Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 140

Văn bản gốc(Tây Tạng)

Trang 9 / 17 (50.000 ký tự/trang)
ར་འཁོར་བ་ལ་ཐོག་མ་དང་ཐ་མ་དང་ལྡན་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་ཀླན་ཀར་མི་རུང་བ་ཁོ་ན་ཡིན་ལ་མ་ཚང་བར་བསྟན་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདིར་ནི་ཇི་ལྟར་ན་འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར། འཇིག་
རྟེན་འདི་ནས་ཡང་འཇིག་རྟེན་ཕ་རོལ་དུ་འབྲེལ་སྙམ་དུ་འཇུག་པ་ལ་རྨོངས་པའི་གདུལ་བ་རྣམས་ལ་དེ་ཙམ་ཞིག་བརྗོད་པར་བཞེད་པའི་ཕྱིར་ལ། དེ་ནི། སྔོན་དང་ཕྱི་མཐའི་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་བྱ་བ་འདིས་སྔར་བཤད་ཟིན་པའི་ཕྱིར་རོ། །བཅོམ་ལྡན་
འདས་ཀྱིས་དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཀྱང་བསྟན་པར་བྱའོ་ཞེས་གསུངས་པ། ཡང་དེ་དག་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། རེ་ཞིག་བསྟན་བཅོས་ལས་ནི་ཁྱད་པར་ཅུང་ཟད་ཀྱང་མེད་དེ། གཉི་ག་ཡང་འདུས་
བྱས་ཀྱི་ཆོས་ཐམས་ཅད་ཡིན་པར་གསུངས་སོ། །ད་ནི་ཇི་ལྟར་ན་མ་འོངས་པ་མ་བྱུང་བ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་དག་ཅེས་བྱ། རེ་ཞིག་མ་འོངས་པ་མ་བྱས་པ་རྣམས་ཁོ་ན་ཡང་ཇི་ལྟར་ན་འདུས་བྱས་དག་ཅེས་བྱ། མངོན་པར་འདུ་བྱེད་པའི་སེམས་པས་བསམས་པའི་ཕྱིར་རོ། །
ཟག་པ་མེད་པ་རྣམས་ཇི་ལྟར། དེ་དག་ཀྱང་ཐོབ་པར་བྱ་བའི་ཕྱིར་སེམས་པ་དགེ་བས་བསམས་པ་དག་ཡིན་ནོ། །མྱ་ངན་ལས་འདས་པ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། དེ་དང་རིགས་མཐུན་པའི་ཕྱིར་དེ་ཁོ་ན་བཞིན་དུ་མཐུན་པར་བསྒྲེས་པ་ཡིན་ཏེ། དཔེར་ན་རེ་ཞིག་གཟུགས་སུ་མི་རུང་བ་ཡང་

དེ་དང་རིགས་མཐུན་པའི་ཕྱིར་གཟུགས་ཞེས་བྱ་བ་བཞིན་པས་དེ་ནི་ཉེས་པ་མེད་དོ། །མདོའི་དགོངས་པ་ནི། འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཡིན་པར་འདོད། །ཅེས་པ་འདི་ཡིན་ཏེ། རྒྱུར་གྱུར་པའི་ཡན་ལག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་
ལས་འབྱུང་བའི་ཕྱིར་རོ། །འབྲས་བུར་གྱུར་པའི་ཡན་ལག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་ལྟར་ན་ཡན་ལག་ཐམས་ཅད་ཀྱང་རྒྱུ་དང་འབྲས་བུར་གྱུར་པའི་ཕྱིར་གཉི་གར་འགྲུབ་པར་འགྱུར་རོ། །དེ་ལྟ་ཡིན་ཡང་ལྟོས་པའི་བྱེ་བྲག་གིས་རྣམ་པར་གཞག་པ་མེད་པ་ཡང་མ་ཡིན་ཏེ།
གང་ལ་ལྟོས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པ་དེ་ཉིད་ལ་ལྟོས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་བཞིན་དང་ཕ་དང་བུ་བཞིན་ནོ། །གནས་བརྟན་བསམ་རྫོགས་ན་རེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དག་མ་
ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི་ཆོས་མ་འོངས་པ་རྣམས་སོ། །གཉིས་པ་ནི་དགྲ་བཅོམ་པའི་ཆོས་ཐ་མ་འདས་པ་དང་། ད་ལྟར་བྱུང་བ་རྣམས་སོ། །གསུམ་པ་ནི་དེ་ལས་གཞན་པའི་ཆོས་འདས་པ་དང་། ད་ལྟར་བྱུང་བ་རྣམས་སོ། །བཞི་པ་ནི་ཆོས་འདུས་མ་བྱས་རྣམས་
སོ་ཞེས་ཟེར་རོ་ཞེས་གྲག་གོ། །འདིར་མདོ་སྡེ་པ་རྣམས་རྒོལ་བར་བྱེད་དེ། ཅི་འདི་དག་གང་ཞིག་གང་འདོད་པའི་འདོད་རྒྱལ་དུ་འཆད་པ་ཞིག་གམ། འོན་ཏེ་མདོའི་དོན་ཡིན། སྨྲས་པ། མདོའི་དོན་ཡིན་ནོ། །གལ་ཏེ་མདོའི་དོན་ཡིན་ནོ་ཞེ་ན། འདི་ནི་མདོའི་དོན་མ་ཡིན་ནོ། །ཇི་ལྟར་ཞེ་ན་
རེ་ཞིག་གནས་སྐབས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ནི་བཅུ་གཉིས་དང་ལྡན་པའི་ཕུང་པོ་ལྔའི་གནས་སྐབས་ཀྱི་ཡན་ལག་བཅུ་གཉིས་པ་དག་ཡིན་ནོ་ཞེས་གང་སྨྲས་པ་ནི་མདོ་དང་འགལ་བ་ཡིན་ནོ། །མདོ་ལས་ནི་མ་རིག་པ་གང་ཞེ་ན། སྨྲས་པ། སྔོན་གྱི་མཐའ་མི་ཤེས་པ་གང་ཡིན་
པའོ་ཞེས་རྒྱས་པར་གསུངས་ཏེ། ངེས་པའི་དོན་གང་ཡིན་པ་དེ་ནི་དྲང་བའི་དོན་མ་ཡིན་པས་འདི་ནི་མདོའི་དོན་མ་ཡིན་ནོ། །བསྟན་པའི་སྒོ་ནས་ཐམས་ཅད་ངེས་པའི་དོན་ཁོ་ན་ཡང་མ་ཡིན་གྱི། གཙོ་བོ་ཇི་ལྟ་བར་བསྟན་པར་ཡང་མཛད་དེ། དཔེར་ན་གླང་པོ་ཆེའི་རྗེས་ལྟ་བུ་ལས། སའི་

ཁམས་གང་ཞེ་ན་ཞེས་བྱ་བའི་དབང་དུ་མཛད་ནས་འདི་ལྟ་སྟེ། སྐྲ་དང་ཁ་སྤུ་དག་གོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་དག་ལ་ནི་གཟུགས་ལ་སོགས་པ་གཞན་ཡང་ཡོད་དེ། དེ་བཞིན་དུ་འདིར་ཡང་གཙོ་བོ་ཇི་ལྟ་བ་བཞིན་དུ་བསྟན་པ་ཡིན་ནོ། །འདི་ནི་དཔེ་མ་ཡིན་ཏེ། དེ་ལས་ནི་གང་གིས་ན་དེ་
དག་མ་རྫོགས་པར་བསྟན་པར་འགྱུར་བ་སའི་ཁམས་ཀྱི་སྐྲ་ལ་སོགས་པ་སྟོན་པ་ནི་མ་ཡིན་གྱི་འོན་ཀྱང་དེ་ལས་ནི་སྐྲ་ལ་སོགས་པ་དག་ཁོ་ནས་སའི་ཁམས་སྟོན་པ་ཡིན་ཏེ། སྐྲ་ལ་སོགས་པ་མ་གཏོགས་པ་ཡང་སའི་ཁམས་མེད་པས་འདི་རྫོགས་པར་བསྟན་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་འདི་
ལས་ཀྱང་མ་རིག་པ་ལ་སོགས་པ་རྣམས་ཡོངས་སུ་རྫོགས་པ་ཁོ་ནར་བསྟན་པ་ཡིན་གྱི་ལྷག་མ་དང་བཅས་པར་ནི་མ་ཡིན་ནོ། །སྐྲ་ལ་སོགས་པ་མ་གཏོགས་པར་ཡང་མཆི་མ་དང་། མཆིལ་མ་དང་། སྣབས་ལ་སོགས་པ་དག་ལ་སའི་ཁམས་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ཡང་བསྟན་ཟིན་
པ་ཉིད་དེ། ལུས་འདི་ལ་གཞན་ཡང་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་གལ་ཏེ་དེ་ཁོ་ན་དང་འདྲ་བར་བསྟན་པར་ནུས་ན་མ་རིག་པའི་ལྷག་མ་ཡོད་ལ་རག་གོ། །རིགས་ཐ་དད་པ་ནི་མ་རིག་པར་ཅིའི་ཕྱིར་བསྟན། གནས་སྐབས་དེ་དག་ལ་ཕུང་པོ་ལྔ་ཆར་ཡོད་དུ་ཟིན་ཀྱང་གང་ཞིག་ཡོད་དམ་
མེད་ན་གང་ཡོད་པ་དང་མེད་པར་ངེས་པ་དེ་ཁོ་ན་ཡན་ལག་ཡིན་ནོ། །དགྲ་བཅོམ་པ་ལ་ཕུང་པོ་ལྔ་ཡོད་ཀྱང་འདུ་བྱེད་རྣམས་ཀྱང་མི་འབྱུང་ལ། བསོད་ནམས་མ་ཡིན་པ་དང་། མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་དང་། སྲེད་པ་ལ་སོགས་པ་ཡང་མ་ཡིན་པས་མདོའི་དོན་ནི་ཇི་
སྐད་བསྟན་པ་ཁོ་ན་ཡིན་ནོ། །མུ་བཞིར་བཤད་པ་གང་ཡིན་པ་དེ་ལ་ཡང་། གལ་ཏེ་ཆོས་མ་འོངས་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནམ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན། མ་རིག་པ་ནས་རྒ་ཤིའི་བར་དག་ཡིན་ནོ་ཞེས་གསུངས་པའི་མདོ་དང་འགལ་ལོ། །
ཡང་ན་སྐྱེ་བ་དང་། རྒ་ཤིའི་ཡན་ལག་དག་མ་འོངས་པའི་དུས་སུ་རྣམ་པར་གཞག་པར་མི་འདོད་པར་བྱ་དགོས་པས་ཆ་གསུམ་དུ་དགོད་པ་རྣམ་པར་ཉམས་པར་འགྱུར་རོ། །དེ་སྡེ་པ་གཞན་དག་ན་རེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཉིད་འདི་དག་ནི་གནས་པ་

ཁོ་ནའོ་ཞེས་གསུངས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདུས་མ་བྱས་ཡིན་ནོ་ཞེས་ཟེར་རོ། །དེ་ནི་དགོངས་པའི་དབང་གིས་དེ་བཞིན་ཡང་ཡིན་ལ་དེ་བཞིན་ཡང་མ་ཡིན་ནོ། །རེ་ཞིག་ཇི་ལྟར་དེ་བཞིན་ཡིན། །ཡང་ན་ཇི་ལྟར་ན་དེ་བཞིན་མ་ཡིན་ཞེ་ན། གལ་ཏེ་དགོངས་པ་འདི་
དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་རྟག་ཏུ་མ་རིག་པ་ལ་སོགས་པ་དག་ལ་བརྟེན་ནས་འདུ་བྱེད་ལ་སོགས་པ་རྣམ་པ་ཀུན་ཏུ་འབྱུང་གི་མ་བརྟེན་པར་རམ། གཞན་དག་ལ་བརྟེན་ནས་ནི་ནམ་ཡང་མ་ཡིན་པས་རྟེན་ཅིང་འབྲེལ་པ་ནི་རྟག་པའོ་ཞེས་བྱ་བ་ཡིན་ནོ་ཞེ་ན་ནི། དེ་དེ་
བཞིན་ནོ་ཞེས་གཟུང་བར་བྱའོ། །འོན་ཏེ་དགོངས་པ་འདི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་དངོས་པོ་གཞན་རྟག་པ་ཅུང་ཟད་ཅིག་ཡོད་དོ་ཞེས་བྱ་བ་ཡིན་ནོ་ཞེ་ན་ནི་དེ་དེ་ལྟ་མ་ཡིན་ནོ་ཞེས་དགག་པར་བྱའོ། །ཅིའི་ཕྱིར་ཞེ་ན། འབྱུང་བ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །
དངོས་པོ་གཞན་རྟག་པ་ནི་མི་རྟག་པའི་མཚན་ཉིད་ཡིན་པར་ཡང་མི་རུང་ངོ་། །འབྱུང་བ་ཞེས་བྱ་བ་ནི་སྐྱེ་བ་ཡིན་པའི་ཕྱིར་འདི་མ་རིག་པ་ལ་སོགས་པ་དང་ཅི་ཞིག་འབྲེལ་ན་གང་གི་ཕྱིར་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བརྗོད་པར་འགྱུར། རྟག་པ་ཞེས་ཀྱང་བྱ་ལ། རྟེན་ཅིང་འབྲེལ་པར་
འབྱུང་བ་ཞེས་ཀྱང་བྱ་བས་ཚིག་གི་དོན་ཀྱང་ནུས་པ་མེད་པར་འགྱུར་རོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་ཚིག་གི་དོན་གང་ཡིན་ཞེ་ན། རྟེན་ཅིང་འབྲེལ་པ་ཞེས་བྱ་བ་ནི་ཕྲད་པའི་དོན་ཏོ། །ཨི་ཏི་ནི་འགྲོ་བའི་དོན་ཏོ། །ཉེ་བར་བསྒྱུར་བའི་དབང་གིས་སྐད་ཀྱི་དབྱིངས་ཀྱི་དོན་ཡོངས་
སུ་བསྒྱུར་བའི་ཕྱིར་ཕྲད་ནས་ཞེས་བྱ་བའི་དོན་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་ཏེ་ཞེས་བྱ་བའི་དོན་ཡིན་ནོ། །པ་ད་ནི་ཡོད་པའི་དོན་ཏོ། །སམ་དང་ཨུད་གོང་ན་ཡོད་ན་འབྱུང་བའི་དོན་ཏོ། །དེས་ན་ཕྲད་ནས་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ། །ཚིག་གི་དོན་འདི་ནི་རིགས་པ་མ་
ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱེད་པ་པོ་གཅིག་གིས་བྱ་བ་གཉིས་ནི་དུས་སྔར་ཏེ་ཞེས་བྱ་བའི་རྐྱེན་ཡིན་ཏེ། དཔེར་ན་ཁྲུས་བྱས་ཏེ་བཟའོ་ཞེས་བྱ་བ་ལྟ་བུ་ཡིན་ནོ་སྔར་ཕྲད་ནས་ཕྱིས་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་སྐྱེ་བའི་སྔོན་རོལ་ན་འགའ་ཡང་མེད་ལ། བྱེད་པ་པོ་མེད་པའི་བྱ་བ་ཡང་མེད་དོ། །

