Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 140

Văn bản gốc(Tây Tạng)

Trang 10 / 17 (50.000 ký tự/trang)
་མིན་གཉིས། །སྤྱོད་
ལམ་པ་དང་། གལ་ཏེ་འདོད་པའི་ཁམས་ན་རྣམ་པར་སྨིན་པའི་བཏང་སྙོམས་ཡོད་ན་རྣམ་པར་སྨིན་པའི་སེམས་ལ་གནས་ནས་སོ། །ཅི་སྟེ་མེད་ན་ནི་སྤྱོད་ལམ་པ་ཁོ་ན་ལའོ། །ཅིའི་ཕྱིར་ལུང་དུ་མ་བསྟན་པ་ཁོ་ན་ལ་ཡིན་གྱི་གཞན་ལ་མ་ཡིན་ཞེ་ན། དེ་ནི་ཉམ་ཆུང་བའི་ཕྱིར་སེམས་འཆད་པའི་
རྗེས་སུ་མཐུན་པ་ཡིན་ནོ། །ཡང་འཆི་བ་ན་ལུས་ཀྱི་ཕྱོགས་གང་དུ་རྣམ་པར་ཤེས་པ་འགག་ཅེ་ན། ཅིག་ཅར་འཆི་ན་ནི་ཡིད་དང་བཅས་པའི་ལུས་ཀྱི་དབང་པོ་མོད་ལ་འགག་པར་འགྱུར་རོ། །གལ་ཏེ་རིམ་གྱིས་འཆི་འཕོ་བ་ན་དེའི་ཚེ། འོག་མིན་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ན་
རྐང་པ་དང་། །ལྟེ་བ་སྙིང་གར་ཡིད་འཆི་འཕོ། །འོག་ཏུ་འགྲོ་བས་ན་འོག་ཏུ་འགྲོ་བ་སྟེ། ངན་སོང་དུ་འགྲོ་བ་རྣམས་སོ། །མིར་འགྲོ་བས་ན་མིར་འགྲོ་བས་ཏེ། མིའི་ནང་དུ་འགྲོ་བ་རྣམས་སོ། །ལྷར་འགྲོ་བས་ན་ལྷར་འགྲོ་བ་སྟེ། ལྷའི་ནང་དུ་འགྲོ་བ་རྣམས་སོ། །དེ་དག་གི་རྣམ་པར་ཤེས་པ་ནི་
གྲངས་བཞིན་དུ་རྐང་པ་དང་། ལྟེ་བ་དང་། སྙིང་གར་འགག་གོ། །ཡང་མི་སྐྱེ་བས་ན་མི་སྐྱེ་བ་སྟེ། དགྲ་བཅོམ་པ་དག་གོ། །དེ་དག་གི་རྣམ་པར་ཤེས་པ་སྙིང་ཁར་འགག་གོ། །གཞན་དག་ན་རེ་སྤྱི་བོར་ཞེས་ཟེར་རོ། །དེ་དག་ཏུ་ལུས་ཀྱི་དབང་པོ་འགག་པའི་ཕྱིར་རོ། །འཆི་བའི་ལུས་ཀྱི་དབང་པོ་
ནི་རྡོ་ལེབ་བསྲེགས་པའི་ཐོག་ཏུ་ཆུས་བཏབ་པ་ཞུམ་པར་འགྱུར་བ་བཞིན་དུ་རྐང་པ་ལ་སོགས་པར་ནུབ་པར་འགྱུར་རོ། །གནད་འཆད་པའི་ཚོར་བས་ཉེན་པའི་སྲོག་ཆགས་རྣམས་ནི་ཕལ་ཆེར་དེ་ལྟ་དེ་ལྟར་རིམ་གྱིས་འཆི་བར་འགྱུར་རོ། །གནད་གཅོད་པ་ནི་ཆུ་ལ་སོགས་ཀྱིས་ལུས་ཀྱི་ཕྱོགས་འགའ་

ཞིག་ཉམས་ན་འཆི་བར་འགྱུར་བ་དེ་དག་ནི་གནད་རྣམས་ཞེས་བྱའོ། །དེ་དག་ཀྱང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་ལས་གང་ཡང་རུང་བ་ཞིག་དྲག་ཏུ་འཁྲུགས་པར་གྱུར་པ་མཚོན་ཆ་ཐམས་ཅད་བདར་བས་བཏབ་པ་དང་འདྲ་བས་ཚོར་བ་མི་བཟད་པ་དག་གིས་བཅད་པ་ལྟ་བུ་ཡིན་གྱི། དེ་དག་ཤིང་
གཅོད་པ་ལྟ་བུར་ནི་མ་ཡིན་ནོ། །ཡང་ན་བཅད་པ་དང་འདྲ་བར་ཡང་གཡོ་བ་མེད་པས་ན་བཅད་པ་ཞེས་བྱའོ། །ཅིའི་ཕྱིར་སའི་ཁམས་ཀྱི་མ་ཡིན་ཞེ་ན། སྐྱོན་བཞི་པ་མེད་པའི་ཕྱིར་ཏེ། རླུང་དང་མཁྲིས་པ་དང་བད་ཀན་རྣམས་ནི་སྐྱོན་གསུམ་ཡིན་པ་དེ་དག་གི་གཙོ་བོ་ནི་ཅི་རིགས་པར་ཆུ་དང་མེ་དང་རླུང་གི་
ཁམས་དག་ཡིན་ནོ། །གཞན་དག་ན་རེ་སྣོད་ཀྱི་འཇིག་རྟེན་འཇིག་པ་དང་ཆོས་མཐུན་པས་སོ་ཞེས་ཟེར་རོ། །ལྷ་དག་གི་ནང་ན་ནི་གནད་འཆད་པ་མེད་མོད་ཀྱི། འོན་ཀྱང་ལྷའི་བུ་འཆི་བའི་ཆོས་ཅན་ལ་ནི་ཉེ་བའི་སྔ་ལྟས་ལྔ་འབྱུང་བར་འགྱུར་ཏེ། གོས་རྣམས་དང་རྒྱན་རྣམས་ལས་སྒྲ་ཡིད་དུ་མི་འོང་བ་
འབྱུང་བར་འགྱུར་རོ། །ལུས་ཀྱི་འོད་ཆུང་བར་འགྱུར། ཁྲུས་བྱས་པའི་ཆུའི་ཐིགས་པ་དག་ལུས་ལ་ཆགས་པར་འགྱུར། གཡོ་བའི་བདག་ཉིད་ཅན་ཡང་བློ་ཡུལ་གཅིག་ལ་གནས་པར་འགྱུར། མིག་གཉིས་འཛུམས་པ་དང་འབྱེད་པ་དག་སྲིད་པར་འགྱུར་ཏེ། དེ་དག་ནི་འཁྲུལ་པ་ཅན་ཡིན་ནོ། །འཆི་
བའི་ལྟས་ལྔ་ལས་ནི་མི་འདའ་སྟེ། གོས་དྲི་མ་ཅན་དུ་འགྱུར། མེ་ཏོག་ཕྲེང་རྙིངས་པར་འགྱུར། མཆན་ཁུང་གཉིས་ནས་རྔུལ་འབྱུང་བར་འགྱུར། ལུས་ལས་དྲི་ང་བ་དག་འབྱུང་བར་འགྱུར། ལྷའི་བུ་རང་གི་སྟན་ལ་མི་དགའ་བར་འགྱུར་བའོ། །སེམས་ཅན་གྱི་འཇིག་རྟེན་འདི་དེ་ལྟར་
སྐྱེ་བ་དང་། གནས་པ་དང་འཆི་འཕོ་བ་ན་བཅོམ་ལྡན་འདས་ཀྱིས་ཚོགས་གསུམ་དུ་བཞག་སྟེ། ཚོགས་གསུམ་ནི་ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་། ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་སོ། །དེ་ལ་འཕགས་དང་མཚམས་མེད་བྱེད་པ་དག་ཡང་དག་ལོག་པ་ཉིད་དུ་ངེས། །ཡང་
དག་པ་ཉིད་གང་ཞེ་ན། མདོ་ལས་གང་འདོད་ཆགས་གཏན་ནས་སྤངས་པ་དང་། ཞེ་སྡང་གཏན་ནས་སྤངས་པ་དང་། གཏི་མུག་གཏན་ནས་སྤངས་པ་དང་། ཉོན་མོངས་པ་ཐམས་ཅད་གཏན་ནས་སྤངས་པ་ཉིད་ནི་ཡང་དག་པ་ཉིད་དོ་ཞེས་འབྱུང་ངོ་། །འཕགས་པ་རྣམས་གང་ཞེ་ན། གང་དག་ལ་ཟག་

པ་མེད་པའི་ལམ་སྐྱེས་པའོ། །སྡིག་པའི་ཆོས་ལས་རིང་དུ་སོང་བས་ན་འཕགས་པ་རྣམས་ཏེ། གཏན་དུ་འབྲལ་བའི་ཐོབ་པ་རྙེད་པའི་ཕྱིར་རོ། །དེ་དག་ནི་ཉོན་མོངས་པ་ཟད་པར་ངེས་པའི་ཕྱིར་ཡང་དག་པ་ཉིད་དུ་ངེས་པ་དག་ཡིན་ནོ། །ཐར་པའི་ཆ་དང་མཐུན་པ་ཐོབ་པ་ཡང་
གདོན་མི་ཟ་བར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡིན་ན་ཅིའི་ཕྱིར་ཡང་དག་པ་ཉིད་དུ་ངེས་པ་དག་མ་ཡིན་ཞེ་ན། དེ་དག་ནི་ལོག་པ་ཉིད་དུ་ཡང་ངེས་པར་འགྱུར་ལ། དེ་དག་ཇི་ལྟར་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ལ་སོགས་པ་ལྟར་དུས་ངེས་པར་ཡང་དག་པ་ཉིད་དུ་ངེས་པ་ཡང་མ་
ཡིན་ནོ། །ལོག་པ་ཉིད་གང་ཞེ་ན། དམྱལ་བ་རྣམས་དང་། དུད་འགྲོ་དང་། ཡི་དགས་ཏེ། འདི་ནི་ལོག་པ་ཉིད་ཅེས་བྱའོ། །དེ་ལ་མཚམས་མེད་པ་བྱེད་པ་རྣམས་ནི་དམྱལ་བར་ངེས་པའི་ཕྱིར་ལོག་པ་ཉིད་དུ་ངེས་པ་དག་ཡིན་ནོ། །ངེས་པ་དེ་དག་ལས་གཞན་པ་ནི་མ་ངེས་པའོ་ཞེས་བྱ་བར་གྲུབ་སྟེ།
དེ་དག་ནི་རྐྱེན་ལ་ལྟོས་ན་གཉི་ག་ལ་བརྟེན་པ་ཉིད་དང་། གཉི་ག་ལ་མི་བརྟེན་པ་ཉིད་ཀྱང་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་བཤད་ཟིན་ཏོ། །ད་ནི་སྣོད་ཀྱི་འཇིག་རྟེན་བཤད་པར་བྱ་སྟེ། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི། །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་
ཡ་དྲུག་འབུམ་གྲངས་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་འདི་ལྟར་གནས་པར་འདོད་དེ། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་འོག་ན་ནམ་མཁའ་ལ་བརྟེན་པའི་རླུང་གི་དཀྱིལ་འཁོར་མངོན་པར་འགྲུབ་སྟེ། དེའི་རྔམས་སུ་ནི་དཔག་ཚད་ས་ཡ་
དྲུག་འབུམ་མོ། །རྒྱར་ནི་གྲངས་མེད་དེ། འདི་ལྟར་གང་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པར་སྲ་བ་ཡིན་ནོ། །དེའི་སྟེང་ན། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་དག་ནི་ཉི་ཤུའོ། །དཀྱིལ་འཁོར་ཞེས་བྱ་བར་སྦྱར་ཏེ། སེམས་ཅན་རྣམས་ཀྱི་ལས་དག་
གིས་རླུང་གི་དཀྱིལ་འཁོར་དེར་སྤྲིན་རྣམས་འདུས་ནས། ཆར་གྱི་རྒྱུན་གཉའ་ཤིང་ཙམ་འབབ་པ་དེ་ཆུའི་དཀྱིལ་འཁོར་དུ་འགྱུར་ཏེ། དེའི་རྔམས་སུ་ནི་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་ཉི་ཁྲིའོ། །ཇི་ལྟར་ན་ཆུ་དེ་དག་ཐད་ཀར་མི་འབོ་ཞེ་ན། ཁ་ཅིག་ན་རེ་སེམས་ཅན་རྣམས་ཀྱི་ལས་ཀྱི་

དབང་གིས་ཏེ། དཔེར་ན་བཟའ་བ་དང་། བཏུང་བ་ཟོས་པ་དང་འཐུང་བ་མ་ཞུ་བ་ལོང་ཀར་མི་ལྟུང་བ་བཞིན་ནོ་ཞེས་ཟེར་རོ། །སྡེ་པ་གཞན་དག་ན་རེ་སྦྱང་གི་ཚུལ་དུ་རླུང་གིས་འཛིན་ཏོ་ཞེས་ཟེར་རོ། །ཡང་སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུ་ལས་བྱུང་བའི་རླུང་དག་གིས་ཆུ་དེ་ཀུན་ནས་དཀྲུགས་པ་ན་འོ་
མ་བསྐོལ་བ་སྤྲིས་མ་ཆགས་པའི་ཚུལ་དུ་སྟེང་མ་གསེར་དུ་འགྱུར་རོ། །ཆུའི་དཀྱིལ་འཁོར་དེ་ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། ལྷག་མ་དག་ནི་གསེར་དུ་འགྱུར། །ལྷག་མ་ཡང་གང་ཞིག་ཅེ་ན། ཆུའི་སྟེང་རིམ་དཔག་ཚད་སུམ་འབུམ་ཉི་ཁྲི་གསེར་གྱི་རང་བཞིན་གྱི་ས་གཞིར་གྱུར་པ་
དེའི་ཆུ་དང་གསེར་གྱི་རྔམས་བཤད་ཟིན་ཏོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །འདི་གཉི་ག་རྒྱ་མཉམ་མོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །ཁོ་ར་ཁོར་ཡུག་ཏུ་བརྩི་ན་ནི་སུམ་
འགྱུར་དུ་འགྱུར་ཏེ། དཔག་ཚད་ས་ཡ་ཕྲག་གསུམ་དང་། འབུམ་ཕྲག་དྲུག་དང་། ཁྲི་སུམ་བརྒྱ་ལྔ་བཅུའོ། །གསེར་གྱི་ས་གཞིའི་དཀྱིལ་འཁོར་ཆུའི་སྟེང་ན་གནས་པ་གང་ཡིན་པ། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་བལྟ་ན་སྡུག་རི་དང་། །
རྟ་རྣ་དང་ནི་རྣམ་འདུད་དང་། །མུ་ཁྱུད་འཛིན་རིའོ། །རི་ཆེན་པོ་བརྒྱད་པོ་འདི་དག་ནི་གསེར་གྱི་དཀྱིལ་འཁོར་ལ་བརྟེན་པ་ཡིན་ཏེ། རི་རབ་ནི་དབུས་ནའོ། །ལྷག་མ་རྣམས་ཀྱིས་ནི་རི་རབ་བསྐོར་ཏེ་གནས་སོ། །རི་བདུན་གྱི་ར་བས་བསྐོར་བ་དེའི་ཕྱི་རིམ་གང་ཡིན་པ་དེ་ནི་རི་མུ་ཁྱུད་འཛིན་ནོ། །
དེ་ནས་ནི་གླིང་རྣམས་ཡིན་ནོ། །དེའི་ཕྱི་རོལ་ན་ནི་གླིང་བཞི་དག་གོ། །དེ་དག་གི་ཡང་ཕྱི་རོལ་ན་ནི་ཁོར་ཡུག་སྟེ། དེས་ནི་གླིང་བཞིར་ཁོར་ཡུག་ཏུ་བསྐོར་ཏེ། དེ་དག་ལས། བདུན་ནི་གསེར་ཡིན་ཏེ་ལྕགས་སོ། །གཉའ་ཤིང་འཛིན་ལ་སོགས་པའི་རི་བདུན་ནི་གསེར་གྱི་རང་བཞིན་ཡིན་ནོ། །
ཁོར་ཡུག་ནི་ལྕགས་ཀྱི་རང་བཞིན་ཡིན་ནོ། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། གསེར་གྱི་རང་བཞིན་དང་། དངུལ་གྱི་རང་བཞིན་དང་། བཻ་ཌཱུརྱའི་རང་བཞིན་དང་ཤེལ་གྱི་རང་བཞིན་ཏེ། ངོས་བཞི་དག་ཏུ་གྲངས་བཞིན་ནོ། །རི་རབ་ཀྱི་ངོས་གང་ཞིག་གང་གི་རང་བཞིན་ཡིན་པ་དེའི་མཐུས་

