། རྣམ་པ་གཉིས་དང་། རྣམ་པ་བཞི་དག་ཡིན་ལ། དེ་དག་གི་སྒོ་ནི་འདི་གསུམ་གྱིས་བསྡུས་སོ། །གཞན་ཡང་མཐར་འཛིན་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་
ལྟ་བས་རབ་ཏུ་བཅུག་ལ། ལྟ་བ་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་རབ་ཏུ་བཅུག །ལོག་པར་ལྟ་བ་ནི་ཐེ་ཚོམ་གྱིས་རབ་ཏུ་བཅུག་སྟེ། དེའི་ཕྱིར་རྩ་བ་བསྡུས་སོ་ཞེས་ཟེར་རོ་ཞེས་གྲག་གོ། །གཞན་དག་ན་རེ། འགྲོ་མི་འདོད་དང་ལམ་

ནོར་དང་། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པ་བགྲོད་པ་བགེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཡུལ་གཞན་དུ་བགྲོད་པར་བྱ་བ་ལ་བར་ཆད་བྱེད་པ་ནི་གསུམ་ཡོད་དོ། །འགྲོ་མི་འདོད་པ་དང་། ལམ་གཞན་ལ་བརྟེན་པའི་ཕྱིར་ལམ་ནོར་བ་དང་། ལམ་ལ་ཐེ་ཚོམ་
ཟ་བའོ། །དེ་བཞིན་དུ་ཐར་པ་བགྲོད་པར་བྱ་བ་ལ་ཡང་གསུམ་པོ་དེ་དག་ཉིད་བར་ཆད་བྱེད་དེ། དེ་ལ་འཇིག་ཚོགས་ལ་ལྟ་བས་ནི་ཐར་པས་སྐྲག་པར་འགྱུར་བས་འགྲོ་མི་འདོད་པར་འགྱུར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ནི་ལམ་གཞན་ལ་ཡང་
དག་པར་བརྟེན་པའི་ཕྱིར་ལམ་ནོར་བར་འགྱུར་རོ། །ཐེ་ཚོམ་གྱིས་ནི་ལམ་ལ་ཐེ་ཚོམ་ཟ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་རྒྱུན་དུ་ཞུགས་པས་ཐར་པར་བགྲོད་པའི་བར་ཆད་བྱེད་པ་དེ་དག་སྤང་བར་སྟོན་པ་ན་ཉོན་མོངས་པ་གསུམ་ཁོ་ན་སྤང་བར་བསྟན་ཏོ་ཞེས་ཟེར་རོ། །བཅོམ་
ལྡན་འདས་ཀྱིས་ཇི་ལྟར་ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་བཤད་པ་དེ་བཞིན་དུ་ཡང་། གོང་མའི་ཆ་དང་མཐུན་ལྔ་ཉིད། །ཇི་ལྟ་ཞེ་ན། གཟུགས་དང་གཟུགས་མེད་ལས་སྐྱེས་པའི། །འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས། །ཞེས་ཏེ། འདི་དག་གི་ཀུན་དུ་སྦྱོར་བ་གོང་མའི་
ཆ་དང་མཐུན་པ་ལྔ་ཡིན་ཏེ། འདི་ལྟ་སྟེ་གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། རྒོད་པ་དང་། ང་རྒྱལ་དང་། མ་རིག་པ་སྟེ། དེ་དག་མ་སྤངས་པར་ཁམས་གོང་མ་ལས་མི་འདའ་བའི་ཕྱིར་རོ། །ཀུན་དུ་སྦྱོར་བའི་སྐབས་རྫོགས་སོ།། །།