འདིར་སྨྲས་པ། གལ་ཏེ་འབྱུང་སྔོན་ཕྲད་ནས་ཡིན། །མེད་ཕྱིར་རུང་བ་མ་ཡིན་ནོ། །གལ་ཏེ་ལྷན་ཅིག་འདིར་དེ་ནི། །མ་གྲུབ་སྔོན་དུ་བྱེད་ཕྱིར་རོ། །འདི་ནི་ཉེས་པ་མེད་དེ། རེ་ཞིག་སྒྲ་པ་ལ་གནས་སྐབས་གང་གིས་ཆོས་ཞིག་སྐྱེ། ད་ལྟའི་འམ་འོན་ཏེ་མ་འོངས་པ་ཞིག་ཅེས་བྱ་བ་འདི་བྲི་བར་
བྱའོ། །དེ་ལས་ཅིར་འགྱུར། ཅི་སྟེ་ད་ལྟའི་ཞིག་སྐྱེའོ་ཞེ་ན་ནི། གལ་ཏེ་མ་སྐྱེས་ན་ཇི་ལྟར་ད་ལྟར་ཡིན། འོན་ཏེ་སྐྱེས་ཟིན་པ་ཞིག་ཡང་སྐྱེ་ན་ནི་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་མ་འོངས་པ་ཞིག་སྐྱེའོ་ཞེ་ན། མེད་པ་ཇི་ལྟར་བྱེད་པ་པོ་ཉིད་དམ། བྱེད་པ་པོ་མེད་པའི་བྱ་བ་འགྲུབ།
དེའི་ཕྱིར་གནས་སྐབས་གང་སྐྱེ་བའི་གནས་སྐབས་དེ་ཉིད་དང་ཕྲད་ནས་ཞེས་བྱ་བ་བཞིན་ནོ། །གནས་སྐབས་གང་ཞིག་སྐྱེ་ཞེ་ན། སྐྱེ་བ་ལ་མངོན་དུ་ཕྱོགས་པའི་མ་འོངས་པ་སྟེ། གནས་སྐབས་དེ་ཁོ་ན་རྐྱེན་དང་ཕྲད་ནས་ཞེས་བྱའོ། །སྒྲ་པའི་འདི་ལྟ་སྟེ། བྱེད་པ་པོ་དང་བྱ་བ་རྣམ་པར་འཇོག་པ་
འདི་ཡང་གྲུབ་པ་མ་ཡིན་ཏེ། སྐྱེའོ་ཞེས་བྱ་བ་འདི་ནི་བྱེད་པ་པོ་ཡིན་ལ། སྐྱེ་ཞེས་བྱ་བ་འདི་ནི་བྱ་བ་ཡིན་ན་འདི་ལ་སྐྱེའོ་ཞེས་བྱ་བའི་དོན་ལས་བྱ་བ་གཞན་ཡང་མ་མཐོང་ངོ་། །དེ་ལྟ་བས་ན་ཐ་སྙད་དག་ལ་ཀླན་ཀ་མེད་དོ། །ཚིག་གི་དོན་ནི་འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་ཞེས་
བྱ་བའི་དོན་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏོ་ཞེས་བྱ་བ་འདི་ཡིན་ནོ། །འདིར་བཤད་པ། ཇི་ལྟར་མེད་པ་སྐྱེ་བ་ལྟར། །མེད་པ་ཕྲད་པའང་དེ་དང་འདྲ། །སྐྱེས་པ་སྐྱེ་ན་མཐར་ཐུག་མེད། །འོན་ཏེ་སྔ་ན་ཡོད་ནའང་རུང་། །ལྷན་ཅིག་པ་ལ་འང་དེ་ཡོད་དེ། །མར་མེ་བྱུང་ནས་
མུན་པ་མེད། །ཁ་གདངས་ཉལ་བཞིན་གལ་ཏེ་ཕྱིས། །བཙུམས་པ་ལ་ཡང་ཅི་ཕྱིར་མིན། །གཞན་དག་ནི་ཀླན་ཀ་འདི་ཡོངས་སུ་སྤང་བར་བྱ་བའི་ཕྱིར་དོན་གཞན་དུ་ཡོངས་སུ་རྟོག་པར་བྱེད་དོ། །རྟེན་ཅིང་འབྲེལ་པ་ནི་ཟློས་པའི་དོན་ཡིན་ནོ། །སམ་ནི་འདུ་བའི་དོན་ཡིན་ནོ། །ཨཱི་ཏྱ་ནི་
འགྲོ་བར་རུང་བ་སྟེ་མི་སྡོད་པའོ། །ཨུད་གོང་ན་ཡོད་པའི་པ་ད་ནི་འབྱུང་བའི་དོན་ཏེ། འདི་སྐད་དུ་ཚོགས་པ་དེ་དང་དེ་ན་འགྲོ་བར་རུང་བ་རྣམས་འདུས་ནས་སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བཤད་པ་ཡིན་ནོ། །རྟོགས་པ་འདི་ནི་འདི་ཁོ་ན་ལ་རབ་ཏུ་བརྟག་ཏུ་རུང་གི་མིག་དང་

གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་འདི་ལ་ཇི་ལྟར་རུང་། ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་ཡོད་ན་འདི་འབྱུང་། འདི་སྐྱེ་བས་འདི་སྐྱེའོ་ཞེས་རྣམ་གྲངས་གཉིས་གསུངས་ཤེ་ན། ངེས་པར་གཟུང་བའི་དོན་ཏེ། དཔེར་ན་
གཞན་ལས་མ་རིག་པ་ཡོད་ན་འདུ་བྱེད་རྣམས་འབྱུང་གི །མ་རིག་པའི་རྐྱེན་མེད་པར་འདུ་བྱེད་རྣམས་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཡང་ན་ཡན་ལག་འདི་ཡོད་ན་འདི་འབྱུང་ངོ་། །ཡན་ལག་འདི་སྐྱེས་པས་ཡན་ལག་གཞན་སྐྱེའོ་ཞེས་ཡན་ལག་བརྒྱད་པར་བསྟན་པའི་ཕྱིར་རོ། །
ཡང་ན་སྔོན་གྱི་མཐའ་ཡོད་ན་ད་ལྟར་གྱི་མཐའ་འབྱུང་ངོ་། །ད་ལྟར་གྱི་མཐའ་སྐྱེས་པས་ཕྱི་མའི་མཐའ་སྐྱེའོ་ཞེས་ཚེ་བརྒྱུད་པར་བསྟན་པའི་ཕྱིར་རོ། །ཡང་ན་རེས་འགའ་ནི་འདུ་བྱེད་རྣམས་མ་རིག་པའི་མཇུག་ཐོགས་སུ་འབྱུང་ངོ་། །རེས་འགའ་ནི་བརྒྱུད་ནས་སོ་ཞེས་མངོན་སུམ་དང་བརྒྱུད་
ནས་རྐྱེན་གྱི་ངོ་བོར་བསྟན་པའི་ཕྱིར་རོ། །གཞན་དག་ན་རེ་རྒྱུ་མེད་ན་དངོས་པོ་མི་འབྱུང་ལ། རང་བཞིན་དང་སྐྱེས་བུ་ལ་སོགས་པ་སྐྱེ་བ་མེད་པ་དང་ལྡན་པ་རྟག་པ་ལས་ཀྱང་ཅུང་ཟད་ཀྱང་མི་སྐྱེའོ་ཞེས་རྒྱུ་མེད་པ་དང་། རྒྱུ་རྟག་པར་སྨྲ་བ་དགག་པའི་ཕྱིར་རོ་ཞེས་ཟེར་ཏེ། རྟོག་པ་འདི་ལ་ནི་
ཚིག་སྔ་མ་སྨོས་པ་དོན་མེད་པར་འགྱུར་ཏེ། འདི་སྐྱེས་པས་འདི་སྐྱེའོ་ཞེས་བྱ་བ་འདི་ཁོ་ནས་སྨྲས་པ་གཉི་ག་དགག་པ་འགྲུབ་པའི་ཕྱིར་རོ། །འོ་ན་ནི་གང་ལགས་བདག་རྟེན་དུ་གྱུར་པ་ཡོད་པས་འདུ་བྱེད་ལ་སོགས་པ་རྣམས་འབྱུང་ངོ་། །མ་རིག་པ་ལ་སོགས་པ་སྐྱེས་པས་དེ་དག་སྐྱེ་བར་
རྟོག་པར་བྱེད་པ་ཡོད་པས་དེའི་ཕྱིར་རྟོག་པ་དེ་བསལ་བར་བྱས་པའི་ཕྱིར་གང་ཞིག་སྐྱེས་པས་གང་སྐྱེ་བ་ནི་དེ་ཉིད་ཡོད་པས་དེ་འབྱུང་གི །གཞན་ལས་ནི་མ་ཡིན་ནོ་ཞེས་འདི་ངེས་པར་གཟུང་བ་མཛད་པ་ཡིན་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་
པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་ཡིན་ནོ། །སློབ་དཔོན་དག་ན་རེ། མ་རིག་པ་མ་སྤངས་ན་འདུ་བྱེད་རྣམས་མི་སྤོང་ལ་དེ་ཉིད་སྐྱེས་པས་སྐྱེ་བར་འགྱུར་རོ་ཞེས་མ་སྤངས་པ་དང་སྐྱེ་བར་འགྱུར་བ་རྒྱས་པར་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་རྒྱུའི་

རྒྱུན་ཇི་སྲིད་པ་དེ་སྲིད་དུ་འབྲས་བུའི་རྒྱུན་འབྱུང་བར་འགྱུར་རོ། །རྒྱུ་ཉིད་སྐྱེས་པས་འབྲས་བུ་སྐྱེ་བར་འགྱུར་རོ་ཞེས་གནས་པ་དང་སྐྱེ་བ་ཡང་དག་པར་བསྟན་པའི་ཕྱིར་རོ་ཞེས་ཟེར་ཏེ། འབྱུང་བའི་དབང་དུ་མཛད་པ་ཡིན་ན་གནས་པའི་ཚིག་ཏུ་ཐལ་བ་ཅི་ཞིག་ཡོད། བཅོམ་ལྡན་འདས་ཀྱིས་ཀྱང་
ཅིའི་ཕྱིར་རིམ་པ་མི་མཐུན་པར་སྔར་ནི་གནས་པ་དང་ཕྱིས་ནི་སྐྱེ་བ་གསུངས་པར་འགྱུར། ཡང་སྨྲས་པ། འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་ནི་འབྲས་བུ་ཡོད་ན་རྒྱུ་འཇིག་པར་འབྱུང་བ་ཡིན་ནོ། །འོ་ན་ནི་རྒྱུ་མེད་པ་ལས་འབྲས་བུ་འབྱུང་ངོ་སྙམ་དུ་སེམས་པར་འགྱུར་བས་སྨྲས་པ། དེའི་ཕྱིར་རྒྱུ་མེད་
པ་ལས་འབྱུང་བ་མ་ཡིན་ཏེ། འདི་ལྟར་ན་འདི་སྐྱེས་པས་འདི་སྐྱེའོ་ཞེས་བཀའ་སྩལ་ཏོ། །གལ་ཏེ་མདོའི་དོན་དེ་ཡིན་པར་གྱུར་ན་ནི་འདི་ཡོད་པས་འདི་མི་འབྱུང་ངོ་ཞེས་བྱ་བ་ཁོ་ནར་བཀའ་སྩལ་པར་འགྱུར་ལ། རེ་ཞིག་སྔར་ནི་འབྲས་བུ་སྐྱེ་བ་ཁོ་ན་ཡིན་ལ། ཕྱིས་ནི་འདི་ཡོད་ན་འདི་མི་འབྱུང་
བར་འགྱུར་རོ་ཞེས་བཀའ་སྩལ་པར་འགྱུར་ཏེ། དེ་ལྟར་ན་གོ་རིམས་ལེགས་པ་ཡིན་ནོ། །གཞན་དུ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན་ཞེས་བྱ་བའི་སྐབས་སུ་འཇིག་པ་ཞེས་བྱ་བའི་རིག་པ་གང་ཞིག་ཡིན། དེ་ལྟ་བས་ན་དེ་ནི་མདོའི་དོན་མ་ཡིན་ནོ། །ཡང་ཇི་ལྟར་ན་མ་རིག་པའི་རྐྱེན་གྱིས་འདུ་
བྱེད་རྣམས་ཡིན་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དག་ཡིན་ཞེ་ན། འབྲེལ་པ་ཙམ་ཞིག་བསྟན་པར་བྱ་སྟེ། བྱིས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་འདུ་བྱེད་ཙམ་འདི་མི་ཤེས་པས་བདག་ཏུ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་ཅིང་བདག་ཉིད་བདེ་བའི་དོན་ཏམ། བདེ་བ་ཡང་མ་
ཡིན་སྡུག་བསྔལ་ཡང་མ་ཡིན་པའི་དོན་དུ་ལུས་ལ་སོགས་པ་དག་གིས་ལས་རྣམ་པ་གསུམ་རྩོམ་སྟེ། ཚེ་ཕྱི་མ་ལ་བདེ་བའི་དོན་དུ་བསོད་ནམས་བདེ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་དོན་དུ་ནི་མི་གཡོ་བ། ཚེ་འདི་ལ་བདེ་བའི་དོན་དུ་བསོད་ནམས་མ་ཡིན་པ་རྩོམ་
སྟེ། དེ་དག་ནི་འདིའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དག་ཡིན་ནོ། །ལས་ཀྱི་འཕེན་པའི་དབང་གིས་རྣམ་པར་ཤེས་པའི་རྒྱུན་སྲིད་པ་བར་མ་དང་འབྲེལ་པའི་ཕྱིར་མེ་འབར་བ་འགྲོ་བའི་ཚུལ་དུ་འགྲོ་བ་དེ་དང་དེར་འགྲོ་བར་འགྱུར་ཏེ། དེ་ནི་འདིའི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་

ནོ། །དེ་ལྟར་བཤད་ན་རྣམ་པར་ཤེས་པའི་ཡན་ལག་བསྟན་པ་ལས། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་བཤད་པ་དེ་འཐད་པ་ཡིན་ནོ། །ཡང་རྣམ་པར་ཤེས་པ་སྔོན་དུ་འགྲོ་བའི་མིང་དང་གཟུགས་ཕུང་པོ་ལྔ་པོ་འགྲོ་བ་དེ་དང་དེར་སྐྱེ་བར་
འགྱུར་ཏེ། རྣམ་པར་འབྱེད་པ་ལས་དེ་སྐད་བསྟན་པའི་ཕྱིར་རོ། །དེའི་འོག་ཏུ་མིང་དང་གཟུགས་ཡོངས་སུ་སྨིན་པའི་རིམ་གྱིས་སྐྱེ་མཆེད་དྲུག་གོ། །དེའི་འོག་ཏུ་ཡུལ་དང་ཕྲད་ན་རྣམ་པར་ཤེས་པ་སྐྱེ་བས་གསུམ་འདུས་པ་ལས་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་རེག་པའོ། །དེའི་
འོག་ཏུ་ཚོར་བ་རྣམ་པ་གསུམ་མོ། །དེའི་འོག་ཏུ་སྲེད་པ་སྟེ། སྡུག་བསྔལ་གྱིས་གཟིར་བའི་ཚོར་བ་བདེ་བ་ལ་ནི་འདོད་པའི་སྲེད་པའོ། །བདེ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ནི་གཟུགས་ཀྱི་སྲེད་པའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་
ནི་གཟུགས་མེད་པའི་སྲེད་པའོ། །དེའི་འོག་ཏུ་ཚོར་བ་ཡིད་དུ་འོང་བ་ལ་སྲེད་པ་ལས་འདོད་པ་ལ་སོགས་པ་ཉེ་བར་ལེན་ཏེ། དེ་ལ་འདོད་པ་རྣམས་ནི་འདོད་པའི་ཡོན་ཏན་ལྔ་དག་གོ། །ལྟ་བ་དག་ནི་དྲུག་ཅུ་རྩ་གཉིས་ཏེ། ཚངས་པའི་དྲ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཚུལ་ཁྲིམས་ནི་
འཆལ་པའི་ཚུལ་ཁྲིམས་སྤོང་བའོ། །བརྟུལ་ཞུགས་ནི་ཁྱི་དང་བ་ལང་གི་བརྟུལ་ཞུགས་ལ་སོགས་པ་དང་། ཇི་སྐད་དུ་གཅེར་བུ་པ་ལ་སོགས་པ་རྣམས་ནི་སྒྲེན་མོ་གོས་མེད་པ་ཡིན་ནོ་ཞེས་རྒྱས་པར་གསུངས་པ་ལྟ་བུ་དང་། བྲམ་ཟེ་དང་། ཕྱུགས་བདག་པ་དང་། ཀུན་ཏུ་རྒྱུ་ལ་སོགས་
པ་དག་དབྱུ་གུ་དང་གཡང་གཞི་དང་། རལ་བུ་དང་། ཐལ་བ་དང་། དབྱུ་གུ་གསུམ་དང་སྒྲེ་བོ་ལ་སོགས་པ་ཡང་དག་པར་ལེན་པའོ། །བདག་ཏུ་སྨྲ་བ་ནི་ལུས་ཏེ། དེ་ལ་བདག་ཏུ་སྨྲ་བ་ཡོད་པས་ན་བདག་ཏུ་སྨྲ་བའོ། །གཞན་དག་ན་རེ་བདག་ཏུ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་ཡིན་ནོ་ཞེས་
ཟེར་ཏེ། འདི་གཉིས་ཇི་ལྟར་ན་བདག་ཏུ་སྨྲ་བ་ཉིད་ཡིན་ནོ་ཞེ་ན་འདི་གཉིས་ཀྱང་བདག་གོ་ཞེས་སྨྲ་བའི་ཕྱིར་རོ། །བདག་མེད་པའི་ཕྱིར་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བྱ་སྟེ། ཇི་སྐད་དུ་དགེ་སློང་དག་བདག་དང་བདག་གི་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་