དེའི་ངོས་ཀྱི་ནམ་མཁའ་ཡང་དེའི་ཁ་དོག་ཏུ་སྣང་སྟེ། དེའི་ངོས་འཛམ་བུའི་གླིང་ལོགས་བཻ་ཌཱུརྱའི་རང་བཞིན་ཡིན་ལ། དེའི་འོད་ཀྱི་ཁ་དོག་གིས་འདིའི་ནམ་མཁའ་ཡང་བཻ་ཌཱུརྱའི་ཁ་དོག་ཏུ་སྣང་ངོ་ཞེས་བརྗོད་དོ། །ཡང་དེ་དག་ཇི་ལྟར་འབྱུང་ཞེ་ན། གསེར་གྱི་རང་བཞིན་
གྱི་ས་གཞི་ལ་ཆར་པའི་རྒྱུན་འབབ་སྟེ། ས་བོན་རྣམ་པ་སྣ་ཚོགས་ཁོང་ན་ཡོད་པའི་ཆུ་དེ་དག་མཐུ་རྣམ་པ་དུ་མའི་བྱེ་བྲག་དང་ལྡན་པའི་རླུང་དག་གིས་བཤིག་པ་ན་རི་དེ་དང་དེ་དག་ཏུ་འགྱུར་རོ། །འདི་ལྟར་འགྱུར་ཏེ། གང་རིགས་ཐ་དད་པའི་འབྲས་བུའི་ཁྱད་པར་བསྐྱེད་པར་བྱ་བ་ལ་མ་ཕྲད་པར་
རྐྱེན་དུ་འགྱུར་བ་ཡིན་གྱི། ཇི་ལྟར་གྲངས་ཅན་པ་རྣམས་ཀྱི་འགྱུར་བ་ལྟ་བུ་ནི་མ་ཡིན་ནོ། །གྲངས་ཅན་པ་རྣམས་ཀྱི་འགྱུར་བ་ཇི་ལྟ་བུ་ཞེ་ན། རྫས་གནས་པ་ལ་ཆོས་གཞན་ལོག་ན་ཆོས་གཞན་འབྱུང་བའོ། །འདི་ལ་ཉེས་པ་ཅི་ཞིག་ཡོད་ཅེ་ན། གནས་པ་གང་གི་ཆོས་རྣམས་ཀྱི་བྱེ་བྲག་བརྟག་པར་
བྱ་བའི་ཆོས་ཅན་ཉིད་མེད་དོ། །ཆོས་ཅན་རྣམས་ལས་ཆོས་ཅན་གཞན་ནོ་ཞེས་དེ་སྐད་དུ་ཟེར། ཆོས་དེ་ཉིད་གཞན་དུ་འགྱུར་བ་ཙམ་ནི་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་རིགས་པ་མ་ཡིན་ནོ། །འདི་ལ་མི་རིགས་པ་ཅི་ཞིག་ཡོད་ཅེ་ན། དེ་ཉིད་འདི་ཡིན་ལ། འདིས་དེ་ལྟ་བུ་ཡང་མ་ཡིན་ནོ་
ཞེས་བྱ་བའི་ཚིག་གི་ལུགས་འདི་ནི་སྔོན་མ་བྱུང་བ་ཡིན་ནོ། །དེ་ལྟར་བྱུང་བའི་གསེར་ལ་སོགས་པ་ལས་ཀྱི་མཐུས་བསྐྱེད་པའི་རླུང་དག་གིས་བསྡུས་ནས་ཕུང་པོར་བྱེད་དེ། དེ་དག་ནི་རི་དག་ཏུའང་འགྱུར་ལ། གླིང་རྣམས་སུ་ཡང་འགྱུར་རོ། །རི་རབ་ལ་སོགས་པ་ཁོར་ཡུག་ལ་ཐུག་པའི་རི་དེ་
དག་ནི་ཆུའི་ནང་དུ་བརྒྱད་ཁྲི་དག་ནུབ་བོ། །དེ་དག་གསེར་གྱི་ས་གཞིའི་སྟེང་ན་ཆུ་དཔག་ཚད་བརྒྱད་ཁྲི་ཡོད་པ་དེར་ནུབ་བོ། །ཆུའི་སྟེང་དུ་ཡང་། དཔག་ཚད་དག་ནི་བརྒྱད་ཁྲིའོ། །དེ་ལྟར་ན་རི་རབ་ནི་འཕང་དུ་དཔག་ཚད་འབུམ་དྲུག་ཁྲིའོ། །བརྒྱད་པོའི་འཕང་དུ་ཕྱེད་ཕྱེད་དབྲི། །རི་རབ་ཆུའི་སྟེང་དུ་ཇི་
ཙམ་འཕགས་པ་དེའི་ཕྱེད་ནི་གཉའ་ཤིང་འཛིན་ཏེ། དཔག་ཚད་བཞི་ཁྲི་ཡིན་ལ། དེའི་ཕྱེད་ནི་གཤོལ་མདའ་འཛིན་ཏོ་ཞེས་བྱ་བས། དེ་བཞིན་དུ་གཞན་དག་ལ་ཡང་མུ་ཁྱུད་འཛིན་གྱི་ཕྱེད་ནི་ཁོར་ཡུག་སྟེ། འཕང་དུ་དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་ཡིན་ནོ་ཞེས་བྱ་བའི་བར་དུ་ཕྱེད་ཕྱེད་

ཀྱིས་དབྲི་བར་རིག་པར་བྱའོ། །དེ་དག་རྔམས་སུ་འཕང་དང་མཉམ། །དེ་དག་ཆུ་ལས་ཇི་ཙམ་གྱེན་དུ་འཕགས་པ་རྔམས་སུ་ཡང་དེ་ཙམ་སྟེ། རྒྱར་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་བར་བདུན་རོལ་མཚོ་ཡིན། །མུ་ཁྱུད་འཛིན་ལ་ཐུག་པའི་རི་དེ་དག་གི་བར་བདུན་ནི་རོལ་མཚོ་བདུན་ཞེས་བྱ་སྟེ།
ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་ངོ་། །ཆུ་དེ་ནི་བསིལ་བ་དང་། ཞིམ་པ་དང་། ཡང་བ་དང་། འཇམ་པ་དང་། དངས་པ་དང་། དྲི་ང་བ་མེད་པ་དང་། འཐུང་ན་མགྲིན་པ་ལ་མི་གནོད་པ་དང་། འཐུངས་ན་ལྟོ་ལ་མི་གནོད་པའོ། །ཡང་དེ་དག་ལས། དང་པོ་སྟོང་ཕྲག་བརྒྱད་ཅུའོ། །རི་རབ་དང་གཉའ་ཤིང་
འཛིན་གྱི་བར་གྱི་རོལ་མཚོ་དང་པོ་ནི་ཁ་ཚོན་དཔག་ཚད་བརྒྱད་ཁྲིའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། །རྒྱ་མཚོ་ནི་གཉིས་ཏེ། ནང་གི་དང་ཕྱིའིའོ། །རོལ་མཚོ་དེ་ནི་ནང་གི་རྒྱ་མཚོ་ཡིན་ནོ། །དེའི་ངོས་ལ་སུམ་འགྱུར་རོ། །ཁ་ཚོན་ནི་དཔག་ཚད་བརྒྱད་ཁྲི་བཤད་དོ། །ངོས་ལ་ནི་གཉའ་ཤིང་འཛིན་གྱི་
འགྲམ་ནས་བགྲངས་ན་སུམ་འགྱུར་ཏེ། དཔག་ཚད་ཉིས་འབུམ་བཞི་ཁྲིའོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། །གཉའ་ཤིང་འཛིན་ནས་གཤོལ་མདའ་འཛིན་གྱི་བར་གྱི་རོལ་མཚོ་གཉིས་པ་ནི་དང་པོའི་ཕྱེད་དེ། དཔག་ཚད་བཞི་ཁྲི་ཡིན་ལ། གསུམ་པ་ནི་དེའི་ཕྱེད་དོ་ཞེས་བྱ་བ་ནས། དེ་བཞིན་
དུ་རོལ་མཚོ་བདུན་པ་ནི། དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུའོ་ཞེས་བྱ་བའི་བར་དུའོ། །རོལ་མཚོ་གཞན་རྣམས་ཕྱེད་ཕྱེད་ཀྱིས་དབྲིའོ། །དེ་དག་གི་སྲིད་དུ་ནི་ཧ་ཅང་འབྱམས་ཀླས་པའི་ཕྱིར་མ་བགྲངས་སོ། །ལྷག་མ་ཕྱིའི་མཚོ་ཆེན་ཡིན། །ལྷག་མ་གང་ཞིག་ཅེ་ན་མུ་ཁྱུད་འཛིན་དང་ཁོར་ཡུག་གི་
བར་དེའི་ནི་ཕྱིའི་རྒྱ་མཚོ་ཆེན་པོ་ཡིན་ཏེ། ཚྭ་སྒོའི་ཚྭ་ཆུས་གང་ངོ་། །དེ་ཡང་ཁ་ཚོན་དུ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི་ཉི་ཤུ་གཉིས་སོ། །དེ་ལ་རི་རབ་ཀྱི་ངོས་བཞི་ནི་གླིང་བཞི་སྟེ། དེ་ལ་ནི་འཛམ་བུའི་གླིང་སྟེ་ངོས་གསུམ་ལ། སྟོང་ཕྲག་གཉིས་པོ་ཤིང་རྟའི་དབྱིབས། །དེའི་ངོས་གསུམ་
ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་ལ། དེའི་དབྱིབས་ཀྱང་ཤིང་རྟ་དང་འདྲའོ། །དེའི་དབུས་སུ་གསེར་གྱི་རང་བཞིན་གྱི་ས་གཞི་ལ་གང་དུ་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་མཛད་པ་རྡོ་རྗེའི་གདན་མངོན་པར་འགྲུབ་སྟེ། དེ་ནི་ལུས་སམ་ས་ཕྱོག་གཞན་

གྱིས་བཟོད་པར་མི་ནུས་སོ། །གཅིག་ལ་དཔག་ཚད་ཕྱེད་དང་བཞིའོ། །དེའི་ངོས་བཞི་པ་དག་ལ་ནི་དཔག་ཚད་ཕྱེད་དང་བཞི་སྟེ། དེ་ཉིད་ཀྱི་ཕྱིར་འདི་ནི་ཤིང་རྟ་ཆེན་པོའི་དབྱིབས་ལྟ་བུ་ཡིན་ནོ། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །འདི་ནས་ཤར་ཕྱོགས་ཀྱི་རི་རབ་ཀྱི་ངོས་
རོལ་ན་ཤར་གྱི་ལུས་འཕགས་ཀྱི་གླིང་ཡོད་དེ། དེ་ནི་ཟླ་བ་ཁམ་པ་ལྟ་བུར་མངོན་པར་གྲུབ་བོ། །རྒྱར་ནི་ངོས་གསུམ་འདི་དང་འདྲའོ། །ཇི་ལྟར་འཛམ་བུའི་གླིང་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་པ་བཞིན་ནོ། །གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ངོས་བཞི་པ་ལ་ནི་དཔག་ཚད་སུམ་བརྒྱ་
ལྔ་བཅུའོ། །བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །འདི་ནས་ནུབ་ཕྱོགས་ཀྱི་རི་རབ་ཀྱི་ངོས་རོལ་ན་བ་ལང་སྤྱོད་ཀྱི་གླིང་ཡོད་དེ། དཔག་ཚད་བདུན་སྟོང་ལྔ་བརྒྱའོ། །དེ་ནི་ཟླ་བ་ཉ་བ་བཞིན་དུ་ཀུན་ནས་ཟླུམ་པོ་ཡིན་ཏེ། དེ་དབུས་སྟོང་ཕྲག་ཕྱེད་དང་གསུམ། །ཆུ་ཞེང་
དུ་ནི་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་མོ། །སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ། །འདི་ནས་བྱང་ཕྱོགས་ཀྱི་རི་རབ་ཀྱི་ངོས་ལ་བྱང་གི་སྒྲ་མི་སྙན་གྱི་གླིང་ཡོད་དེ། ཀུན་དུ་དཔག་ཚད་བརྒྱད་སྟོང་ཡོད་དོ། །དབྱིབས་ནི་ཁྲིའུ་བཞིན་དུ་ཀུན་ནས་གྲུ་བཞི་སྟེ། ཇི་ལྟར་ངོས་གཅིག་ལ་དཔག་ཚད་ཉིས་སྟོང་ཡོད་པ་
ལྟར་གཞན་དག་ཀྱང་དེ་དང་འདྲ་སྟེ། ཅུང་ཟད་ཀྱང་ལྷག་མ་མེད་དོ། །གླིང་གང་གི་དབྱིབས་ཅི་འདྲ་བ་དེ་ན་གནས་པའི་མི་རྣམས་ཀྱི་གདོང་གི་དབྱིབས་ཀྱང་དེ་དང་འདྲའོ། །ཡང་དེ་དག་གི་བར་བར་ན་བར་གྱི་གླིང་རྣམས་མངོན་པར་གྲུབ་པ་དེ་དག་ནི་གང་ཡིན། དུ་ཞིག་ནི་ཡོད་ཅེ་ན། དེ་ཡི་བར་གྱི་གླིང་བརྒྱད་
ནི། །ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །དེ་ལ་ལུས་དང་ལུས་འཕགས་ནི་ཤར་གྱི་ལུས་འཕགས་ཀྱི་གླིང་འཁོར་ཡིན་ནོ། །སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ནི་བྱང་གི་སྒྲ་མི་སྙན་གྱིའོ། །གཡོ་ལྡན་དང་
ལམ་མཆོག་འགྲོ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱིའོ། །རྔ་ཡབ་དང་རྔ་ཡབ་གཞན་ནི་འཛམ་བུའི་གླིང་གི་སྟེ། ཐམས་ཅད་ན་ཡང་མི་རྣམས་གནས་སོ། །ཁ་ཅིག་ན་རེ། གཅིག་ན་སྲིན་པོ་དག་གནས་སོ་ཞེས་ཟེར་རོ། །འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ། །འཛམ་བུའི་གླིང་འདིའི་བྱང་

ཕྱོགས་འཛམ་བུའི་གླིང་འདི་ཉིད་ན་རི་ནག་པོ་གསུམ་ཡོད་དོ། །དེ་དག་འདས་ནས་ཡང་གསུམ་ཡོད་དེ། དེ་འདས་ནས་ཡང་གསུམ་ཡོད་དོ། །རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ། །དེ་ནས་ནི། སྤོས་ངད་ལྡང་བའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །གངས་རི་དེའི་ཕ་རོལ་
རི་སྤོས་ཀྱི་ངད་ལྡང་བའི་ཚུ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་གནས་པ་ལས་ཆུ་བོ་ཆེན་པོ་བཞི་པོ་གང་གཱ་དང་། སིན་དྷུ་དང་། སི་ཏ་དང་། པཀྵུ་འབབ་པ་ཡོད་དོ། །དེའི་ཞེང་དུ་ཡང་དཔག་ཚད་ལྔ་བཅུ་ཡོད་ལ། ཆུར་ཡང་དཔག་ཚད་ལྔ་བཅུ་ཡོད་དེ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་ངོ་། །དེར་ནི་
རྫུ་འཕྲུལ་དང་མི་ལྡན་པའི་མིས་འགྲོ་བར་དཀའོ། །དེ་ཉིད་ཀྱི་དྲུང་ན་གང་ལ་འབྲས་བུ་མངར་པོ་དག་ཡོད་པ་ཤིང་འཛམ་བུ་ཞེས་བྱ་བ་མངོན་པར་འགྲུབ་སྟེ། དེའི་དབང་གིས་འདི་འཛམ་བུའི་གླིང་ཞེས་བྱ་བར་གྲགས་སོ། །ཡང་ན་དེའི་འབྲས་བུའི་དབང་གིས་འཛམ་བུའི་གླིང་ཞེས་བྱ་བར་གྲགས་སོ། །
དམྱལ་བ་རྣམས་ནི་གང་རོལ་ན་ཡོད། ཚད་ནི་ཇི་ཙམ་ཞེ་ན། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དཔག་ཚད་ཉི་ཁྲི་ན་དམྱལ་བ་ཆེན་པོ་མནར་མེད་པ་ཡོད་དེ། གནམ་འཕང་དང་རྒྱར་ནི་དཔག་ཚད་ཉི་ཁྲིའོ། །དེའི་འོག་གཞི་ཡང་དེ་དང་འདྲ་
སྟེ། འདི་ནས་ནི་དཔག་ཚད་བཞི་ཁྲི་ཡོད་དོ། །སྡུག་བསྔལ་བར་ཆད་མེད་པས་ན་མནར་མེད་པའོ། །གཞན་དག་ནི་སྡུག་བསྔལ་བར་ཆད་དང་བཅས་པ་ཡིན་ཏེ། འདི་ལྟ་སྟེ། ཡང་སོས་ན་ནི་ལུས་རྣམས་བཅད་ཅིང་ཕུག་ལ་བཏགས་ཀྱང་རླུང་གྲང་མོ་དག་ལངས་ན་སེམས་ཅན་དེ་དག་ཡང་སོས་
པར་འགྱུར་བས་དེའི་ཕྱིར་ཡང་སོས་ཡིན་ནོ། །གཞན་དག་ན་རེ་དེ་ན་བདེ་བའི་གནས་སྐབས་མེད་པས་ན་མནར་མེད་པ་སྟེ། གཞན་དག་ན་ཡང་བདེ་བའི་ཚོར་བ་རྣམ་པར་སྨིན་པ་ལས་བྱུང་བ་ནི་མེད་ཀྱི་རྒྱུ་མཐུན་པར་བྱུང་བ་ནི་འགག་པ་མེད་དོ་ཞེས་ཟེར་རོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །མནར་མེད་པ་དེའི་
སྟེང་ན་དམྱལ་བ་བདུན་པོ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་དག་གོང་ནས་གོང་དུ་གནས་སོ། །གཞན་དག་ན་རེ་མནར་མེད་པའི་གློ་དག་ན་གནས་སོ་ཞེས་ཟེར་རོ། །དེ་དག་ཀྱང་། བརྒྱད་པོ་ཀུན་ལ་ལྷག་