འཆིང་བ་རྣམས་གང་ཞེ་ན། འཆིང་བ་ནི་གསུམ་སྟེ། འཆིང་བ་འདོད་ཆགས་ཐམས་ཅད་དང་། འཆིང་བ་ཞེ་སྡང་དང་། གཏི་མུག་ཐམས་ཅད་དོ། །ཅིའི་ཕྱིར་གསུམ་པོ་ནི་འཆིང་བར་བཤད་ཅེ་ན། ཚོར་བའི་དབང་གིས་འཆིང་བ་གསུམ། །ཚོར་བ་གསུམ་གྱི་དབང་གིས་འཆིང་
བ་གསུམ་སྟེ། བདེ་བའི་ཚོར་བ་ལ་ནི་འདོད་ཆགས་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་ལ། སྡུག་བསྔལ་ལ་ནི་ཞེ་སྡང་ངོ་། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ནི་གཏི་མུག་སྟེ། འདོད་ཆགས་དང་། ཞེ་སྡང་དག་ནི་དེ་ལྟ་མ་ཡིན་

ནོ། །ཡང་ན་རང་གི་རྒྱུད་ལ་ཡོད་པའི་དམིགས་པའི་སྒོ་ནས་ངེས་པ་ཡིན་ནོ། །ཕྲ་རྒྱས་རྣམས་ནི་སྔར་བཤད་པ་ཁོ་ནར་ཟད་དོ། །ཉེ་བའི་ཉོན་མོངས་པ་རྣམས་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་གང་དག་ཉོན་མོངས་པ་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་
ཡང་ཡིན་ཏེ། སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ཉོན་མོངས་ལས་གཞན་ཉོན་མོངས་ཅན། །སེམས་བྱུང་འདུ་བྱེད་ཕུང་ཞེས་བྱ། །གང་དེའང་ཉེ་བའི་ཉོན་མོངས་ཏེ། །དེ་དག་ཉོན་མོངས་ཞེས་མི་བྱ། །ཉོན་མོངས་པ་རྣམས་ལས་གཞན་པ་ཆོས་ཉོན་མོངས་པ་
ཅན་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་གང་དག་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཁོ་ན་ཡིན་གྱི། ཉོན་མོངས་པ་དག་ནི་མ་ཡིན་ཏེ། དེ་དག་ཀྱང་གཞི་ཕྲན་ཚེགས་ལས་བྱུང་བ་གང་དག་ཡིན་པའོ། །འདིར་ནི་ཀུན་ནས་དཀྲིས་པ་དང་། ཉོན་མོངས་པའི་
དྲི་མས་བསྡུས་པ་ཁོ་ན་བསྟན་པར་བྱ་སྟེ། ཀུན་ནས་དཀྲིས་པ་རྣམས་གང་ཞེ་ན། སྨྲས་པ་ཉོན་མོངས་པ་ཡང་ཀུན་ནས་དཀྲིས་པ་ཡིན་ཏེ། མདོ་ལས། འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་སྡུག་བསྔལ་གྱི་རྐྱེན་ཞེས་འབྱུང་བའི་ཕྱིར་རོ། །བསྟན་བཅོས་རབ་ཏུ་
བྱེད་པ་ལས་ནི། ངོ་ཚ་མེད་དང་ཁྲེལ་མེད་དང་། །ཕྲག་དོག་སེར་སྣ་རྒོད་པ་དང་། །འགྱོད་དང་རྨུགས་དང་གཉིད་དང་ནི། །ཀུན་ནས་དཀྲིས་པ་རྣམ་པ་བརྒྱད། །འབྱུང་ངོ་། །བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ནི་ཀུན་ནས་དཀྲིས་པ་བཅུ་སྟེ། བརྒྱད་པོ་དེ་དག་དང་། ཁྲོ་དང་