བཏགས་པའི་རྗེས་སུ་ལྷུང་བར་ཟད་ཀྱི། འདི་ལ་བདག་གམ་བདག་གི་ནི་མེད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་དག་ཉེ་བར་ལེན་པ་ནི་དེ་དག་ལ་འདུན་པ་དང་། འདོད་ཆགས་གང་ཡིན་པ་སྟེ། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ལས་ཇི་སྐད་དུ་ཉེ་བར་ལེན་པ་གང་ཞེ་ན། འདི་ལ་འདུན་
པའི་འདོད་ཆགས་གང་ཡིན་པའོ་ཞེས་བཤད་པ་ལྟ་བུའོ། །ཡང་ལེན་པའི་རྐྱེན་གྱིས་ཡང་སྲིད་པའི་ལ་སོགས་པར་བྱེད་པ་དེ་ནི་སྲིད་པ་ཡིན་ཏེ་མདོ་ལས། ཀུན་དགའ་བོ་ཚེ་ཕྱི་མ་ལ་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་པའི་ལས་གང་ཡིན་པ་དེ་ནི་འདིར་སྲིད་པ་ཡང་ཡིན་ནོ་ཞེས་གསུངས་
པ་ལྟ་བུའོ། །སྲིད་པའི་རྐྱེན་གྱིས་རྣམ་པར་ཤེས་པ་འཇུག་པའི་ཚུལ་དུ་མ་འོངས་པའི་སྐྱེ་བ་ནི་སྐྱེ་བ་ཡིན་ཏེ། ཕུང་པོ་ལྔ་པོ་ཡིན་ནོ། །སྐྱེ་བ་ཡོད་ན་རྒ་ཤི་འབྱུང་སྟེ། མདོ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །དེ་ལྟར་འདི་འབའ་ཞིག་ཅེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བའོ། །སྡུག་
བསྔལ་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་ཐོག་མ་དང་ཐ་མ་མེད་པའོ། །ཡང་དག་པར་འབྱུང་བར་འགྱུར་ཞེས་བྱ་བ་ནི་སྐྱེ་བའོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ནི་སྔར་བཤད་པ་གང་ཡིན་པ་དེ་ཁོ་ན་ཡིན་ནོ། །ཡང་མ་རིག་པ་ཞེས་བྱ་བའི་དོན་གང་ཡིན། རིག་པ་མ་ཡིན་པ་
གང་ཡིན་པའོ། །མིག་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་རོ། །འོ་ན་ནི་རིག་པ་མེད་པ་ཡིན་ནོ། །དེ་ལྟ་ན་ཅི་ཡང་མ་ཡིན་པར་འགྱུར་ཏེ། དེ་ཡང་རིག་པ་མ་ཡིན་ནོ། །དེ་ལྟ་བས་ན། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་བརྫུན་སོགས་བཞིན། །ཇི་
ལྟར་མཛའ་བོ་ཞེས་བཟློག་ན་དེའི་མི་མཐུན་པའི་ས་ཕྱོགས་སུ་གྱུར་པ་མི་མཛའ་བ་འགའ་ཞིག་ཡོད་ཀྱི། མཛའ་བོ་ལས་གཞན་པ་གང་ཡིན་པ་ཡང་མ་ཡིན་ལ། མཛའ་བོ་མེད་པ་ཡང་མ་ཡིན་པ་དང་། བདེན་པ་ཞེས་བྱ་བ་ནི་བདེན་པའོ། །དེ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཚིག་ནི་
མི་བདེན་པ་ཡིན་པ་དང་། ཆོས་མ་ཡིན་པ་དང་། དོན་མ་ཡིན་པ་དང་། བྱ་བ་མ་ཡིན་པ་ལ་སོགས་པ་ཡང་ཆོས་ལ་སོགས་པའི་མི་མཐུན་པར་གྱུར་པ་དེ་བཞིན་དུ་མ་རིག་པ་ཡང་རིག་པའི་མི་མཐུན་པར་གྱུར་པ་ཆོས་གཞན་ཞིག་ཏུ་བལྟ་བར་བྱའོ། །འདི་ག་ལས་ཤེ་ན། རྐྱེན་གྱི་དངོས་པོར་བསྟན་

པའི་ཕྱིར་རོ། །གཞན་ཡང་ཀུན་སྦྱོར་སོགས་ཀྱི་ཕྱིར། །མདོ་དག་ལས་མ་རིག་པ་ནི་ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་། ཕྲ་རྒྱས་དང་། ཆུ་བོ་དང་། སྦྱོར་བ་ཞེས་བྱའོ་ཞེས་གསུངས་ཏེ། མེད་པ་ཙམ་ནི་དེ་ལྟ་བུ་ཡིན་པར་འོངས་པ་མ་ཡིན་ལ་མིག་ལ་སོགས་པ་ཡང་མ་ཡིན་
ནོ། །དེ་ལྟ་བས་ན་མ་རིག་པ་ནི་ཆོས་གཞན་ཁོ་ན་ཞིག་ཡིན་ནོ། །འོ་ན་ནི་དཔེར་ན་ཆུང་མ་ངན་པ་ལ་ཆུང་མ་མ་ཡིན་ཞེས་བྱ་བ་དང་། བུ་ངན་པ་ལ་བུ་མ་ཡིན་པ་ཞེས་བྱ་བ་ལྟར་མ་རིག་པ་ཡང་དེ་དང་འདྲའོ། །གལ་ཏེ། ཤེས་རབ་ངན་པའོ་མིན་ལྟ་ཕྱིར། །སྨད་པའི་ཤེས་རབ་ནི་ཉོན་མོངས་པ་ཅན་ཡིན་ན་དེ་ཡང་
ལྟ་བའི་རང་བཞིན་ཡིན་པས་མ་རིག་པ་ཡིན་པར་མི་རུང་ངོ་། །འོ་ན་ནི་གང་ལྟ་བའི་རང་བཞིན་མ་ཡིན་པ་དེ་ཡིན་པར་འགྱུར་རོ། །དེ་ཡང་ཡིན་པར་མི་འོས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །གལ་ཏེ་མ་རིག་པ་ཤེས་རབ་ཡིན་པར་གྱུར་ན་ཤེས་རབ་ཀྱི་རྫས་ཉིད་མཚུངས་
པར་མི་ལྡན་པའི་ཕྱིར་ལྟ་བ་དེ་དང་མཚུངས་པར་ལྡན་པར་མི་འགྱུར་རོ། །ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། །ཞེས་བྱ་བ་འདི་ལས་ཀྱང་འགྲུབ་སྟེ། མདོ་ལས། འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་མི་འགྲོལ་ལོ། །མ་རིག་པས་ཉེ་བར་ཉོན་
མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་གོ་ཞེས་གསུངས་ཏེ། ཤེས་རབ་དེ་ཉིད་ཤེས་རབ་དེའི་ཉོན་མོངས་པ་འདོད་ཆགས་རིགས་པ་མ་ཡིན་པས་ཇི་ལྟར་སེམས་ཀྱིས་ཉེ་བར་ཉོན་མོངས་པ་འདོད་ཆགས་རིགས་ཐ་དད་པ་གཞན་ཡིན་པ་ལྟར་ཤེས་རབ་ཀྱི་མ་རིག་པ་ཡང་དེ་དང་འདྲའོ། །ཡང་
ཅིའི་ཕྱིར་འདི་ལྟར་ཤེས་རབ་ཉོན་མོངས་པ་ཅན་དང་། ཤེས་རབ་དགེ་བ་འདྲེས་ན་རྣམ་པར་མི་འདག་པས་དེའི་ཕྱིར་འདི་དེའི་ཉེ་བའི་ཉོན་མོངས་པ་ཡིན་པར་མི་འདོད། འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་རྣམ་པར་མི་འགྲོལ་བ་གང་ཡིན་པ་དེ་ཡང་
གདོན་མི་ཟ་བར་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ཡིན་ནམ་ཅི། གང་རྣམ་པར་མི་འགྲོལ་བ་དེ་ནི་འདོད་ཆགས་ཀྱིས་དེ་ལྟར་ཉེ་བར་བཅོམ་པ་ཡིན་ལ། བག་ཆགས་རྣམ་པར་བཟློག་པ་ནི་རྣམ་པར་གྲོལ་བར་འགྱུར་རོ། །དེ་བཞིན་དུ་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་

པའི་ཤེས་རབ་རྣམ་པར་མི་འདག་པས་མ་རིག་པས་ཉེ་བར་བཅོམ་པ་ཡིན་པར་ཡོངས་སུ་བརྟག་པར་བྱའོ། །ཡོངས་སུ་རྟོག་པ་ལ་ནི་སུ་ཞིག་བཟློག་སྟེ། མ་རིག་པ་རིགས་གཞན་ཁོ་ན་ཞིག་ཡོད་དོ་ཞེས་བརྗོད་དོ། །གང་ཡང་ཉོན་མོངས་པ་ཅན་ཐམས་ཅད་མ་རིག་པ་ཡིན་ནོ་སྙམ་དུ་སེམས་པ་དེའི་
ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་རང་བཞིན་ཡིན་ན་ཀུན་ཏུ་སྦྱོར་བ་ལ་སོགས་པའི་ནང་དུ་ཡང་ལོགས་ཤིག་ཏུ་བཤད་པར་མི་འགྱུར་ཞིང་། ལྟ་བ་ལ་སོགས་པ་ཕན་ཚུན་མཚུངས་པར་ལྡན་པ་མེད་པའི་ཕྱིར་ལྟ་བ་འམ་ཉོན་མོངས་པ་གཞན་དང་ཡང་མཚུངས་
པར་ལྡན་པར་མི་འགྱུར་ལ། སེམས་ཀྱང་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་ཁོ་ནར་བཤད་པར་འགྱུར་རོ། །འོན་ཏེ་བྱེ་བྲག་ཏུ་བྱ་བའི་ཕྱིར་དེ་སྐད་དུ་བཤད་དོ་ཞེས་བྱ་བར་འདོད་ན་ནི་ཤེས་རབ་ལ་ཡང་མ་རིག་པ་བྱེ་བྲག་ཏུ་བྱ་དགོས་པར་འགྱུར་རོ། །མ་རིག་པ་ཆོས་གཞན་ཞིག་
ཡིན་ལ་རག་ན་དེའི་རང་བཞིན་ཅི་ཡིན། བདེན་པ་དང་དཀོན་མཆོག་དང་། ལས་དང་འབྲས་བུ་རྣམས་མི་གསལ་བའོ། །མི་གསལ་བ་ཞེས་བྱ་བ་འདི་ཅི་ཡིན་པ་འདི་ཡང་མི་ཤེས་སོ། །གལ་ཏེ་གསལ་བ་མ་ཡིན་པ་ཞིག་གམ། གསལ་བ་མེད་པ་ཞིག་ཡིན་ན་ནི་མ་རིག་པ་ལ་ནི་ཇི་ལྟ་བ་
དེ་ཁོ་ན་བཞིན་དུ་སྐྱོན་དུ་འགྱུར་རོ། །འོན་ཏེ་གསལ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ། ཆོས་གཞན་ཞིག་ཡིན་ནོ་ཞེ་ན་ཡང་དེ་བཞིན་དུ་དེ་ཅི་ཡིན་པ་འདི་མི་ཤེས་སོ་ཞེ་ན། ཆོས་རྣམས་བསྟན་པ་དེ་ལྟ་བུ་ཡང་ཡོད་དེ། དཔེར་ན་མིག་གང་ཞེ་ན། གཟུགས་དང་བ་མིག་གི་རྣམ་པར་ཤེས་
པའི་རྟེན་གང་ཡིན་པའོ་ཞེས་གསུངས་པ་ལྟ་བུ་དང་། བཙུན་པ་ཆོས་སྐྱོབ་ན་རེ་ངའོ་སྙམ་དུ་སེམས་ཅན་ལ་འཇུག་པ་ནི་མ་རིག་པའོ་ཞེས་ཟེར་རོ། །ངའོ་སྙམ་པའི་ང་རྒྱལ་ལས་གཞན་པའི་འཇུག་པ་གང་ཞིག་ཡིན་ཞེ་ན། མདོ་ལས་བདག་གིས་དེ་ལྟར་ཤེས། །དེ་ལྟར་མཐོང་སྟེ། སྲེད་
པ་ཐམས་ཅད་དང་། ལྟ་བ་ཐམས་ཅད་དང་། འཇུག་པ་ཐམས་ཅད་དང་། ངར་འཛིན་པ་དང་ང་ཡིར་འཛིན་པ་དང་ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་པའི་ཕྲ་རྒྱས་ཐམས་ཅད་སྤངས་ཤིང་ཡོངས་སུ་ཤེས་ནས་གྲིབ་མ་མེད་པར་མྱ་ངན་ལས་འདས་སོ་ཞེས་གསུངས་པ་གང་ཡིན་པ་དེ་ཡིན་

ནོ། །འཇུག་པ་དེ་ཡོད་ཀྱང་དེ་ནི་མ་རིག་པ་འདི་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན་འདི་ལྟར་ཉོན་མོངས་པ་གཞན་ཡིན་ནོ་ཞེས་བརྗོད་པར་མི་ནུས་པའི་ཕྱིར་རོ། །ང་རྒྱལ་གཞན་ཡང་ཡོད་པ་ཁོ་ན་མ་ཡིན་ནམ་ཞེ་ན། འདི་ལ་དཔྱད་པར་ཆད་ན་བརྗོད་པ་མང་པོར་གྱུར་ཏེ། དེ་ལྟ་
བས་ན་འདི་ནི་བཞག་གོ། །ཡང་མིང་དང་གཟུགས་ཞེས་བྱ་བ་འདིའི་དོན་ཅི་ཞེ་ན། གཟུགས་ནི་རྒྱ་ཆེར་བཤད་པ་ཡིན་ནོ། །མིང་ནི་གཟུགས་ཅན་མིན་ཕུང་པོ། །ཅིའི་ཕྱིར་ཞེ་ན། མིང་དང་དབང་པོ་དང་དོན་གྱི་དབང་གིས་དོན་རྣམས་ལ་གཞོལ་བས་ན་མིང་ངོ་། །མིང་གང་གི་དབང་གིས་ཤེ་ན།
འཇིག་རྟེན་ན་གྲགས་པ་མིང་ཡིན་པ་སྟེ། དོན་དེ་དང་དེ་དག་གོ་བར་བྱེད་པ་བ་ལང་དང་། རྟ་དང་། གཟུགས་དང་། རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དེ་ཡང་ཅིའི་ཕྱིར་མིང་ཉིད་ཡིན་ཞེ་ན། འོན་ཏེ་དེ་དག་ལ་མིང་དེ་གཞོལ་བར་བྱེད་པའི་ཕྱིར་རོ། །གཞན་དག་ན་རེ་འདིར་ལུས་བོར་ནས་སྐྱེ་བ་གཞན་
དུ་གཞོལ་བའི་ཕྱིར་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་དག་ཡིན་ནོ་ཞེས་ཟེར་རོ། །སྐྱེ་མཆེད་དྲུག་ནི་བཤད་ཟིན་ནོ། །ད་ནི་རེག་པ་བརྗོད་པར་བྱ་སྟེ། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རོ། །དེ་དག་ཀྱང་། འདུས་ཏེ་བྱུང་བ་ནི། དབང་པོ་དང་ཡུལ་དང་རྣམ་
པར་ཤེས་པ་དང་གསུམ་འདུས་པ་ལས་སྐྱེས་པའོ། །རེ་ཞིག་ལྷན་ཅིག་སྐྱེ་བའི་ཕྱིར་དབང་པོ་ལྔ་ནི་དོན་དང་རྣམ་པར་ཤེས་པ་དག་དང་འདུ་བར་ཡང་རིགས་ན། ཡིད་ཀྱི་དབང་པོ་འགགས་པའི་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་མ་འོངས་པ་དང་ད་ལྟར་གྱི་དག་དང་ཇི་ལྟར་འདུ་ཞེ་ན། རྒྱུ་
དང་འབྲས་བུའི་དངོས་པོ་གང་ཡིན་པ་དེ་ཉིད་དེ་དག་གི་འདུ་བ་ཡིན་ནོ། །ཡང་ན་གསུམ་པོ་དེ་དག་ཐམས་ཅད་ཀྱང་རེག་པ་བསྐྱེད་པར་བྱ་བ་ལ་མཐུན་པ་ཡིན་པའི་ཕྱིར་འབྲས་བུ་གཅིག་པའི་དོན་ནི་འདུ་བའི་དོན་ཏོ། །འདི་ལ་སློབ་དཔོན་རྣམས་ཀྱི་བློ་ཐ་དད་པར་གྱུར་ཏེ། ཁ་ཅིག་ན་རེ་འདུས་
པ་ཉིད་རེག་པ་ཡིན་ནོ་ཞེས་ཟེར་ཏེ། འདིར་མདོའི་ཁུངས་དེ་ལྟར་ན་ཆོས་གསུམ་པོ་འདི་དག་འབྲེལ་ཅིང་འདུས་ལ་ཚོགས་པ་གང་ཡིན་པ་དེ་ནི་རེག་པ་ཡིན་ནོ་ཞེས་གསུངས་པ་ཡང་ཁྱེར་ཏེ་འོང་བར་བྱེད་དོ། །ཁ་ཅིག་ན་རེ་སེམས་དང་མཚུངས་པར་ལྡན་པའི་ཆོས་གཞན་ཁོ་ན་ཞིག་རེག་པ་