བཅུ་དྲུག །བཅོམ་ལྡན་འདས་ཀྱིས། དེ་ལྟར་དེ་དག་དམྱལ་བ་ནི། །བརྒྱད་ཅེས་བྱ་སྟེ་རྒལ་བར་དཀའ། །དྲག་པོའི་ལས་ཀྱིས་ཀུན་དུ་གང་། །རེ་རེ་ལ་ཡང་ལྷག་བཅུ་དྲུག །རྩིག་པ་བཞི་དང་སྒོ་བཞི་སྟེ། །རྣམ་ཕྱེ་རིས་སུ་ཆད་པ་ཡིན། །ལྕགས་ཀྱི་ར་བས་
ཀུན་དུ་བསྐོར། །ལྕགས་དག་གིས་ནི་གང་བ་ཡིན། །དེ་ལ་ལྕགས་འབར་ས་གཞི་སྟེ། །འབར་བའི་མེ་དང་ལྡན་པ་ཡིན། །དཔག་ཚད་བརྒྱ་ཕྲག་དུ་མར་ནི། །མེ་ལྕེ་དག་གིས་ཁྱབ་པར་གནས། །ཞེས་གསུངས་སོ། །ལྷག་མ་བཅུ་དྲུག་གང་ཞེ་ན། དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་
མྱགས་དང་། །སྤུ་གྲི་ལ་སོགས་ཆུ་བོ་ཡིན། །དེ་དག་གི་སྒོ་རེ་རེ་ན་ལྷག་པ་བཞི་བཞི་ཡོད་དེ། མེ་མ་མུར་པུས་མོ་ནུབ་ཙམ་གང་དུ་སེམས་ཅན་དེ་དག་གི་རྐང་པ་བཞག་ན་ནི་པགས་པ་དང་ཤ་དང་ཁྲག་ཞིག་པར་འགྱུར་ལ། རྐང་པ་བཏེག་ན་ནི་པགས་པ་དང་ཤ་དང་ཁྲག་སླར་སྐྱེ་
བ་དང་། རོ་མྱགས་རྐྱག་པའི་འདམ་རྫབ་གང་དུ་འབུ་མཆུ་རྣོན་ཞེས་བྱ་བ་ལུས་ཐམས་ཅད་དཀར་ཞིང་མགོ་གནག་ལ་མཆུ་སྨྱུང་བའི་སྲོག་ཆགས་དག་གནས་ཤིང་དེ་དག་གིས་སེམས་ཅན་དེ་དག་གི་རུས་པའི་བར་དུ་འབིགས་པར་བྱེད་པ་དང་། སྤུ་གྲིའི་སོས་གཏམས་པའི་ལམ་པོ་ཆེ་གང་དུ་
སེམས་ཅན་དེ་དག་འགྲོ་བ་ན་རྐང་པ་བཞག་ན་ནི་པགས་པ་དང་ཤ་དང་ཁྲག་ཞིག་པར་འགྱུར་ཞེས་བྱ་བ་སྔ་མ་བཞིན་ནོ། །ལོ་མ་རལ་གྲི་ལྟ་བུའི་གནས་གང་དུ་རལ་གྲི་རྣོན་པོ་རྣམས་ལྷུང་ཞིང་། སེམས་ཅན་དེ་དག་གི་ཡན་ལག་དང་ཉིང་ལག་རྣམས་གཅོད་པར་འགྱུར་ཞིང་། ཁྱི་སྲེ་བོ་རྣམས་
ཀྱང་ཟ་བར་བྱེད་པ་དང་། ལྕགས་ཀྱི་ཤལ་མ་རི་ནགས་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་གང་དུ་སེམས་ཅན་དེ་དག་འཛེག་པ་ན་ནི་ཚེར་མ་དེ་རྣམས་ཁ་ཐུར་དུ་ལྟ་བར་འགྱུར་ཞིང་ལུས་འབིགས་པར་བྱེད་ལ། འབབ་པ་ན་ནི་ཁ་གྱེན་དུ་ལྟ་བར་འགྱུར་ཞིང་། ཁྭ་ལྕགས་ཀྱི་མཆུ་ཅན་རྣམས་
ཀྱིས་མིག་དག་ཕྱུང་ཞིང་ཕྱུང་ནས་ཟ་བར་བྱེད་པ་སྟེ། སྤུ་གྲིའི་ལམ་ལ་སོགས་པ་གསུམ་པོ་དེ་ནི་མཚོན་ཆ་མངོན་པར་འབབ་པ་འདྲ་བའི་ཕྱིར་གཅིག་ཏུ་བྱའོ། །ལྷག་མ་བཞི་པ་ནི་ཆུ་བོ་རབ་མེད་ཐལ་ཆུ་ཁོལ་མས་གང་བ་སྟེ། གང་དུ་སེམས་ཅན་དེ་དག་འགྲམ་གཉིས་ནས་སྐྱེས་བུ་

ལག་ན་རལ་གྲི་དང་། མདུང་ཐུང་དང་། ཐག་མདུང་ཐོགས་པ་དག་གིས་འགོག་ཅིང་། དཔེར་ན་ཕྲུ་བ་ཆུ་མང་པོས་བཀང་བ་ཐབ་ཏུ་བཅུག་པའི་ནང་དུ་ཏིལ་དང་འབྲས་ཐུག་པོ་ཆེ་ལ་སོགས་པ་བླུགས་པ་བཞིན་དུ། སྟེང་དུ་འགྲོ་ན་ཡང་གདུ་ཞིང་འཚེད་ལ། འོག་དང་ཐད་ཀར་འགྲོ་ན་ཡང་
གདུ་ཞིང་འཚེད་པར་བྱེད་པའོ། །དེས་ཀྱང་དམྱལ་བ་ཆེན་པོ་འོབས་བཞིན་དུ་བསྐོར་རོ། །ལྷག་མ་བཞི་པོ་འདི་དག་ནི་ཕྱོགས་ཀྱི་བྱེ་བྲག་གིས་བཅུ་དྲུག་ཅེས་བྱའོ། །གནོད་པ་ལྷག་མའི་གནས་ཡིན་པའི་ཕྱིར་ལྷག་པའོ་ཞེས་བྱ་སྟེ། དམྱལ་བ་དག་ཏུ་གནོད་པ་བྱས་ནས་ཡང་འདི་དག་
ཏུ་གནོད་པར་བྱེད་དོ། །གཞན་དག་ན་རེ་དམྱལ་བ་པའི་འཆིང་བའི་འོག་ཏུ་འདི་དག་ཏུ་བྱིང་བས་ན་ལྷག་པའོ་ཞེས་བྱའོ་ཞེས་ཟེར་རོ། །དྲི་བ་ལས་དྲི་བ་གཞན་འབྱུང་སྟེ། ཅི་དམྱལ་བའི་སྲུང་མ་དེ་དག་སེམས་ཅན་དུ་བགྲང་བ་ཞིག་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། ཁ་ཅིག་ན་རེ་མ་ཡིན་ནོ་
ཞེས་ཟེར་རོ། །ད་ནི་ཇི་ལྟར་ན་དེ་དག་གཡོ་བ་ཡིན་ཞེ་ན། སེམས་ཅན་རྣམས་ཀྱི་ལས་དག་གིས་ཏེ། འཆགས་པའི་རླུང་བཞིན་ནོ། །འོ་ན་བཙུན་པ་ཆོས་ལྡན་རབ་འབྱོར་གྱིས། གང་དག་ཁྲོ་ཞིང་གཏུམ་ལས་དང་། །སྡིག་ལ་མངོན་པར་དགའ་བ་དང་། །སྡུག་བསྔལ་བ་ལ་དགའ་
དེ་དག །གཤིན་རྗེ་སྲིན་པོར་སྐྱེ་བར་འགྱུར། །ཞེས་གང་བཤད་པ་ཇི་ལྟར་དྲང་ཞེ་ན། གཤིན་རྗེས་བསྒོ་བ་གང་དག་གི་སེམས་ཅན་རྣམས་དམྱལ་བ་དག་ཏུ་ཁྲིད་པར་བྱེད་པ་དེ་དག་གཤིན་རྗེ་སྲིན་པོ་ཞེས་བཤད་ཀྱི། གང་དག་ལས་རྣམ་པར་བྱེད་པ་དེ་ནི་མ་ཡིན་ནོ། །གཞན་དག་ན་
རེ་སེམས་ཅན་དག་ཏུ་བགྲང་བ་ཡིན་ནོ་ཞེས་ཟེར་རོ། །ད་ནི་ལས་དེ་དག་གང་དུ་རྣམ་པར་སྨིན་ཞེ་ན། དམྱལ་བ་དེ་དག་ཉིད་དུ་སྟེ། གང་དག་ཏུ་མཚམས་མེད་པ་བྱེད་པ་རྣམས་ཀྱི་རྣམ་པར་སྨིན་པའི་གོ་སྐབས་ཡོད་པ་དེ་དག་གི་སུ་ཞིག་འགོག་པ། མེའི་ནང་ན་གནས་པ་རྣམས་ཇི་ལྟར་
མི་ཚིག་ཅེ་ན། མེ་ནི་གདོན་མི་ཟ་བར་ལས་དག་གིས་མཚམས་གཅད་པའི་ཕྱིར་རོ། །ཡང་ན་འབྱུང་བའི་ཁྱད་པར་གྲུབ་པའི་ཕྱིར་རོ། །རེ་ཞིག་དེ་དག་ནི་ཚ་བའི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཞེས་བྱའོ། །ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །གཞན་ཡང་གྲང་བའི་

དམྱལ་བ་བརྒྱད་དེ། འདི་ལྟ་སྟེ། ཆུ་བུར་ཅན་དང་། ཆུ་བུར་རྡོལ་པ་དང་། སོ་ཐམས་ཐམས་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པའོ། །མིང་འདི་རྣམས་ནི་སེམས་ཅན་གྲང་བ་མི་བཟད་
པས་ཉེན་པ་དེ་དག་གི་ལུས་དང་སྒྲ་འགྱུར་བ་དང་སྒྲ་མཐུན་པ་དག་ཡིན་ནོ། །དེ་དག་ཀྱང་འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དམྱལ་བ་ཆེན་པོ་རྣམས་ཀྱི་ཐད་ཀ་ན་ཡོད་དོ། །འཛམ་བུའི་གླིང་འདི་ཙམ་གྱི་འོག་ན་མནར་མེད་པ་ལ་སོགས་པའི་གོ་སྐབས་ག་ལ་ཡོད་ཅེ་ན། གླིང་རྣམས་ནི་འབྲུའི་ཕུང་
པོ་བཞིན་དུ་ཞབས་རྒྱ་ཆེ་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་རྒྱ་མཚོ་ཆེན་པོ་རིམ་གྱིས་གཞོལ་བ་ཡིན་ནོ། །དེ་ལྟར་ན་སེམས་ཅན་དམྱལ་བ་བཅུ་དྲུག་པོ་དེ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་མངོན་པར་གྲུབ་པ་དག་ཡིན་ནོ། །ཉི་ཚེ་བའི་དམྱལ་བ་རྣམས་ནི་མང་པོའམ་གཉིས་སམ་
གཅིག་གི་སོ་སོའི་ལས་དག་གིས་མངོན་པར་གྲུབ་པ་ཡིན་ཏེ། དེ་དག་གི་རྣམ་པའི་བྱེ་བྲག་ནི་རྣམ་པ་དུ་མ་ཡོད་དོ། །གནས་ནི་ངེས་པ་མེད་དེ། ཆུ་བོ་དང་། རི་དང་། མྱ་ངམ་གྱི་ཕྱོགས་དག་དང་། གཞན་དག་དང་། འོག་ན་ཡང་ཡོད་པའི་ཕྱིར་རོ། །རེ་ཞིག་འདི་ནི་དམྱལ་བའི་སྣོད་རྣམས་ཀྱི་གནས་
པ་ཡིན་ནོ། །དུད་འགྲོ་ནི་ཐང་དང་། ཆུ་དང་། ནམ་མཁའི་སྤྱོད་ཡུལ་པ་དག་ཡིན་ནོ། །དེ་དག་གི་གནས་ཀྱི་རྩ་བ་ནི་རྒྱ་མཚོ་ཆེན་པོ་ཡིན་ཏེ། གཞན་ནི་དེ་དག་ལས་འཕྲོས་པ་དག་ཡིན་ནོ། །ཡི་དགས་རྣམས་ཀྱི་རྒྱལ་པོ་ནི་གཤིན་རྗེ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་གནས་ཀྱི་རྩ་བ་རྒྱལ་པོའི་
ཁབ་ནི་འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་དེ། གཞན་ནི་དེ་ལས་འཕྲོས་པ་དག་ཡིན་ནོ། །དེ་ལས་ཡི་དགས་རྫུ་འཕྲུལ་ཆེན་པོ་ཁ་ཅིག་ནི་ལྷའི་དཔལ་ལྟ་བུ་ཡང་ཉམས་སུ་མྱོང་ངོ་། །ལྷག་མ་ནི་ཇི་ལྟར་ཡི་དགས་ཀྱི་རྟོགས་པ་བརྗོད་པ་དག་ལས་འབྱུང་བ་ཡིན་
ནོ། །ཡང་ཉི་མ་དང་ཟླ་བ་འདི་དག་ཅི་ལ་བརྟེན་ཞེ་ན། རླུང་ལ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་གིས་བར་སྣང་ལ་ཉི་མ་དང་། ཟླ་བ་དང་། སྐར་མ་རྣམས་འཕུལ་བར་བྱེད་པའི་རླུང་དག་གྲུབ་སྟེ། རི་རབ་ལ་རླུང་གི་འཁོར་ལོ་བཞིན་དུ་འཁོར་རོ། །ཉི་མ་དང་ཟླ་བ་