འཆབ་པའོ། །དེ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་བཤད་ཟིན་ཏོ། །ཕྲག་དོག་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པའོ། །སེར་སྣ་ནི་ཆོས་དང་ཟང་ཟིང་དང་མཁས་པ་རབ་ཏུ་སྦྱིན་པ་དང་འགལ་བ་ཅན་སེམས་ཀྱིས་ཀུན་ནས་འཛིན་པའོ། །རྒོད་
པ་ནི་སེམས་རྣམ་པར་མ་ཞི་བའོ། །འགྱོད་པ་དང་རྨུགས་པ་ནི་བཤད་ཟིན་ཏོ། །གཉིད་ནི་ལུས་ཡང་དག་པར་འཛིན་པར་མི་ནུས་པ་སེམས་མངོན་པར་སྡུད་པའོ། །དེ་དང་འགྱོད་པ་ནི་ཉོན་མོངས་པ་ཅན་ཁོ་ན་ཀུན་ནས་དཀྲིས་པ་ཡིན་ནོ། །ཁྲོ་བ་ནི་གནོད་སེམས་དང་། རྣམ་པར་

འཚེ་བ་མ་གཏོགས་པ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཀུན་ནས་མནར་སེམས་པ་གང་ཡིན་པའོ། །འཆབ་པ་ནི་ཁ་ན་མ་ཐོ་བ་མཁྱུད་པའོ། །ཀུན་ནས་དཀྲིས་པ་དེ་རྣམས་ལས། །འདོད་ཆགས་དང་། ངོ་ཚ་མེད་རྒོད་སེར་སྣ་བསླང་། །ཉེ་བའི་ཉོན་མོངས་པ་གསུམ་
པོ་འདི་དག་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པ་ཡིན་ནོ། །འཆབ་པ་རྩོད་དོ། །ཁ་ཅིག་ན་རེ། སྲེད་པའི་རྒྱུ་མཐུན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་མ་རིག་པའི་རྒྱུ་མཐུན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་གཉི་གའི་ཡིན་ཏེ། གོ་རིམས་བཞིན་དུ་ཤེས་པ་དང་མི་ཤེས་པ་
རྣམས་ཀྱི་ཡིན་ནོ་ཞེས་ཟེར་རོ། །མ་རིག་པ་ལས། རྨུགས་དང་གཉིད་དང་ཁྲེལ་མེད་དོ། །གསུམ་པོ་འདི་དག་ནི་མ་རིག་པའི་རྒྱུ་མཐུན་པ་ཡིན་ནོ། །ཐེ་ཚོམ་ལས་འགྱོད་ཁྲོ་བ་དང་། །ཕྲག་དོག་ཁོང་ཁྲོའི་རྒྱུ་ལས་བྱུང་། །ཁོང་ཁྲོ་བས་ཀུན་ནས་བསླང་བ་དག་
ཡིན་ཏེ། དེ་ལྟར་ན་ཉེ་བའི་ཉོན་མོངས་པ་བཅུ་པོ་དེ་དག་ནི་ཉོན་མོངས་པའི་རྒྱུ་མཐུན་པ་དག་ཡིན་ནོ། །གཞན་ཡང་ཉོན་མོངས་དྲི་མ་དྲུག །འདི་ལྟ་སྟེ། སྒྱུ་དང་གཡོ་དང་རྒྱགས་པ་དང་། །དེ་བཞིན་འཚིག་དང་ཁོན་འཛིན་དང་། །རྣམ་འཚེ། དེ་ལ་སྒྱུ་ནི་
གཞན་འདྲིད་པའོ། །གཡོ་ནི་སེམས་གྱ་གྱུ་བ་སྟེ། གང་གིས་ཡང་དག་པ་ཇི་ལྟ་བ་བཞིན་མི་འཆགས་ཀྱི་གཏམ་རླུང་བསྐུར་བ་འམ་མི་གསལ་བར་བྱེད་པའོ། །རྒྱགས་པ་ནི་སྔར་བཤད་ཟིན་ཏོ། །འཚིག་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་དམ་དུ་འཛིན་