ཡིན་ནོ་ཞེས་ཟེར་ཏེ། འདིར་མདོའི་ཁུངས་ཆོས་ཀྱི་རྣམ་གྲངས་དྲུག་ཚན་དྲུག་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་ཡུལ་དྲུག་དང་། རྣམ་པར་ཤེས་པའི་ཚོགས་དྲུག་དང་། རེག་པའི་ཚོགས་དྲུག་དང་། ཚོར་བའི་ཚོགས་དྲུག་དང་། སྲེད་པའི་ཚོགས་དྲུག་གོ་ཞེས་གསུངས་པ་ཡང་ཁྱེར་
ཏེ་འོང་བར་བྱེད་དོ། །འདིར་ནི་རེག་པའི་ཚོགས་དབང་པོ་དང་དོན་དང་རྣམ་པར་ཤེས་པ་དག་ལས་ལོགས་ཤིག་ཏུ་བསྟན་ཏོ། །དེ་ལ་གང་དག་འདུས་པ་ཉིད་རེག་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་འདི་སྐད་དུ་ལོགས་ཤིག་ཏུ་བསྟན་པའི་ཕྱིར་ལོགས་ཤིག་ན་ཡོད་པ་ཁོ་ན་ཡང་མ་ཡིན་ཏེ། ཚོར་བ་དང་སྲེད་
པ་དག་ཀྱང་ཆོས་ཀྱི་སྐྱེ་མཆེད་ལས་ལོགས་ཤིག་ན་ཡོད་པར་འགྱུར་དུ་འོང་ངོ་ཞེས་ལན་འདེབས་པར་བྱེད་དོ། །དེ་ནི་ཉེས་པ་མེད་པ་དེ་དག་ལས་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་ཀྱང་ཡོད་པའི་ཕྱིར་རོ། །དེ་ལྟ་བུར་འདིར་ལྷག་མ་གང་ཞིག་སྨོས་སུ་རུང་བ་རེག་པར་གྱུར་པ་གསུམ་ལས་གཞན་
གསུམ་ནི་མེད་དོ། །གལ་ཏེ་རྣམ་པར་ཤེས་པ་མེད་པའི་དབང་པོ་དང་དོན་དག་ཡོད་དུ་ཟིན་ཀྱང་དབང་པོ་དང་དོན་མེད་པའི་རྣམ་པར་ཤེས་པ་ནི་མེད་དོ། །དེ་ལྟ་བས་ན་གསུམ་བསྟན་ཟིན་པས་ཡང་རེག་པ་སྨོས་པ་ནི་དོན་མེད་པར་འགྱུར་རོ། །ཁ་ཅིག་ན་རེ་མིག་དང་གཟུགས་ཐམས་ཅད་ཀྱང་
མིག་གི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་མ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ཐམས་ཅད་ཀྱང་མིག་དང་གཟུགས་ཐམས་ཅད་ཀྱི་འབྲས་བུ་མ་ཡིན་པས་དེའི་ཕྱིར་གང་དག་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པ་དེ་དག་ནི་རེག་པའི་དངོས་པོར་རྣམ་པར་གཞག་གོ་ཞེས་ཟེར་རོ། །གང་དེ་
དག་རེག་པ་ནི་འདུས་པ་ལས་གཞན་ནོ་ཞེས་ཟེར་བ་དེའི་ཆོས་གསུམ་པོ་འདི་དག་འབྲེལ་ཞིང་འདུས་ལ་ཚོགས་པ་གང་ཡིན་པ་དེ་ནི་རེག་པ་ཡིན་ནོ་ཞེས་གསུངས་པའི་མདོ་འདི་ལ་ཇི་ལྟར་ལན་འདེབས་ཤེ་ན། དེ་སྐད་དུ་མི་འདོན་ཏོ། །ཡང་ན་ནི་འདི་རྒྱུ་ལ་འབྲས་བུ་བཏགས་པ་ཡིན་ནོ་ཞེས་
ཟེར་རོ། །བརྗོད་པ་འདི་རྒྱ་ཆེ་བའི་རྣམ་པ་ཧ་ཅང་མང་པོར་འཕྲོ་བ་ཡིན་པས་ཞར་ལ་འོངས་པས་ཆོག་གོ། །ཆོས་མངོན་པ་རྣམས་ན་རེ་རེག་པ་གཞན་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །རེག་པ་དྲུག་པོ་དེ་དག་ལས། །ལྔ་ནི་ཐོགས་པའི་རེག་པ་ཡིན། །དྲུག་པ་བླ་དགས་ཚིག་ཅེས་བྱ། །མིག་

དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལྔ་ནི་ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཕྱིར་ཐོགས་པའི་རེག་པ་ཞེས་བྱའོ། །དྲུག་པ་ཡིད་ཀྱི་འདུས་ཏེ་རེག་པ་ནི་ཚིག་བླ་དགས་ཀྱི་རེག་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཚིགས་
བླ་དགས་ཞེས་བྱ་བ་ནི་མིང་ཡིན་ནོ། །དེ་ལྷག་པར་འདིའི་དམིགས་པ་ཡིན་པས། དེའི་ཕྱིར་ཚིག་བླ་དགས་ཀྱི་འདུས་ཏེ་རེག་པ་ཞེས་བྱའོ་ཞེས་གྲག་སྟེ། ཇི་སྐད་དུ་མིག་གི་རྣམ་པར་ཤེས་པས་ནི་སྔོན་པོ་རྣམ་པར་ཤེས་ཀྱི་སྔོན་པོའོ་ཞེས་བྱ་བར་ནི་རྣམ་པར་མི་ཤེས་སོ། །ཡིད་ཀྱི་རྣམ་
པར་ཤེས་པས་ནི་སྔོན་པོ་ཡང་རྣམ་པར་ཤེས་ལ་སྔོན་པོའོ་ཞེས་བྱ་བར་ཡང་རྣམ་པར་ཤེས་སོ་ཞེས་གསུངས་པ་ལྟ་བུ་སྟེ། གཅིག་ནི་རྟེན་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །གཉིས་པ་ནི་དམིགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །གཞན་དག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཚིག་གི་དབང་དུ་བྱས་
ནས་དོན་རྣམས་ལ་འཇུག་གི་ལྔ་པོ་དག་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ནི་ཚིག་བླ་དྭགས་ཡིན་ནོ། །དེ་དང་མཚུངས་པར་ལྡན་པའི་རེག་པ་ནི་ཚིག་བླ་དགས་ཀྱི་རེག་པ་ཞེས་བྱ་བས་གཅིག་ནི་རྟེན་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །གཉིས་པ་ནི་མཚུངས་པར་ལྡན་པས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་
ཟེར་རོ། །ཡང་རེག་པ་དྲུག་པོ་དེ་དག་ཉིད་གསུམ་དུ་འགྱུར་ཏེ། རིག་དང་མ་རིག་དང་གཞན་རེག །རིག་པའི་རེག་པ་དང་། མ་རིག་པའི་རེག་པ་དང་། དེ་གཉིས་ལས་གཞན་པ་རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་རེག་པའོ། །དེ་དག་ཀྱང་གོ་རིམས་བཞིན་དུ། དྲི་
མེད་ཉོན་མོངས་ཅན་ལྷག་མ། །ཡིན་པར་རིག་པར་བྱ་སྟེ། རིག་པའི་རེག་པ་ནི་ཟག་པ་མེད་པའི་རེག་པའོ། །མ་རིག་པའི་རེག་པ་ནི་ཉོན་མོངས་པ་ཅན་གྱི་རེག་པ་སྟེ། རིག་པ་དང་མ་རིག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ལྷག་མ་ནི་གཉིས་ཀ་དང་མཚུངས་པར་མི་ལྡན་པའི་
ཕྱིར་རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་རེག་པའོ། །ལྷག་མ་ཡང་གང་ཞིག་ཅེ་ན། དགེ་བ་ཟག་པ་དང་བཅས་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །མ་རིག་པའི་རེག་པ་ཡང་དང་ཡང་དུ་ཀུན་ཏུ་འབྱུང་བའི་ཕྱོགས་གཅིག་སྨོས་པས་རེག་པ་གཉིས་སུ་འགྱུར་

ཏེ། གནོད་སེམས་རྗེས་སུ་ཆགས་པའི་རེག །གནོད་སེམས་དང་། རྗེས་སུ་ཆགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཡང་ཐམས་ཅད་བསྡུ་ན། བདེ་བ་མྱོང་འགྱུར་ལ་སོགས་གསུམ། །བདེ་བ་མྱོང་བར་འགྱུར་བའི་རེག་པ་དང་། སྡུག་བསྔལ་མྱོང་བར་འགྱུར་བ་དང་། བདེ་བ་
ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་སྟེ། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པ་དང་རྒྱུ་མཐུན་པའི་ཕྱིར་རོ། །ཡང་ན་དེ་མྱོང་བར་བྱ་བའམ། མྱོང་བར་ནུས་པའི་ཕྱིར་མྱོང་བར་འགྱུར་བ་སྟེ། དེ་གང་ཞེ་ན། ཚོར་བ་ཡིན་ནོ། །འདི་ལ་བདེ་བ་མྱོང་བར་འགྱུར་
བ་ཡོད་པས་ན་བདེ་བ་མྱོང་བར་འགྱུར་བའི་རེག་པ་སྟེ། གང་ལ་བདེ་བའི་ཚོར་བ་ཡོད་པའོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་པའི་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་དག་ལ་ཡང་སྦྱར་བར་བྱ་སྟེ། དེ་དག་ནི་རེག་པ་བཅུ་དྲུག་ཡིན་ནོ། །རེག་པ་
བཤད་ཟིན་ཏོ། །ཚོར་བ་བཤད་པར་བྱ་སྟེ། དེ་ལ་རེག་པ་རྣམ་པ་དྲུག་སྔར་བཤད་པ་གང་ཡིན་པ། དེ་ལས་བྱུང་བའི་ཚོར་བ་དྲུག །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་
བའོ། །དེ་དག་ལས། ལྔ་ནི་ལུས་ཀྱིའོ་སེམས་ཀྱི་གཞན། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལྔ་ནི་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་ལུས་ཀྱི་ཚོར་བ་ཞེས་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་
སེམས་ཙམ་ལ་བརྟེན་པའི་ཕྱིར་སེམས་ཀྱི་ཞེས་བྱའོ། །ཡང་ཅི་ཚོར་བ་རེག་པའི་འོག་ཏུ་འབྱུང་ངམ། འོན་ཏེ་དུས་མཉམ་དུ་འབྱུང་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཕན་ཚུན་དུ་ལྷན་ཅིག་ཏུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དུས་མཉམ་མོ་ཞེས་ཟེར་རོ། །ཇི་ལྟར་ན་ལྷན་ཅིག་འབྱུང་བ་
གཉིས་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོར་འགྲུབ། ཇི་ལྟར་མི་འགྲུབ་མཐུ་མེད་པའི་ཕྱིར་ཏེ། ཆོས་སྐྱེས་ཟིན་པ་ལ་ནི་ཆོས་ཀྱི་ནུས་པ་མེད་དོ། །ལྷན་ཅིག་འབྱུང་བ་ཉིད་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོ་མེད་དོ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ཆོས་སྐྱེས་

ཟིན་པ་ལ་ནི་ཆོས་ཀྱི་ནུས་པ་མེད་དོ་ཞེས་བྱ་བ་ཡིན་པས་དམ་བཅས་པ་དང་བྱེ་བྲག་ཏུ་མེད་པ་ཡིན་ནོ། །འོ་ན་ནི་ཕན་ཚུན་དུ་སྐྱེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདོད་པའི་ཕྱིར་ཉེས་པ་མེད་དེ། ལྷན་ཅིག་འབྱུང་བའི་རྒྱུ་ལ་ཕན་ཚུན་གྱི་འབྲས་བུ་ཉིད་དུ་མི་འདོད་པ་ཁོ་
ནའོ། །འདི་ནི་འདོད་མོད་ཀྱི་རེག་པ་དང་ཚོར་བ་དག་ཕན་ཚུན་ནམ་འབྲས་བུ་ཉིད་དུ་འདོད་པ་འདི་ནི་མདོ་ལས་མི་བཞེད་དེ། མིག་གི་འདུས་ཏེ་རེག་པ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྐྱེའོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་མིག་གི་
འདུས་ཏེ་རེག་པ་སྐྱེ་བ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །སྐྱེད་པར་བྱེད་པའི་ཆོས་དང་འགལ་བའི་ཕྱིར་ཡང་རིགས་པ་མ་ཡིན་ཏེ། ཆོས་གང་ཞིག་ཆོས་གང་གི་སྐྱེད་པར་བྱེད་པར་གནས་པ་དེ་ནི་དེ་དང་དུས་ཐ་དད་པར་གྲགས་ཏེ། དཔེར་ན་ས་བོན་སྔ་ལ་མྱུ་གུ་འཕྱི་བ་དང་། འོ་མ་
སྔ་ལ་ཞོ་འཕྱི་བ་དང་། བསྣུན་པ་སྔ་ལ་སྒྲ་འཕྱི་བ་དང་། ཡིད་སྔ་ལ་ཡིད་ཀྱི་རྣམ་པར་ཤེས་པ་འཕྱི་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །རྒྱུ་དང་འབྲས་བུ་དག་སྔ་ཕྱིའི་དངོས་པོར་མ་གྲུབ་པ་ཡང་མ་ཡིན་མོད་ཀྱི་ལྷན་ཅིག་པའི་དངོས་པོར་ཡང་འགྲུབ་སྟེ། དཔེར་ན་མིག་གི་རྣམ་
པར་ཤེས་པ་ལ་སོགས་པ་རྣམས་དང་། མིག་དང་གཟུགས་དག་དང་། འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ལྟ་བུའོ། །དེ་ལ་ཡང་དབང་པོ་དང་དོན་དག་སྔ་ལ་རྣམ་པར་ཤེས་པ་འཕྱི་བ་དང་། འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྒྱུ་ཚོགས་པ་སྔ་མ་ལས་ཕྱི་མ་འབྱུང་ངོ་ཞེས་བྱ་བར་
འདོད་ན་དགག་པ་ཅི་ཞིག་ཡོད། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འོ་ན་ནི་མྱུ་གུ་དང་གྲིབ་མ་དག་ཇི་ལྟ་བར་རེག་པ་དང་ཚོར་བ་དག་ཀྱང་དེ་དང་འདྲའོ་ཞེས་ཟེར་རོ། །གཞན་དག་ན་རེ་རེག་པའི་འོག་ཏུ་ཚོར་བ་འབྱུང་སྟེ། དབང་པོ་དང་དོན་དག་ནི་སྔ་ལ་དེའི་འོག་ཏུ་རྣམ་པར་ཤེས་པ་སྟེ།
གསུམ་འདུས་པ་དེ་ནི་རེག་པ་ཡིན་ནོ། །རེག་པའི་རྐྱེན་གྱིས་སྐད་ཅིག་མ་གསུམ་པ་ཚོར་བ་འབྱུང་ངོ་ཞེས་ཟེར་རོ། །དེ་ལྟ་ན་ནི་རྣམ་པར་ཤེས་པ་ཐམས་ཅད་ལ་ཚོར་བ་ཡོད་པར་མི་འགྱུར་ལ། རྣམ་པར་ཤེས་པ་ཐམས་ཅད་རེག་པ་ཡིན་པར་ཡང་མི་འགྱུར་རོ། །དེ་ནི་ཉེས་པ་