དག་འདི་ནས་ཐག་ཇི་སྲིད་ཅེ་ན། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །རི་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པ་ནས་རྒྱུའོ། །ཚད་ཇི་ཙམ་ཞེ་ན། གོ་རིམས་བཞིན་དུ། དཔག་ཚད་ལྔ་བཅུ་གཅིག་དང་བཅས། །ཟླ་བའི་དཀྱིལ་འཁོར་གྱི་ཚད་ནི་དཔག་ཚད་ལྔ་བཅུའོ། །ཉི་མའི་དཀྱིལ་འཁོར་
གྱི་ནི་གཅིག་དང་བཅས་པའི་ལྔ་བཅུ་སྟེ། ལྔ་བཅུ་རྩ་གཅིག་ཅེས་བྱ་བའི་ཐ་ཚིག་གོ། །སྐར་མའི་གཞལ་ཡས་ཁང་རྣམས་ཀྱི་ནང་གི་ཚད་ཆུང་བ་དེའི་ནི་རྒྱང་གྲགས་གཅིག་གོ། །སྲོག་ཆགས་རྣམས་ཀྱི་ལས་དག་གིས་ཉི་མའི་གཞལ་མེད་ཁང་འོག་གི་ཕྱི་རོལ་ནི་མེ་ཤེལ་གྱི་དཀྱིལ་འཁོར་
ཚ་བར་བྱེད་པ་དང་། སྣང་བར་བྱེད་པ་མངོན་པར་གྲུབ་བོ། །ཟླ་བའི་གཞལ་མེད་ཁང་གི་ནི་ཆུ་ཤེལ་བསིལ་བར་བྱེད་པ་དང་། སྣང་བར་བྱེད་པ་མངོན་པར་གྲུབ་སྟེ། ཅི་རིགས་པར་མིག་དང་། ལུས་དང་། འབྲས་བུ་དང་། མེ་ཏོག་དང་། ལོ་ཏོག་དང་། སྨན་རྣམས་ལ་ཕན་འདོགས་པར་བྱེད་པ་
དང་། གནོད་པར་བྱེད་པ་དག་ཡིན་ནོ། །གླིང་བཞི་པ་གཅིག་ཏུ་ནི་ཟླ་བ་གཅིག་ཁོ་ན་དང་། ཉི་མ་གཅིག་གིས་བྱ་བ་བྱེད་དོ། །ཅི་གླིང་བཞི་པོ་དག་ཏུ་ཉི་མས་ཅིག་ཅར་བྱ་བ་བྱེད་དམ་ཞེ་ན། མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་དག་ཏུ། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །
གང་གི་ཚེ་བྱང་གི་སྒྲ་མི་སྙན་དུ་ནམ་ཕྱེད་པ་དེའི་ཚེ་ཤར་གྱི་ལུས་འཕགས་སུ་ནི་ཉི་མ་ནུབ་བོ། །འཛམ་བུའི་གླིང་དུ་ནི་ཉི་མ་ཕྱེད་དོ། །བ་ལང་སྤྱོད་དུ་ནི་ཉི་མ་ཤར་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །ཉི་མའི་འགྲོས་ཀྱི་བྱེ་བྲག་ལས་འདི་ན་ཉིན་མོ་དང་མཚན་མོ་རྣམས་རིང་ཐུང་
དུ་འགྱུར་ཏེ། དེ་ལ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དབྱར་རྣམས་ཀྱི་ཟླ་བ་གཉིས་པ་དབྱར་ཟླ་ཐ་ཆུངས་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་ངོ་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་རོ། །དེ་བཞིན་དུ་དགུན་རྣམས་ཀྱི་ཟླ་བ་བཞི་པའི་ཐ་མའི་
ཚེས་དགུ་ནས་ཐུང་ངུར་འགྱུར་ཞེས་བྱ་བར་སྦྱར་ཏེ། དགུན་ཟླ་ཐ་ཆུངས་ཡར་གྱི་ངོའི་ཚེས་དགུ་ནས་སོ། །ཉིན་མོ་བཟློག །གང་གི་ཚེ་མཚན་མོ་རིང་བ་དེའི་ཚེ་ཉིན་མོ་ཐུང་བར་འགྱུར་རོ། །གང་གི་ཚེ་མཚན་མོ་ཐུང་བ་དེའི་ཚེ་ཉིན་མོ་རིང་བར་འགྱུར་རོ། །ཇི་ཙམ་ཞིག་གིས་རིང་པོར་འགྱུར་ཞེ་ན། ཉིན་མཚན་

མཚན་རིང་བ་ཐང་ཅིག་གོ། །ཉིན་མོ་འམ་མཚན་མོ་ཐང་ཅིག་ཐང་ཅིག་གིས་རིང་བར་འགྱུར་རོ། །རིང་བ་དེ་དག་ཀྱང་གོ་རིམས་བཞིན་དུ། ཉི་མ་ལྷོ་བྱང་འགྲོ་ཚེའོ། །ཉི་མ་འཛམ་བུའི་གླིང་གི་ལྷོ་ཕྱོགས་ཀྱི་ངོས་སུ་འགྲོ་བ་མཚན་མོ་རིང་ངོ་། །བྱང་ཕྱོགས་སུ་འགྲོ་བ་ན་ཉིན་
མོ་རིང་ངོ་། །ཟླ་བ་ཡར་གྱི་ངོའི་དང་པོའི་ཟླ་བའི་དཀྱིལ་འཁོར་མ་རངས་པར་སྣང་བ་དེ་ལ་རྒྱུ་ཅི་ཡོད་ཅེ་ན། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །བཏགས་པ་ལས། གང་གི་ཚེ་ཟླ་བའི་གཞལ་མེད་ཁང་ཉི་མའི་གཞལ་མེད་ཁང་དང་ཉེ་བར་རྒྱུ་བ་དེའི་ཚེ་ཉི་མའི་འོད་
ཀྱིས་དེའི་གཞལ་མེད་ཁང་ལ་འབབ་སྟེ། དེས་ན་དེའི་ཕྱི་རོལ་གྱི་ངོས་སུ་གྲིབ་མ་བབ་པས་དཀྱིལ་འཁོར་མ་རངས་པར་སྣང་ངོ་ཞེས་བསྟན་ཏོ་ཞེས་གྲག་གོ། །སྔོན་གྱི་སློབ་དཔོན་རྣམས་ན་རེ་གང་རེས་འགའ་གཞལ་མེད་ཁང་གི་ཕྱེད་སྣང་བ་དེ་ལྟ་བུ་དེ་ནི་རྒྱུ་བའི་ཚུལ་ཡིན་ནོ་ཞེས་ཟེར་རོ། །ཡང་ཉི་
མ་ལ་སོགས་པའི་གཞལ་མེད་ཁང་འདི་དག་ན་སེམས་ཅན་གང་དག་ཅིག་གནས་ཤེ་ན། རྒྱལ་ཆེན་བཞིའི་རིས་པའི་ལྷ་རྣམས་སོ། །ཅི་དེ་དག་གི་འདི་དག་ཁོ་ནའམ་ཞེ་ན། གཞལ་མེད་ཁང་ན་གནས་པ་རྣམས་ཀྱི་ནི་འདི་དག་གོ། །ས་ལ་གནས་པ་རྣམས་ཀྱི་ནི་རི་རབ་ཀྱི་བང་རིམ་ལ་སོགས་པའོ། །
འདི་ལ་བང་རིམ་ནི་དུ་ཞིག་ཡོད། ཐག་ནི་ཇི་སྲིད་ཅེ་ན། འདི་ལ་བང་རིམ་བཞི་ཡོད་དེ། བར་གྱི་ཐག་ནི་སྟོང་ཕྲག་བཅུ། །དཔག་ཚད་ནི་ཁྲིའི་ལྟག་ན་གཅིག་ཡོད་དེ། བཞིའི་བར་དུ་ཡང་དེ་དང་འདྲའོ། །དེ་དག་གིས་ནི་རི་རབ་ཀྱི་ཕྱེད་མན་ཆད་དུ་ཕྱིན་ཏོ། །དེ་དག་ཀྱང་དེ་ལས་གྲངས་བཞིན་དུ།
སྟོང་ཕྲག་དག་ནི་བཅུ་དྲུག་དང་། །བརྒྱད་དང་བཞི་དང་གཉིས་འཕགས་སོ། །བང་རིམ་དང་པོ་ནི་རི་རབ་ལས་དཔག་ཚད་སྟོང་ཕྲག་བཅུ་དྲུག་འཕགས་སོ། །གཉིས་པ་ནི་བརྒྱད་དོ། །གསུམ་པ་ནི་བཞིའོ། །བཞི་པ་ནི་གཉིས་སོ། །དེ་ལ་ལག་ན་གཞོང་ཐོགས་དང་། །ཕྲེང་ཐོགས་དང་ནི་
རྟག་མྱོས་དང་། །རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། །བང་རིམ་དང་པོ་ལ་ནི་གནོད་སྦྱིན་ལག་ན་གཞོང་ཐོགས་ཞེས་བྱ་བ་རྣམས་གནས་སོ། །གཉིས་པ་ལ་ནི་ཕྲེང་ཐོགས་རྣམས་གནས་སོ། །གསུམ་པ་ལ་ནི་རྟག་ཏུ་མྱོས་རྣམས་གནས་ཏེ། ལྷ་འདི་དག་ཐམས་ཅད་ཀྱང་རྒྱལ་ཆེན་བཞིའི་

རིས་པ་དག་ཡིན་ནོ། །བཞི་པ་ལ་ནི་རྒྱལ་པོ་ཆེན་པོ་བཞི་བདག་ཉིད་དང་། དེའི་འཁོར་རྣམས་གནས་ཏེ། དེའི་ཕྱིར་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཞེས་བཤད་དོ། །ཇི་ལྟར་བང་རིམ་དག་ལ་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་གནས་པ་དེ་བཞིན་དུ། རི་བོ་བདུན་པོ་དག་ལ་ཡང་། །རི་གཉའ་
ཤིང་འཛིན་ལ་སོགས་པ་ན་ཡང་དེ་དག་གི་གྲོང་དང་། གྲོང་རྡལ་དག་ཡོད་དེ། དེ་ཉིད་ཀྱི་ཕྱིར་ལྷའི་རིས་དེ་ནི་ཐམས་ཅད་པས་ཆེ་བ་ཡིན་ནོ། །ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །ཡང་ལྷུན་པོའི་རྩེ་མོ་ཇི་ཙམ་ཞེ་ན། དེ་ཡི་ངོས་ལ་བརྒྱད་ཁྲིའོ། །ཐུར་དུ་ཇི་ལྟ་བར་ངོས་རེ་རེ་ལ་ཡང་བརྒྱད་ཁྲིའོ། །
གཞན་དག་ན་རེ། དེ་ཡི་ངོས་ལ་ཉི་ཁྲིའོ། །ཞེས་ཟེར་ཏེ། འདི་ལ་ངོས་བཞིར་ཕྱོགས་བཞི་ཡོད་དེ། ངོས་རེ་རེ་ཞིང་ཡང་དཔག་ཚད་ཉི་ཁྲི་ཉི་ཁྲི་ཡོད་ལ་ཀུན་དུ་བསྐོར་ན་ནི་བརྒྱད་ཁྲིའི་ཞེའོ། །ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས། རི་རབ་རྩེ་མོའི་ཕྱོགས་མཚམས་ནི་གྲུ་
བཞི་སྟེ། དེ་དག་ལས་དཔག་ཚད་ལྔ་བརྒྱའི་ཚད་ཙམ་གྱིས་བརྩེགས་པ་བཞི་གྱེན་དུ་འཕགས་ཏེ། དེ་དག་ལ་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བ་གནས་སོ། །རི་རབ་ཀྱི་རྩེ་མོ་དེའི་དབུས་ན། གྲོང་ཁྱེར་བལྟ་ན་སྡུག་ཅེས་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། །དཔག་ཚད་ཕྱེད་དང་གཉིས་གསེར་གྱི།
རང་བཞིན་གཞི་བཀྲ་མཉེན་པ་ཡོད། །རི་རབ་ཀྱི་གཞིའི་དབུས་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ངོས་རེ་རེ་ཞིང་ཡང་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། འཕང་དུ་དཔག་ཚད་ཕྱེད་དང་གཉིས་པ། གསེར་གྱི་རང་བཞིན་འདིའི་ས་གཞི་ཚོན་བརྒྱས་
བཀྲ་བར་བྱས་ལ། ས་གཞི་དེ་ཡང་ཤིང་བལ་གྱི་འདབ་མ་བཞིན་དུ་རེག་ན་འཇམ་པ་རྐང་པ་གཞག་པ་དང་། བཏེག་པ་དག་གིས་ན་ནེམས་ཞེས་བྱེད་པ་དང་པར་ཞེས་བྱེད་པ་ཡོད་དོ། །དེ་ན་རྣམ་པར་རྒྱལ་བྱེད་དོ། །ངོས་ལ་ཉིས་བརྒྱ་ལྔ་བཅུའོ། །གྲོང་ཁྱེར་གྱི་དབུས་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་
ཁང་བཟངས་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་རིན་པོ་ཆེ་དང་གནས་རྣམ་པ་དུ་མ་ཕུན་སུམ་ཚོགས་པ་གནས་གཞན་ཐམས་ཅད་ཀྱི་དཔལ་གྱི་ཆེ་བའི་བདག་ཉིད་ངོ་ཚ་བར་བྱེད་པ་ངོས་ངོས་ཀྱི་སྲིད་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ་ཞིག་ཡོད་དོ། །རེ་ཞིག་འདི་ནི་གྲོང་གི་མངོན་པར་དགའ་བ་ཡིན་ནོ། །དེའི་

ཕྱི་རོལ་ཤིང་རྟ་སྣ་ཚོགས་དང་། །རྩུབ་འགྱུར་འདྲེས་པ་དགའ་བས་བརྒྱན། །གྲོང་ཁྱེར་དེའི་ཕྱི་རོལ་གྱི་ངོས་བཞི་དག་ན་ལྷ་རྣམས་ཀྱི་རྩེད་མོའི་ས་སྐྱེད་མོས་ཚལ་བཞི་ཡོད་དེ། འདི་ལྟ་སྟེ་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་དང་། རྩུབ་འགྱུར་དང་། འདྲེས་པ་དང་། དགའ་
བའི་ཚལ་ཏེ། དེ་དག་གིས་གྲོང་ཁྱེར་དེའི་ཕྱི་རོལ་བརྒྱན་ཏོ། །དེ་དག་གི་ནི་ཕྱོགས་བཞི་ན། །ཉི་ཤུས་བཅད་ན་ས་གཞི་བཟང་། །སྐྱེད་མོས་ཚལ་དེ་དག་གི་ཕྱོགས་བཞི་དཔག་ཚད་ཉི་ཤུས་བཅད་པ་ན་ལྷ་རྣམས་ཀྱི་རྩེ་བའི་གནས་ས་གཞི་བཟང་པོ་ཕན་ཚུན་འགྲན་པ་ལྟ་བུར་མཛེས་པ་དང་ལྡན་པ་བཞི་
ཡོད་དོ། །གྲོང་ཁྱེར་གྱི་ཕྱི་རོལ་གྱི་ངོས། བྱང་ཤར་མཚམས་ན་ཡོངས་འདུ་སྟེ། །ལྷོ་ནུབ་མཚམས་ན་ཆོས་བཟང་ངོ་། །ཤིང་ས་བརྟོལ་ཡོངས་འདུ་ཞེས་བྱ་བ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདོད་པའི་དགའ་བ་མཆོག་གི་གནས་ཞིག་ཡོད་དེ། དེའི་རྩ་བ་ནི་དཔག་ཚད་ལྔ་བཅུ་ཟུག་གོ །
གནམ་འཕང་དུ་ནི་དཔག་ཚད་བརྒྱ་འཕགས་སོ། །ཡལ་ག་དང་། འདབ་མ་དང་། ལོ་མ་ནི་དཔག་ཚད་ལྔ་བཅུར་ཁྱབ་པར་གནས་སོ། །དེའི་མེ་ཏོག་དང་། འདབ་མ་ཐམས་ཅད་རྒྱས་པའི་དྲི་ངད་རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱར་ལྡང་ངོ་། །རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་
ལྡང་ངོ་། །རེ་ཞིག་རྫི་ཕྱོགས་སུ་ནི་རིགས་ན་རྫི་ཕྱོགས་མ་ཡིན་པར་གོ་ཇི་ལྟར་ཞེ་ན། ཁ་ཅིག་ན་རེ་ཤིང་ལས་མི་འདའ་བ་ལས་དགོངས་ཏེ་གསུངས་སོ་ཞེས་ཟེར་རོ། །དེ་རྫི་ཕྱོགས་སུ་མ་ཡིན་པར་འགྲོ་བ་མ་ཡིན་གྱི། དྲི་དེ་ཉིད་ཀྱི་ཕུན་སུམ་ཚོགས་པ་ལྷའི་རླུང་ཆུང་ངུ་དག་གིས་བཀག་
བཞིན་དུ་ཡང་དྲི་གཞན་གྱི་རྒྱུན་འབྱུང་བ་དེ་ལྟ་བུར་འདོད་པར་བྱའོ། །རྒྱུན་ཆུང་བ་དང་། ཆེས་ཆུང་བ་དང་། ཆེས་ཤིན་ཏུ་ཆུང་བར་འགྱུར་བའི་ཕྱིར་མྱུར་བ་ཁོ་ནར་ཀུན་དུ་ཆད་པར་འགྱུར་ཏེ། དེ་བཞིན་དུ་ལམ་རིང་པོར་མི་འགྲོའོ། །ཇི་མེ་ཏོག་གི་དྲིའི་རྒྱུན་དེ་རང་གི་འབྱུང་བ་ཁོ་ན་ལ་བརྟེན་
ནས་འཇུག་གམ། འོན་ཏེ་རླུང་ལ་བརྟེན་ནས་ཀྱང་སྐྱེ་ཞེ་ན། སློབ་དཔོན་གྱི་འདོད་པ་ནི་དེ་ལ་ངེས་པ་མེད་དེ། གཉི་ག་ལྟར་ཡིན་པའོ། །འོ་ན་བཅོམ་ལྡན་འདས་ཀྱིས། མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །རྩ་བའམ་རྒྱ་སྤོས་ཙན་དན་ཡང་མ་ཡིན། །མཁས་རྣམས་དྲི་ནི་རྫི་ཕྱོགས་མིན་འགྲོ་སྟེ། །