པ་སྟེ། གང་གིས་རིག་པར་གཏམས་པ་མི་འཛིན་པའོ། །ཁོན་དུ་འཛིན་པ་ནི་ཀུན་ནས་མནར་སེམས་ཀྱི་དངོས་པོ་ལན་མང་དུ་བྱེད་པའོ། །རྣམ་པར་འཚེ་བ་ནི་རྣམ་པར་ཐོ་འཚམས་པ་སྟེ། གང་གིས་མཚོན་ཆ་དང་ཚིག་རྩུབ་པོ་དག་གིས་ཕ་རོལ་པོ་རྣམ་པར་ཐོ་འཚམས་པར་
བྱེད་པའི་ཉོན་མོངས་པའི་དྲི་མ་དྲུག་པོ་དེ་དག་ལས། སྒྱུ་དང་རྒྱགས་པ་ནི། འདོད་ཆགས་ལས་སྐྱེས་ཁོན་འཛིན་དང་། །རྣམ་འཚེ་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ལྟ་བ་མཆོག་འཛིན་ལས། །གཡོ་ནི་ལྟ་བས་ཀུན་ནས་བསླང་། །གྱ་གྱུ་ཅི་ཡིན་སྡིག་ཅན་ལྟ། །ཞེས་

ཚིགས་སུ་བཅད་དེ་འབྱུང་བའི་ཕྱིར་གཡོ་ནི་ལྟ་བའི་རྒྱུ་མཐུན་པ་ཡིན་པར་རུང་ངོ་། །འདི་དག་ཅི་ཞིག་གིས་སྤང་བར་བྱ་བ་ཡིན་ཞེ་ན། རེ་ཞིག་ཀུན་ནས་དཀྲིས་པ་བཅུར་བཤད་པ་གང་དག་ཡིན་པ། དེ་ལས་ངོ་ཚ་མེད་པ་དང་། །ཁྲེལ་མེད་
རྨུགས་གཉིད་རྒོད་རྣམ་གཉིས། །ཆོས་ལྔ་པོ་འདི་དག་ནི་ཉོན་མོངས་པ་རྣམ་པ་གཉིས་ཀ་དང་མཚུངས་པར་ལྡན་པའི་ཕྱིར་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམ་པ་གཉིས་ཡིན་ཏེ། གང་ཞིག་གང་མཐོང་བས་སྤང་བར་བྱ་བ་དང་མཚུངས་པར་ལྡན་པ་དེ་ནི་དེ་མཐོང་
བས་སྤང་བར་བྱ་བ་ཡིན་ནོ། །དེ་ལས་གཞན་ནི་བསྒོམ་སྤང་བྱ། །དེ་དག་ལས་གཞན་པའི་ཉེ་བའི་ཉོན་མོངས་པ་ཀུན་ནས་དཀྲིས་པས་བསྡུས་པ་ཕྲག་དོག་དང་། སེར་སྣ་དང་། འགྱོད་པ་དང་། ཁྲོ་བ་དང་། འཆབ་པ་ནི་བསྒོམ་པས་སྤང་བར་བྱ་བ་ཁོ་ན་
དང་། ཉེ་བའི་ཉོན་མོངས་པ་ལྔ་པོ་དེ་དག་ནི། རང་དབང་ཅན་ཡིན་ཏེ། མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཇི་ལྟར་ཕྲག་དོག་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ལྔ་པོ་དེ་དག་བསྒོམ་པས་སྤང་བར་བྱ་བ་དང་། རང་དབང་ཅན་ཡིན་པ། དེ་བཞིན་
དྲི་མ་རྣམས། ཉོན་མོངས་པའི་དྲི་མ་དྲུག་ཀྱང་དེ་དང་འདྲའོ། །ཉེ་བའི་ཉོན་མོངས་པ་ཇི་སྐད་དུ་བཤད་པ་དེ་དག་ནི། འདོད་ན་མི་དགེ། འདོད་པའི་ཁམས་ན་ནི་མི་དགེ་བ་དག་ཡིན་ནོ། །དེ་དག་ལས་ཀྱང་། གསུམ་རྣམ་གཉིས། རྨུགས་པ་དང་། རྒོད་པ་དང་།
གཉིད་རྣམས་ནི་མི་དགེ་བ་དང་། ལུང་དུ་མ་བསྟན་པ་དག་ཡིན་ནོ། །དེ་ཡན་ཆད་ནི་ལུང་མ་བསྟན། །འདོད་པའི་ཁམས་ཡན་ཆད་ཀྱི་ཉེ་བའི་ཉོན་མོངས་པ་རྣམས་ནི་ཅི་རིགས་པར་ལུང་དུ་མ་བསྟན་པ་དག་ཡིན་ནོ། །དེ་དག་ལས་དུ་ཞིག་གང་ན་ཡོད་པར་རིག་པར་བྱ་ཞེ་