མེད་དེ། རེག་པ་ཕྱི་མ་ལ་ཡོད་པའི་ཚོར་བ་རེག་པ་སྔ་མའི་རྒྱུ་ལས་བྱུང་བ་ཡིན་པས་རེག་པ་ཐམས་ཅད་ཀྱང་ཚོར་བ་དང་བཅས་པ་ཡིན་ནོ། །རྣམ་པར་ཤེས་པ་ཐམས་ཅད་ཀྱང་རེག་པ་ཡིན་ནོ། །འདི་ནི་རིགས་པ་མ་ཡིན་པར་འགྱུར་རོ། །འདི་ལ་མི་རིགས་པ་ཅི་ཞིག་ཡོད་ཅེ་ན། འདི་
ལྟ་སྟེ་རེག་པ་དམིགས་པ་ཐ་དད་པ་དག་རེག་པ་ཕྱི་མ་ལ་ཡོད་པའི་ཚོར་བ་རེག་པ་སྔ་མའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་སྟེ། ཇི་ལྟ་ཞེ་ན། རིགས་མི་འདྲ་བ་ལ་དམིགས་པའི་རེག་པ་ལས་བྱུང་བའི་ཚོར་བ་གཞན་ལ་དམིགས་པར་འགྱུར་བ་འམ། ཡང་ན་སེམས་གང་དང་མཚུངས་པར་
ལྡན་པ་དེ་ལས་གཞན་པ་ལ་དམིགས་པར་འགྱུར། འོ་ན་ནི་དེའི་ཚེ་རེག་པ་ནི་གྱུར་པའི་རྣམ་པར་ཤེས་པ་ཚོར་བ་མེད་པ་ཡིན་ལ། དེའི་སྔོན་རོལ་གྱི་རྣམ་པར་ཤེས་པའི་ཚོར་བ་དང་བཅས་པ་གང་ཡིན་པ་དེ་ནི་རེག་པ་མ་ཡིན་ཏེ་རྐྱེན་མ་ཚང་བའི་ཕྱིར་རོ། །དེ་ལྟ་ཡིན་ན་ཉེས་པ་ཅི་ཞིག་ཡོད། །
སེམས་ཅན་ཐམས་ཅད་ལ་ས་མང་པོ་པ་བཅུ་ཡོད་དོ་ཞེས་བྱ་བ་ས་མང་པོ་པའི་ངེས་པ་ཉམས་པ་ཡིན་ནོ། །ངེས་པ་འདི་ག་ལས་གྲུབ། བསྟན་བཅོས་ལས་སོ། །ཁོ་བོ་ཅག་ནི་མདོ་ཚད་མར་བྱེད་པ་ཡིན་གྱི། ཁོ་བོ་ཅག་བསྟན་བཅོས་ཚད་མར་བྱེད་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་
ཀྱིས་མདོ་སྡེ་ལ་བརྟེན་པར་བྱའོ་ཞེས་གསུངས་སོ། །ཡང་ན་སེམས་ཐམས་ཅད་ལ་ཡོད་དོ་ཞེས་བྱ་བ་འདི་ས་མང་པོ་པའི་དོན་མ་ཡིན་ནོ། །འོ་ན་ས་མང་པོ་པའི་དོན་གང་ཡིན་ཞེ་ན། ས་ནི་གསུམ་སྟེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་དང་། རྟོག་པ་མེད་ལ་
དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ས་དང་། དགེ་བའི་ས་དང་། མི་དགེ་བའི་ས་དང་། ལུང་དུ་མ་བསྟན་པའི་ས་དང་། ཡང་གསུམ་སྟེ། སློབ་པའི་ས་དང་། མི་སློབ་པའི་ས་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་སའོ། །དེ་ལ་གང་དག་
ས་འདི་དག་ཐམས་ཅད་ན་ཡོད་པ་དེ་དག་ནི་ས་མང་པོ་པ་ཡིན་ནོ། །གང་དག་དགེ་བ་ཁོ་ན་ལ་ཡོད་པ་དེ་དག་ནི་དགེ་བའི་ས་མང་པོ་པ་ཡིན་ནོ། །གང་དག་ཉོན་མོངས་པ་ཅན་ཁོ་ན་ལ་ཡོད་པ་དེ་དག་ནི་ཉོན་མོངས་པའི་ས་མང་པོ་པ་ཡིན་ནོ། །གཞན་དག་ན་རེ་དེ་དག་ནི་ཅི་རིགས་པར་རྣམ་

གྲངས་ཀྱིས་ཡིན་གྱི། ཐམས་ཅད་ཅིག་ཅར་ནི་མ་ཡིན་ནོ་ཞེས་ཟེར་རོ། །མི་དགེ་བའི་ས་མང་པོ་པ་རྣམས་ནི་འདོན་པའི་ཞར་ལ་དེ་ཁོང་ནས་དྲངས་ཀྱི་སྔོན་ནི་མ་བསྟན་ཏོ། །གལ་ཏེ་རེག་པའི་འོག་ཏུ་ཚོར་བ་འབྱུང་ངོ་ཞེ་ན། མིག་དང་གཟུགས་རྣམས་ལ་བརྟེན་ནས་
མིག་གི་རྣམ་པར་ཤེས་པ་དང་། གསུམ་འདུས་པའི་རེག་པ་དང་། ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་སྐྱེའོ་ཞེས་གསུངས་པའི་མདོའི་ལན་གདབ་པར་བྱ་དགོས་སོ། །ལྷན་ཅིག་སྐྱེས་པ་ཞེས་གསུངས་སོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ཞེས་ནི་མ་གསུངས་
ན། འདི་ལ་ལན་གདབ་ཏུ་ཅི་ཞིག་ཡོད། ལྷན་ཅིག་ཅེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་ལ་ཡང་མཐོང་སྟེ། དཔེར་ན་བྱམས་པ་དང་ལྷན་ཅིག་པར་འགྱུར་བའི་དྲན་པ་ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་དོ་ཞེས་བྱ་བ་ལྟ་བུ་ཡིན་པས་འདི་ནི་ཁུངས་སུ་མི་རུང་ངོ་། །འོ་ན་མདོ་ལས་ཚོར་
བ་གང་ཡིན་པ་དང་། སེམས་པ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པའི་ཆོས་དེ་དག་ནི་འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ་ཞེས་གང་གསུངས་པ་ཇི་ལྟར་དྲང་། དེ་ལྟ་བས་ན་ཚོར་བ་ལ་སོགས་པ་དག་ཀྱང་མ་འདྲེས་པའི་རྣམ་པར་ཤེས་པ་ནི་
མེད་དོ། །རེ་ཞིག་འདྲེས་པའི་དོན་ཅི་ཡིན་པ་འདི་དཔྱད་པར་བྱ་སྟེ། མདོ་དེ་ཉིད་ལས་འདི་སྐད་དུ། །གང་མྱོང་བར་བྱེད་པ་དེ་སེམས་པར་བྱེད་དོ། །གང་སེམས་པར་བྱེད་པ་དེ། འདུས་ཏེ་ཤེས་པར་བྱེད་དོ། །གང་འདུས་ཏེ་ཤེས་པར་བྱེད་པ་དེ་རྣམ་པར་ཤེས་པར་བྱེད་དོ་ཞེས་
གསུངས་ན། ཅི་རེ་ཞིག་འདི་དེ་དག་གིས་དམིགས་པར་ངེས་པར་གསུངས་སམ། འོན་ཏེ་སྐད་ཅིག་མ་ལ་ངེས་པར་གསུངས་པ་དེ་མི་ཤེས་སོ། །ཚེ་དང་དྲོད་དག་ལྷན་ཅིག་པ་ལ་འདྲེས་པ་ཞེས་གསུངས་པའི་ཕྱིར་སྐད་ཅིག་མ་ལ་ངེས་པ་ཡིན་པར་གྲུབ་བོ། །གང་ཡང་མདོ་ལས་གསུམ་
འདུས་པའི་རེག་པ་ཞེས་གསུངས་པས་དེ་ཡང་ཇི་ལྟར་ན་རྣམ་པར་ཤེས་པ་ནི་ཡོད་ལ། གསུམ་འདུས་པ་ནི་མ་ཡིན་པ་འམ། ཡང་ན་འདུས་པ་ཡིན་ལ་རེག་པ་མ་ཡིན། དེ་ལྟ་བས་ན་གདོན་མི་ཟ་བར་རྣམ་པར་ཤེས་པ་ཐམས་ཅད་ལ་རེག་པ་དང་། རེག་པ་དང་ལྷན་ཅིག་སྐྱེས་

པའི་ཚོར་བ་ཡང་འདོད་པར་བྱའོ། །ཧ་ཅང་ཐལ་བར་འགྱུར་བའི་གཏམ་གྱིས་ཆོག་གི་དཀྱུས་མ་ཁོ་ན་རིམ་གྱིས་བརྗོད་པར་བྱའོ། །སེམས་ལས་བྱུང་བ་ཚོར་བ་མདོར་བཤད་ཟིན་ཏོ། །དེ་ཡིད་ཉེ་བར་རྒྱུ་བ་ལས། །རྣམ་པ་དག་ནི་ཡང་བཅོ་བརྒྱད། །ཡང་སེམས་ལས་བྱུང་བའི་ཚོར་
བ་དེ་ཉིད་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་རྣམ་པར་གཞག་པ་ལས་རྣམ་པ་བཅོ་བརྒྱད་དུ་དབྱེའོ། །ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་གང་ཞེ་ན། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་གོ། །དེ་དག་ཇི་ལྟར་རྣམ་པར་
བཞག །གལ་ཏེ་ངོ་བོ་ཉིད་ལས་ན་ནི་གསུམ་དུ་འགྱུར་ཏེ། ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དག་ཡིན་ནོ། །འོན་ཏེ་མཚུངས་པར་ལྡན་པ་ལས་ན་ནི་ཡིད་དང་མཐུན་པར་ལྡན་པའི་ཕྱིར་གཅིག་ཏུ་འགྱུར་རོ། །འོན་ཏེ་དམིགས་པ་ལས་ན་ནི་གཟུགས་
ལ་སོགས་པ་ཡུལ་དྲུག་ལ་དམིགས་པའི་ཕྱིར་དྲུག་ཏུ་འགྱུར་རོ་ཞེ་ན། གསུམ་ཀར་ཡང་གཞག་སྟེ། དེ་དག་ལས་བཅོ་ལྔ་ནི་གཟུགས་ལ་སོགས་པ་ལ་ཉེ་བར་རྒྱུ་བ་ཡིན་ཏེ། གཟུགས་ལ་སོགས་པ་སོ་སོར་ངེས་པ་ལ་དམིགས་པའི་ཕྱིར་མ་འདྲེས་པ་ལ་དམིགས་པ་ཡིན་ནོ། །
ཆོས་ལ་ཉེ་བར་རྒྱུ་བ་གསུམ་ནི་རྣམ་པ་གཉི་ག་ཡིན་ནོ། །ཡིད་ཀྱི་ཉེ་བར་རྒྱུ་བ་ཞེས་བྱ་བའི་དོན་ཅི་ལྟར་ཞེ་ན། ཡིད་ལ་བརྟེན་ནས་ཡིད་བདེ་བ་ལ་སོགས་པ་དེ་དག་ཡུལ་ལ་ཉེ་བར་རྒྱུ་བའི་ཕྱིར་རོ་ཞེས་གྲག་གོ། །གཞན་དག་ན་རེ། ཡུལ་དག་ལ་ཡིད་ཉེ་བར་རྒྱུ་བར་བྱེད་པའི་ཕྱིར་ཏེ། ཚོར་བའི་
དབང་གིས་ཡིད་ཡུལ་དག་ལ་ཡང་དང་ཡང་དུ་རྣམ་པར་རྒྱུ་བའི་ཕྱིར་རོ་ཞེས་ཟེར་རོ། །ལུས་ཀྱི་ཚོར་བ་ཅིའི་ཕྱིར་ཡིད་ཀྱི་ཉེ་བར་རྒྱུ་བ་མ་ཡིན་ཞེ་ན། འདི་ནི་ཡིད་ཁོ་ན་ལ་བརྟེན་པ་ཡང་མ་ཡིན་ལ། རྣམ་པར་མི་རྟོག་པའི་ཕྱིར་ཉེ་བར་རྒྱུ་བར་བྱེད་པ་ཡང་མ་ཡིན་པས་མི་རུང་ངོ་། །བསམ་
གཏན་གསུམ་པའི་བདེ་བ་ཅིའི་ཕྱིར་ཡིད་ཀྱི་ཉེ་བར་རྒྱུ་བའི་ནང་དག་ཏུ་མ་སྨོས་ཤེ་ན། དང་པོ་འདོད་པའི་ཁམས་ན་ཡིད་ཀྱི་ས་པའི་བདེ་བའི་དབང་པོ་མེད་པའི་ཕྱིར་དང་། དེའི་མི་མཐུན་པ་སྡུག་བསྔལ་གྱི་ཡིད་ཉེ་བར་རྒྱུ་བ་མེད་པའི་ཕྱིར་རོ་ཞེས་གྲག་གོ། །གལ་ཏེ་འདི་དག་ཡིད་ཀྱི་

ས་པ་ཁོ་ན་ཞིག་ཡིན་ན། འོ་ན་མདོ་ལས། མིག་གིས་གཟུགས་དག་མཐོང་ནས་ཡིད་བདེ་བའི་གནས་ལྟ་བུའི་གཟུགས་རྣམས་ལ་ཉེ་བར་རྒྱུའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་གསུངས་པ་དེ་ཇི་ལྟར་དྲང་། དེ་ནི་རྣམ་པར་ཤེས་པའི་ཚོགས་ལྔས་མངོན་པར་བསྒྲུབས་
པ་ཉིད་ལ་དགོངས་ཏེ་གསུངས་པར་ཟད་ཀྱི། འདི་དག་ནི་ཡིད་ཀྱི་ས་པ་ཡིན་ཏེ། དཔེར་ན་མི་སྡུག་པ་ལྟ་བུ་མིག་གི་རྣམ་པར་ཤེས་པས་མངོན་པར་བསྒྲུབས་པ་ཡང་ཡིན་ལ། ཡིད་ཀྱི་ས་པ་ཡང་ཡིན་པ་བཞིན་ནོ། །གཞན་ཡང་མཐོང་ནས་ཞེས་བྱ་བ་ནས་རེག་ནས་ཞེས་བྱ་བའི་བར་དུ་
གསུངས་པའི་ཕྱིར་དེ་ནི་ཀླན་ཀར་མི་རུང་བ་ཉིད་དོ། །གང་གིས་མ་མཐོང་བ་ནས་མ་རེག་པའི་བར་དུ་ཉེ་བར་རྒྱུ་བ་དེ་ཡང་ཡིད་ཀྱི་ཉེ་བར་རྒྱུ་བ་ཡིན་ནོ། །གཞན་དུ་ན་འདོད་པའི་ཁམས་ན་གཟུགས་ཀྱི་ཁམས་ལ་དམིགས་པ་དག་ཀྱང་གཟུགས་ལ་སོགས་པ་ལ་ཉེ་བར་རྒྱུ་བ་ཡིན་པར་མི་འགྱུར་
ལ། གཟུགས་ཀྱི་ཁམས་ན་འདོད་པའི་ཁམས་ལ་དམིགས་པ་དག་ཀྱང་དྲི་དང་རོ་དང་རེག་བྱ་ལ་ཉེ་བར་རྒྱུ་བ་ཡིན་པར་མི་འགྱུར་རོ། །ཇི་ལྟར་ཆེས་གསལ་བ་དེ་ལྟར་བཤད་དེ། གང་གཟུགས་དག་མཐོང་ནས་སྒྲ་རྣམས་ལ་ཉེ་བར་རྒྱུ་བ་དེ་དག་ཡང་ཡིད་ཀྱི་ཉེ་བར་རྒྱུ་བ་ཡིན་མོད་ཀྱི་དབང་
པོ་དང་དོན་རྣམ་པར་ཆད་པའི་སྒོ་ནས་ཇི་ལྟར་མི་འཆོལ་བ་དེ་ལྟར་བཤད་དོ། །ཅི་གཟུགས་གང་ཡིད་བདེ་བའི་གནས་ལྟ་བུ་ཁོ་ན་ཡིན་པ་ནས་བཏང་སྙོམས་ཀྱི་གནས་ལྟ་བུ་ཁོ་ན་ཡིན་པའི་བར་ཡོད་དམ་ཞེ་ན། རྒྱུད་ངེས་པས་ནི་ཡོད་ཀྱི་དམིགས་པས་ནི་མ་ཡིན་ནོ། །ཡང་ཡིད་ཀྱི་ཉེ་
བར་རྒྱུ་བ་འདི་དག་ལས་དུ་ཞིག་ནི་འདོད་པའི་ཁམས་དང་ལྡན་པ་ཡིན་དེ་དག་ལས་ཀྱང་དུ་ཞིག་གི་དམིགས་པ་ནི་ཅི་ཞིག་ཡིན། དེ་བཞིན་དུ་གཟུགས་མེད་པ་དང་ལྡན་པའི་བར་དུ་བརྗོད་པར་བྱ་ཞེ་ན། སྨྲས་པ། འདོད་པ་ཐམས་ཅད་རང་དམིགས་ཅན། །འདོད་པའི་ཁམས་ན་ནི་བཅོ་བརྒྱད་
པོ་ཐམས་ཅད་ཡོད་ལ། དེ་དག་ཐམས་ཅད་ཀྱི་དམིགས་པ་ཡང་དེ་ཡིན་ནོ། །དེ་དག་ཉིད་ཀྱི། སྤྱོད་ཡུལ་གཟུགས་ཅན་བཅུ་གཉིས་སོ། །གཟུགས་ཀྱི་ཁམས་ནི་བཅུ་གཉིས་ཀྱི་དམིགས་པ་ཡིན་ནོ། །དྲི་དང་རོ་ལ་ཉེ་བར་རྒྱུ་བ་དྲུག་མ་གཏོགས་པ་སྟེ། དེ་ལྟ་ན་དེ་གཉིས་མེད་པའི་