སྐྱེས་བུ་དམ་པ་ཕྱོགས་རྣམས་ཀུན་དུ་འགྲོ། །ཞེས་གང་གསུངས་པ་ཇི་ལྟར་དྲང་ཞེ་ན། མིའི་མེ་ཏོག་གི་དྲིའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ། །དེ་ནི་འཇིག་རྟེན་ན་གྲགས་པ་ཡིན་ཏེ། དེ་ལ་མཐུ་དེ་ལྟ་བུ་ནི་མེད་དོ། །ས་སྟོན་སྡེ་རྣམས་རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱར་དྲིའི་ངད་ལྡང་
ངོ་། །རླུང་མེད་ན་ནི་དཔག་ཚད་ལྔ་བཅུར་ལྡང་ངོ་ཞེས་འདོན་ཏོ། །ལྷོ་ནུབ་ཀྱི་ཕྱོགས་ཆ་ན་གང་དུ་ལྷ་རྣམས་འཁོད་ནས་བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བར་བྱེད་པ་ལྷའི་འདུན་ས་ཆོས་བཟངས་ཞེས་བྱ་བ་ཡོད་དོ། །རེ་ཞིག་དེ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་སྣོད་གནས་པ་ཡིན་ནོ། །དེའི་
སྟེང་ལྷ་རྣམས་གཞལ་མེད་ཁང་། །སུམ་ཅུ་རྩ་གསུམ་གྱི་སྟེང་གི་ལྷ་རྣམས་ནི་གཞལ་ཡས་ཁང་དག་ན་གནས་ཏེ། དེ་དག་ཀྱང་འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། སྔར་བཤད་པ་ཚངས་རིས་ལ་སོགས་པ་
གནས་གཞན་བཅུ་དྲུག་ཏུ་གཏོགས་པ་རྣམས་ཏེ། དེ་ལྟར་ན་གང་དག་གི་སྣོད་མངོན་པ་ནི་མདོར་བསྡུ་ན་ལྷའི་རིས་ཉི་ཤུ་རྩ་གཉིས་པོ་དེ་དག་ཡིན་ནོ། །འདོད་པ་སྤྱོད་པ་དྲུག་ཡིན་ནོ། །དེ་དག་ལས་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པོ་འདི་ལྟ་སྟེ། རྒྱལ་ཆེན་བཞིའི་རིས་ནས་གཞན་འཕྲུལ་དབང་
བྱེད་ཀྱི་བར་རྣམས་ནི་འདོད་པ་དག་ལ་སྤྱོད་ཀྱི་ལྷག་མ་རྣམས་ནི་མ་ཡིན་ནོ། །དེ་དག་ཀྱང་། གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །དགོད་དང་བལྟས་པས་འཁྲིག་པ་ཡིན། །ས་དང་འབྲེལ་པར་གནས་པ་རྒྱལ་ཆེན་བཞི་པ་དང་། སུམ་ཅུ་རྩ་གསུམ་པ་རྣམས་ནི་མི་རྣམས་ཇི་ལྟ་བ་
བཞིན་དུ་གཉིས་གཉིས་ཀྱིས་འཁྲིག་གོ། །དེ་དག་ལ་ཡང་ཁུ་ཆུ་མེད་པའི་ཕྱིར་རླུང་བཏང་བས་ཡོངས་སུ་གདུང་བ་དང་བྲལ་ལོ། །འཐབ་བྲལ་བ་རྣམས་ནི་འཁྱུད་པས་འཁྲིག་པ་ཡིན་ཏེ། འཁྱུད་པ་ཙམ་གྱིས་ཡོངས་སུ་གདུང་བ་དང་བྲལ་བའི་ཕྱིར་རོ། །དགའ་ལྡན་པ་རྣམས་ནི་
ལག་བཅངས་བྱས་པས་སོ། །འཕྲུལ་དགའ་བ་རྣམས་ནི་དགོད་པས་སོ། །གཞན་འཕྲུལ་དབང་བྱེད་པ་རྣམས་ནི་བལྟས་པས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཐམས་ཅད་ཀྱང་གཉིས་ཀྱིས་གཉིས་སྤྲོད་པས་ཡིན་ནོ། །བརྟགས་པ་ལས་བཤད་པ་ནི་དུས་ཀྱི་ཚད་ཡིན་ཏེ། ཇི་

ཙམ་ཇི་ཙམ་དུ་ཡུལ་རྣམས་ཆེས་ཤས་ཆེ་བ་དེ་ཙམ་དེ་ཙམ་དུ་འདོད་ཆགས་ཀྱང་ཆེས་ཤས་ཆེའོ་ཞེས་ཟེར་རོ། །ལྷ་འམ་ལྷ་མོ་གང་གི་པང་དུ་ལྷ་གཞོན་ནུ་འམ་ལྷའི་བུ་མོ་སྐྱེ་བར་འགྱུར་བ་དེ་ནི་དེ་གཉིས་ཀྱི་བུ་ཡང་ཡིན་ལ། དེའི་བུ་མོ་ཡང་ཡིན་ནོ། །བོང་ཚོད་ཇི་
ཙམ་དུ་སྐྱེ་ཞེ་ན། བྱིས་པ་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་པ་ལྟ་བུའི་བར། །དེ་དག་ཏུ་སྐྱེ། ལྷའི་རིས་དེ་དག་ཏུ་གྲངས་བཞིན་ཏེ། དེ་དག་ཀྱང་མྱུར་བ་ཉིད་དུ་སྐྱེའོ། །གཟུགས་ཅན་རྣམས། ཀུན་རྫོགས་གོས་དང་བཅས་པ་ཉིད། །གཟུགས་ན་སྤྱོད་པའི་ལྷ་རྣམས་ནི་ལུས་ཀུན་རྫོགས་
པ་དང་གོས་གྱོན་བཞིན་དུ་སྐྱེའོ། །ལྷ་ཐམས་ཅད་ཀྱང་འཕགས་པའི་སྐད་དུ་སྨྲའོ། །དེ་ལ་འདོད་པ་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། །འདོད་པའི་ཁམས་སུ་རིག་པར་བྱ་སྟེ། ཇི་ལྟ་ཞེ་ན་སེམས་ཅན་འདོད་པ་ཉེ་བར་གནས་པ་རྣམས་འདོད་པ་ཉེ་བར་གནས་
པ་དག་ལ་དབང་ཕྱུག་གིས་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་མི་རྣམས་དང་ལྷ་ཁ་ཅིག་གོ། །དེ་དག་ཀྱང་ལྷའི་རིས་བཞི་རྣམས་སོ། །སེམས་ཅན་འདོད་པ་སྤྲུལ་པ་རྣམས་འདོད་པ་རྣམས་སྤྲུལ་ཞིང་དབང་ཕྱུག་གིས་དབང་བྱེད་པ་དག་ཀྱང་ཡོད་དེ། དཔེར་ན་འཕྲུལ་དགའི་ལྷ་རྣམས་
ལྟ་བུའོ། །སེམས་ཅན་འདོད་པ་གཞན་གྱིས་སྤྲུལ་པ་རྣམས་འདོད་པ་གཞན་གྱིས་སྤྲུལ་པ་དག་ལ་དབང་ཕྱུག་གིས་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སོ། །དེ་དག་ནི་ཇི་ལྟར་བྱུང་བ་ལ་ཡོངས་སུ་ལོངས་སྤྱོད་པ་ཉིད་ཀྱི་ཕྱིར་དང་། ཇི་ལྟར་
འདོད་པ་བཞིན་བདག་ཉིད་ཀྱིས་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པ་ཉིད་ཀྱི་ཕྱིར་དང་། ཇི་ལྟར་འདོད་པ་བཞིན་བདག་དང་གཞན་གྱིས་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་འདོད་པ་སྐྱེ་བ་གསུམ་ཞེས་བྱའོ། །གཟུགས་ཀྱི་ཁམས་ནི། བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་
གསུམ་ལ་ས་དགུ་ཡིན། །བསམ་གཏན་གསུམ་དག་ན་ས་དགུ་པོ་གང་དག་ཡིན་པ་དེ་དག་ནི་བདེ་བ་སྐྱེ་བ་གསུམ་ཡིན་ཏེ། ལྷ་དེ་དག་ནི་དབེན་པ་ལས་སྐྱེས་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བ་དང་། དགའ་བ་མེད་པའི་བདེ་བས་བདེ་བར་གནས་པ་ན་ཡུན་རིང་མོ་

ཞིག་ཏུ་གནས་ཏེ། དེའི་ཕྱིར་བདེ་བ་སྐྱེ་བ་དེ་དག་ནི་སྡུག་བསྔལ་བ་མེད་པ་དང་། ཡུན་རིང་པོར་བདེ་བའི་ཕྱིར་བདེ་བ་སྐྱེ་བ་དག་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་དུ་སྐྱེས་པ་ལ་ནི་དགའ་བ་དང་བདེ་བ་མེད་པའི་ཕྱིར་བདེ་བ་སྐྱེ་བ་ཉིད་དཔྱད་པར་བྱའོ། །གང་དག་ལྷ་རྣམས་ཀྱི་གནས་ཉི་ཤུ་
རྩ་གཉིས་བཤད་པ་དེ་དག་ལ་འོག་མ་ནས་གོང་མར་ཐག་ཇི་སྲིད་ཅེ་ན། དེ་དག་ཐམས་ཅད་དཔག་ཚད་ཀྱི་གྲངས་ཀྱིས་བགྲང་བར་ནི་སླ་བ་མ་ཡིན་མོད་གྱི་འོན་ཀྱང་། གནས་དང་གནས་འོག་ཇི་སྲིད་པ། །དེ་ནས་དེ་ཡི་གོང་དེ་སྲིད། །འཛམ་བུའི་གླིང་ནས་བཟུང་སྟེ་གོང་མའི་གནས་གང་ཡིན་པ་
དེ་ནི་དེ་ནས་འོག་མ་འཛམ་བུའི་གླིང་དུ་ཇི་སྲིད་པར་དེ་ནས་གོང་མའི་གནས་གཞན་དུ་ཡང་དེ་སྲིད་དེ། འདི་ལྟ་སྟེ། འདི་ནས་དཔག་ཚད་བཞི་ཁྲི་ན་རྒྱལ་པོ་ཆེན་པོ་བཞིའི་རྩ་བའི་གནས་བང་རིམ་བཞི་པ་ཡོད་པ་དེ་ནས་འོག་མ་འཛམ་བུའི་གླིང་དུ། ཇི་སྲིད་པར་གོང་མ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་
གནས་སུ་ཡང་དེ་སྲིད་དོ། །དེ་ནས་ཀྱང་འོག་མ་འཛམ་བུའི་གླིང་དུ་ཇི་སྲིད་པར་གོང་མ་འཐབ་བྲལ་བ་རྣམས་ཀྱི་གནས་སུ་ཡང་དེ་སྲིད་དོ། །དེ་ནས་ཀྱང་འོག་མ་འཛམ་བུའི་གླིང་དུ་ཇི་སྲིད་པར་གོང་མ་དགའ་ལྡན་པ་རྣམས་ཀྱི་གནས་སུ་ཡང་དེ་སྲིད་དོ། །དེ་བཞིན་དུ་རྒྱས་པར་ཐམས་ཅད་གོ་རིམས་
དང་མཐུན་པར་བྱ་སྟེ། ཤིན་དུ་མཐོང་བ་དག་ནས་འོག་མ་འཛམ་བུའི་གླིང་དུ་ཇི་སྲིད་པར་གོང་མ་འོག་མིན་པ་རྣམས་ཀྱི་གནས་སུ་ཡང་དེ་སྲིད་དོ། །དེའི་གོང་ན་ནི་གནས་མེད་དོ། །དེ་ཉིད་ཀྱི་ཕྱིར་དེ་དག་ནི་ཐུ་བོར་གྱུར་པའི་ཕྱིར་འོག་མིན་ཞེས་བྱའོ། །གཞན་དག་ན་རེ་ཐོག་མཐའ་ཞེས་བྱ་སྟེ།
ཐོགས་པ་ནི་བསགས་པར་གནས་པའི་གཟུགས་ཏེ། དེ་ནི་འདིར་མཐར་ཐུག་གོ་ཞེས་ཟེར་རོ། །ཡང་ཅི་གནས་འོག་མར་སྐྱེས་པ་རྣམས་གོང་མའི་གཞལ་མེད་ཁང་དུ་དོང་ནས་མཐོང་བར་འགྱུར་རམ་ཞེ་ན། རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པར། །དེ་དག་གོང་མ་མཐོང་བ་མེད། །རྫུ་འཕྲུལ་
གྱིས་སམ། གཞན་ལ་བརྟེན་ནས་ཏེ། རྫུ་འཕྲུལ་དང་ལྡན་པའམ། དེ་ན་གནས་པའི་ལྷས་ཁྲིད་པར་གྱུར་ན་སུམ་ཅུ་རྩ་གསུམ་པ་རྣམས་འཐབ་བྲལ་བའི་ནང་དུ་འགྲོ་བར་འགྱུར་ཏེ། ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །གོང་དུ་སྐྱེས་པ་འོངས་པ་མཐོང་བར་འགྱུར་གྱི། ཁམས་གོང་མ་

པ་ཡང་མ་ཡིན་ལ། ས་གོང་མ་པ་ཡང་མ་ཡིན་ཏེ། དཔེར་ན་ཡུལ་མ་ཡིན་པའི་ཕྱིར་རེག་བྱ་རེག་པར་མི་འགྱུར་བ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རང་གི་ལུས་ཀྱིས་མི་འོང་ངོ་། །འོ་ན་ཇི་ལྟ་བུ་ཞེ་ན། ས་འོག་མའི་སྤྲུལ་པས་སོ། །སྡེ་པ་གཞན་དག་ན་རེ། དེའི་འདོད་
པས་འདི་ན་འཁོད་པ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་ཟེར་རོ། །ཡང་འཐབ་བྲལ་བ་ལ་སོགས་པའི་གཞལ་མེད་ཁང་དེ་དག་གི་ཚད་ཇི་ཙམ་ཞེ་ན། རེ་ཞིག་ཁ་ཅིག་ན་རེ་བཞི་རྣམས་ཀྱིས་ནི་རི་རབ་ཀྱི་རྩེ་མོ་དེ་ཙམ་མོ་ཞེས་ཟེར་རོ། །གཞན་དག་ན་རེ་གོང་མ་གཉིས་འགྱུར་རོ་ཞེས་ཟེར་རོ། །ཁ་
ཅིག་ན་རེ་བསམ་གཏན་དང་པོའི་ནི་གླིང་བཞི་པ་ཙམ་མོ། །གཉིས་པའི་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཙམ་མོ། །གསུམ་པའི་ནི་སྟོང་གཉིས་པ་ཙམ་མོ། །བཞི་པའི་ནི་སྟོང་གསུམ་པ་ཙམ་མོ་ཞེས་ཟེར་རོ། །གཞན་དག་ན་རེ་དང་པོ་ལ་སོགས་པ་ནི་སྟོང་ལ་སོགས་པའི་ཚད་ཙམ་
མོ། །བཞི་པ་ནི་ཚད་མེད་དོ་ཞེས་ཟེར་རོ། །ཡང་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་འདི་ཅི། སྟོང་གཉིས་པ་འམ། སྟོང་གསུམ་པ་ནི་ཅི་ཞེ་ན། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །
འཛམ་བུའི་གླིང་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། ཉི་མ་དང་། ཟླ་བ་དང་། རི་རབ་སྟོང་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་སྟོང་དང་། ཚངས་པའི་འཇིག་རྟེན་འདི་ནི་སྟོང་སྤྱི་ཕུད་
ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་དེ་དག་སྟོང་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དེ་
དག་སྟོང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡིན་ཏེ། འདི་ཐམས་ཅད་ནི། མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །མཉམ་དུ་འཇིག་ཅིང་མཉམ་དུ་འབྱུང་སྟེ། འབྱུང་བ་ནི་ཆགས་པ་ཡིན་ནོ་ཞེས་འོག་ནས་བཤད་པར་བྱའོ། །ཡང་ཇི་ལྟར་སྣོད་རྣམས་ཀྱི་ཚད་བྱེ་བྲག་ཡོད་པ་དེ་