ན། འདོད་དང་བསམ་གཏན་དང་པོ་ན། །གཡོ་སྒྱུ། འདི་གཉིས་ནི་འདོད་པའི་ཁམས་དང་། བསམ་གཏན་དང་པོ་ན་ཡོད་དོ། །ཚངས་པའི་འཇིག་རྟེན་ན་སྒྱུ་ཇི་ལྟར་ཡོད་ཅེ་ན། ཚངས་པས་འདྲིད་ཕྱིར་རོ། །ཚངས་པ་ཆེན་པོ་དེ་ནི་བདག་ཉིད་ལོག་པར་ཀུན་དུ་

སྟོན་པས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདྲེད་པར་ཞུགས་སོ། །གཡོ་ནི་བཤད་ཟིན་མོད་ཀྱི་ཞར་ལ་འོངས་པས་སྨོས་སོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །གསུམ་པོ་འདི་དག་ནི་ཁམས་གསུམ་པོ་དག་ཡིན་ནོ། །གཞན་དག་ན་འདོད་ཁམས་ལས་
སྐྱེས་པ། བཅུ་དྲུག་ལས་ལྔ་བོར་ཏེ། ཉེ་བའི་ཉོན་མོངས་པ་བཅུ་གཅིག་ནི་འདོད་པ་ན་སྤྱོད་པ་ཁོ་ན་ཡིན་ནོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་བཤད་ཟིན་ཏོ། །ཡང་དེ་རྣམས་ལས་ཡིད་ཀྱི་ས་པ་ནི་དུ་ཞིག་ཡིན། རྣམ་པར་ཤེས་པ་དྲུག་གི་ས་
པ་ནི་དུ་ཞིག་ཡིན་ཞེ་ན། མདོར་བསྡུ་ན། མཐོང་སྤང་བྱ་ཉིད་ང་རྒྱལ་བཅས། །ཡིད་རྣམ་ཤེས་ཀྱི་ས་པ་ཡིན། །མཐོང་བས་སྤང་བར་བྱ་བ་ཐམས་ཅད་ནི་ཡིད་ཀྱི་ས་པ་དག་ཡིན་ཏེ། གཉིད་དང་ང་རྒྱལ་བསྒོམ་པས་སྤང་བར་བྱ་བ་དང་ཡང་བཅས་པ་ཐམས་
ཅད་ནི་ཡིད་ཀྱི་ས་པ་དག་ཡིན་ཏེ། དེ་དག་ནི་ཐམས་ཅད་ཡིད་ཀྱི་ས་པ་དག་ཡིན་ནོ། །ཉེ་བའི་ཉོན་མོངས་རང་དབང་ཡང་། །ཉོན་མོངས་པ་རང་དབང་ཅན་གང་དག་ཡིན་པ་དེ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ཡང་ཡིད་ཀྱི་ས་པ་ཁོ་ན་ཡིན་པར་བལྟ་བར་བྱའོ། །
གཞན་ནི་རྣམ་ཤེས་དྲུག་རྟེན་ཅན། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་དག་ནི་རྣམ་པར་ཤེས་པ་དྲུག་གི་ས་པ་དག་ཡིན་པར་རིག་པར་བྱའོ། །གཞན་ཡང་གང་དག་ཅིག་ཡིན་ཞེ་ན། བསྒོམ་པས་སྤང་བར་བྱ་བའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་།
མ་རིག་པ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པ་ཉེ་བའི་ཉོན་མོངས་པ་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་རྣམས་དང་། ཉོན་མོངས་པའི་ས་པ་མང་པོ་པ་དག་གི་ནང་དུ་བཤད་པ་གང་དག་ཡིན་པའོ། །བདེ་བ་ལ་སོགས་