ཕྱིར། གོང་མ་གསུམ་གྱི། སྤྱོད་ཡུལ་ཞེས་བྱ་བར་སྦྱར་ཏེ། གཟུགས་མེད་པ་ནི་ཆོས་ལ་ཉེ་བར་རྒྱུ་བ་གསུམ་གྱི་དམིགས་པ་ཡིན་ཏེ། དེ་ནས་གཟུགས་ལ་སོགས་པ་མེད་པའི་ཕྱིར་རོ། །འདོད་པ་དང་ལྡན་པ་བཤད་ཟིན་ཏོ། །གཟུགས་དང་ལྡན་པ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག །
བསམ་གཏན་ནི། གཉིས་ན་བཅུ་གཉིས། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་རྣམས་མ་གཏོགས་སོ། །བཅུ་གཉིས་པོ་དེ་དག་ཀྱང་འདོད་པར་འགྲོ་བས་ན་འདོད་འགྲོ་རྣམས་ཏེ། འདོད་པའི་ཁམས་ལ་དམིགས་ཞེས་བྱ་བའི་ཐ་ཚིག་གོ། །ཡུལ་རྣམ་པར་འཛིན་པའི་དོན་ལ་ཡང་འགྲོ་བ་སྦྱོར་
བ་མཐོང་སྟེ། འདི་ཇི་ལྟར་འགྲོ་ཞེ་ན། འདི་ནི་འདི་ལྟར་འགྲོའོ་ཞེས་བྱ་བ་ལྟ་བུའོ། །རང་ལ་དམིགས་བརྒྱད། གཟུགས་ཀྱི་ཁམས་དེ་ཉིད་ནི་དེ་དག་གི་རང་བཞིན་ཡིན་ཏེ། དེ་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་བརྒྱད་ཀྱི་དམིགས་པ་ཡིན་ཏེ། དྲི་དང་རོ་ལ་ཉེ་བར་རྒྱུ་བ་བཞི་མ་གཏོགས་སོ། །
གཟུགས་མེད་པ་གཉིས་ཀྱི་སྟེ། ཆོས་ལ་ཉེ་བར་རྒྱུ་བ་དག་གི་དམིགས་པ་ཡིན་ནོ། །བསམ་གཏན་གཉིས་ན་དྲུག །བསམ་གཏན་གསུམ་པ་དང་བཞི་པ་དག་ན་ནི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་ཁོ་ན་ཡོད་ཀྱི་གཞན་དག་ནི་མེད་དོ། །དེ་དག་དྲུག་གི །དམིགས་པ་ནི་འདོད་པའོ། །འདོད་
པའི་ཁམས་ནི་དྲུག་ཅར་གྱི་ཡང་དམིགས་པ་ཡིན་ནོ། །རང་གི་བཞིའི། གཟུགས་ཀྱི་ཁམས་ནི་བཞི་ཡིན་ཏེ། དེ་ན་དྲི་དང་རོ་མེད་པའི་ཕྱིར་རོ། །གོང་མ་གཅིག་གི་དམིགས་པ་ཡིན། གཟུགས་མེད་པའི་ཁམས་ནི་ཆོས་ལ་ཉེ་བར་རྒྱུ་བ་གཅིག་ཁོ་ནའི་དམིགས་པ་ཡིན་ནོ། །
གཟུགས་དང་ལྡན་པ་དག་བཤད་ཟིན་ཏོ། །ད་ནི་གཟུགས་མེད་པ་དང་ལྡན་པ་བརྗོད་པར་བྱ་སྟེ། གཟུགས་མེད་ཉེ་བར་བསྡོགས་ན་བཞི། །གཟུགས་མེད་པའི་ཉེ་བར་བསྡོགས་ནི་འདིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེ་བར་བསྡོགས་པ་ཡིན་ཏེ། དེ་ན་ནི་གཟུགས་དང་
སྒྲ་དང་རེག་བྱ་དང་ཆོས་ལ་ཉེ་བར་རྒྱུ་བ་བཞིའོ། །དེ་དག་ཀྱང་། གཟུགས་སྒྲའོ། །དེ་དག་གི་དམིགས་པ་ནི་བསམ་གཏན་བཞི་པ་ཡིན་ཏེ། གང་དག་གི་ལྟར་ན་དེ་རྣམ་པར་ཆད་པ་ལ་དམིགས་པ་ཡོད་པ་ཡིན་ནོ། །གང་དག་གི་ལྟར་ན་ནི་དེ་དག་བཟླུམས་ཏེ་དམིགས་པ་དེ་དག་གི་ལྟར་

ན་ནི་དེ་ན་ཆོས་ལ་ཉེ་བར་རྒྱུ་བ་འདྲེས་པ་ལ་དམིགས་པ་གཅིག་ཁོ་ན་ཡོད་དོ། །གོང་མར་འགྲོ་བ་གཅིག །དེ་ན་གཟུགས་མེད་པའི་ཁམས་ལ་དམིགས་པ་ནི་གཅིག་ཁོ་ན་སྟེ། ཆོས་ལ་ཉེ་བར་རྒྱུ་བའོ། །དངོས་གཞི་ན་གཅིག །གཟུགས་མེད་པའི་དངོས་གཞི་ན་ནི་ཆོས་
ལ་ཉེ་བར་རྒྱུ་བ་གཅིག་ཁོ་ན་ཡོད་ཀྱི་གཞན་ནི་མེད་དོ། །དེ་ཡང་། རང་ཡུལ་ཅན། གཟུགས་མེད་པའི་ཁམས་ཁོ་ན་ལ་དམིགས་པ་ཡིན་ཏེ། གཟུགས་མེད་པའི་དངོས་གཞི་རྣམས་ཀྱི་དམིགས་པ་ནི་ཁ་ཅིག་མ་ཡིན་ནོ་ཞེས་འོག་ནས་བཤད་པར་བྱའོ། །ཡིད་ཀྱི་ཉེ་བར་རྒྱུ་བ་དེ་དག་
ཀྱང་། བཅོ་བརྒྱད་ཐམས་ཅད་ཟག་དང་བཅས། །ཟག་པ་མེད་པ་ནི་འགའ་ཡང་མེད་དོ། །གང་ཞིག་དུ་དག་དང་ལྡན་ཞེ་ན། འདོད་པའི་ཁམས་སུ་སྐྱེས་པ་གཟུགས་ན་སྤྱོད་པའི་དགེ་བའི་སེམས་མ་ཐོབ་པ་ནི་འདོད་པ་ན་སྤྱོད་པ་ཐམས་ཅད་དང་ལྡན་ནོ། །བསམ་གཏན་དང་པོ་དང་གཉིས་
པའི་ས་པ་ནི་དྲི་དང་རོ་ལ་དམིགས་པ་མ་གཏོགས་པ་ཉོན་མོངས་པ་ཅན་བརྒྱད་བརྒྱད་དང་ལྡན་ནོ། །བསམ་གཏན་གསུམ་པ་དང་བཞི་པའི་ས་པ་ནི་བཞི་བཞི་དང་ལྡན་ནོ། །གཟུགས་མེད་པ་ན་སྤྱོད་པ་ནི་ཉོན་མོངས་པ་ཅན་གཅིག་ཁོ་ན་དང་ལྡན་ནོ། །གཟུགས་ན་སྤྱོད་པའི་དགེ་བའི་
སེམས་ཐོབ་པ་འདོད་ཆགས་དང་མ་བྲལ་བ་ནི་འདོད་པ་ན་སྤྱོད་པ་ཐམས་ཅད་དང་ལྡན་ནོ། །བསམ་གཏན་དང་པོའི་ས་པ་ནི་བཅུ་དང་ལྡན་ཏེ། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲི་དང་རོ་ལ་དམིགས་པ་མ་གཏོགས་པ་ཉོན་མོངས་པ་ཅན་བཞི་དང་། མི་ལྕོགས་པ་མེད་པའི་ས་པའི་བཏང་སྙོམས་
ཀྱི་ཉེ་བར་རྒྱུ་བ་དྲུག་དང་ལྡན་ནོ། །བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། གཟུགས་མེད་པ་ལས་སྐྱེས་པ་རྣམས་དང་ནི་སྔ་མ་བཞིན་ཏེ། སྲོལ་འདིས་ལྷག་མ་ཡང་ཁོང་དུ་ཆུད་པར་བྱའོ། །བསམ་གཏན་དུ་སྐྱེས་པ་ནི་འདོད་པ་ན་སྤྱོད་པའི་བཏང་སྙོམས་ཆོས་ལ་
ཉེ་བར་རྒྱུ་བ་སྤྲུལ་པའི་སེམས་དང་མཚུངས་པར་ལྡན་པ་གཅིག་དང་ལྡན་པར་རིག་པར་བྱའོ། །གཞན་དག་ན་རེ་ཡིད་ཀྱི་ཉེ་བར་རྒྱུ་བ་རྣམས་ཀྱི་དོན་བྱེ་བྲག་ཏུ་སྨྲ་བ་ལྟ་བུ་འདི་ཡང་ཡོད་མོད་ཀྱི་མདོའི་དོན་ནི་གཞན་དུ་སྣང་ངོ་། །གང་ཞིག་གང་ལས་འདོད་ཆགས་དང་བྲལ་བ་དེ་ནི་དམིགས་པ་དེ་ལ་ཉེ་

བར་རྒྱུ་བར་རིག་པ་མ་ཡིན་ནོ། །དེ་ལྟ་བས་ན་ཡིད་བདེ་བ་ལ་སོགས་པ་ཟག་པ་དང་བཅས་པ་དག་ཀྱང་ཐམས་ཅད་ནི་ཉེ་བར་རྒྱུ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཀུན་ནས་ཉོན་མོངས་པ་རྣམས་ཡིན་ཏེ། དེ་དག་གིས་ཡིད་ཡུལ་རྣམས་ལ་ཉེ་བར་རྒྱུ་བར་བྱེད་པའོ། །ཇི་ལྟར་ཉེ་བར་རྒྱུ་བར་བྱེད་ཅེ་ན། རྗེས་
སུ་ཆགས་པར་བྱེད། སོ་སོར་མ་བརྟགས་པ་ཡང་བཏང་སྙོམས་སུ་བྱེད་པ་སྟེ། གང་དག་གི་གཉེན་པོར་རྟག་ཏུ་ཡོད་པ་དྲུག་གནས་པ་ཡིན་པ་སྟེ། མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བར་ཡང་མི་འགྱུར་ཞིང་། ཡིད་མི་བདེ་བར་ཡང་མི་འགྱུར་ལ། དྲན་པ་དང་ལྡན་ཞིང་ཤེས་
བཞིན་དུ་བཏང་སྙོམས་སུ་གནས་སོ་ཞེས་བྱ་བ་ནས། དེ་བཞིན་དུ་ཡིད་ཀྱིས་ཆོས་རྣམས་ཤེས་ནས་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །དགྲ་བཅོམ་པ་ལ་ཡང་འཇིག་རྟེན་པའི་དགེ་བའི་ཆོས་ལ་དམིགས་པའི་ཡིད་བདེ་བ་མེད་པ་མ་ཡིན་པས་འདི་ནི་ཀུན་ནས་ཉོན་མོངས་པའི་ཡིད་ཉེ་བར་
རྒྱུ་བ་དེ་དགག་པ་མ་ཡིན་པར་བདེ་བར་མངོན་ནོ་ཞེས་ཟེར་རོ། །ཡང་ཡིད་བདེ་བ་ལ་སོགས་པ་དེ་དག་ཉིད་ཞེན་པ་ལ་བརྟེན་པ་དང་། ངེས་པར་འབྱུང་བ་ཉིད་ལ་བརྟེན་པའི་བྱེ་བྲག་གིས་སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ། དེ་དག་གི་བྱེ་བྲག་སྟོན་པས་བཀའ་སྩལ་པའི་ཕྱིར་རོ། །
དེ་ལ་ཞེན་པ་ལ་བརྟེན་པ་རྣམས་ནི་ཉོན་མོངས་པ་ཅན་དག་གོ། །ངེས་པར་འབྱུང་བ་ལ་བརྟེན་པ་རྣམས་ནི་དགེ་བ་དག་ཡིན་ནོ། །དེ་ལྟར་ན་ཚོར་བ་དག་ཅེས་བྱ་བར་སྲེད་པའི་ཡན་ལག་འདིའི་རབ་ཏུ་དབྱེ་བ་ནི་དུ་མ་ཡོད་པར་རིག་པར་བྱའོ། །ཡན་ལག་ལྷག་མ་རྣམས་ནི་ཡང་མི་བརྗོད་དོ། །ཅིའི་
ཕྱིར་ཞེ་ན། བཤད་དང་འཆད་པར་འགྱུར་བ་གཞན། །འདིར་ཡན་ལག་ཁ་ཅིག་ནི་བཤད་ཟིན། ཁ་ཅིག་ནི་འོག་ནས་འཆད་དེ། དེ་ལ་རེ་ཞིག་རྣམ་པར་ཤེས་པ་ནི། རྣམ་པར་ཤེས་པ་སོ་སོར་རྣམ་རིག་པ། ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན་ཞེས་བཤད་ཟིན་ཏོ། །སྐྱེ་མཆེད་དྲུག་ཀྱང་། དེ་
དག་རྣམས་ཀྱི་རྣམ་ཤེས་རྟེན་མིག་ལ་སོགས་པ་གཟུགས་དང་བ་རྣམས་ཞེས་བཤད་ཟིན་ཏོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་མཛོད་ཀྱི་གནས་ནས་འཆད་པར་འགྱུར་རོ། །སྲེད་པ་དང་ལེན་པ་རྣམས་ནི་ཉོན་མོངས་པའི་གནས་ཀྱི་མཛོད་ཀྱི་གནས་ནས་འཆད་པར་འགྱུར་རོ། །སྔར་རྟེན་ཅིང་