བཞིན་དུ་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་ཚད་ཀྱང་། བྱེ་བྲག་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ། དེ་ལ་རེ་ཞིག །འཛམ་བུའི་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །འཛམ་བུའི་གླིང་པའི་མི་རྣམས་ནི་ཕལ་ཆེར་ཁྲུ་ཕྱེད་དང་བཞི་པའོ། །ཁ་ཅིག་ནི་ཁྲུ་བཞི་པ་
དག་ཡིན་ནོ། །ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་གཉིས་འགྱུར་བསྐྱེད། །ཤར་གྱི་ལུས་འཕགས་པ་རྣམས་དང་ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ནི་རིམ་བཞིན་དུ་ཁྲུ་བརྒྱད་པ་དང་། བཅུ་དྲུག་པ་དང་། སུམ་ཅུ་རྩ་གཉིས་པ་དག་ཡིན་ནོ། །
འདོད་དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །བཞི་ཆ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་བཞི་ཆ་སྟེ། རྒྱལ་ཆེན་བཞིའི་རིས་པ་རྣམས་ཀྱི་ལུས་ནི་དེ་ཙམ་མོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་བཞི་ཆ་གཉིས་སོ། །འཐབ་བྲལ་བ་
རྣམས་ཀྱི་ནི་བཞི་ཆ་གསུམ་མོ། །དགའ་ལྡན་པ་རྣམས་ཀྱི་ནི་རྒྱང་གྲགས་གཅིག་གོ། །འཕྲུལ་དགའ་བ་རྣམས་ཀྱི་ནི་རྒྱང་གྲགས་གཅིག་དང་བཞི་ཆ་གཅིག་གོ། །གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི་རྒྱང་གྲགས་ཕྱེད་དང་གཉིས་སོ། །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །གཟུགས་
ཅན་གྱི་ལྷ་རྣམས་ཀྱི་གནས་ཀྱི་དང་པོ་ནི་ཚངས་རིས་པ་རྣམས་ཀྱི་ལུས་ནི་དཔག་ཚད་ཕྱེད་ཙམ་མོ། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །གནས་གསུམ་དག་ན་ཚངས་པའི་མདུན་ན་འདོན་རྣམས་ཀྱི་དཔག་ཚད་གཅིག་གོ། །ཚངས་པ་ཆེན་པོའི་ནི་ཕྱེད་དང་གཉིས་སོ། །འོད་ཆུང་པ་རྣམས་
ཀྱི་ནི་དཔག་ཚད་གཉིས་སོ། །འོད་ཆུང་རྣམས་ཀྱི་ལྷ་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །ཚད་མེད་འོད་རྣམས་ཀྱི་ནི་དཔག་ཚད་བཞིའོ། །འོད་གསལ་བ་རྣམས་ཀྱི་ནི་བརྒྱད་དེ། དེ་བཞིན་དུ་དགེ་རྒྱས་པ་རྣམས་ཀྱི་ནི་དྲུག་ཅུ་
རྩ་བཞི་ཡིན་པའི་བར་དུ་ཉིས་འགྱུར་དུ་བསྐྱེད་དོ། །སྤྲིན་མེད་པ་རྣམས་ཀྱི་ནི་ཉིས་འགྱུར་དུ་བསྒྱུར་ནས་དེ་ལས་དཔག་ཚད་གསུམ་ཕྲི་ནས་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ་པའོ། །དེ་ཡན་ཆད་བསོད་ནམས་སྐྱེས་པ་ལ་སོགས་པ་ནས་འོག་མིན་པ་རྣམས་ཀྱི་ལུས་དཔག་ཚད་ཁྲི་དྲུག་སྟོང་ཡིན་

པའི་བར་དུ་ཉིས་འགྱུར་ཉིས་འགྱུར་དུ་བསྒྱུར་རོ། །ཅི་དེ་ལྟར་བོང་ཚོད་ཐ་དད་པ་རྣམས་ཀྱི་ཚེ་ཡང་བྱེ་བྲག་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །ལོ་རྣམས་སོ། །གཉིས་ལ་ཕྱེད་ཕྱེད་སྤངས་པའོ། །གཉིས་ལ་ནི་ཕྱེད་ཕྱེད་སྤངས་ནས། བ་ལང་
སྤྱོད་པ་ལ་སོགས་པ་རྣམས་ཀྱི་ནི་ལོ་ལྔ་བརྒྱའོ། །ཤར་གྱི་ལུས་འཕགས་པ་རྣམས་ཀྱི་ནི་ཉིས་བརྒྱ་ལྔ་བཅུའོ། །འདི་ན་མ་ངེས། འཛམ་བུ་གླིང་འདི་ན་ནི་ཚེ་ངེས་པ་མེད་དེ། རེས་འགའ་ནི་རིང་པོར་འགྱུར་རོ། །རེས་འགའ་ནི་ཐུང་ངོ་། །ཐ་མར་ནི། ལོ་བཅུ། ལོ་ཞེས་བྱ་བ་ནི་ལོ་སྐོར་ཡིན་ཏེ།
ཐ་མ་ཐུང་ངུར་གྱུར་པ་ན་ཚེ་ལོ་བཅུ་པར་འགྱུར་རོ། །དང་པོ་དཔག་ཏུ་མེད། བསྐལ་པ་དང་པོ་པའི་མི་རྣམས་ཀྱི་ཚེ་ནི་དཔག་ཏུ་མེད་པ་ཡིན་ཏེ། སྟོང་ལ་སོགས་པའི་གྲངས་ཀྱིས་ཡོངས་སུ་ཚད་གཟུང་བར་མི་ནུས་སོ། །མི་རྣམས་ཀྱི་བཤད་ཟིན་ཏོ། །ལྷ་རྣམས་ཀྱི་བརྗོད་པར་བྱ་སྟེ། དེ་ཡང་
ཉིན་ཞག་རྣམ་པར་བཞག་ནས་བརྗོད་པར་ནུས་པས་རེ་ཞིག་དེ་དག་གི་དེ་ཉིད་རྣམ་པར་གཞག་པར་བྱ་སྟེ། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་དག་ནི་འདོད་པ་ན་སྤྱོད་པའི་ལྷ་རྒྱལ་ཆེན་
བཞིའི་རིས་པ་རྣམས་ཀྱི་ཉིན་ཞག་གཅིག་གོ། །དེས་ན་ཚེ་ལོ་ལྔ་བརྒྱའོ། །དེའི་ཉིན་ཞག་དེས་ན་དེ་རྣམས་ཀྱི་ཚེའི་ཚད་ནི་ཞག་སུམ་ཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྷའི་ལོ་ལྔ་བརྒྱའོ། །གོང་མ་གཉི་ག་ཉིས་འགྱུར་རོ། །ལྔ་པོ་གོང་མ་རྣམས་ནི་ཉིན་ཞག་
དང་ཚེ་གཉི་ག་ཉིས་འགྱུར་ཏེ། ཇི་ལྟ་ཞེ་ན། མི་རྣམས་ཀྱི་ཚེ་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་དེས་ན་ཚེ་ལྷའི་ལོ་སྟོང་ཐུབ་བོ། །དེ་བཞིན་དུ་མི་རྣམས་ཀྱི་ལོ་ཉིས་བརྒྱ་དང་། བཞི་བརྒྱ་དང་། བརྒྱད་བརྒྱ་དང་། སྟོང་དྲུག་བརྒྱ་ནི་
འཐབ་བྲལ་ལ་སོགས་པའི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་དེས་ན་ཚེའི་ཚད་ལྷའི་ལོ་ཉིས་སྟོང་དང་། བཞི་སྟོང་དང་། བརྒྱད་སྟོང་དང་། ཁྲི་དྲུག་སྟོང་ཐུབ་བོ། །གཉའ་ཤིང་འཛིན་ཡན་ཆད་ན་ཉི་མ་དང་ཟླ་བ་མེད་པའི་ཕྱིར་ལྷ་རྣམས་ཀྱི་ཉིན་ཞག་རྣམ་པར་གཞག་པ་དང་། སྣང་བའི་བྱ་བ་ཇི་ལྟ་

བུ་ཞེ་ན། ཀུ་མུ་ཏ་དང་པད་མ་བཞིན་དུ་མེ་ཏོག་རྣམས་ཁ་འཛུམས་པ་དང་། ཁ་འབྱེད་པ་དང་། བྱ་རྣམས་སྐད་འབྱིན་པ་དང་། སྐད་མི་འབྱིན་པ་དང་། གཉིད་སངས་པ་དང་། བྲོ་བ་ལས་སོ། །སྣང་བའི་བྱ་བ་ནི་བདག་ཉིད་ལ་འོད་ཡོད་པའི་ཕྱིར་རོ། །འདོད་པ་དང་ལྡན་པ་རྣམས་ཀྱི་ཚེའི་ཚད་
བཤད་ཟིན་ཏོ། །གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིས། །གཟུགས་ཅན་གང་དག་གི་ལུས་དཔག་ཚད་ཕྱེད་ཡིན་པ་དེ་དག་གི་ཚེ་བསྐལ་པ་ཕྱེད་ཡིན་ལ། གང་དག་གི་དཔག་ཚད་གཅིག་ཡིན་པ་དེ་དག་གི་ནི་བསྐལ་པ་གཅིག་ཡིན་པ་ནས། དེ་བཞིན་དུ་འོག་
མིན་པ་རྣམས་ཀྱི་ཚེའི་ཚད་བསྐལ་པ་ཁྲི་དྲུག་སྟོང་ཡོད་པའི་བར་དུ་གང་གི་ལུས་དཔག་ཚད་ཇི་སྙེད་པ་དེའི་ཚེ་ཡང་བསྐལ་པ་དེ་སྙེད་དོ། །གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ན་ནི་ཚེའི་ཚད་བསྐལ་པ་ཉི་ཁྲིའོ། །རྣམ་
ཤེས་མཐའ་ཡས་སྐྱེ་མཆེད་ན་ནི་དེ་ལས་ཉི་ཁྲི་ལྷག་གོ། །ཅི་ཡང་མེད་པའི་སྐྱེ་མཆེད་ན་ནི་དེ་ལས་ཉི་ཁྲི་ལྷག་གོ། །སྲིད་པའི་རྩེ་མོ་ན་ནི་དེ་ལས་ཉི་ཁྲི་ལྷག་པའོ། །དེ་ལྟར་ན་དེ་དག་གི་ཚེའི་ཚད་ནི་གོ་རིམས་བཞིན་དུ་བསྐལ་པ་ཉི་ཁྲི་དང་། བཞི་ཁྲི་དང་། དྲུག་ཁྲི་དང་། བརྒྱད་ཁྲི་ཡིན་ནོ། །
འདིར་བསྐལ་པ་གང་ཞིག་ཡིན་པར་རིག་པར་བྱ། ཅི་བར་གྱི་བསྐལ་པ་ཉི་ཤུར་འཆགས་པ་དང་། གང་ཡང་ཆགས་ནས་བར་གྱི་བསྐལ་པ་ཉི་ཤུ་པ་ཆེན་པོ་ཞིག་ཡིན་ཞེ་ན། འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །ལྷའི་རིས་འོད་ཆུང་ནས་བཟུང་བའི་ཚེའི་ཚད་
ནི་བསྐལ་པ་ཆེན་པོར་རིག་པར་བྱའོ། །དེའི་འོག་མ་ཚངས་ཆེན་ལ་སོགས་པའི་ཚེའི་ཚད་ནི་བསྐལ་པ་ཆེན་པོ་ཕྱེད་ལ་བསྐལ་པར་བྱས་ནས་རྣམ་པར་བཞག་གོ། །ཇི་ལྟ་བུ་ཞེ་ན། གང་ཡང་འཇིག་རྟེན་བར་གྱི་བསྐལ་པ་ཉི་ཤུར་ཆགས་པ་དང་། གང་ཡང་ཆགས་ནས་བར་གྱི་བསྐལ་
པ་ཉི་ཤུར་འདུག་པ་དང་། གང་ཡང་བར་གྱི་བསྐལ་པ་ཉི་ཤུར་འཇིག་པ་དང་། བར་གྱི་བསྐལ་པ་དྲུག་ཅུ་པོ་དེ་དག་ལ་ཚངས་པ་ཆེན་པོའི་བསྐལ་པ་ཕྱེད་དང་གཉིས་སུ་བཤད་དེ། དེ་ལྟར་བྱས་ན་བསྐལ་པ་ཆེན་པོའི་ཕྱེད་བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པར་བྱས་ནས་དེ་དག་གིས་ཚེའི་

ཚད་དུ་བྱས་ནས་བཤད་པ་ཡིན་ནོ། །བདེ་འགྲོའི་ཚེའི་ཚད་བཤད་ཟིན་ཏོ། །ད་ནི་ངན་འགྲོའི་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པོ་དེ་དག་གི་ཚེ་ཇི་ཙམ་
པར་བཤད་པ་དེ་དང་གོ་རིམས་བཞིན་དུ་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། དམྱལ་བ་དྲུག་གི་ཉིན་ཞག་དང་མཉམ་པར་རིག་པར་བྱ་སྟེ། དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །དེ་ནི་རང་
གི་ཉིན་ཞག་དེ་དག་གིས་དེ་དག་ཚེའི་ཚད་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པོ་དེ་དག་གི་ཚེ་ཇི་ལྟ་བ་དེ་བཞིན་དུ་རིག་པར་བྱའོ། །ཇི་ལྟ་ཞེ་ན། རྒྱལ་ཆེན་བཞིའི་རིས་པ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེས་ན་ཟླ་བ་བཅུ་གཉིས་
པའི་ལོས་ཚེ་དེ་ན་ཡོད་པའི་ལོ་ལྔ་བརྒྱ་ཞེས་བྱ་བའི་བར་དུ་ཡིན་ནོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་དེས་ན་དེའི་ཚེ་ལོ་སྟོང་སྟེ། དེ་བཞིན་དུ་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་
ཚེའི་ཚད་དང་མཉམ་པའི་ཉིན་ཞག་གིས་དམྱལ་བ་ཆེན་པོ་ཚ་བ་ན་ཚེའི་ཚད་ལོ་ཁྲི་དྲུག་སྟོང་ཡིན་པའི་བར་དུ་གཞན་དག་ལ་ཅི་རིགས་པར་སྦྱར་བར་བྱའོ། །རབ་ཏུ་ཚ་ཕྱེད། དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ན་ནི་ཚེའི་ཚད་བར་གྱི་བསྐལ་པ་ཕྱེད་དོ། །མནར་མེད་ནི། བར་གྱི་བསྐལ་པའོ། །
དུད་འགྲོ་རྣམས་ནི་ངེས་པ་མེད་དོ། །དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །དུད་འགྲོའི་ཚེ་མཆོག་ཏུ་རིང་བ་ནི་བར་གྱི་བསྐལ་པ་གཅིག་སྟེ། ཀླུ་དགའ་བོ་དང་། ཉེ་དགའ་བོ་དང་། རྟ་མགོ་ལ་སོགས་པ་དག་སྟེ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ཀླུ་བརྒྱད་པོ་
འདི་དག་ནི་ཀླུ་ཆེན་པོ་སྟེ། བསྐལ་པར་གནས་པ། ས་འཛིན་པའོ་ཞེས་རྒྱས་པར་གསུངས་སོ། །ཡི་དགས་རྣམས། ཟླ་བ་ཉིན་ཞག་གི་ལྔ་བརྒྱའོ། །མི་རྣམས་ཀྱི་ཟླ་བ་གཅིག་གང་ཡིན་པ་དེ་ནི་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་དེས་ན་ཚེ་ལོ་ལྔ་བརྒྱའོ། །