པའི་དབང་པོ་ལྔ་པོ་གང་དག་ཡིན་པ། དེ་དག་ལས་དབང་པོ་གང་ཞིག་ཉོན་མོངས་པ་འམ། ཉེ་བའི་ཉོན་མོངས་པ་གང་དང་མཚུངས་པར་ལྡན་ཞེ་ན། བདེ་བ་དག་དང་འདོད་ཆགས་སུ། །མཚུངས་ལྡན། འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བ་དག་དང་མཚུངས་པར་

ལྡན་ནོ། །ཞེ་སྡང་བཟློག་པའོ། །སྡུག་བསྔལ་དག་དང་ཞེས་བྱ་བའི་ཐ་ཚིག་སྟེ། སྡུག་བསྔལ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ཏེ། འདོད་ཆགས་དང་ཞེ་སྡང་དག་ནི་དགའ་བ་དང་སྐྱོ་བའི་རྣམ་པར་འཇུག་པའི་ཕྱིར་དང་། རྣམ་པར་
ཤེས་པ་དྲུག་གི་ས་པ་ཡིན་པའི་ཕྱིར་རོ། །མ་རིག་པ་དག་ཐམས་ཅད་དང་། །མ་རིག་པ་རྣམས་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་དབང་པོ་ལྔ་ཆར་དང་ཡང་མཚུངས་པར་ལྡན་ནོ། །མེད་ལྟ་ཡིད་བདེ་སྡུག་བསྔལ་དང་། །ཡིད་སྡུག་བསྔལ་བ་
ནི་ཡིད་མི་བདེ་བའོ། །ཡིད་བདེ་བ་ནི་ཡིད་བདེ་བ་སྟེ། ལོག་པར་ལྟ་བ་ནི་དེ་དག་དེ་དང་མཚུངས་པར་ལྡན་ཏེ། བསོད་ནམས་ཀྱི་ལས་ཅན་རྣམས་དང་། སྡིག་པའི་ལས་ཅན་རྣམས་ཀྱི་དང་གོ་རིམས་བཞིན་ནོ། །ཡིད་མི་བདེ་བ་དང་ཐེ་ཚོམ་མོ། །ཐེ་ཚོམ་ཟོས་པ་
ངེས་པ་དོན་དུ་གཉེར་བ་ན། ཡིད་མི་བདེ་བར་འགྱུར་རོ། །གཞན་ཡིད་བདེ་དང་། ཕྲ་རྒྱས་གཞན་དག་ནི་ཡིད་བདེ་བ་ཁོ་ན་དང་མཚུངས་པར་ལྡན་ནོ། །གཞན་ཡང་གང་དག་གཅིག་ཡིན་ཞེ་ན། ལྟ་བ་བཞི་དང་། ང་རྒྱལ་ཏེ། དགའ་བའི་རྣམ་པར་འཇུག་པའི་
ཕྱིར་རོ། །ཕྲ་རྒྱས་སུ་བཤད་པ་དེ་དག་ཅི་ཞིག་དང་ལྡན་ཞེ་ན། འདོད་ལས་སྐྱེས། དེ་ལྟར་ན་མཚུངས་པར་ལྡན་པ་སོ་སོར་ངེས་པ་བཤད་ནས་སྤྱིར་སྨྲས་པ། བཏང་སྙོམས་དང་ཀུན། ཕྲ་རྒྱས་འདི་དག་ཐམས་ཅད་ནི་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་
པར་ལྡན་ཏེ། ཉོན་མོངས་པ་རྣམས་ཀྱི་རྒྱུན་འཆད་པའི་དུས་ན་གདོན་མི་ཟ་བར་བཏང་སྙོམས་ཀུན་དུ་གནས་སོ་ཞེས་གྲག་གོ། །ཡང་ས་གོང་མ་པ་རྣམས་ཇི་ལྟ་བུར་ཞེ་ན། ས་གོང་མ་རྣམས། ས་ཇི་བཞིན་དུ་རང་རང་དང་། །ས་གོང་མའི་ཕྲ་རྒྱས་རྣམས་ནི་ས་གང་ན་
དབང་པོ་ཇི་སྙེད་ཅིག་ཡོད་པ་རང་རང་གི་དབང་པོ་རྣམས་དང་མཚུངས་པར་ལྡན་ཏེ། དེ་ན་ཡང་ཅི་རིགས་པར་རྣམ་པར་ཤེས་པའི་ཚོགས་བཞི་པ་རྣམས་ནི་རྣམ་པར་ཤེས་པའི་ཚོགས་བཞི་པ་རྣམས་དང་མཚུངས་པར་ལྡན་ལ་ཡིད་ཀྱི་ས་པ་རྣམས་ནི་ཡིད་ཀྱི་ས་པ་རྣམས་ཁོ་ན་དང་

མཚུངས་པར་ལྡན་ནོ། །ཉོན་མོངས་པ་རྣམས་དབང་པོ་དང་མཚུངས་པར་ལྡན་པ