འབྲེལ་པར་འབྱུང་བ་དེ་ཡང་མདོར་བསྡུ་ན་ཉོན་མོངས་པ་དང་། ལས་དང་། གཞི་རྣམས་སོ་ཞེས་བསྟན་པ། འདིར་ནི་ཉོན་མོངས་ས་བོན་བཞིན། །ཀླུ་བཞིན་རྩྭ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་བཞིན་དུ་འདོད། །འདིའི་ས་བོན་ལ་སོགས་པ་དང་ཆོས་མཐུན་
པ་གང་ཞིག་ཡིན་ཞེ་ན། དཔེར་ན་ས་བོན་ལས་སྡོང་བུ་དང་། ལོ་མ་ལ་སོགས་པ་སྐྱེ་བར་འགྱུར་བ་དེ་བཞིན་དུ། ཉོན་མོངས་པ་ལས་ཀྱང་ཉོན་མོངས་པ་དང་ལས་དང་གཞི་རྣམས་སྐྱེ་བར་འགྱུར་རོ། །དཔེར་ན་ཀླུ་གནས་པའི་མཚོ་ནི་སྐམ་པར་མི་འགྱུར་བ་ལྟར། ཉོན་མོངས་པའི་ཀླན་ཀ་གནས་
པའི་སྐྱེ་བའི་མཚོ་ཡང་དེ་དང་འདྲའོ། །དཔེར་ན་ནགས་ཚལ་རྩ་བ་ནས་མ་ཕྱུང་བ་རྣམས་ནི་བཅད་ཀྱང་སླར་སྐྱེ་བར་འགྱུར་བ་ལྟར། ཉོན་མོངས་པ་རྩ་བ་ནས་མ་བཏོན་པའི་འགྲོ་བ་རྣམས་ཀྱང་དེ་དང་འདྲའོ། །དཔེར་ན་ཤིང་ལྗོན་པ་རྣམས་དུས་དུས་སུ་མེ་ཏོག་དང་འབྲས་བུ་རྣམས་སྐྱེད་པར་བྱེད་པ་དེ་
བཞིན་དུ། ཉོན་མོངས་པ་རྣམས་ཀྱང་ལན་ཅིག་མ་ཡིན་པར་ཉོན་མོངས་པ་དང་ལས་དང་གཞི་རྣམས་ཀྱི་རྒྱུ་ཡིན་ནོ། །དཔེར་ན་ཤུན་པ་དང་བཅས་པའི་འབྲས་ཐུག་པོ་ཆེ་རྣམས་ནི་སྐྱེ་བར་ནུས་ཀྱི་འབའ་ཞིག་དག་ནི་མ་ཡིན་པ་དེ་བཞིན་དུ། ཉོན་མོངས་པའི་ཐོབ་པའི་ཤུན་པ་དང་བཅས་པའི་
ལས་སྐྱེ་བ་གཞན་དུ་སྐྱེ་བར་ནུས་ཀྱི་འབའ་ཞིག་ནི་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ཉོན་མོངས་པ་ས་བོན་ལ་སོགས་པ་དང་འདྲ་བར་རིག་པར་བྱའོ། །ལས་ནི་ཤུན་བཅས་འབྲས་དང་འདྲ། །དེ་བཞིན་སྨན་དང་མེ་ཏོག་བཞིན། །འདི་ལ་ཤུན་པ་ཡོད་པས་ན་ཤུན་པ་དང་བཅས་པ་སྟེ། ཤུན་པ་ལྟ་
བུའི་ཉོན་མོངས་པ་ནི་བཤད་ཟིན་ཏོ། །ད་ནི་ཤུན་པ་དང་བཅས་པའི་འབྲས་བུ་ལྟ་བུའི་ལས་བརྗོད་པར་བྱའོ། །དཔེར་ན་འབྲུ་དང་སྨན་དག་འབྲས་བུ་སྨིན་པ་མཐར་ཕྱིན་པ་དང་ལྡན་པ་དེ་བཞིན་དུ་ལས་རྣམས་ཀྱང་རྣམ་པར་སྨིན་ནས་ཡང་རྣམ་པར་སྨིན་པ་མངོན་པར་མི་འགྲུབ་པའི་ཕྱིར་རོ། །དཔེར་
ན་མེ་ཏོག་འབྲས་བུ་བསྐྱེད་པར་བྱ་བ་ལ་ཉེ་བའི་རྒྱུ་ཡིན་པ་ལྟར་ལས་རྣམས་ཀྱང་རྣམ་པར་སྨིན་པ་བསྐྱེད་པར་བྱ་བ་ལ་དེ་བཞིན་དུ་རིག་པར་བྱའོ། །གཞི་ནི་བཟའ་བཏུང་གྲུབ་པ་བཞིན། །དཔེར་ན་བཟའ་བ་དང་བཏུང་བ་གྲུབ་ཟིན་པ་ཡོངས་སུ་ལོངས་སྤྱད་པར་བྱ་བ་འབའ་ཞིག་ཡིན་གྱི་ཡང་བསྐྱེད་པར་བྱ་

བ་མ་ཡིན་པ་ལྟར་རྣམ་པར་སྨིན་པ་ཞེས་བྱ་བའི་གཞི་ཡང་དེ་དང་འདྲ་སྟེ། རྣམ་པར་སྨིན་པ་ལས་ཚེ་རབས་གཞན་དག་ཏུ་རྣམ་པར་སྨིན་པ་གཞན་དང་འབྲེལ་པ་ནི་མེད་དེ། གལ་ཏེ་འབྲེལ་པར་འགྱུར་ན་ནི་ཐར་པར་ཡང་མི་འགྱུར་རོ། །ཡང་ཚེའི་རྒྱུན་དེ་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ན་འདི་
ལྟ་སྟེ་སྲིད་པ་བར་མ་དང་། སྐྱེ་བའི་སྲིད་པ་དང་། དུས་སྔ་མའི་སྲིད་པ་དང་། འཆི་བའི་སྲིད་པ་དང་། སྲིད་པ་བཞི་ལས་མི་འདའ་སྟེ། དེ་དག་ནི་བཤད་ཟིན་ཏོ། །སྲིད་པ་བཞི་པོ་དེ་དག་ལས་གཅིག་ཏུ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཉོན་མོངས་པ་གང་གིས་ཤེ་ན། རང་གི་ས་
པའི་ཉོན་མོངས་ཀུན། །ཆོས་མངོན་པ་པ་རྣམས་ན་རེ་སྐྱེ་བའི་སྲིད་པ་ས་གང་ཡིན་པ་དེའི་ས་པའི་ཉོན་མོངས་པ་ཐམས་ཅད་ཀྱི་ས་ཡིན་པ་ཉིད་དེ། གང་གིས་ཉིང་མཚམས་སྦྱོར་བར་དགག་པར་བྱ་བའི་ཉོན་མོངས་པ་དེ་ནི་མེད་དོ་ཞེས་ཟེར་རོ། །ཉོན་མོངས་པ་ཅན་རྣམས་ཁོ་ནས་ཡིན་གྱི་ཀུན་ནས་
དཀྲིས་པ་ཆིག་རྐྱ་ཐུབ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །གནས་སྐབས་དེ་ཞན་པ་ཡིན་མོད་ཀྱི། གང་ཞིག་གིས་གང་ལ་ཡང་དང་ཡང་དུ་དང་། ཉེ་བར་དཔྱད་པ་དེ་ལ་ནི་དེའི་ཚེ་ཉོན་མོངས་པ་དེ་ཉིད་ཉེ་བར་གནས་པར་འགྱུར་ཏེ། སྔོན་འཕངས་པའི་ཕྱིར་རོ། །སྲིད་པ་བར་མ་ཉིང་མཚམས་སྦྱོར་བ་
ཡང་དེ་བཞིན་དུ་གདོན་མི་ཟ་བར་ཉོན་མོངས་པ་ཅན་དུ་རིག་པར་བྱའོ། །གཞན་རྣམ་གསུམ་མོ། །སྲིད་པ་བར་མ་ལ་སོགས་པ་སྲིད་པ་གཞན་གསུམ་ནི་དགེ་བ་དང་། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་དང་གསུམ་ཆར་ཡིན་ནོ། །ཡང་སྲིད་པ་འདི་རྣམས་ལས་གང་ཞིག་གང་
དང་ལྡན་ཞེ་ན། གཟུགས་མེད་གསུམ། སྲིད་པ་བར་མ་མ་གཏོགས་ཏེ། གཟུགས་མེད་པའི་ཁམས་ནི་གང་དུ་ཕྱིན་པར་བྱ་བའི་ཕྱིར་སྲིད་པ་བར་མ་མངོན་པར་འགྲུབ་པར་འགྱུར་བ་ནས་གཞན་དུ་ན་ཡོངས་སུ་ཆད་པ་ནི་མེད་དོ། །འདོད་པ་དང་གཟུགས་ཀྱི་ཁམས་དག་གིས་ནི་ཆད་
པ་མ་སྨོས་པས་སྲིད་པ་བཞི་པོ་ཐམས་ཅད་ཡོད་དོ་ཞེས་བྱ་བར་གནས་པར་བྱས་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བ་བཞིན་རྒྱས་པར་བཤད་ཟིན་ཏོ། །ཡང་སེམས་ཅན་རྣམས་ཇི་ལྟར་གནས་པ་ཡིན་ཞེ་ན། འགྲོ་བ་ཟས་ཀྱིས་གནས་པ་ཡིན། །བཅོམ་

ལྡན་འདས་ཉིད་ཀྱིས་མངོན་པར་མཁྱེན་ཅིང་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་གཅིག་བཀའ་སྩལ་པ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ནི་ཟས་ཀྱིས་གནས་པའོ་ཞེས་བྱ་བ་ནི་མདོའི་ཚིག་ཡིན་ནོ། །ཟས་རྣམས་ཀྱང་གང་དག་ཅེ་ན། ཟས་ནི་བཞི་སྟེ། ཁམ་
གྱི་ཟས་ནི་རགས་པ་དང་ཕྲ་བའོ། །ཕྲ་བ་ནི་སྲིད་པ་བར་མ་རྣམས་ཀྱི་ཡིན་ཏེ། དྲི་ཟ་བའི་ཕྱིར་རོ། །ལྷ་རྣམས་དང་། བསྐལ་པ་དང་པོ་པ་རྣམས་ཀྱི་ཡང་ཡིན་ཏེ། བྱེ་མ་དག་གི་ནང་དུ་ཏིལ་མར་བླུགས་པ་བཞིན་དུ་ཡན་ལག་རྣམས་ཀྱི་ནང་དུ་འཇུག་པས་རྒྱུ་མཐུན་པ་མེད་པའི་ཕྱིར་རོ། །ཡང་
ན་ཕྲ་མོ་རྣམས་ཀྱི་ཡིན་པས་ཕྲ་མོ་སྟེ། བྱིས་པ་དང་། དྲོད་གཤེར་ལས་སྐྱེ་བ་ལ་སོགས་པའིའོ། །རེག་པ་ནི་གཉིས་པའོ། །ཡིད་ལ་སེམས་པ་ནི་གསུམ་པའོ། །རྣམ་པར་ཤེས་པའི་ཟས་ནི་བཞི་པའོ། །དེ་ལ་ཁམ་གྱི་ཟས་ནི་འདོད་པ་ན། །གཟུགས་དང་གཟུགས་མེད་པའི་ཁམས་དག་ན་
ནི་མེད་དོ། །དེའི་འདོད་ཆགས་དང་བྲལ་བ་དག་དེར་སྐྱེ་བའི་ཕྱིར་རོ། །དེ་ཡང་། སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །འདོད་པ་ན་སྤྱོད་པའི་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་རྣམས་ནི་སྣ་དང་། ལྕེ་དང་ལུས་ཀྱིས་ཁམ་དུ་བཅད་ནས་ཁམ་དུ་བྱས་ཏེ་མིད་པའི་ཕྱིར་ཐམས་ཅད་ཁམ་གྱི་ཟས་
ཁོ་ན་ཡིན་ནོ། །གྲིབ་མ་དང་། ཉི་མ་དང་། མེ་དང་། འོད་དག་ལ་ཡོད་པ་དེ་དག་ཇི་ལྟར་ཟས་ཉིད་ཡིན་ཞེ་ན། འདི་ནི་ཕལ་ཆེ་བར་བསྟན་པ་ཡིན་ནོ་ཞེས་གྲག་གོ། །གང་དག་མི་མིད་ལ་གནས་པར་ཡང་བྱེད་པ་དེ་དག་ཀྱང་ཟས་ཕྲ་མོ་ཡིན་ཏེ། ཁྲུས་དང་ལུས་མཉེ་བ་བཞིན་ནོ། །ཅིའི་
ཕྱིར་གཟུགས་ཀྱི་སྐྱེ་མཆེད་ཟས་མ་ཡིན། །དེ་ཡང་ཁམ་དུ་བྱས་ནས་མིད་པར་ནི་བྱེད་དོ་ཞེ་ན། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །ཟས་ཞེས་བྱ་བ་ནི་གང་དབང་པོ་དང་། འབྱུང་བ་ཆེན་པོ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ནི་མེད་
པའི་ཚེ་རང་གི་དབང་པོའམ། དེའི་འབྱུང་བ་ཆེན་པོ་རྣམས་ལ་ཕན་མི་འདོགས་ན་ཡུལ་མ་ཡིན་པའི་ཕྱིར་གཞན་དང་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས། གང་གི་ཚེ་མཐོང་བ་ན་བདེ་བ་དང་། ཡིད་བདེ་བར་བྱེད་པ་དེའི་ཚེ་ཡང་དེ་ལ་དམིགས་པའི་བདེ་བ་མྱོང་བར་འགྱུར་བའི་རེག་པ་ཟས་ཡིན་གྱི་

གཟུགས་ནི་མ་ཡིན་ནོ། །གྲོལ་བའི་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཟས་ཤིན་ཏུ་ཡིད་དུ་མི་འོང་བ་མཐོང་བ་རྣམས་ལ་ཡང་ཕན་འདོགས་པ་མེད་པའི་ཡང་ཕྱིར་རོ། །རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན་གསུམ་དག་ན། །རེག་པ་གསུམ་འདུས་པ་ལས་བྱུང་བ་དང་། སེམས་
པ་ཡིད་ཀྱི་ལས་དང་། རྣམ་པར་ཤེས་པ་ཟག་པ་དང་བཅས་པ་དག་ཁོ་ན་ཟས་ཡིན་ཏེ། ཁམས་གསུམ་ཆར་ན་ཡང་ཡོད་དེ། ཅིའི་ཕྱིར་ཟག་པ་མེད་པ་རྣམས་མ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདི་ལྟར་སྲིད་པ་གསོ་བར་བྱེད་པའི་དོན་ནི་ཟས་ཀྱི་དོན་ཡིན་ན་དེ་དག་ནི་སྲིད་པ་ཟད་པར་བྱ་བའི་ཕྱིར་
སྐྱེས་པ་དག་ཡིན་ནོ་ཞེས་ཟེར་རོ། །གཞན་ཡང་མདོ་ལས། སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་དང་། འཚོ་བར་བྱེད་པ་དང་། སྲིད་པ་ཚོལ་བ་རྣམས་ལ་ཕན་པར་བྱེད་པ་ཡིན་ནོ་ཞེས་གསུངས་ནས་ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་པས་ཟས་དག་མ་ཡིན་ནོ། །རེ་ཞིག་བྱུང་བ་
ནི་སེམས་ཅན་སྐྱེས་པ་རྣམས་ཞེས་བྱ་བར་ཡང་ཤེས་ན། སྲིད་པ་ཚོལ་བ་རྣམས་གང་ཞེ་ན། ཡིད་ལས་བྱུང་དང་སྲིད་ཚོལ་དང་། །དྲི་ཟ་སྲིད་པ་བར་མ་དང་། །འགྲུབ་པའོ། །བཅོམ་ལྡན་འདས་ཀྱིས་སྲིད་པ་བར་མ་ནི་བརྗོད་པ་འདི་དག་གིས་གསུངས་སོ། །དེ་ནི་ཡིད་ལས་སྐྱེས་པའི་ཕྱིར་
ཡིད་ལས་བྱུང་བ་ཞེས་བྱ་སྟེ། ཕྱིའི་ཁུ་ཆུ་དང་ཁྲག་ལ་སོགས་པས་ཅུང་ཟད་ཀྱང་རྒྱུར་བྱས་པ་མེད་པའི་ཕྱིར་རོ། །སྲིད་པ་ཚོལ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་སྲིད་པ་ཚོལ་བའོ། །དྲི་ཟ་བའི་ཕྱིར་ན། དྲི་ཟའོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པར་འགྲུབ་པ་སྟེ། མདོ་ལས། གནོད་
པ་དང་བཅས་པའི་ལུས་མངོན་པར་གྲུབ་ནས་གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་མདོ་ལས། གང་གིས་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ནི་སྤངས་ལ་སྐྱེ་བའི་ཀུན་དུ་སྦྱོར་བ་ནི་མ་ཡིན་པའི་གང་ཟག་ཀྱང་ཡོད་དོ་ཞེས་བྱ་བ་མུ་བཞི་
གསུངས་པའི་ཕྱིར་ཏེ། མུ་དང་པོ་ནི་ཕྱིར་མི་འོང་བ་ཁམས་གཉིས་ལས་འདོད་ཆགས་དང་བྲལ་བའོ། །གཉིས་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །གསུམ་པ་ནི་དགྲ་བཅོམ་པའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །ཡང་ན་བྱུང་བ་ནི་དགྲ་བཅོམ་པའོ། །སྲིད་པ་