ཡང་གྲང་བའི་དམྱལ་བ་དག་ན་ཚེའི་ཚད་ཇི་ཙམ་ཞེ་ན། ཇི་སྲིད་དུ། ཏིལ་སྦྱང་ནས་ནི་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་དག་གི་ཚེའི་ཚད་ཀྱི་དཔེ་ཙམ་དུ་དགེ་སློང་དག་དཔེར་ན་འདི་ན་ཡུལ་
མ་ག་དྷཱའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པ་ཞིག་ཏིལ་དག་གིས་བྱུར་བུར་བཀང་སྟེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་ཏིལ་རེ་རེ་བོར་ན་དགེ་སློང་དག་རིམ་པ་དེས་ན་ཡུལ་མ་ག་དྷཱའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པ་དེ་མ་ལུས་པར་ཡོངས་སུ་ཟད་པར་གྱུར་པ་ནི་ཆེས་མྱུར་གྱི་ཆུ་བུར་ཅན་
དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ཡོངས་སུ་གཏུགས་པར་ནི་ང་མི་སྨྲའོ། །དགེ་སློང་དག་ཆུ་བུར་ཅན་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་ཆུ་བུར་རྡོལ་པ་གཅིག་ཡིན་ནོ་ཞེས་བྱ་བ་ནས་རྒྱས་པར་ཡང་དགེ་སློང་དག་པདྨ་ལྟར་གས་པ་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་པདྨ་ལྟར་གས་པ་ཆེན་པོ་གཅིག་ཡིན་ནོ་ཞེས་གསུངས་
སོ། །དེ་ལྟར་ཚེ་དང་ལྡན་པའི་སེམས་ཅན་དེ་དག་ཚེ་ཡོངས་སུ་མ་རྫོགས་པར་བར་མ་དོར་འཆི་བ་ཡོད་དམ་འོན་ཏེ། མེད་ཅེ་ན། ཐམས་ཅད་ལ་ཡོད་དེ། སྒྲ་མི་སྙན་མ་གཏོགས་པར་འཆི། །བྱང་གི་སྒྲ་མི་སྙན་དག་ན་ནི་སེམས་ཅན་རྣམས་ཚེ་ངེས་པ་ཡིན་ཏེ། གདོན་མི་ཟ་བར་ཚེ་རངས་
པར་འཚོའོ། །གཞན་དག་ནི་མ་ངེས་སོ། །གང་ཟག་རྣམས་ལས་བར་མ་དོར་འཆི་བ་མེད་པ་ཡང་མང་སྟེ། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དགའ་ལྡན་ན་བཞུགས་པ་དང་། སེམས་ཅན་སྲིད་པ་ཐ་མ་པ་དང་། རྒྱལ་བས་བསྟན་པ་དང་། རྒྱལ་བའི་ཐད་དུ་བཏང་བའི་
ཕོ་ཉ་དང་། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དག་དང་། བྱང་ཆུབ་སེམས་དཔའ་དང་། འཁོར་ལོས་སྒྱུར་བའི་ཡུམ་དེ་དག་ལྷུམས་ན་ཡོད་པ་དང་། དེ་ལྟ་བུ་ལ་སོགས་པའོ། །དཔག་ཚད་ཀྱི་ཚད་ཀྱིས་གནས་རྣམས་དང་། ལུས་རྣམས་ཀྱང་ལོའི་ཚད་ཀྱིས་ཚེ་ཡང་བཤད་ན། དེ་གཉིས་
ཀྱི་ཚད་ནི་མ་བཤད་པས་བརྗོད་པར་བྱ་ལ། དེ་དག་ཐམས་ཅད་ཀྱི་རྣམ་པར་གཞག་པ་ཡང་མིང་ཡིན་པས་དེའི་མཐའ་ཡང་བརྗོད་པར་བྱ་སྟེ། དེ་རྣམས་ཡང་དག་པར་བསྟན་པའི་ཕྱིར་དང་པོའི་རིམ་པ་བརྩམ་མོ། །གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག །གཟུགས་འགྲིབ་

པའི་མཐའ་ནི་རྡུལ་ཕྲ་རབ་ཡིན་ནོ། །དུས་ཀྱི་མཐའ་ནི་སྐད་ཅིག་མའོ། །མིང་གི་མཐའ་ནི་ཡི་གེ་སྟེ། དཔེར་ན་བ་ལང་ཞེས་བྱ་བ་ལྟ་བུའོ། །ཡང་སྐད་ཅིག་མའི་ཚད་ཇི་ཙམ་ཞེ་ན། རྐྱེན་རྣམས་ཚོགས་ན་ཇི་སྲིད་དུ་ཆོས་ཀྱི་བདག་ཉིད་ཐོབ་པའམ། ཆོས་འགྲོ་བ་ན་ཇི་སྲིད་དུ་
རྡུལ་ཕྲ་རབ་ནས་རྡུལ་ཕྲ་རབ་གཞན་དུ་འགྲོ་བ་ཡིན་ནོ། །ཆོས་མངོན་པ་རྣམས་ན་རེ་སྐྱེས་བུ་སྟོབས་དང་ལྡན་པའི་སེ་གོལ་གཏོགས་པ་ཙམ་གྱིས་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་འདའོ་ཞེས་ཟེར་རོ། །དེ་ལ་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་
ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །རྡུལ་ཕྲ་རབ་ལ་སོགས་པ་འདི་དག་ནི་གོང་ནས་གོང་དུ་བདུན་འགྱུར་དུ་རིག་པར་བྱ་སྟེ། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲན་ནོ། །རྡུལ་ཕྲན་བདུན་ལ་ནི་ལྕགས་རྡུལ་ལོ། །དེ་དག་བདུན་ལ་ནི་
ཆུ་རྡུལ་ལོ། །དེ་དག་བདུན་ལ་ནི་རི་བོང་གི་རྡུལ་ལོ། །དེ་དག་བདུན་ལ་ནི་ལུག་རྡུལ་ལོ། །དེ་དག་བདུན་ལ་ནི་གླང་རྡུལ་ལོ། །དེ་དག་བདུན་ལ་ནི་ཉི་ཟེར་རྡུལ་ལོ། །དེ་དག་བདུན་ལ་ནི་སྲོ་མའོ། །སྲོ་མ་བདུན་ལ་ནི་དེ་ལས་བྱུང་བ་སྟེ། སྲོ་མ་ལས་བྱུང་བ་ནི་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ཤིག་
བདུན་ལ་ནི་ནས་སོ། །ནས་བདུན་ལ་ནི་སོར་མོའི་ཚིགས་སོ། །སོར་མོའི་ཚིགས་གསུམ་ལ་ནི་སོར་མོ་ཞེས་བྱ་བར་གྲགས་པ་ཉིད་པས་མ་བཤད་དོ། །ངོས་སུ་བྱ་བ་ནི། སོར་ནི་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །འདོམ་གང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ལྔ་བརྒྱ་རྣམས་
ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །གཞུ་ལྔ་བརྒྱ་ལ་ནི་རྒྱང་གྲགས་ཏེ། གྲོང་ནས་རྒྱང་གྲགས་ཙམ་གྱི་ཐག་ལ་ནི་དགོན་པ་ཡིན་པར་འདོད་དོ། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །རྒྱང་གྲགས་དེ་དག་བརྒྱད་ལ་དཔག་ཚད་ཅེས་བྱའོ། །དཔག་ཚད་ཀྱི་ཚད་ནི་བཤད་ཟིན་ཏོ། །ད་ནི་
ལོའི་ཚད་བརྗོད་པར་བྱ་སྟེ། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། དེ་ཡི་སྐད་ཅིག །སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ། །དེ་དག་ཀྱང་། དྲུག་ཅུ་ལ་ནི་ཐང་ཅིག་གོ། །དེའི་སྐད་ཅིག་དྲུག་ཅུ་ལ་ནི་ཐང་ཅིག་ཅེས་བྱའོ། །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཐང་

ཅིག་སུམ་ཅུ་ལ་ཡུད་ཙམ་མོ། །ཡུད་ཙམ་སུམ་ཅུ་ལ་ནི་ཉིན་ཞག་གཅིག་གོ། །རེས་འགའ་ནི་མཚན་མོ་རིང་ངོ་། །རེས་འགའ་ནི་ཐུང་ངོ་། །རེས་འགའ་ནི་མཉམ་མོ། །ཉིན་ཞག་སུམ་ཅུ་ལ་ནི་ཟླ་བ་གཅིག་གོ། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ། །དགུན་རྣམས་
ཀྱི་ཟླ་བ་བཞི་དང་། དཔྱིད་རྣམས་ཀྱི་ཟླ་བ་བཞི་དང་། དབྱར་རྣམས་ཀྱི་ཟླ་བ་བཞི་སྟེ། དེ་དག་ཟླ་བ་བཅུ་གཉིས་པོ་དེ་དག་ཞག་མི་ཐུབ་དང་བཅས་པ་ལ་ལོ་གཅིག་གོ། །ལོ་ལ་ནི་ཞག་གཅིག་གི་ཤོལ་དྲུག་དོར་ཏེ། ཇི་ལྟ་ཞེ་ན། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །
ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ལོའི་ཚད་བཤད་ཟིན་ཏོ། །ད་ནི་བསྐལ་པ་བརྗོད་པར་བྱ་སྟེ། བསྐལ་པ་རྣམ་པ་མང་བཤད་པ། །བར་གྱི་བསྐལ་པ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། བསྐལ་པ་ཆེན་པོའོ། །དེ་ལ་རེ་ཞིག །འཇིག་
པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །དམྱལ་བ་དག་ནས་སེམས་ཅན་མི་སྲིད་པ་ནས་བཟུང་སྟེ་སྣོད་ཟད་པའི་བར་རོ། །ཇི་ལྟ་བུ་ཞེ་ན། འཇིག་པ་ནི་གཉིས་ཏེ། འགྲོ་བ་འཇིག་པ་དང་། ཁམས་འཇིག་པའོ། །ཡང་གཉིས་ཏེ། སེམས་ཅན་འཇིག་པ་དང་སྣོད་འཇིག་པའོ། །
གང་སེམས་ཅན་རྣམས་དམྱལ་བ་དག་ནས་འཆི་འཕོ་བར་འགྱུར་ཞིང་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་དུས་ཀྱང་ཡོད་དེ། ད་ནི་འཇིག་པའི་བསྐལ་པ་མགོ་བརྩམ་པ་ཡིན་ཏེ། གང་འཇིག་རྟེན་འདི་ཆགས་ནས་བར་གྱི་བསྐལ་པ་ཉི་ཤུར་འདུག་པ་དེ་ལས་ནི་ངེས་པར་འབྱུང་བ་ཞེས་བརྗོད་པར་བྱ་ལ། གང་
བར་གྱི་བསྐལ་པ་ཉི་ཤུར་འཇིག་པར་འགྱུར་བ་དེ་ལ་ནི་ཞུགས་པ་ཞེས་བརྗོད་པར་བྱ་སྟེ། གང་གི་ཚེ་དམྱལ་བ་དག་ན་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་པ་དེ་ཙམ་གྱིས་འདི་ལྟ་སྟེ། དམྱལ་བ་འཇིག་པས་འཇིག་རྟེན་འདི་ཞིག་པ་ཡིན་ནོ། །དེའི་ཚེ་གང་ལ་ངེས་པར་དམྱལ་བ་མྱོང་བར་འགྱུར་
བའི་ལས་ཡོད་པ་དེ་ནི་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འཕེན་པར་འགྱུར་ཏེ། དུད་འགྲོ་མྱོང་བར་འགྱུར་བ་དང་། ཡི་དགས་མྱོང་བར་འགྱུར་བ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །རྒྱ་མཚོ་ཆེན་པོ་ན་འཁོད་པའི་དུད་འགྲོ་རྣམས་ནི་སྔར་འཇིག་གོ། །མི་དང་ལྷན་ཅིག་རྒྱུ་བ་རྣམས་ནི་དེ་དག་མི་དང་

ལྷན་ཅིག་ཏུའོ། །གང་མི་རྣམས་དག་གི་ནང་ན་སེམས་ཅན་གང་ཡང་རུང་བ་བདག་ཉིད་ཀྱིས་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་ལྟ་བུའི་དུས་ཀྱང་ཡོད་དེ། དེ་དེ་ལས་ལངས་ནས་ཚིག་ཏུ་ཀྱེ་མ་དབེན་པ་ལས་སྐྱེས་པའི་
དགའ་བ་དང་བདེ་བ་ནི་བདེ་བ་ཡིན་ནོ། །དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་ཞི་བ་ཡིན་ནོ་ཞེས་ཀྱང་སྨྲ་ལ། སྒྲ་དེ་ཐོས་ནས་སེམས་ཅན་དེ་དག་ཀྱང་སྙོམས་པར་འཇུག་ཅིང་། ཤི་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། གང་གི་ཚེ་འཛམ་བུའི་གླིང་ན་སེམས་ཅན་འགའ་ཡང་མ་
ལུས་པར་གྱུར་ན་དེ་ཙམ་གྱིས་འདི་ལྟ་སྟེ། འཛམ་བུའི་གླིང་འཇིག་པས་འཇིག་རྟེན་འདི་ཞིག་པ་ཡིན་ནོ། །ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་འཇིག་པ་དག་ཀྱང་དེ་བཞིན་དུ་བརྗོད་པར་བྱ་སྟེ། གང་གི་ཚེ་མི་དག་གི་ནང་ན་སེམས་ཅན་འགའ་ཡང་མ་ལུས་
པར་གྱུར་པ་དེ་ཙམ་གྱིས་ན་འདི་ལྟ་སྟེ། མི་འཇིག་པས་འཇིག་རྟེན་འདི་ཞིག་པ་ཡིན་ནོ། །བྱང་གི་སྒྲ་མི་སྙན་པ་རྣམས་ནི་འདོད་པ་ན་སྤྱོད་པའི་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་ན་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་ན། ཡང་བསམ་
གཏན་དང་པོ་བསྐྱེད་པ་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། གང་གི་ཚེ་དེ་ན་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན་དེ་ཙམ་གྱིས་འདི་ལྟ་སྟེ། རྒྱལ་ཆེན་བཞིའི་རིས་འཇིག་པས་འཇིག་རྟེན་འདི་ཞིག་པ་ཡིན་ནོ། །གཞན་འཕྲུལ་དབང་བྱེད་འཇིག་པའི་བར་དུ་ཡང་དེ་བཞིན་དུ་བརྗོད་
པར་བྱ་སྟེ། གང་གི་ཚེ་འདོད་པ་ན་སྤྱོད་པའི་ལྷ་དག་གི་ནང་ན་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་པ་དེ་ཙམ་གྱིས་ན་འདི་ལྟ་སྟེ་འདོད་པའི་ཁམས་འཇིག་པས་འཇིག་རྟེན་འདི་ཞིག་པ་ཡིན་ནོ། །ཚངས་པའི་འཇིག་རྟེན་ན་ཡང་སེམས་ཅན་གང་ཡང་རུང་བ་ཞིག་ཆོས་ཉིད་ཀྱིས་ཐོབ་པའི་བསམ་
གཏན་གཉིས་པ་ལ་སྙོམས་པར་ཞུགས་ཏེ། ལངས་ནས་ཚིག་ཏུ་ཀྱེ་མ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེ་བ་ཡིན་ནོ། །ཀྱེ་མ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་ཞི་བ་ཡིན་ནོ་ཞེས་སྨྲ་བ། སེམས་ཅན་གཞན་དག་གིས་ཀྱང་སྒྲ་དེ་ཐོས་ནས་སྙོམས་པར་འཇུག་