ཚོལ་བ་རྣམས་ནི་སྲིད་པ་དང་བཅས་པ་དག་གོ། །ཡང་ཟས་དུ་ཞིག་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་ཡིན། དུ་ཞིག་ནི་སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཐམས་ཅད་ཀྱང་གཉི་ག་ཡིན་ནོ་ཞེས་ཟེར་རོ། །
ཁམ་གྱི་ཟས་ཀྱང་དེ་ལ་ཆགས་པ་རྣམས་ཀྱི་ཡང་འབྱུང་བར་བྱེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཟས་བཞི་ནི་ནད་དང་། འབྲས་དང་། ཟུག་རྔུའི་རྩ་བ་ཡིན་ནོ། །རྒ་ཤིའི་རྐྱེན་ཡིན་ནོ་ཞེས་གསུངས་སོ། །ཡིད་ལ་སེམས་པ་ཡང་འདིར་གནས་པར་བྱེད་པ་ཡིན་པར་སྣང་སྟེ། འདི་སྐད་
དུ་ལོ་ཉེས་ཀྱིས་ཉེན་པའི་ཕ་ཞིག་གིས་ཐལ་བའི་རྐྱལ་བ་ཁ་ཐུར་མས་གཏུར་ཏེ་ཕྱེ་ཡིན་ནོ། །བར་དུ་བུ་གཉིས་ཤིག་ཡིད་ཆེས་པར་བྱས་པ་དང་། དེ་གཉིས་ཀྱང་དེ་ལ་རྟོག་པར་བྱེད་ཅིང་རིང་མོ་ཞིག་ཏུ་གནས་པར་གྱུར་ཏོ། །གཅིག་གིས་ཁ་ཕྱེ་ནས་ཐལ་བ་ཡིན་ནོ་སྙམ་སྟེ་རེ་བ་མེད་པར་གྱུར་པ་དང་ཤིའོ། །
ཡང་རྒྱ་མཚོར་གྲུ་ཆག་པའི་མི་ཞིག་ཐང་ཡིན་ནོ་སྙམ་ནས་དབུ་བའི་ཕུང་པོ་ཆེན་པོ་ཞིག་གི་དྲུང་དུ་སོང་སྟེ། དེ་ལ་ཀུན་དུ་བསྣམས་ནས་རེ་བ་མེད་པ་དང་ཤིའོ་ཞེས་གྲག་གོ་ཞེས་བརྗོད་དོ། །འགྲོ་བའི་རྣམ་གྲངས་ལས་ཀྱང་རྒྱ་མཚོ་ཆེན་པོ་ནས་སྲོག་ཆགས་ཆེ་ལོང་རྣམས་ཆུ་ནང་ནས་སྐམ་ལ་འཐོན་
ཏེ་བྱེ་མ་ཅན་གྱི་ཐང་ལ་སྒོ་ང་རྣམས་བཞག་ནས་བྱེ་མས་བཀབ་སྟེ་སླར་ཡང་རྒྱ་མཚོའི་ནང་དུ་འགྲོའོ། །དེ་ལ་མ་གང་དག་གིས་སྒོ་ང་ལས་བརྩམས་ཏེ་དྲན་པས་མ་བརྗེད་པའི་སྒོ་ང་དེ་དག་ནི་འདྲུལ་བར་མི་འགྱུར་རོ། །གང་དག་གིས་བརྗེད་པ་དེ་དག་ནི་འདྲུལ་བར་འགྱུར་རོ་ཞེས་བཤད་དེ། གཞན་
གྱི་ཟས་ཀྱིས་ཟས་དང་བཅས་པར་འགྱུར་དུ་འོང་བའི་ཕྱིར་དེ་ནི་མི་བརྗོད་ཀྱི། འདི་སྐད་དུ་སྒོ་ང་གང་དག་གིས་མ་ལས་བརྩམས་ནས་དྲན་པས་མི་བརྗེད་པས་དེ་དག་ནི་རེག་པའི་གནས་སྐབས་དེ་དྲན་པས་འདྲུལ་བར་མི་འགྱུར་ལ། གང་དག་གིས་བརྗེད་པ་དེ་དག་ནི་འདྲུལ་བར་འགྱུར་རོ་ཞེས་
ནི་བརྗོད་དོ། །ཡང་ཅིའི་ཕྱིར་ཟས་བཞི་ཁོ་ན་ཡིན་ནོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྲིད་པ་རྣམས་གསོ་བར་བྱེད་པ་དག་མ་ཡིན་ནམ་ཞེ་ན། དེ་ནི་དེ་ལྟ་ན་ཡིན་མོད་ཀྱི་འོན་ཀྱང་གཙོ་བོར་བཤད་དེ། འདི་ལ་གནས་དང་ནི། རྟེན་པ་རྒྱས་པའི་དོན་དུ་གཉིས། །སྲིད་

གཞན་འཕེན་དང་འགྲུབ་པ་ཡི། །དོན་དུ་གཉིས་ཏེ་གོ་རིམས་བཞིན། །གནས་ནི་དབང་པོ་དང་བཅས་པའི་ལུས་སོ། །དེ་རྒྱས་པར་བྱེད་པ་ནི་ཁམ་གྱི་ཟས་སོ། །རྟེན་པ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་དག་རྒྱས་པར་བྱེད་པ་ནི་རེག་པ་སྟེ། རེ་ཞིག་འདི་གཉིས་
ནི་འདིར་སྐྱེས་པའི་སྲིད་པ་གསོ་བར་བྱ་བ་གཙོ་བོ་ཡིན་ནོ། །ཡིད་ལ་སེམས་པས་ནི་ཡང་སྲིད་པ་འཕེན་པར་བྱེད་དོ། །འཕངས་ཟིན་པ་ནི་ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་ལས་མངོན་པར་འགྲུབ་པས་འདི་གཉིས་ནི་མ་སྐྱེས་པའི་སྲིད་པ་སྐྱེས་པ་ལ་གཙོ་བོར་ཡིན་ནོ། །དེའི་
ཕྱིར་བཞིར་གསུངས་སོ། །སྔ་མ་གཉིས་ནི་སྐྱེས་ཟིན་པ་གསོ་བར་བྱེད་པ་ཡིན་པའི་ཕྱིར་མ་མ་ལྟ་བུ་དག་ཡིན་ནོ། །ཕྱི་མ་གཉིས་ནི་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་མ་ལྟ་བུ་དག་ཡིན་ནོ། །གང་ལ་ལ་ཁམ་ཡིན་པ་དེ་ཐམས་ཅད་ཟས་ཀྱང་ཡིན་ནམ་ཞེ་ན། ཁམ་ཡིན་ལ་ཟས་མ་ཡིན་པ་ཡང་ཡོད་
དོ་ཞེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི་ཁམ་གང་ལ་བརྟེན་ནས་དབང་པོ་རྣམས་ཉམས་པར་འགྱུར་ལ། འབྱུང་བ་ཆེན་པོ་རྣམས་ཀྱང་ཡོངས་སུ་འཇིག་པར་འགྱུར་བའོ། །མུ་གཉིས་པ་ནི་ཟས་གསུམ་པ་དག་གོ། །གསུམ་པ་ནི་ཁམ་གང་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་ཞིང་
འབྱུང་བ་ཆེན་པོ་རྣམས་ཀྱང་འཕེལ་བར་འགྱུར་བའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །དེ་བཞིན་དུ་རེག་པ་ལ་སོགས་པས་ཀྱང་ཅི་རིགས་པར་མུ་བཞིར་བྱའོ། །རེག་པ་ལ་སོགས་པ་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་ཞིང་འབྱུང་བ་རྣམས་ཀྱང་འཕེལ་བར་འགྱུར་བ་
དེ་དག་ཟས་ཀྱང་མ་ཡིན་པ་ལྟ་ཡོད་དམ་ཞེ་ན། ཡོད་དེ། གཞན་གྱི་ས་པ་དང་། ཟག་པ་མེད་པ་རྣམས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། གང་ཞིག་ཟོས་ནས་ཟ་བ་པོ་ལ་གནོད་པར་བྱེད་པ་དེ་ལ་ཡང་དང་པོ་ཕན་འདོགས་པའི་ཕྱིར་ཟས་ཡིན་ནོ། །ཟས་ནི་དུས་གཉིས་སུ་ཟས་ཀྱི་བྱ་བ་བྱེད་དེ།
ཡོངས་སུ་ལོངས་སྤྱོད་པའི་ཚེ་དང་། འཇུ་བའི་ཚེའོ་ཞེས་ཟེར་རོ། །འགྲོ་བ་གང་ན་ཟས་དུ་ཞིག་ཡོད་ཅེ་ན། ཐམས་ཅད་ན་ཐམས་ཅད་ཡོད་དེ། སྐྱེ་གནས་དག་ན་ཡང་དེ་དང་འདྲའོ། །དམྱལ་བ་དག་ན་ཁམ་གྱི་ཟས་ཇི་ལྟ་བུ་ཞེ་ན། ལྕགས་ཀྱི་ཐུ་ལུམ་འབར་བ་དང་། ཟངས་ཞུན་མ་

ཡིན་ནོ། །གལ་ཏེ་གནོད་པར་བྱེད་པ་ཡང་ཟས་ཡིན་ན་ནི་མུ་བཞི་ལ་ཡང་གནོད་པར་འགྱུར་ལ་རབ་ཏུ་བྱེད་པའི་གཞུང་ཁམ་གྱི་ཟས་གང་ཞེ་ན། ཁམ་གང་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འབྱུང་ཞིང་འགྱུར་བ་ཆེན་པོ་རྣམས་ཀྱང་འཕེལ་བ་དང་འཚོ་བ་དང་ཉེ་བར་འཚོ་བར་
འགྱུར་བའོ་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་བར་དུ་རྒྱས་པར་གསུངས་པ་ལ་ཡང་གནོད་པར་འགྱུར་རོ་ཞེ་ན། རྒྱས་པར་འགྱུར་བའི་ཟས་ལ་དགོངས་ཏེ་གསུངས་པའི་ཕྱིར་འགལ་བ་མེད་དོ། །ཉམས་པར་འགྱུར་བའི་ཟས་ནི་དམྱལ་བ་དག་ཏུ་ཟས་ཀྱི་མཚན་ཉིད་ཐོབ་པའི་ཕྱིར་ཏེ། དེས་ཀྱང་བཀྲེས་
པ་དང་སྐོམ་པ་དག་འཇོམས་པར་ནུས་པའི་ཕྱིར་རོ། །གཞན་ཡང་ཉི་ཚེ་བའི་དམྱལ་བ་དག་ན་མི་དང་འདྲ་བར་ཁམ་གྱི་ཟས་ཡོད་པའི་ཕྱིར་འགྲོ་བ་ལྔ་པ་ཉིད་དུ་རིགས་སོ། །བཅོམ་ལྡན་འདས་ཀྱིས། གང་གིས་ཕྱིའི་དྲང་སྲོང་འདོད་པ་དག་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟས་བྱིན་པ་བས་གང་
གིས་འཛམ་བུའི་ཚལ་ན་འདུག་པའི་སོ་སོའི་སྐྱེ་བོ་གཅིག་ལ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེས་ཆེའོ་ཞེས་གསུངས་པ། འཛམ་བུའི་ཚལ་ན་འདུག་པའི་སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་གང་ཞེ་ན། ཁ་ཅིག་ན་རེ་འཛམ་བུའི་གླིང་ན་གནས་པ་ལྟོ་དང་ལྡན་པ་དག་ཡིན་ནོ་ཞེས་ཟེར་རོ། །
དེ་ནི་རིགས་པ་མ་ཡིན་ཏེ། གཅིག་ཅེས་གསུངས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་མང་པོ་ལ་ཟས་བྱིན་ན་བསོད་ནམས་མང་པོར་འགྱུར་གྱི་འདོད་ཆགས་དང་བྲལ་བ་ཉུང་ངུ་ལ་ཟས་བྱིན་པས་ནི་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ལ་ཁྱད་པར་ཅི་ཞིག་ཡོད། གཞན་དག་ན་རེ་བྱང་ཆུབ་སེམས་དཔའ་
ཉེ་བ་ཡིན་ནོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དེ་སྐད་དུ་མི་བརྗོད་དེ། དེ་ལ་བྱིན་ན་དགྲ་བཅོམ་པ་བྱེ་བ་ལ་བྱིན་པ་བས་བསོད་ནམས་ཆེས་མང་བའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་སོ་སོའི་སྐྱེ་བོ་ཡིན་པར་དགོངས་སོ་ཞེས་ཟེར་རོ། །འདིའི་མིང་
ཡང་དོན་དང་མཐུན་པ་མ་ཡིན་ལ། མདོའམ་བསྟན་བཅོས་གང་ལས་ཀྱང་འཛམ་བུའི་ཚལ་དུ་གཏོགས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པའོ་ཞེས་འོལ་ཕྱིར་མ་བཤད་པས་འདི་ནི་ཡོངས་སུ་རྟོག་པ་འབའ་ཞིག་ཏུ་ཟད་ཀྱི། འདི་ནི་བྱང་ཆུབ་སེམས་དཔའི་འཛམ་བུའི་ཚལ་ན་བཞུགས་

པ་ཁོ་ན་ཡིན་པར་རིགས་ཏེ། སོ་སོའི་སྐྱེ་བོ་དེ་ནི་འདོད་པའི་འདོད་ཆགས་དང་བྲལ་བར་འདྲ་བས་དེའི་ཚེ་དེ་དག་ལས་ཁྱད་པར་དུ་འཕགས་པར་གསུངས་སོ། །དེ་ནི་དེ་དག་མཐའ་ཡས་པ་བས་ཀྱང་ཁྱད་པར་དུ་འཕགས་ན། བརྒྱ་སྨོས་པ་ནི་དང་པོའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ནི་གདོན་མི་ཟ་
བར་དེ་ལྟ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་དེ་མ་གཏོགས་པའི་ཕྱི་རོལ་པ་རྣམས་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཁྱད་པར་དུ་འཕགས་པར་མཛད་པར་གྱུར་ཏོ། །དེ་ལྟ་མ་ཡིན་ན་འཛམ་བུའི་ཚལ་དུ་གཏོགས་པ་ལས་ཀྱང་ཁྱད་པར་དུ་འཕགས་པ་ཁོ་ནར་འགྱུར་རོ། །སེམས་
ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བ་དང་། ཇི་ལྟར་གནས་པ་བཤད་ཟིན་ཏོ། །ཇི་ལྟར་ཚེ་ཟད་པ་ལ་སོགས་པས་འཆི་འཕོ་བ་ལ་ཡང་བཤད་ཟིན་ཏོ། །ད་ནི་སེམས་གང་ལ་གནས་ཏེ་འཆི་འཕོ་བ་དང་སྐྱེ་བར་འགྱུར་བ་འདི་བརྗོད་པར་བྱ་སྟེ། འཆད་དང་མཚམས་སྦྱོར་འདོད་ཆགས་
བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་བྱ་བ་སྨོས་སོ། །དེ་དགེ་བའི་རྩ་བ་ཡང་དག་པར་འཆད་པ་དང་། དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་དང་། ཁམས་དང་ས་ལས་འདོད་ཆགས་དང་བྲལ་བ་དང་། ཡོངས་སུ་ཉམས་པ་དང་། འཆི་འཕོ་
བ་དང་། སྐྱེ་བ་དང་། ཆོས་དྲུག་པོ་འདི་དག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཡིན་པར་འདོད་ཀྱི་གཞན་དུ་ནི་མ་ཡིན་ནོ། །སྐྱེ་བ་སྨོས་པ་ནི་སྲིད་པ་བར་མར་ཉིང་མཚམས་སྦྱོར་བ་བཤད་ཟིན་པའི་ངོ་བོར་རིག་པར་བྱའོ། །ཚོར་བ་ནི། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །འཆི་འཕོ་བ་ནི་འཆི་འཕོ་
བ་ཉིད་ཡིན་ནོ། །སྐྱེ་བ་ནི་སྐྱེ་བ་ཡིན་ནོ། །འདི་གཉིས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡིན་ཏེ། དེ་ནི་མི་གསལ་བའི་ཕྱིར་རོ། །ཚོར་བ་གཞན་དག་ནི་གསལ་བ་ཡིན་ཏེ། རྣམ་པར་ཤེས་པ་གསལ་བ་དག་གིས་འཆི་འཕོ་བ་དང་སྐྱེ་བར་ནི་རུང་བ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་
ཤེས་པ་དེ་ལ་ཡང་། རྩེ་གཅིག་སེམས་མེད་ལ་དེ་མེད། །འཆི་འཕོ་བ་དང་སྐྱེ་བ་ཞེས་བྱ་བར་སྦྱར་རོ། །སྐལ་བ་མི་མཉམ་པའི་ས་པ་ཡིན་པའི་ཕྱིར་དང་། མངོན་པར་འདུ་བྱེད་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་དང་། ཕན་འདོགས་པར་བྱེད་པ་ཡིན་པའི་ཕྱིར་མཉམ་པར་གཞག་པའི་སེམས་

ལ་འཆི་འཕོ་བའམ་སྐྱེ་བ་མེད་དོ། །སེམས་མེད་པ་ལ་ཡང་མེད་དེ། སེམས་མེད་པ་ལ་ནི་གནོད་པ་བྱ་བར་མི་ནུས་སོ། །གང་གི་ཚེ་དེའི་ལུས་ཡོངས་སུ་འཇིག་པར་རྩོམ་པ་དེའི་ཚེ་ཡང་དེ་ལས་གདོན་མི་ཟ་བར་དེའི་ལུས་དང་འབྲེལ་པའི་སེམས་མངོན་དུ་གྱུར་ནས་ཕྱིས་འཆི་
འཕོ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །སྐྱེ་བ་ལ་ཡང་སེམས་འཆད་པའི་རྒྱུ་མེད་པའི་ཕྱིར་དང་། ཉོན་མོངས་པ་མེད་པར་མི་སྐྱེ་བའི་ཕྱིར་སེམས་མེད་པར་རིགས་པ་ཉིད་མ་ཡིན་ནོ། །འཆི་བའི་སྲིད་པ་རྣམ་པ་གསུམ་དུ་བཤད་པ་ལ། དགྲ་བཅོམ་པ་ནི། མྱ་ངན་འདས་ལུང་བསྟན