ཅིང་ཤི་ནས་ཀྱང་འོད་གསལ་གྱི་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་ཏེ། གང་གི་ཚེ་ཚངས་པའི་འཇིག་རྟེན་ན་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན་དེ་ཙམ་གྱིས་འདི་ལྟ་སྟེ། སེམས་ཅན་འཇིག་པས་འཇིག་རྟེན་འདི་ཞིག་པ་ཡིན་ནོ། །དེའི་འོག་ཏུ་སེམས་ཅན་རྣམས་ཀྱི་དེ་འཕེན་པའི་ལས་ཡོངས་
སུ་ཟད་པ་དང་། སྣོད་སྟོང་པས་འདི་ཉིད་ནས་ཀུན་ནས་ཉི་མ་བདུན་བྱུང་ནས་རིམ་གྱིས་ས་དང་རི་རབ་ཀྱི་བར་དུ་མ་ལུས་པར་སྲེག་པར་བྱེད་དོ། །རབ་ཏུ་འབར་བ་དེ་ཉིད་ལས་མེ་ལྕེ་རླུང་གིས་ཁྱེར་ནས་ཚངས་པའི་གཞལ་མེད་ཁང་གི་བར་དུ་སྲེག་པར་འགྱུར་རོ། །མེ་ལྕེ་དེ་དང་དེའི་ས་པ་ཁོ་ནར་རིག་པར་བྱ་
སྟེ། རིས་མི་མཐུན་པའི་སྐྱོན་དག་འགྲོ་བ་ནི་མེད་དེ། དེ་དང་འབྲེལ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་དེ་ཉིད་ལས་ཞེས་བཤད་དེ། འདོད་པ་ན་སྤྱོད་པའི་མེ་ནི་གཟུགས་ན་སྤྱོད་པ་དང་འབྲེལ་པར་བྱེད་དོ། །དེ་བཞིན་དུ་འཇིག་པ་གཞན་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །དེ་ལྟར་ན་དམྱལ་བ་
དག་ན་སེམས་ཅན་རྣམས་འཆི་འཕོ་བ་དང་མི་སྐྱེ་བ་ནས་བཟུང་སྟེ། སྣོད་རྣམས་ཟད་པའི་བར་གྱི་དུས་དེ་ནི་འཇིག་པའི་བསྐལ་པ་ཞེས་བྱའོ། །འཆགས་པ་དང་པོའི་རླུང་ནི་དམྱལ་བ་སྲིད་པའི་བར་དུའོ། །དང་པོའི་རླུང་ནས་བཟུང་སྟེ་དམྱལ་བ་དག་ནས་སེམས་ཅན་སྲིད་པའི་བར་ཏེ། དེ་ལྟར་
འཇིག་རྟེན་ཞིག་པ་ནི་ནམ་མཁའ་ཙམ་ལུས་པར་ཡུན་རིང་དུ་གནས་སོ། །ཡང་རིམ་གྱིས་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ནམ་མཁའ་ལ་སྣོད་རྣམས་ཀྱི་སྔ་ལྟས་སུ་གྱུར་པ་རླུང་འཇམ་པོ་འཇམ་པོ་དག་ལྡང་སྟེ། དེའི་ཚེ་འཇིག་རྟེན་འདི་ཞིག་ནས་བར་གྱི་བསྐལ་པ་ཉི་ཤུར་འདུག་པ་གང་ཡིན་
པ་དེ་ལས་ནི་ངེས་པར་བྱུང་བ་ཞེས་བརྗོད་པར་བྱ་ལ། བར་གྱི་བསྐལ་པ་ཉི་ཤུར་འཆགས་པར་འགྱུར་བ་གང་ཡིན་པ་དེ་ནི་ཉེ་བར་འོངས་པར་བརྗོད་པར་བྱའོ། །དེ་ནས་རླུང་དེ་དག་སྐྱེ་བ་ན་ཇི་སྐད་བཤད་པའི་རླུང་གི་དཀྱིལ་འཁོར་དུ་འགྱུར་རོ། །དེའི་འོག་ཏུ་རིམ་གྱིས་ཆུའི་དཀྱིལ་འཁོར་དང་།
གསེར་གྱི་རང་བཞིན་གྱི་ས་གཞི་ཆེན་པོ་དང་། གླིང་རྣམས་དང་། རི་རབ་ལ་སོགས་པ་ཇི་སྐད་བཤད་པའི་རིམ་པ་དང་ཚུལ་དུ་ཐམས་ཅད་འབྱུང་ངོ་། །དང་པོར་ནི་ཚངས་པའི་གཞལ་མེད་ཁང་འབྱུང་ངོ་། །དེའི་འོག་ཏུ་ནི་འཐབ་བྲལ་པའི་བར་དུ་འབྱུང་ངོ་། །དེའི་འོག་ཏུ་

ནི་རླུང་གི་དཀྱིལ་འཁོར་ལ་སོགས་པ་སྟེ། དེ་ཙམ་གྱིས་ན་འདི་ལྟ་སྟེ་སྣོད་ཆགས་པས་འཇིག་རྟེན་འདི་ཆགས་པ་ཡིན་ནོ། །དེ་ནས་སེམས་ཅན་གང་ཡང་རུང་བ་ཞིག་འོད་གསལ་དག་ནས་ཤི་འཕོས་ནས་ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེ་བར་འགྱུར་ལ། སེམས་
ཅན་གཞན་དག་ཀྱང་དེ་ནས་ཤི་འཕོས་ནས་ཚངས་པའི་མདུན་ན་འདོན་དག་ཏུ་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་ཚངས་རིས་དག་དང་། གཞན་འཕྲུལ་དབང་བྱེད་དག་དང་། འཕྲུལ་དགའ་དག་ནས་རིམ་གྱིས་བྱང་གི་སྒྲ་མི་སྙན་པ་དང་། བ་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་པོ་དང་། འཛམ་
བུའི་གླིང་དང་། ཡི་དགས་རྣམས་དང་། དུད་འགྲོ་རྣམས་དང་། དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་ཏེ། གང་མཇུག་ཏུ་འཇིག་པ་དེ་དང་པོར་འཆགས་པ་འདི་ནི་ཆོས་ཉིད་ཡིན་ནོ། །གང་གི་ཚེ་དམྱལ་བ་དག་ན་སེམས་ཅན་འགའ་ཞིག་སྐྱེས་པར་གྱུར་པ་དེའི་ཚེ་འཇིག་རྟེན་འདི་བར་
གྱི་བསྐལ་པ་ཉི་ཤུར་འཆགས་པ་གང་ཡིན་པ་དེ་ལས་ནི་ངེས་པར་བྱུང་བ་ཡིན་ལ། ཆགས་ནས་བར་གྱི་བསྐལ་པ་ཉི་ཤུར་འདུག་པར་འགྱུར་བ་གང་ཡིན་པ་དེ་ནི་ཉེ་བར་འོངས་པ་ཡིན་ནོ། །བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །འཇིག་རྟེན་ཆགས་པ་ན་
མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་ལ་བར་གྱི་བསྐལ་པ་བཅུ་དགུར་འདའ་བར་འགྱུར་རོ། །ཚེ་དཔག་ཏུ་མེད་པ་ནས་འགྲིབ་པ་ན་ཚེ་ལོ་བཅུ་པའི་བར་དུ་འགྱུར་ཏེ། འདི་ནི་ཆགས་ནས་གནས་པ་རྣམས་ཀྱི་བར་གྱི་བསྐལ་པ་དང་པོ་ཡིན་ནོ། །དེ་ནས་ཡར་སྐྱེ་མར་འབྲི་བའི། །བསྐལ་པ་
གཞན་ནི་བཅོ་བརྒྱད་དང་། །དེ་ནས་ཡར་སྐྱེ་བ་དང་མར་འབྲི་བ་གཞན་བཅོ་བརྒྱད་དེ། བར་གྱི་བསྐལ་པ་གཞན་བཅོ་བརྒྱད་དུ་འགྱུར་རོ། །ཇི་ལྟ་ཞེ་ན། ཚེ་ལོ་བཅུ་པ་དེ་དག་ཀྱང་ཡར་སྐྱེ་བར་འགྱུར་བ་ན་རིམ་གྱིས་ཚེ་ལོ་བརྒྱད་ཁྲིའི་བར་འགྱུར། ཡང་མར་འབྲི་བར་འགྱུར་
བ་ན་ཚེ་ལོ་བཅུ་པར་འགྱུར་བ་འདི་ནི་བར་གྱི་བསྐལ་པ་གཉིས་པ་ཡིན་ཏེ། དེ་ལྟ་བུ་བཅོ་བརྒྱད་ཀྱི་བར་དང་། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། བར་གྱི་བསྐལ་པ་ཉི་ཤུ་པ་གཅིག་ནི་ཡར་སྐྱེ་བ་ཁོ་ན་ཡིན་གྱི་མར་འགྲིབ་པ་ནི་མ་ཡིན་ནོ། །མི་རྣམས་ཀྱི་ཚེ་ལོ་བཅུ་པ་དག་ལས་ཚེ་ལོ་

བརྒྱད་ཁྲི་པའི་བར་དུ་འགྱུར་རོ། །ཡང་མར་སྐྱེ་བ་དེ་དག་ཇི་ཙམ་དུ་ཡང་སྐྱེ་བར་འགྱུར་ཞེ་ན། དེ་དག་ཚེ་ནི་བརྒྱད་ཁྲིའི་བར། །དེ་ལས་ཡར་ནི་མི་སྐྱེའོ། །བར་གྱི་བསྐལ་པ་གཞན་རྣམས་ཀྱི་ཡར་སྐྱེ་བ་དང་མར་འགྲིབ་པའི་དུས་ཇི་སྲིད་པར་བར་གྱི་བསྐལ་པ་དང་པོའི་མར་འགྲིབ་པ་དང་ཐ་མའི་
ཡར་སྐྱེ་བའི་དུས་ཀྱང་དེ་སྲིད་པས་ཐམས་ཅད་དུས་མཉམ་པ་ཡིན་ནོ། །དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། །དེ་ལྟར་ན་བར་གྱི་བསྐལ་པའི་ཚུལ་འདིས་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་ནས་གནས་སོ། །དུས་ཇི་སྲིད་དུ་ཆགས་ནས་
གནས་པའི་དུས་དེ་སྲིད་ཁོ་ནར། འཆགས་པ་དང་ནི་འཇིག་པ་དང་། །ཞིག་ནས་འདུག་པ་དག་མཉམ་མོ། །བར་གྱི་བསྐལ་པ་ཉི་ཤུ་ཁོ་ནར་འཆགས་སོ། །ཉི་ཤུར་འཇིག་གོ། །ཉི་ཤུར་ཞིག་ནས་འདུག་གོ། །གལ་ཏེ་ཡང་དེའི་ཚེ་ཡར་སྐྱེ་བ་དང་མར་འགྲིབ་པ་མི་འཇུག་ཏུ་ཟིན་ཀྱང་དུས་
ནི་མཉམ་པར་ཡོངས་སུ་བརྩིའོ། །དེ་ལ་བར་གྱི་བསྐལ་པ་གཅིག་ཏུ་སྣོད་རྣམས་འཆགས་སོ། །བར་གྱི་བསྐལ་པ་བཅུ་དགུར་གནས་པར་བྱེད་དོ། །བར་གྱི་བསྐལ་པ་གཅིག་ཏུ་སྣོད་རྣམས་འཇིག་པར་འགྱུར་རོ། །བཅུ་དགུར་སྟོང་པར་འགྱུར་རོ། །བར་གྱི་བསྐལ་པ་ཉི་ཤུ་ཕྲག་
བཞི་པོ་དེ་དག་ནི་བརྒྱད་ཅུར་འགྱུར་ཏེ། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །བསྐལ་པ་ཆེན་པོའི་ཚད་ནི་དེ་ཡིན་ནོ། །བསྐལ་པའི་རང་བཞིན་ཅི་ཞེ་ན། ཕུང་པོ་ལྔའི་རང་བཞིན་ནོ། །བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་གང་གསུངས་པ་དེ་བསྐལ་
པ་དེ་དག་གང་ཞེ་ན། བསྐལ་པ་ཆེན་པོར་བཤད་པ་གང་ཡིན་པ། དེ་གྲངས་མེད་གསུམ་ལ་སངས་རྒྱས་འབྱུང་ངོ་། །བསྐལ་པ་གྲངས་མེད་པ་གསུམ་གྱིས་སོ། །གྲངས་མེད་པ་ལ་གྲངས་ཀྱི་མཐའ་མེད་ན་ཇི་ལྟར་གསུམ་ཉིད་དུ་བརྗོད་ཅེ་ན། དེ་ནི་དེ་ལྟར་རིག་པར་མི་བྱའོ། །འོ་ན་ཅི་ཞེ་ན།
མདོ་སིལ་བུ་ལས། གྲངས་ནི་གནས་གཞན་དྲུག་ཅུ་དག་གོ་ཞེས་འབྱུང་ངོ་། །དྲུག་ཅུ་གང་ཞེ་ན། གཅིག་སྟེ་གཉིས་པ་མ་ཡིན་པ་ནི་གནས་གཞན་དང་པོ་ཡིན་ནོ། །གཅིག་བཅུ་ནི་གཉིས་པ་ཡིན་ནོ། །བཅུ་ཕྲག་བཅུ་ལ་ནི་བརྒྱ་སྟེ་གསུམ་པ་ཡིན་ནོ། །བརྒྱ་ཕྲག་བཅུ་ལ་ནི་སྟོང་ངོ་། །སྟོང་

ཕྲག་བཅུ་ལ་ནི་ཁྲིའོ། །ཁྲི་ཕྲག་བཅུ་ལ་ནི་འབུམ་མོ། །འབུམ་ཕྲག་བཅུ་ལ་ནི་ས་ཡའོ། །ས་ཡ་ཕྲག་བཅུ་ལ་ནི་བྱེ་བའོ། །བྱེ་བ་ཕྲག་བཅུ་ལ་ནི་དུང་ཕྱུར་རོ། །དུང་ཕྱུར་ཕྲག་བཅུ་ལ་ནི་ཐེར་འབུམ་མོ། །ཐེར་འབུམ་ཕྲག་བཅུ་ལ་ནི་ཐེར་འབུམ་ཆེན་པོའོ། །ཐེར་འབུམ་
ཆེན་པོ་ཕྲག་བཅུ་ལ་ནི་ཁྲག་ཁྲིག་གོ། །ཁྲག་ཁྲིག་ཕྲག་བཅུ་ལ་ནི་ཁྲག་ཁྲིག་ཆེན་པོའོ། །ཁྲག་ཁྲིག་ཆེན་པོ་ཕྲག་བཅུ་ལ་ནི་རབ་བཀྲམ་མོ། །རབ་བཀྲམ་ཕྲག་བཅུ་ལ་ནི་རབ་བཀྲམ་ཆེན་པོའོ། །རབ་བཀྲམ་ཆེན་པོ་ཕྲག་བཅུ་ལ་ནི་གཏམས་སོ། །གཏམས་ཕྲག་བཅུ་ལ་ནི་གཏམས་ཆེན་
ནོ། །གཏམས་ཆེན་ཕྲག་བཅུ་ལ་ནི་དཀྲིགས་སོ། །དཀྲིགས་ཕྲག་བཅུ་ལ་ནི་དཀྲིགས་ཆེན་ནོ། །དཀྲིགས་ཆེན་ཕྲག་བཅུ་ལ་ནི་མི་འཁྲུགས་པའོ། །མི་འཁྲུགས་པ་ཕྲག་བཅུ་ལ་ནི་མི་འཁྲུགས་པ་ཆེན་པོའོ། །མི་འཁྲུགས་པ་ཆེན་པོ་ཕྲག་བཅུ་ལ་ནི་ཁྱད་ཕྱིན་ནོ། །ཁྱད་ཕྱིན་ཕྲག་བཅུ་
ལ་ནི་ཁྱད་ཕྱིན་ཆེན་པོའོ། །ཁྱད་ཕྱིན་ཆེན་པོ་ཕྲག་བཅུ་ལ་ནི་པང་སྟེང་ངོ་། །པང་སྟེང་ཕྲག་བཅུ་ལ་ནི་པང་སྟེང་ཆེན་པོའོ། །པང་སྟེང་ཆེན་པོ་ཕྲག་བཅུ་ལ་ནི་དེད་འདྲེན་ནོ། །དེད་འདྲེན་ཕྲག་བཅུ་ལ་ནི་དེད་འདྲེན་ཆེན་པོའོ། །དེད་འདྲེན་ཆེན་པོ་ཕྲག་བཅུ་ལ་ནི་མཐའ་སྣང་ངོ་། །མཐའ་སྣང་
ཕྲག་བཅུ་ལ་ནི་མཐའ་སྣང་ཆེན་པོའོ། །མཐའ་སྣང་ཆེན་པོ་ཕྲག་བཅུ་ལ་ནི་རྒྱུ་རིག་གོ། །རྒྱུ་རིག་ཕྲག་བཅུ་ལ་ནི་རྒྱུ་རིག་ཆེན་པོའོ། །རྒྱུ་རིག་ཆེན་པོ་ཕྲག་བཅུ་ལ་ནི་འོད་མཛེས་སོ། །འོད་མཛེས་ཕྲག་བཅུ་ལ་ནི་འོད་མཛེས་ཆེན་པོའོ། །འོད་མཛེས་ཆེན་པོ་ཕྲག་བཅུ་ལ་ནི་དབང་པོའོ། །དབང་
པོ་ཕྲག་བཅུ་ལ་ནི་དབང་ཆེན་ནོ། །དབང་ཆེན་ཕྲག་བཅུ་ལ་ནི་ལེགས་ཕྱིན་ནོ། །ལེགས་ཕྱིན་ཕྲག་བཅུ་ལ་ནི་ལེགས་ཕྱིན་ཆེན་པོའོ། །ལེགས་ཕྱིན