Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 140
Văn bản gốc(Tây Tạng)
Trang 8 / 17 (50.000 ký tự/trang)
ད་པ་ བར་མ་ནི་འགྲོ་བར་བྱ་བ་མ་ཡིན་ཏེ། འཆི་འཕོ་བའི་ཡུལ་ཉིད་དུ་སྐྱེ་བའི་ཕྱིར་རོ། །གཟུགས་མེད་པ་རྣམས་ཀྱང་འགྲོ་བ་མ་ཡིན་པར་འགྱུར་ཏེ་འཆི་འཕོ་བའི་ཡུལ་ཉིད་དུ་སྐྱེ་བའི་ཕྱིར་རོ། །དེ་ལྟ་ན་འོ་ན་ནི་སྲིད་པ་བར་མ་ཡིན་པ་ཁོ་ནའི་ཕྱིར་སྲིད་པ་བར་མ་འགྲོ་བ་མ་ཡིན་ཏེ། འགྲོ་བའི་བར་ མ་དོ་ཡིན་པའི་ཕྱིར་རོ། །གལ་ཏེ་འགྲོ་བ་ཡིན་པར་གྱུར་ན་ནི་སྲིད་པ་བར་མ་ཞེས་བྱ་བ་ཉིད་དུ་ཡང་མི་འགྱུར་རོ། །འོ་ན་གནས་བརྟན་ཤཱ་རིའི་བུས་རྣམ་པར་སྨིན་པ་གྲུབ་ནས་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་གང་བཤད་པ་ཇི་ལྟར་དྲང་། རྣམ་པར་སྨིན་པ་གྲུབ་ནས་ཞེས་ བཤད་ཀྱི་རྣམ་པར་སྨིན་པ་ཁོ་ནའོ་ཞེས་ནི་མ་བཤད་པ་ཇི་ལྟར། འོ་ན་ཚེ་དང་ལྡན་པ་དེ་ལ་ཆོས་དེ་དག་མ་གཏོགས་པ་དམྱལ་བ་མི་དམིགས་སོ་ཞེས་གང་བཤད་པ་ཇི་ལྟར་དྲང་། ཕུང་པོ་དག་ལས་གཞན་པ་དམྱལ་བ་མི་དམིགས་སོ་ཞེས་འགྲོ་བར་འགྲོ་བའི་གང་ཟག་གི་རྫས་འགོག་ པར་བྱེད་པ་ཡིན་གྱི་ཕུང་པོ་གཞན་འགོག་པ་ནི་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འགྲོ་བ་རྣམས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་དག་ཀྱང་ཁ་ཅིག་ན་རེ་རྣམ་པར་སྨིན་པའི་རང་བཞིན་དག་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་རྒྱས་ པ་ལས་བྱུང་བའི་རང་བཞིན་དག་ཀྱང་ཡིན་ནོ་ཞེས་ཟེར་རོ། །འགྲོ་བ་ལྔ་པའི་ཁམས་གསུམ་པ་འདི་ཉིད་དུ། ལུས་དང་འདུ་ཤེས་ཐ་དད་དང་། །ལུས་ཐ་དད་ཅིང་འདུ་ཤེས་གཅིག །བཟློག་དང་ལུས་དང་འདུ་ཤེས་གཅིག །གཟུགས་ཅན་མ་ཡིན་གསུམ་པོ་དག །རྣམ་ཤེས་ གནས་པ་བདུན་རིམ་བཞིན་དུ་རིག་པར་བྱའོ། །མདོ་ལས་སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་མི་རྣམས་དང་ལྷ་ཁ་ཅིག་གོ། །འདི་ནི་རྣམ་པར་ཤེས་པ་གནས་དང་པོའོ་ཞེས་གསུངས་ཏེ། ལྷ་ཁ་ཅིག་གང་ཞེ་ན། འདོད་པ་ན་སྤྱོད་པ་ རྣམས་དང་། བསམ་གཏན་དང་པོ་པ་དང་པོར་བྱུང་བ་མ་གཏོགས་པ་རྣམས་སོ། །དེ་དག་གི་ལུས་ཐ་དད་པའི་ཕྱིར་རམ། དེ་དག་གི་ལུས་ཐ་དད་པ་ཡིན་པས་ན་ལུས་ཐ་དད་པ་དག་སྟེ། ཁ་དོག་དང་རྟགས་དང་དབྱིབས་དུ་མའི་ཕྱིར་རོ། །འདུ་ཤེས་དུ་མའི་ཕྱིར་འདུ་ཤེས་ཐ་དད་པའོ། །དེ་འདི་ དག་ལ་ཡོད་པས་འདུ་ཤེས་ཐ་དད་པ་རྣམས་ཏེ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཕྱིར་རོ། །སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་ཚངས་རིས་ཀྱི་ལྷ་གང་དག་དང་པོར་བྱུང་བ་དེ་དག་ གོ། །འདི་ནི་རྣམ་པར་ཤེས་པ་གནས་པ་གཉིས་པའོ་ཞེས་གསུངས་ཏེ། དང་པོར་བྱུང་བ་དེ་དག་ཐམས་ཅད་ནི་འདི་སྙམ་དུ་བདག་ཅག་ནི་ཚངས་པ་འདིས་ཕྱུང་ངོ་སྙམ་དུ་འདུ་ཤེས་པར་འགྱུར་ལ། ཚངས་པ་ཡང་འདི་སྙམ་དུ་འདི་དག་ནི་བདག་གིས་ཕྱུང་ངོ་སྙམ་དུ་སེམས་པས་འདུ་ཤེས་ཀྱི་རྒྱུ་བ་ཐ་ མི་དད་པའི་ཕྱིར་འདུ་ཤེས་གཅིག་པ་དག་ཡིན་ནོ། །ཚངས་པ་ཆེན་པོའི་ཆུ་ཞེང་དང་དབྱིབས་ཀྱི་ལུས་དང་། ཚིག་ཏུ་བརྗོད་པ་དང་། གོས་གྱོན་པ་ཡང་གཞན་ཡིན་ལ། དེའི་འཁོར་གྱི་ཡང་གཞན་ཡིན་པས་ན་ལུས་ཐ་དད་པ་དག་ཡིན་ནོ། །མདོ་ལས་དེ་དག་འདི་སྙམ་དུ་བདག་ཅག་ གིས་སེམས་ཅན་འདི་ཚེ་རིང་ཞིང་དུས་རིང་པོར་གནས་པར་མཐོང་ལ་ཞེས་བྱ་བ་ནས་སེམས་ཅན་འདི་ཡང་སེམས་ལ་འདི་སྙམ་དུ་ཀྱེ་མ་སེམས་ཅན་གཞན་དག་ཀྱང་འདིར་བདག་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་སྙམ་དུ་སྨོས་ལ། བདག་ཅག་ཀྱང་འདིར་སྐྱེས་པས་ཞེས་བྱ་བར་ཤེས་སོ་ ཞེས་གང་གསུངས་པ། དེ་དག་གིས་དེ་ཇི་ལྟར་མཐོང་ཞེ་ན། ཁ་ཅིག་ན་རེ་འོད་གསལ་ལ་གནས་པ་རྣམས་ཀྱིས་ཏེ། དེ་དག་ནི་དེ་ནས་ཤི་འཕོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་བསམ་གཏན་གཉིས་པའི་སྙོམས་པར་འཇུག་པ་མ་ཐོབ་ན་ནི་ཇི་ལྟར་ན་དེའི་ས་པའི་སྔོན་གྱི་གནས་རྗེས་སུ་དྲན། འོན་ཏེ་ཐོབ་ན་ནི་ཇི་ལྟར་ན་ཚངས་པ་ཆེན་པོ་ལ་དམིགས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ལ་ཞེན་པ་དག་ཡིན། གཞན་དག་ན་རེ་སྲིད་པ་བར་མ་ལ་གནས་པ་དག་གིས་མཐོང་ངོ་ཞེས་ཟེར་རོ། །དེ་ན་ཡང་བགེགས་བྱེད་པ་མེད་པའི་ཕྱིར་དུས་རིང་པོར་གནས་ པ་མི་སྲིད་ན་ཇི་ལྟར་ན་དེ་དག་འདི་སྙམ་དུ་བདག་ཅག་གིས་སེམས་ཅན་འདི་ཚེ་རིང་ཞིང་དུས་རིང་པོར་གནས་པ་མཐོང་ངོ་སྙམ་དུ་ཤེས་པར་འགྱུར། དེ་ལྟ་བས་ན་དེ་ན་གནས་པ་དེ་དག་ཁོ་ནས་དེའི་སྔོན་གྱི་ཚུལ་རྗེས་སུ་དྲན་ཞིང་དེ་ལྟར་དུས་རིང་པོར་གནས་པ་མཐོང་ངོ་། །མཐོང་ ནས་ཀྱང་ཕྱིས་དེ་དག་མཐོང་ངོ་སྙམ་དུ་ཤེས་པ་ཡིན་ནོ། །སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འོད་གསལ་གྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་གསུམ་པའོ་ཞེས་གསུངས་ཏེ། འདིར་ནི་མཐའ་སྨོས་པས་བསམ་ གཏན་གཉིས་པ་མཐའ་དག་སྨོས་པར་རིག་པར་བྱའོ། །དེ་ལྟ་མ་ཡིན་ན་འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་རྣམ་པར་ཤེས་པ་གནས་པ་གང་དུ་རྣམ་པར་གཞག་པར་འགྱུར་ལ། དེ་ལ་ཁ་དོག་དང་། རྟགས་དང་། དབྱིབས་ཐ་མི་དད་པའི་ཕྱིར་ལུས་གཅིག་པ་དག་གོ། །བདེ་བར་འདུ་ ཤེས་པའི་ཕྱིར་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པར་འདུ་ཤེས་པའི་ཕྱིར་འདུ་ཤེས་ཐ་དད་པ་དག་སྟེ། དེ་དག་ནི་དངོས་གཞིའི་ས་ལ་ཡིད་བདེ་བའི་དབང་པོས་ཡོངས་སུ་སྐྱོ་ནས་ཉེར་བསྡོགས་ལས་བཏང་སྙོམས་ཀྱི་དབང་པོ་མངོན་དུ་བྱེད་ལ། ཉེར་བསྡོགས་ཀྱི་བཏང་ སྙོམས་ཀྱི་དབང་པོས་ཡོངས་སུ་སྐྱོ་ནས་ནི་ཡང་དངོས་གཞིའི་ས་ལ་ཡིད་བདེ་བའི་དབང་པོ་མངོན་དུ་བྱེད་དེ། དཔེར་ན་དབང་ཕྱུག་དག་འདོད་པའི་དགའ་བས་ཡོངས་སུ་སྐྱོ་ནས་ཆོས་ཀྱི་དགའ་བ་ཉམས་སུ་མྱོང་བར་བྱེད་ལ། ཆོས་ཀྱི་དགའ་བས་ཡོངས་སུ་སྐྱོ་ནས་ནི་ཡང་འདོད་པའི་དགའ་བ་ ཉམས་སུ་མྱོང་བར་བྱེད་པ་བཞིན་ནོ་ཞེས་གྲག་གོ། །འདི་དགེ་རྒྱས་པ་དག་ལ་ཡང་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་དག་ནི་བདེ་བ་དེས་ཡོངས་སུ་སྐྱོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བ་ནི་ཞི་བ་ཡིན་ལ། ཡིད་བདེ་བ་ནི་སེམས་གཡོ་བར་བྱེད་པ་ཡིན་པས་མ་ཞི་བ་ཡིན་པའི་ ཕྱིར་རོ། །མདོ་སྡེ་པ་རྣམས་ནི་མདོ་ལས་འོད་གསལ་བའི་ལྷའི་རིས་དེ་ན་སེམས་ཅན་གང་དག་སྐྱེས་ནས་རིང་པོ་མ་ལོན་པ་འཇིག་རྟེན་འདི་འཇིག་པ་ལ་མི་མཁས་ཤིང་འཆགས་པ་ལ་མི་མཁས་པ་དེ་དག་མེ་ལྕེ་དེ་མཐོང་ནས་མེ་ལྕེ་དེ་ཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེགས་ནས་འདིར་འོང་ བར་འགྱུར་ན་མི་རུང་ངོ་ཞེས་སྐྲག་ནས་ཡི་ཆད་ཅིང་སྐྱོ་བར་འགྱུར་རོ། །འོད་གསལ་བའི་ལྷའི་རིས་དེ་ན་སེམས་ཅན་གང་དག་སྐྱེས་ནས་རིང་དུ་ལོན་པ་འཇིག་རྟེན་འདི་འཇིག་པ་ལ་མཁས་ཤིང་འཆགས་པ་ལ་མཁས་པ་ལ་དེ་དག་སེམས་ཅན་སྐྲག་པ་དེ་དག་ལ་གྲོགས་པོ་དག་མ་འཇིགས་ཤིག །གྲོགས་ པོ་དག་མ་འཇིགས་ཤིག །མེ་ལྕེ་འདི་ནི་སྔོན་ཡང་ཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེགས་ནས་དེ་ཉིད་དུ་མེད་པར་གྱུར་ཏོ་ཞེས་དབུགས་འབྱིན་པར་བྱེད་དོ་ཞེས་དེ་དག་ཇི་ལྟར་འདུ་ཤེས་ཐ་དད་པ་དག་ཡིན་པར་བཤད་དེ། དེ་ལྟ་བས་ན་དེ་དག་མེ་ལྕེ་འོང་བ་དང་མེད་པར་འདུ་ཤེས་པའི་ཕྱིར་དང་། སྐྲག་པ་དང་མི་སྐྲག་པར་འདུ་ཤེས་པའི་ཕྱིར་འདུ་ཤེས་ཐ་དད་པ་དག་ཡིན་གྱི་བདེ་བ་དང་སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པར་འདུ་ཤེས་པའི་ཕྱིར་ནི་མ་ཡིན་ནོ་ཞེས་འཆད་དོ། །སེམས་ཅན་གཟུགས་ཅན་ལུས་གཅིག་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་བཞི་པའོ་ཞེས་གསུངས་ཏེ། འདུ་ཤེས་གཅིག་པ་དག་ཅེས་བྱ་བ་ནི། བདེ་བར་འདུ་ཤེས་པ་དག་གོ། །དེ་ལ་བསམ་གཏན་དང་པོ་ན་ནི་ཉོན་མོངས་པ་ཅན་གྱི་འདུ་ཤེས་སུ་འདུ་ཤེས་གཅིག་པ་དག་ཡིན་ནོ། །གཉིས་ པ་ན་ནི་དགེ་བའི་འདུ་ཤེས་སུ་འདུ་ཤེས་ཐ་དད་པ་དག་ཡིན་ནོ། །གསུམ་པ་ན་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་འདུ་ཤེས་སུ་འདུ་ཤེས་གཅིག་པ་དག་ཡིན་ནོ། །གཟུགས་མེད་པ་གསུམ་པོ་ནི་མདོ་ལས་ཇི་སྐད་འབྱུང་བ་སྟེ། དེ་ལྟར་ན་དེ་དག་གི་ནི་རྣམ་པར་ཤེས་པ་གནས་པ་བདུན་ཡིན་ནོ། ། འདི་ལ་རྣམ་པར་ཤེས་པ་གནས་པ་གང་ཡིན་ཞེ་ན། ཅི་རིགས་པར་དེ་དག་དང་ལྡན་པའི་ཕུང་པོ་ལྔ་དང་བཞི་ཡིན་ནོ། །ཅིའི་ཕྱིར་ལྷག་མ་རྣམ་པར་ཤེས་པ་གནས་པ་མ་ཡིན་ཞེ་ན། འདི་ལྟར། ལྷག་མ་དེ་འཇོམས་བྱེད་ལྡན། ལྷག་མ་གང་ཞིག་ཅེ་ན། ངན་འགྲོ་རྣམས་དང་། བསམ་ གཏན་བཞི་པ་དང་། སྲིད་པའི་རྩེ་མོའོ། །འདི་དག་ན་རྣམ་པར་ཤེས་པ་འཇོམས་པར་བྱེད་པ་དག་ཡོད་པས་དེའི་ཕྱིར་འདི་དག་ནི་རྣམ་པར་ཤེས་པ་གནས་པ་མ་ཡིན་ནོ། །འཇོམས་པར་བྱེད་པ་ཞེས་བྱ་བ་ཅི་ཞེ་ན། གང་གིས་རྣམ་པར་ཤེས་པ་འཇོམས་པར་བྱེད་པ་སྟེ། དེ་ལ་ངན་སོང་ དག་ན་ནི་འཇོམས་པར་བྱེད་པ་སྡུག་བསྔལ་གྱི་ཚོར་བ་ཡིན་ཏེ། གནོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །བསམ་གཏན་བཞི་པ་ན་ནི་འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཡིན་ནོ། །སྲིད་པའི་རྩེ་མོ་ན་ནི་འགོག་པའི་སྙོམས་པར་འཇུག་པ་ ཡིན་ཏེ། སེམས་ཀྱི་རྒྱུན་གཅོད་པའི་ཕྱིར་རོ། །ཡང་སྨྲས་པ། གང་དུ་འདི་ན་གནས་པ་རྣམས་ན་འགྲོ་བར་འདོད་ལ། དེ་ན་གནས་པ་རྣམས་ནི་བསྐྱོད་པར་མི་འདོད་པ་དེ་རྣམ་པར་ཤེས་པ་གནས་པར་བཤད་ན། ངན་སོང་དག་ན་ནི་གཉི་ག་མེད་དོ། །བསམ་གཏན་བཞི་པ་ན་ནི་སེམས་ཅན་ རྣམས་བསྐྱོད་པའི་ཡིད་དང་ལྡན་པ་དག་ཡིན་ཏེ། སོ་སོའི་སྐྱེ་བོ་རྣམས་ནི་འདུ་ཤེས་མེད་པར་འཇུག་འདོད་ལ། འཕགས་པ་རྣམས་ནི་གནས་གཙང་མར་རོ། །སྲིད་པའི་རྩེ་མོ་ནི་རྒྱུ་བ་མི་གསལ་བའི་ཕྱིར་རྣམ་པར་ཤེས་པ་གནས་པ་མ་ཡིན་ནོ། །རྣམ་པར་ཤེས་པ་གནས་པ་བདུན་པོ་ ཇི་སྐད་བཤད་པ་དེ་དག་དང་། སྲིད་རྩེ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས། །སེམས་ཅན་གྱི་ནི་གནས་དགུར་བཤད། །འདི་དག་ཏུ་སེམས་ཅན་རྣམས་རང་དགས་ཀུན་ཏུ་གནས་སོ། །མི་འདོད་བཞིན་གནས་ཕྱིར་གཞན་མིན། །གཞན་གང་ཞེ་ན། ངན་སོང་རྣམས་ཏེ། དེ་དག་ཏུ་སེམས་ཅན་རྣམས་མི་འདོད་བཞིན་དུ་ལས་ཀྱི་སྲིན་པོ་དག་གིས་ཀུན་ཏུ་གནས་སུ་འཇུག་གི་དགའ་སྟེ་གནས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་སེམས་ཅན་རྣམས་ཀྱི་གནས་པ་མ་ཡིན་ཏེ་བཙོན་ར་བཞིན་ནོ། །མདོ་གཞན་ལས་ནི་རྣམ་པར་ཤེས་པ་གནས་པ་བདུན་ཞེས་གསུངས་ སོ། །གཞན་ལས་ནི་གནས་པ་དག་ནི་ཡང་བཞི་སྟེ། ཞེས་གསུངས་པ། བཞི་གང་ཞེ་ན། རྣམ་པར་ཤེས་པ་གནས་པ་གཟུགས་སུ་ཉེ་བར་འགྲོ་བ་དང་། ཚོར་བར་ཡང་ཉེ་བར་འགྲོ་བ་དང་། འདུ་ཤེས་སུ་ཉེ་བར་འགྲོ་བ་དང་། འདུ་བྱེད་དུ་ཉེ་བར་འགྲོ་བའོ། །དེ་དག་གི་རང་བཞིན་ཅི་ ཞེ་ན། དེ་དག་ནི་གོ་རིམས་བཞིན་དུ། ཟག་དང་བཅས་པའི་ཕུང་པོ་བཞི། །དེ་དག་ཀྱང་རང་གི་ས་པ་ཉིད། ས་གཞན་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གནས་པ་ནི་བརྟེན་པ་ཡིན་ན། སྐལ་བ་མི་མཉམ་པའི་ས་པའི་ཕུང་པོ་དག་ལ་ནི་རྣམ་པར་ཤེས་པ་སྲེད་པའི་དབང་གིས་མི་ བརྟེན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་གནས་པ་ཞེས་མི་བྱ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གནས་པ་པོ་ཡོངས་སུ་སྤངས་ནས་གནས་པ་ཞེས་བྱ་བ་མེད་པའི་ཕྱིར་ཏེ། གནས་པ་པོ་ཉིད་ལ་ནི་གནས་པ་ཞེས་མི་བྱ་སྟེ། དཔེར་ན་རྒྱལ་པོ་ཉིད་རྒྱལ་པོའི་ བསྟན་མ་ཡིན་པ་བཞིན་ནོ། །ཡང་ན་ཆོས་གང་དག་ལ་རྣམ་པར་ཤེས་པ་གནས་ནས་གྲུ་དང་མཉེན་པའི་ཚུལ་དུ་འགྲོ་བར་བྱེད་པའི་ཆོས་དེ་དག་རྣམ་པར་ཤེས་པ་གནས་པ་དག་ཅེས་བཤད་ན། རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པ་ལ་གནས་ནས་འགྲོ་བར་བྱེད་པ་ནི་མ་ཡིན་པས་དེའི་ཕྱིར་ མ་བཤད་དོ་ཞེས་ཟེར་རོ། །འོ་ན་མདོ་ལས། རྣམ་པར་ཤེས་པའི་ཟས་ལ་དགའ་བ་ཡང་ཡོད། འདོད་ཆགས་ཀྱང་ཡོད་དོ། །གང་ལ་དགའ་བ་ཡོད་ཅིང་འདོད་ཆགས་ཡོད་པ་དེ་ལ་རྣམ་པར་ཤེས་པ་བརྟེན་ཅིང་གནས་སོ་ཞེས་གང་གསུངས་པ་དེ་ནི་ཇི་ལྟ་བུ། རྣམ་པར་ཤེས་པ་ གནས་པ་བདུན་ཕུང་པོ་ལྔའི་རང་བཞིན་དག་ཡིན་ནོ་ཞེས་བྱ་བ་དེ་ཡང་ཇི་ལྟ་བུ། དེ་ལྟ་ན་འོ་ན་ནི་བྱེ་བྲག་མེད་པར་ནི་སྐྱེ་བའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕུང་པོ་དག་ལ་མངོན་པར་དགའ་བ་དང་བཅས་པའི་རྣམ་པར་ཤེས་པ་འཇུག་ན་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་གནས་པ་ཞེས་བྱའོ། ། སོ་སོར་དབྱེ་བ་ནི་ཇི་ལྟར་གཟུགས་ལ་སོགས་པ་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པར་བྱེད་པ་ཡིན་པ་ལྟར་རྣམ་པར་ཤེས་པ་འབའ་ཞིག་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་རྣམ་པར་ཤེས་པ་གནས་པ་བཞི་དག་ཏུ། རྣམ་ཤེས་འབའ་ཞིག་གནས་པར་མ་བཤད་དོ། །གཞན་ཡང་བཅོམ་ ལྡན་འདས་ཀྱིས་རྣམ་པར་ཤེས་པ་གནས་པ་བཞི་ནི་ཞིང་གི་ངོ་བོར་བསྟན་ལ། ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་ཟད་པར་ནི་ས་བོན་གྱི་ངོ་བོ་ཁོ་ནར་བསྟན་གྱི། ས་བོན་ཉིད་ས་བོན་གྱི་ཞིང་གི་ངོ་བོར་རྣམ་པར་གཞག་པར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་པ་ཡོངས་སུ་ བརྟག་གོ། །ཆོས་གང་དག་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་དེ་དག་ནི་འདིའི་ཞིང་གི་ངོ་བོར་ཤིན་ཏུ་ལེགས་པ་ཡིན་པས་དེ་དག་ཉིད་འདིའི་གནས་པ་དག་ཅེས་བཤད་དོ། །ཡང་ཅི་རྣམ་པར་ཤེས་པ་གནས་པ་བདུན་གྱིས་བཞི་བསྡུས་སམ། འོན་ཏེ་བཞིས་བདུན་བསྡུས་ཤེ་ན། བདུན་ གྱིས་བཞི་ཡང་མ་ཡིན་ལ་བཞིས་ཀྱང་བདུན་མ་ཡིན་གྱི། བསྡུ་ན་མུ་ནི་བཞི་ཡིན་ནོ། །བསྡུ་བ་དཔྱད་ན་བདུན་གྱིས་བསྡུས་ལ་བཞིས་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་མུ་བཞིར་རིག་པར་བྱ་སྟེ། མུ་དང་པོ་ནི་བདུན་དག་ཏུ་རྣམ་པར་ཤེས་པ་གང་ ཡིན་པའོ། །གཉིས་པ་ནི་ངན་སོང་རྣམས་དང་། བསམ་གཏན་བཞི་པ་དང་། སྲིད་པའི་རྩེ་མོ་ན་རྣམ་པར་ཤེས་པ་མ་གཏོགས་པའི་ཕུང་པོ་རྣམས་སོ། །གསུམ་པ་དག་ནི་བདུན་དག་ཏུ་ཕུང་པོ་བཞི་རྣམས་སོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །འགྲོ་བ་ལ་སོགས་པའི་བྱེ་བྲག་ གིས་ཐ་དད་པའི་ཁམས་གསུམ་བཤད་པ་གང་ཡིན་པ། དེར་ནི་སྒོ་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །རིག་པར་བྱ་སྟེ། སྒོ་ང་ལས་སྐྱེས་པའི་སྐྱེ་གནས་དང་། མངལ་ནས་སྐྱེས་པའི་སྐྱེ་གནས་དང་། དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་དང་། རྫུས་ཏེ་ སྐྱེས་པའི་སྐྱེ་གནས་སོ། །སྐྱེ་གནས་ཞེས་བྱ་བ་ནི་སྐྱེ་བ་ཡིན་ཏེ། འདིར་སེམས་ཅན་རྣམས་འཆོལ་བར་འགྱུར་ཞིང་སྐྱེ་བ་ཐུན་མོང་པའི་ཕྱིར་འདྲ་བར་འགྱུར་བས་སྐྱེ་གནས་སོ། །སྒོ་ང་ལས་སྐྱེས་པའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་སྒོ་ང་ལས་སྐྱེས་པ་རྣམས་ཏེ། འདི་ལྟ་སྟེ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་ལ་སོགས་པ་ལྟ་བུའོ། །མངལ་ནས་སྐྱེས་པའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་མངལ་ལས་སྐྱེས་པ་རྣམས་ཏེ། འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། མ་ཧེ་དང་། བོང་བུ་དང་། ཕག་ལ་སོགས་ པ་ལྟ་བུའོ། །དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་འབྱུང་བའི་དྲོད་གཤེར་ལས་སྐྱེ་བ་རྣམས་ཏེ། འདི་ལྟ་སྟེ་སྲིན་བུ་དང་། སྦུར་པ་དང་། ཕྱེ་མ་ལེབ་དང་། སྦྲང་བུ་ལ་སོགས་པ་ལྟ་བུའོ། །རྫུས་ཏེ་འབྱུང་བའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་ དབང་པོ་མ་ཚང་བ་མ་ཡིན་ཞིང་དམན་པ་མ་ཡིན་ལ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་ཅིག་ཅར་དུ་སྐྱེ་བ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་དེ་དག་སྐྱེ་བ་ལ་མཛེས་པར་བྱེད་པའི་ཕྱིར་རྫུས་ཏེ་འབྱུང་བ་རྣམས་ཞེས་བྱ་སྟེ། འདི་ལྟ་སྟེ། ལྷ་དང་། དམྱལ་བ་དང་། སྲིད་པ་བར་མ་ལ་ སོགས་པ་ལྟ་བུའོ། །ཡང་འགྲོ་བ་གང་ན་སྐྱེ་གནས་དུ་ཞིག་ཡོད་ཅེ་ན། སྨྲས་པ། མི་དང་དུད་འགྲོ་རྣམ་པ་བཞི། །མི་རྣམས་ནི་རྣམ་པ་བཞི་སྟེ། རེ་ཞིག་སྒོ་ང་ལས་སྐྱེས་པ་ནི་འདི་ལྟ་སྟེ། ཁྲུང་ཁྲུང་མོ་ལས་སྐྱེས་པ་བྲག་དང་ཉེ་བྲག་དང་རི་དྭགས་འཛིན་གྱི་མའི་བུ་སུམ་ཅུ་རྩ་གཉིས་དང་། རྒྱལ་པོ་ལྔ་ ལེན་གྱི་བུ་ལྔ་བརྒྱ་རྣམས་སོ། །མངལ་ན་སྐྱེས་པ་ནི་ཇི་ལྟར་ད་ལྟར་གྱི་ལྟ་བུའོ། །དྲོད་གཤེར་ལས་སྐྱེས་པ་ནི་འདི་ལྟ་སྟེ། ང་ལས་ནུ་བ་དང་། མཛེས་པ་དང་། ཉེ་མཛེས་དང་། ཐི་བའི་ཕྲེང་བ་ཅན་དང་། ཨ་མྲ་སྐྱོང་མ་ལ་སོགས་པ་ལྟ་བུའོ། །རྫུས་ཏེ་སྐྱེ་བ་ནི་བསྐལ་པ་དང་པོ་པ་རྣམས་ ཁོ་ནའོ། །དུད་འགྲོ་ཡང་རྣམ་པ་བཞི་སྟེ། རྣམ་པ་གསུམ་ནི་སྣང་བ་ཁོ་ནར་ཟད་དོ། །རྫུས་ཏེ་སྐྱེ་བ་རྣམས་ནི་ཀླུ་དང་། འདབ་བཟངས་ལ་སོགས་པ་ལྟ་བུའོ། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །དམྱལ་བ་དང་། སྲིད་པ་བར་མ་པ་དང་། ལྷ་ཐམས་ ཅད་ནི་རྫུས་ཏེ་སྐྱེ་བ་ཁོ་ན་ཡིན་ནོ། །ཡི་དྭགས་མངལ་ནས་སྐྱེ་བ་ཡང་ཡིན། འདི་ཞེས་བྱ་བའི་སྒྲས་ནི་རྫུས་ཏེ་སྐྱེ་བ་དག་ཡིན་ནོ་ཞེས་བྱ་སྟེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་ཡི་དྭགས་མོ་ཞིག་ན་རེ། བདག་གིས་མཚན་མོ་བུ་ལྔ་དང་། །དེ་བཞིན་ཉིན་མོ་གཞན་ལྔ་དག །བསྐྱེད་ ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད། །ཅེས་སྨྲས་པའོ། །སྐྱེ་གནས་ཐམས་ཅད་ཀྱི་ནང་ན་བཟང་བ་གང་ཡིན་ཞེ་ན། རྫུས་ཏེ་སྐྱེ་བ་ཡིན་ནོ། །འོ་ན་ཅིའི་ཕྱིར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་ལ་དབང་ཐོབ་པ་ཡང་མངལ་ནས་སྐྱེ་བའི་སྐྱེ་གནས་ལ་བརྟེན་ཅེ་ ན། དེ་ལྟར་མཛད་ན་དོན་ཆེན་པོ་གཟིགས་པ་ཡིན་ཏེ། ཉེ་དུ་དང་འབྲེལ་པས་ཤཱཀྱའི་རིགས་ཆེན་པོ་ཆོས་ལ་གཟུད་པའི་ཕྱིར་དང་། འདི་ནི་འཁོར་ལོས་སྒྱུར་བའི་རིགས་ཡིན་ནོ་ཞེས་གཞན་དག་རིམ་གྲོ་བསྐྱེད་དུ་གཞུག་པའི་ཕྱིར་དང་། མིར་གྱུར་པ་དག་གིས་ཀྱང་གྲུབ་པ་འདི་ཐོབ་པོ་ ཞེས་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། རིགས་དང་གདུང་མེད་ན། ཇི་ལྟར་གཞན་མུ་སྟེགས་ཅན་ན་རེ་བསྐལ་པ་བརྒྱར་འདས་ནས་སྒྱུ་མ་མཁན་འདི་ལྟ་བུ་ཞིག་འཇིག་རྟེན་དུ་བྱུང་ནས་སྒྱུ་མས་འཇིག་རྟེན་ཟའོ་ཞེས་ཁ་ཟེར་བ་ལྟར་འདི་སུ་ཞིག་ཡིན། སྒྱུ་མའི་སྐྱེས་ བུའམ། འོན་ཏེ་ཤ་ཟ་ཞིག་ཅེས་དེ་སྙམ་དུ་ཡོངས་སུ་རྟོག་པར་འགྱུར་རོ། །གཞན་དག་ན་རེ་གང་དག་ལ་མི་རྣམས་དང་། གཞན་དག་གིས་མཆོད་པ་བྱས་ནས། སྟོང་ཕྲག་གིས་མཐོ་རིས་དང་བྱང་གྲོལ་འཐོབ་པ་རིང་བསྲེལ་སྐུ་གདུང་རྣམས་བཞག་པའི་ཕྱིར་ཏེ། རྫུས་ ཏེ་སྐྱེ་བའི་སེམས་ཅན་རྣམས་ལ་ནི་ཕྱིའི་ས་བོན་མེད་པའི་ཕྱིར་ཤི་བ་རྣམས་ཀྱི་ལུས་མི་གནས་ཏེ། ཐོ་རངས་ཀྱི་ཏིལ་མར་གྱི་མར་མེ་ཤི་བར་གྱུར་པ་བཞིན་ནོ་ཞེས་ཟེར་ཏེ། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ལས་བྱུང་བའི་རྫུ་འཕྲུལ་ཡིན་པར་འདོད་པ་རྣམས་ལ་ནི་ལན་དེ་རིགས་པ་ མ་ཡིན་ནོ། །དྲི་བ་ལས་དྲི་བ་གཞན་འབྱུང་སྟེ། གལ་ཏེ་རྫུས་ཏེ་སྐྱེ་བ་རྣམས་ཀྱི་ལུས་ཞིག་པ་མེད་ན། ཇི་ལྟར་མདོ་ལས་རྫུས་ཏེ་སྐྱེ་བའི་ནམ་མཁའ་ལྡིང་གིས་རྫུས་ཏེ་སྐྱེ་བའི་ཀླུ་བཟའ་བའི་ཕྱིར་འབྱིན་ཏོ་ཞེས་གསུངས་ཤེ་ན། ཟའོ་ཞེས་ནི་མ་གསུངས་པས་མ་ཤེས་ནས་བཟའ་བའི་ཕྱིར་ འབྱིན་པས་ཉེས་པ་མེད་དོ། །ཡང་ན་ཇི་སྲིད་མ་ཤིའི་བར་དུ་ཟ་བར་བྱེད་ཀྱི་ཤི་བ་དེའི་ཚིམ་པར་འགྱུར་བ་ནི་མ་ཡིན་ནོ། །སྐྱེ་གནས་ཐམས་ཅད་ཀྱི་ནང་ནས་མང་བ་གང་ཡིན་ཞེ་ན། རྫུས་ཏེ་སྐྱེ་བ་ཡིན་ཏེ། དེ་ནི་འགྲོ་བ་གཉིས་དང་གསུམ་གྱི་ཕྱོགས་དང་། སྲིད་པ་བར་མ་ཐམས་ཅད་ ཡིན་ནོ། །སྲིད་པ་བར་མ་ཞེས་བྱ་བ་འདི་ཅི་ཞེ་ན། འདིར་གང་འཆི་དང་སྐྱེ་བ་ཡིན། །སྲིད་པའི་བར་དུ་འབྱུང་བའོ། །ལུས་གང་ཡུལ་གཞན་དུ་སྐྱེ་བ་ཐོབ་པར་བྱ་བའི་ཕྱིར་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པའི་བར་དུ་མངོན་པར་འགྲུབ་པ་དེ་ནི་སྲིད་པ་བར་མ་ཞེས་བྱ་སྟེ། འགྲོ་བའི་བར་མ་ ཡིན་པའི་ཕྱིར་རོ། །ཇི་ལྟར་ན་འདི་སྐྱེ་བ་ཡང་ཡིན་ལ་བྱུང་བ་ཡང་མ་ཡིན་ཞེ་ན། བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན། །སོན་པ་ནི་བྱུང་བ་ཡིན་ན་སྲིད་པ་བར་མ་འདི་ནི་བགྲོད་པར་བྱ་བའི་ཡུལ་དུ་སོན་པ་མ་ཡིན་ཏེ། དེ་ལྟ་བས་ན་བྱུང་བ་མ་ཡིན་ནོ། །བགྲོད་ པར་བྱ་བའི་ཡུལ་དེ་གང་ཞིག་ཅེ་ན། གང་དུ་རྣམ་པར་སྨིན་པས་འཕངས་པ་མངོན་ཞིང་རྫོགས་པའོ། །སྡེ་པ་གཞན་དག་ན་རེ། འཆི་བའི་སྲིད་པ་ཆད་པ་ཁོ་ན་ལས་སྐྱེ་བའི་སྲིད་པ་འབྱུང་ངོ་ཞེས་ཟེར་ཏེ། དེ་ནི་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་པ་དང་ལུང་ལས་ཏེ། རེ་ཞིག་ རིགས་པ་ལ་བརྟེན་ནས། འབྲུའི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་འབྱུང་བ་མིན། །རྒྱུན་གྱི་འཇུག་པའི་ཆོས་རྣམས་ནི་རྒྱུན་མི་འཆད་པར་ཡུལ་གཞན་དག་ཏུ་འབྱུང་བ་མཐོང་སྟེ། དཔེར་ན་འབྲུའི་རྒྱུན་ལྟ་བུའོ། །དེ་ལྟ་བས་ན་སེམས་ཅན་གྱི་སེམས་ཀྱི་རྒྱུན་འདི་ཡང་མི་འཆད་ པར་ཡུལ་གཞན་དུ་འབྱུང་བའི་ཆོས་ཅན་ཡིན་ནོ། །ཆད་ནས་འབྱུང་བ་ཡང་མཐོང་སྟེ། དཔེར་ན་མེ་ལོང་ལ་སོགས་པ་དག་གི་ནང་དུ་གཟུགས་ལས་གཟུགས་བརྙན་ལྟ་བུའོ། །དེ་བཞིན་དུ་འཆི་བའི་སྲིད་པ་ལས་ཀྱང་སྐྱེ་བའི་སྲིད་པ་རུང་ངོ་ཞེ་ན། གཟུགས་བརྙན་མ་གྲུབ་ཕྱིར་བ་དང་། ། མི་འདྲའི་ཕྱིར་ན་དཔེ་མ་ཡིན། །གཟུགས་བརྙན་ཞེས་བྱ་བ་ཁ་དོག་གི་ཁྱད་པར་གཞན་ཁོ་ན་ཞིག་འབྱུང་ངོ་ཞེས་བྱ་བ་དེ་ནི་མ་གྲུབ་བོ། །གྲུབ་ཏུ་ཟིན་ཀྱང་མི་འདྲ་བའི་ཕྱིར་དཔེ་མ་ཡིན་ནོ། །རེ་ཞིག་ཇི་ལྟར་མ་གྲུབ་ཅེ་ན། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །ཡུལ་དེ་ཉིད་ན་མེ་ལོང་གི་ གཟུགས་ཀྱང་སྣང་། གཟུགས་བརྙན་ཡང་སྣང་སྟེ། རྟེན་གྱི་འབྱུང་བ་ཐ་དད་པའི་ཕྱིར་ཡུལ་གཅིག་ཏུ་གཟུགས་གཉིས་ལྷན་ཅིག་འབྱུང་བ་ནི་མེད་དོ། །དེ་བཞིན་དུ་ཕྱོགས་ཐ་དད་པ་ན་གནས་པ་རྣམས་ཀྱི་མཚེའུའི་ཆུ་ཡུལ་གཅིག་ན་རང་གི་མདུན་རོལ་གྱི་ཡུལ་ན་གནས་པའི་གཟུགས་ རྣམས་ཀྱི་གཟུགས་བརྙན་ཕན་ཚུན་དམིགས་ཏེ། གཟུགས་གཅིག་ལ་ལྟ་བ་པོ་གཉིས་ཀྱིས་ལྷན་ཅིག་མི་མཐོང་བ་ནི་མ་ཡིན་པས་དེར་གཟུགས་གཞན་ཞིག་འབྱུང་བར་རིགས་པ་ནི་མ་ཡིན་ནོ། །གྲིབ་མ་དང་ཉི་མ་གཉིས་ཀྱང་ལྷན་ཅིག་འབྱུང་བ་མ་མཐོང་བ་ན་གྲིབ་མ་ན་འདུག་པའི་མེ་ལོང་གི་ནང་ན་ ཉི་མའི་གཟུགས་བརྙན་ཡང་དམིགས་པས་དེར་དེ་འབྱུང་བར་རིགས་པ་ནི་མ་ཡིན་ནོ། །ཡང་ན། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །ཞེས་བྱ་བ་གཉིས་གང་ཞེ་ན། མེ་ལོང་གི་ངོས་དང་ཟླ་བའི་གཟུགས་བརྙན་ཏེ། མེ་ལོང་གི་ངོས་ཀྱང་གཞན་ཁོ་ན་ལ་ཡོད་ལ། ཟླ་བའི་གཟུགས་བརྙན་ནང་དུ་སོང་བ་ ཡང་ཁྲོན་པའི་ཆུ་བཞིན་དུ་གཞན་ཁོ་ན་ན་སྣང་ངོ་། །དེ་ཡང་དེའི་ནང་དུ་འབྱུང་ན་ནི་གཞན་ན་དམིགས་པར་མི་འགྱུར་རོ། །དེ་ལྟ་བས་ན་དེ་ནི་ཅུང་ཟད་ཀྱང་མེད་ཀྱི་གང་ཕྱིར་དེ་ལྟར་སྣང་བ་དེ་ནི་ཚོགས་ལ་དེའི་མཐུ་དེ་འདྲ་བ་ཡིན་ཏེ། ཆོས་རྣམས་ཀྱི་མཐུའི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་པོ། །རེ་ཞིག་ མ་གྲུབ་པའི་ཕྱིར་ནི་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་ན་མི་འདྲ་བའི་ཕྱིར་དཔེ་མ་ཡིན་ཞེ་ན། རྒྱུན་མིན་ཕྱིར། ཇི་ལྟར་འཆི་བའི་སྲིད་པ་སྐྱེ་བའི་སྲིད་པ་ལྟ་བུར་གཟུགས་བརྙན་ནི་གཟུགས་ཀྱི་རྒྱུན་དུ་གྱུར་པ་མ་ཡིན་ཏེ། མེ་ལོང་གི་རྒྱུད་དང་འབྲེལ་པའི་ཕྱིར་དང་། ལྷན་ ཅིག་འབྱུང་བའི་ཕྱིར་རོ། །རྒྱུན་ལ་མི་འཆད་པར་ཡུལ་གཞན་དག་ཏུ་འབྱུང་བར་བརྗོད་ཀྱི་རྒྱུན་མ་ཡིན་པ་ལ་ནི་མ་ཡིན་པས་དཔེ་མི་འདྲ་བ་ཡིན་ནོ། །གཟུགས་བརྙན་ནི། གཉིས་ལས་འབྱུང་ཕྱིར། གཟུགས་བརྙན་ནི་གཟུགས་དང་མེ་ལོང་དང་རྒྱུ་གཉིས་ལས་འབྱུང་བར་འགྱུར་ཏེ། གཙོ་བོའི་རྒྱུ་གང་ཡིན་པ་དེ་ལ་བརྟེན་ནས་འབྱུང་ན། སྐྱེ་བའི་སྲིད་པ་ཡང་དེ་ལྟར་འཆི་བའི་སྲིད་པ་དང་། གཙོ་བོའི་རྒྱུ་གང་ཡང་རུང་བ་ཞིག་དང་རྒྱུ་གཉིས་ལས་འབྱུང་བ་ནི་མེད་དོ། །དེའི་ཕྱིར་ཡང་དེའི་འདི་ནི་མི་འདྲ་བ་ཡིན་ནོ། །ཕྱིའི་ཁུ་ཆུ་དང་ཁྲག་ལ་སོགས་པ་སེམས་པ་མེད་པ་གཙོ་བོའི་ རྒྱུ་ཡིན་པ་ཡང་རིགས་པ་མ་ཡིན་ཏེ། གང་དུ་རྫུས་ཏེ་སྐྱེ་བ་རྣམས་ནམ་མཁའ་ཁོ་ན་ལ་འབྱུང་བ་དེར་ཅི་ཞིག་ཡོངས་སུ་བརྟག །དེ་ལྟར་རེ་ཞིག་རིགས་པ་ལས་འཆི་བའི་སྲིད་པ་འབྱུང་བར་མི་འདོད་དོ། །དེ་ལྟ་བས་ན་སྲིད་པ་བར་མ་ནི་ཡོད་པ་ཉིད་དོ། །མགུར་ནས་གསུངས་ཕྱིར་ ཡོད། མདོ་ལས། སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། དུད་འགྲོའི་སྲིད་པ་དང་། ཡི་དགས་ཀྱི་སྲིད་པ་དང་། ལྷའི་སྲིད་པ་དང་། མིའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ་ཞེས་གསུངས་སོ། །མདོ་འདི་ནི་དེ་དག་མི་འདོན་ཏོ་ཞེ་ན། འོ་ན། དྲི་ཟ་ཞེས་བྱ་བ་ འདི་ལས་ཏེ། གནས་གསུམ་མངོན་དུ་གྱུར་པས་མའི་མངལ་དུ་བུ་ཆགས་པར་གྱུར་ཏེ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་གསུངས་པ། སྲིད་པ་བར་མ་མ་གཏོགས་པར་དྲི་ཟ་གཞན་ གང་ཞིག་ཡིན། འདི་ཡང་དེ་དག་འདི་སྐད་དུ་མི་འདོན་ཏོ། །འོ་ན་ཇི་ལྟར་ཞེ་ན། ཕུང་པོ་ཞིག་པ་ཉེ་བར་གནས་པར་གྱུར་ནའོ་ཞེས་འདོན་ཏོ། །གལ་ཏེ་དེ་ལྟ་ན་ལྔ་ལེན་གྱི་བུའི་མདོ། ཁྱོད་ཀྱི་དྲི་ཟ་ཉེ་བར་གནས་པ་གང་ཡིན་པ་འདི་རྒྱལ་རིགས་སམ། བྲམ་ཟེ་འམ། རྗེའུ་རིགས་ སམ། དམངས་རིགས་སམ། འོན་ཏེ་ཤར་ཕྱོགས་ནས་འོངས་པ་ཞིག་གམ། འོན་ཏེ་ལྷོ་དང་ནུབ་དང་། བྱང་ནས་འོངས་པ་ཞིག་ཤེས་སམ་ཞེས་བྱ་བ་ཇི་ལྟར་དྲང་། ཕུང་པོ་ཞིག་པ་ནི་འོང་བར་རུང་བ་མ་ཡིན་ནོ། །འོན་ཏེ་འདི་ཡང་མི་འདོན་ཏོ་ཞེ་ན། འོ་ན། སྔར་གསུངས། ཞེས་བྱ་བ་འདི་ ལས་ཏེ། བཅོམ་ལྡན་འདས་ཀྱིས་ཕྱིར་མི་འོང་བ་ནི་ལྔ་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་པར་ ཡོངས་སུ་མྱ་ངན་ལས་འདས་པ་དང་། གོང་དུ་འཕོ་བའོ་ཞེས་གསུངས་པ་སྲིད་པ་བར་མ་མེད་ན་ཇི་ལྟར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བར་འགྱུར། ཁ་ཅིག་ན་རེ་བར་མ་དོར་ཞེས་བྱ་བའི་ལྷ་དག་ཅིག་ཡོད་དོ་ཞེས་ཟེར་རོ། །དེ་ལྟ་ན་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ ཡང་ལྷ་དག་ཅིག་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་རྟོག་པ་འདི་ནི་བཟང་པོ་མ་ཡིན་ནོ། །འགྲོ་མདོ་ཞེས་བྱ་བ་འདི་ལས་ཀྱང་འགྲུབ་སྟེ། སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་བྱ་བའི་མདོ་ལས་ཀྱང་དུས་དང་ཡུལ་གྱི་ཁྱད་པར་གྱི་བྱེ་བྲག་གིས་བར་མ་དོར་ཡོངས་སུ་མྱ་ངན་ ལས་འདའ་བ་གསུམ་དུ་བཤད་དེ། དཔེར་ན་ཞོག་མའི་མེ་ཆུང་ངུ་མངོན་པར་འགྲུབ་བཞིན་དུ་འཆི་བར་འགྱུར་བ་དེ་ལྟ་བུ་ནི་དང་པོ་ཡིན་ནོ། །དཔེར་ན་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བ་བཞིན་དུ་འཆི་བར་འགྱུར་བ་དེ་ལྟ་བུ་ནི་གཉིས་པའོ། །དཔེར་ན་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ ནས་ས་ལ་མ་ལྷུང་བ་ཉིད་དུ་འཆི་བར་འགྱུར་བ་དེ་ལྟ་བུ་ནི་གསུམ་པའོ་ཞེས་གསུངས་ལ། བར་མ་དོ་ཞེས་བྱ་བའི་ལྷ་ནི་ཡུལ་དང་དུས་ཀྱི་ཁྱད་པར་གྱི་ཐ་དད་པ་རྣམ་པ་གསུམ་པ་དེ་ལྟ་བུ་མེད་པས་འདི་ནི་རྟོག་པ་འབའ་ཞིག་ཏུ་ཟད་དོ། །གཞན་དག་ན་རེ་གང་ཞིག་ཚེའི་ཚད་ཀྱི་བར་ དུའམ། ལྷ་དང་ཉེ་བའི་བར་དུ་ཉོན་མོངས་པ་རྣམས་སྤོང་བར་བྱེད་པ་གང་ཡིན་པ་དེར་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ཏེ། དེ་ཡང་ཁམས་ཀྱི་གནས་སྐབས་པའམ། འདུ་ཤེས་ཀྱི་གནས་སྐབས་པའམ། རྣམ་པར་རྟོག་པའི་གནས་སྐབས་པ་ཞིག་ཡོངས་སུ་ མྱ་ངན་ལས་འདའ་སྟེ། དེས་ན་རྣམ་པ་གསུམ་ཡིན་ནོ། །ཡང་ན་དང་པོ་ནི་གཟུགས་ཀྱི་ཁམས་སུ་རིས་མཐུན་པ་ཡོངས་སུ་བླངས་ནས་མྱ་ངན་ལས་འདའ་བ་ཡིན་ནོ། །གཉིས་པ་ནི་ལྷ་རྣམས་ཀྱི་འབྱོར་པ་ཉམས་སུ་མྱོང་ནས་སོ། །གསུམ་པ་ནི་ལྷ་རྣམས་ ཀྱི་ཆོས་ཡང་དག་པར་འགྲོ་བའི་ནང་དུ་ཞུགས་ནས་སོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཡང་དག་པར་འགྲོ་བ་མཆོག་ཏུ་ལྡན་པའི་ནང་དུ་ཞུགས་ནས་ཡོངས་སུ་མྱ་ངན་ལས་འདའ་བའམ། སྐྱེས་པ་ཙམ་ཁོ་ནར་མ་ཡིན་གྱི་ཚེ་ཕལ་ཆེར་བཅོམ་ནས་ཡོངས་སུ་མྱ་ངན་ ལས་འདའ་བའོ་ཞེས་ཟེར་ཏེ། དེ་དག་ཐམས་ཅད་ཀྱང་ཡུལ་དུ་འགྲོ་བའི་བྱེ་བྲག་མེད་པའི་ཕྱིར་ཞོག་མ་ལ་སོགས་པའི་དཔེ་དག་དང་། མི་འབྱོར་རོ། །ཚེའི་ཚད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་གཟུགས་མེད་པ་དག་ཏུ་ཡང་བར་མ་དོར་ཡོངས་སུ་ མྱ་ངན་ལས་འདའ་བར་གསུངས་པར་འགྱུར་བ་ཞིག་ན། བསམ་གཏན་དག་གི་བཅུ་ཚན་བཞི། །གཟུགས་མེད་དག་གི་བདུན་ཚན་གསུམ། །འདུ་ཤེས་ཀྱི་ནི་དྲུག་ཚན་དུ། །མཛད་ནས་ཚོམས་སུ་ཡང་དག་བསྡེབ། །ཞེས་གསུངས་པའི་སྡོམ་གྱི་ཚིགས་སུ་བཅད་པ་འདི་ལས་ ཀྱང་མི་འབྱུང་ངོ་། །དེ་ལྟ་བས་ན་དེ་དག་ཐམས་ཅད་ཀྱང་རྟོག་པ་ཙམ་དུ་ཟད་དོ། །འོན་ཏེ་དེ་དག་ནི་མདོ་དེ་དག་ཀྱང་མི་འདོན་ཏོ་ཞེ་ན། སྟོན་པ་གང་ཡིན་པ་ནི་ཡོངས་སུ་མྱ་ངན་ལས་འདས། བསྟན་པ་འདིའི་འདྲེན་པ་ནི་མེད། རྣམ་པ་མང་པོ་ནི་ཐ་དད་ཀྱི་སྟེང་དུ་ད་དུང་ཡང་ཚིག་ དང་དོན་ལ་དགའ་དགུར་བྱེད་ན་གོ། །ང་ཅི་ཞིག་བྱར་ཡོད་དེ་རེ་ཞིག་གང་དག་ལ་ལུང་འདི་ཚད་མ་ཡིན་པ་དེ་དག་ལ་ནི་ལུང་ལས་ཀྱང་སྲིད་པ་བར་མ་གྲུབ་བོ། །འོ་ན་མདོ་ལས། དེ་ནས་བདུད་སུན་འབྱིན་བྱེད་རང་གི་ལུས་ཁོ་ནས་མནར་མེད་པའི་དམྱལ་བ་ཆེན་པོར་ལྷུང་ངོ་ཞེས་གང་གསུངས་ པ་ཇི་ལྟར་དྲང་འདིར་དགོས་པ་ནི་དེ་གསོན་པོ་ཁོ་ནར་དམྱལ་བའི་མེ་དག་གིས་བསྐོར་ཏེ་ཤི་ནས་སྲིད་པ་བར་མས་མནར་མེད་པར་སོང་ངོ་སྙམ་དུ་དགོངས་པ་ཡིན་ནོ། །ལས་ཤིན་ཏུ་དྲག་པོ་ཡོངས་སུ་རྫོགས་པ་རྣམས་ནི་ལུས་འདོར་བ་ལ་མི་སྡོད་པས་དེའི་ཕྱིར་འདིའི་མཐོང་བའི་ཆོས་ལ་མྱང་ བར་འགྱུར་བའི་ལས་ནི་དང་པོར་སྨིན་ལ། སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི་ཕྱིས་སྨིན་ཏེ། ད་ནི་མཚམས་མེད་པ་ལྔའི་ལས་གང་དག་བྱས་ཤིང་བསགས་ནས་དེ་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེའོ་ཞེས་གསུངས་པ་འདི་ཇི་ལྟར་དྲང་། དགོངས་པ་ནི་འགྲོ་བ་གཞན་དུ་མི་འགྲོ་བར་ ཞེས་བྱ་བ་ཡིན་ཏེ། དེར་ནི་སྐྱེས་ནས་མྱོང་བར་འགྱུར་བའི་ལས་སུ་གསུངས་སོ། །འོན་ཏེ་སྒྲ་ཇི་བཞིན་དུ་བརྟགས་ན་ནི་ལྔ་ཁོ་ན་བྱས་ནས་ཡིན་གྱི་གཅིག་ཅེས་བྱ་བར་ཡང་མི་འགྱུར་ལ། བྱས་མ་ཐག་ཏུ་ཡིན་གྱི་དུས་གཞན་གྱི་བར་དུ་གསོན་པོར་འདུག་ནས་ཀྱང་མ་ཡིན་ནོ། །སྲིད་པ་ བར་མ་སྐྱེ་བ་ཉིད་ཡིན་པར་གོ་སུ་ཞིག་མི་འདོད་དེ། འདི་འཆི་བའི་སྲིད་པའི་མཇུག་ཐོགས་སུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་སྲིད་པ་བར་མ་ཁོ་ནས་དམྱལ་བ་དག་ཏུ་སྐྱེ་བ་ཡིན་གྱི་སྐྱེས་པ་ཡིན་ནོ་ཞེས་ནི་མི་སྨྲའོ། །འོ་ན། བྲམ་ཟེ་ན་ཚོད་ཁྱེར་ཟིན་རྒ་བ་དང་། །ན་བ་ཡིན་ཏེ་གཤིན་ རྗེའི་དྲུང་དུ་ཕྱིན། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང་། །ཁྱོད་ཀྱི་ལམ་བརྒྱགས་ཀྱང་ནི་ཡོད་མ་ཡིན། །ཞེས་གསུངས་པའི་ཚིགས་སུ་བཅད་པ་འདི་ཇི་ལྟར་དྲང་། འདིར་ཡང་དགོངས་པ་ནི་མི་དག་གི་ནང་ན་གནས་སུ་མེད་དོ་སྙམ་པ་ཡིན་ནོ། །ཡང་ན་སྐྱེ་བའི་ཡུལ་དུ་ཕྱིན་པར་ བྱ་བའི་ཕྱིར་དང་འགྲོ་བ་ལ་བགེགས་བྱེད་པ་མེད་པའི་ཕྱིར་སྲིད་པ་བར་མ་ན་ཡང་འདི་གནས་པ་མེད་དོ་སྙམ་པ་ཡིན་ནོ། །འདི་ལ་འདི་ནི་དགོངས་པ་ཡིན་གྱི་འདི་ནི་དགོངས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་བརྟགས་པ་འདི་ནི་ཁྱོད་ལ་ཡང་མཚུངས་ཏེ། དེ་ལྟ་བས་ན་གཉི་གའི་ཕྱོགས་ ལ་ཡང་ཇི་སྐད་གསུངས་པའི་མདོ་མི་འགལ་བའི་ཕྱིར་འདི་ནི་སྲིད་པ་བར་མ་མེད་པའི་ཁུངས་མ་ཡིན་ནོ། །ཁུངས་ཞེས་བྱ་བ་ནི་ཤེས་པར་བྱེད་པ་གཞན་དུ་ཤེས་པར་མི་བྱེད་པ་ཡིན་ནོ། །ཡང་འགྲོ་བ་གང་དུ་འགྲོ་བར་འགྱུར་བའི་སྲིད་པ་བར་མའི་ཤ་ཚུགས་ཇི་ལྟ་བུ་ཞིག་མངོན་པར་ འགྲུབ་ཅེ་ན། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ལས་གང་གིས་འགྲོ་བ་འཕེན་པ་དེ་ཉིད་ཀྱི་དེར་ཕྱིན་པར་བྱ་བའི་ཕྱིར་སྲིད་པ་བར་མ་ཡང་འཕེན་ཏེ། དེའི་ཕྱིར་དེ་ནི་འགྲོ་བ་གང་དུ་འགྲོ་བར་འགྱུར་བའི་འགྲོ་བ་དེ་དུས་སྔ་མའི་སྲིད་པ་འབྱུང་བར་འགྱུར་བ་ གང་ཡིན་པ་དེའི་ཤ་ཚུགས་ལྟ་བུར་འགྱུར་རོ། །དེ་ལྟ་ན་འོ་ན་ཁྱི་མོ་ལ་སོགས་པའི་མངལ་གཅིག་ཏུ་འགྲོ་བ་ལྔ་པའི་སྲིད་པ་བར་མ་མངོན་པར་འགྲུབ་པས་དམྱལ་བའི་སྲིད་པ་བར་མས་མའི་མངལ་ཚིག་པར་འགྱུར་རོ་ཞེ་ན། རེ་ཞིག་སྲིད་པ་སྔ་མ་ལ་ཡང་དམྱལ་བ་ པ་རྣམས་ལྷག་པ་དག་ན་འཕྱན་པ་ན་རྟག་ཏུ་འབར་བ་མ་ཡིན་ན་སྲིད་པ་བར་མ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཡང་ན་འབར་དུ་ཆུག་ན་ཡང་དེ་ནི་ལུས་ཤིན་ཏུ་དང་བའི་ཕྱིར་ཇི་ལྟ་བ་བལྟར་མི་ནུས་པ་དེ་ལྟར་རེག་པ་ཡང་མི་ནུས་པས་འདི་ནི་ཀླན་ཀར་མི་རུང་ངོ་། །སྲིད་པ་བར་མ་རྣམས་ ཀྱང་མངལ་ན་ཕན་ཚུན་མི་རེག་པའི་ཕྱིར་དང་། ལས་ལ་རག་ལུས་པའི་ཕྱིར་མི་ཚིག་གོ། །བོང་ཚོད་ནི། དཔེར་ན་བྱིས་པ་ལོ་ལྔའམ་དྲུག་ལོན་པ་ལྟ་བུ་སྟེ། དེ་ཡང་དབང་པོ་གསལ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་དཔེར་ན་གཞོན་ནུ་ཐོར་བུ་ལྟ་བུ་མཚན་དང་དཔེ་བྱད་དང་ བཅས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྲིད་པ་བར་མ་ལ་གནས་པ་ཡུམ་གྱི་ལྷུམས་སུ་ཞུགས་པས་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་སྣང་བར་མཛད་དོ། །འོ་ན་གང་བྱང་ཆུབ་སེམས་དཔའི་ཡུམ་གྱི་རྨི་ལམ་ན་ལྷུམས་སུ་གླང་པོ་ཆེའི་ཕྲུ་གུ་དཀར་པོ་ཞུགས་པར་གཟིགས་པ་ཇི་ལྟ་བུ་ཞེ་ན། དུད་འགྲོའི་ སྐྱེ་གནས་བཟློག་ནས་ཡུན་རིང་དུ་ལོན་པའི་ཕྱིར་དེ་ནི་མཚན་མ་ཙམ་དུ་ཟད་དེ། དཔེར་ན་རྒྱལ་པོ་ཀྲྀ་ཀིས་གླང་པོ་དང་། ཁྲོན་པ་དང་། ཕྱེ་དང་། ཙན་དན་དང་། ཚལ་དང་། གླང་པོ་ཆེའི་ཕྲུ་གུ་དང་། སྤྲེའུ་གཉིས་དང་། རས་ཡུག་དང་། འཐབ་མོ་ཞེས་བྱ་བ་རྨི་ལམ་བཅུ་མཐོང་བ་ལྟ་བུའོ། ། སྲིད་པ་བར་མ་ནི་ལྟོ་བ་བརྟོལ་ཏེ་འཇུག་པ་མ་ཡིན་གྱི་སྐྱེ་གནས་ཀྱི་སྒོ་ནས་འཇུག་སྟེ། དེ་ཉིད་ཀྱི་ཕྱིར་མཚེ་མ་ལས་གང་ཕྱིས་བྱུང་བ་དེ་ནི་ནུ་བོ་ཞེས་བྱའོ། །གང་སྔར་བྱུང་བ་དེ་ནི་ཕུ་བོ་ཞེས་བྱའོ། །འོ་ན་ཆོས་ལྡན་རབ་འབྱོར་གྱིས། །གླང་ཆེན་དཀར་པོ་མཆེ་བ་དྲུག་ལྡན་པ། །རྐང་བཞི་ མཛེས་དང་ལྡན་པར་ཞལ་བཞེས་ནས། །དྲང་སྲོང་གནས་ཞེས་པ་ནི་ཇི་བཞིན་དུ། །ཡུམ་གྱི་ལྷུམས་ཀྱི་གནས་སུ་ཞུགས་པར་གྱུར། །ཅེས་བཤད་པ་འདི་ཇི་ལྟར་དྲང་ཞེ་ན། འདི་ནི་གདོན་མི་ཟ་བར་དྲང་བར་བྱ་བ་མ་ཡིན་ཏེ། འདི་ནི་མདོ་སྡེ་ཡང་མ་ཡིན། འདུལ་བ་ཡང་མ་ཡིན། ཆོས་མངོན་པ་ཡང་མ་ཡིན་གྱི། འདི་ནི་རང་བཟོ་ཡིན་ཏེ། རང་བཟོ་མཁན་རང་བཟོ་སྦྱོར་བ་རྣམས་ཀྱི་བསམ་པ་ཁ་ཅིག་ནི་སྒྲོ་འདོགས་པར་ཡང་འགྱུར་རོ། །འོན་ཏེ་གདོན་མི་ཟ་བར་དྲང་བར་བྱའོ་ཞེ་ན་ཡང་ཇི་ལྟར་ཡུམ་གྱི་རྨི་ལམ་ན་དེ་ཞུགས་པར་གཟིགས་པ་ལྟར་དེས་ཀྱང་ཚིགས་སུ་བཅད་པ་ འདི་ལྟར་བྱས་སོ་ཞེས་དེ་ལྟར་དྲང་བར་བྱའོ། །གཟུགས་ན་སྤྱོད་པའི་སྲིད་པ་བར་མ་ཡང་བོང་ཚོད་རྫོགས་པ་དང་། ངོ་ཚ་ཤེས་པའི་ཤས་ཆེ་བའི་ཕྱིར་གོས་དང་བཅས་པར་འབྱུང་ངོ་། །བྱང་ཆུབ་སེམས་དཔའི་ཡང་གོས་དང་བཅས་པ་ཡིན་ནོ། །དགེ་སློང་མ་དཀར་མོའི་ཡང་གོས་དང་ བཅས་པ་ཡིན་ཏེ། སྨོན་ལམ་གྱི་དབང་གིས་དེ་ཉིད་ཀྱིས་དཀྲིས་ནས་བསྲེགས་པའི་བར་དུ་ཡིན་ནོ། །འདོད་པའི་ཁམས་ན་ངོ་ཚ་མེད་པའི་ཤས་ཆེ་བའི་ཕྱིར་གཞན་ནི་གཅེར་བུ་ཡིན་ནོ། །ཡང་སྲིད་པ་སྔ་མ་ཞེས་བྱ་བ་འདི་གང་ཡིན་ཞེ་ན། དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ ཕན་ཆད་དོ། །སྲིད་པ་ཞེས་བྱ་བ་ནི་བྱེ་བྲག་མེད་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ། །ད་ནི་རྣམ་པ་བཞིར་དབྱེ་སྟེ། སྲིད་པ་བར་མ་ནི་ཇི་སྐད་བཤད་པའོ། །སྐྱེ་བའི་སྲིད་པ་ནི་འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའོ། །དེ་ཕན་ཆད་འཆི་བའི་སྐད་ཅིག་མ་མ་གཏོགས་པའི་ སྲིད་པ་གཞན་ཐམས་ཅད་ནི་དུས་སྔ་མའི་སྲིད་པ་ཡིན་ནོ། །སྐད་ཅིག་མ་ཐ་མ་ནི་འཆི་བའི་སྲིད་པ་ཡིན་ཏེ། གལ་ཏེ་སེམས་ཅན་གཟུགས་ཅན་དག་གི་ནང་དུ་སྐྱེ་ན་གང་གི་འོག་ཏུ་སྲིད་པ་བར་མ་འབྱུང་བ་ཡིན་ནོ། །སྲིད་པ་བར་མ་དེ་ཡང་། རིས་མཐུན་ལྷ་མིག་དག་པས་མཐོང་། །སྲིད་པ་བར་ མ་རིས་མཐུན་པ་དག་གིས་མཐོང་ངོ་། །གང་དག་ལ་ལྷའི་མིག་ཤིན་ཏུ་རྣམ་པར་དག་པ་མངོན་པར་ཤེས་པ་ལས་བྱུང་བ་ཡོད་པ་དེ་དག་གིས་འདི་མཐོང་གི། ཤིན་ཏུ་དང་བའི་ཕྱིར་སྐྱེས་ནས་ཐོབ་པའི་མིག་གིས་ནི་མི་མཐོང་ངོ་། །གཞན་དག་ན་རེ་ལྷའི་སྲིད་པ་བར་མ་པས་ནི་ཐམས་ཅད་མཐོང་ངོ་། །མི་ དང་། ཡི་དགས་དང་། དུད་འགྲོ་དང་། དམྱལ་བའི་སྲིད་པ་བར་མ་རྣམས་ཀྱིས་ནི་གོང་མ་མ་གཏོགས་པའོ་ཞེས་ཟེར་རོ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བའོ། །ལས་ཀྱི་རྫུ་འཕྲུལ་བྱེད་པས་ན་ལས་ཀྱི་རྫུ་འཕྲུལ་ལོ། །དེའི་ཤུགས་ནི་ལས་ ཀྱི་རྫུ་འཕྲུལ་གྱི་ཤུགས་དེ་མགྱོགས་པ་ཉིད་དོ། །དེ་འདི་ལ་ཡོད་པས་ན་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པའོ། །དེས་ན་འདི་ནི་སངས་རྒྱས་རྣམས་ཀྱིས་ཀྱང་དགག་པར་མི་སྤྱོད་དེ། ལས་སྟོབས་དང་ལྡན་པའི་ཕྱིར་རོ། །དབང་པོ་ཀུན་ཚང་། དབང་པོ་ ལྔ་ཆར་ཚང་བའོ། །ཐོགས་མེད་ལྡན། ཐོགས་པ་ནི་རྡུགས་པའོ། །དེ་འདི་ལ་ཡོད་པས་ཐོགས་པ་དང་ལྡན་པའོ། །ཐོགས་པ་མེད་པ་དང་ལྡན་པས་ན་ཐོགས་མེད་ལྡན་ཏེ། རྡོ་རྗེ་ལ་སོགས་པས་ཀྱང་མི་ཟློགས་པའི་ཕྱིར་རོ། །འདི་ལྟར་ལྕགས་ཀྱི་ཐུ་ལུམ་འབར་བ་གཤགས་ནས་དེའི་ནང་ནས་ བྱུང་བའི་སྲིན་བུ་དམིགས་སོ་ཞེས་གྲག་གོ། །དེ་འགྲོ་བ་གང་དུ་སྐྱེ་བར་འགྱུར་བ་དེ་ལས་རྣམ་པ་ཐམས་ཅད་དུ་མི་ཟློགས་ཏེ། མིའི་སྲིད་པ་བར་མ་མེད་པར་གྱུར་ནས་ལྷའི་སྲིད་པ་བར་མའམ། གཞན་དུ་འགྱུར་བ་ནི་ནམ་ཡང་མེད་ཀྱི་འདི་འགྲོ་བ་གང་གི་དབང་དུ་བྱས་ནས་མངོན་པར་འགྲུབ་པ་དེ་ ཁོ་ནར་སྐྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཡང་ཅི་འདོད་པ་ན་སྤྱོད་པའི་སྲིད་པ་བར་མ་ཡང་ཁམ་གྱི་ཟས་ཟའམ་ཞེ་ན། སྨྲས་པ་དེ་བཞིན་ཏེ། རགས་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་ནི་དྲི་ཟའོ། །དེ་ཉིད་ཀྱི་ཕྱིར་དྲི་ཟ་ཞེས་བྱའོ། །དབང་ཆུང་བར་ གྲགས་པ་ནི་དྲི་མི་ཞིམ་པ་ཟ་བའོ། །དབང་ཆེ་བར་གྲགས་པ་ནི་དྲི་ཞིམ་པོ་ཟ་བའོ། །དུས་ཇི་སྲིད་ཀྱི་བར་དུ་གནས་ཤེ་ན། བཙུན་པ་ན་རེ་ངེས་པ་མེད་དེ། ཇི་སྲིད་དུ་སྐྱེ་བའི་ཚོགས་པ་མ་རྙེད་ཀྱི་བར་དུའོ། །དེའི་ཚེ་འཕེན་པ་ལོགས་ཤིག་ན་མེད་དེ། རིས་མཐུན་པ་གཅིག་པའི་ཕྱིར་རོ། ། དེ་ལྟ་མ་ཡིན་ན་དེའི་ཚེ་ཟད་པས་འཆི་བའི་སྲིད་པར་ཡང་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །གལ་ཏེ་ཤའི་ཕུང་པོ་རི་རབ་ཙམ་དུ་གྱུར་ལ་དེ་དག་ཐམས་ཅད་སྲིན་བུ་རྣམས་ཀྱིས་གང་བར་གྱུར་ན། དེ་ཅི་དེ་དག་གི་སྲིད་པ་བར་མ་རྣམས་དེར་སྡོད་པ་ཁོ་ནར་གྱུར་ཏམ། དེ་དག་ག་ལས་འོངས་པ་བརྗོད་ པར་བྱའོ་ཞེ་ན། འདི་མདོའམ་བསྟན་བཅོས་དག་ལས་ནི་མི་འབྱུང་མོད་ཀྱི། འདི་ལྟར་དྲི་དང་རོ་ལ་མངོན་པར་ཆགས་པའི་སྐྱེ་བོ་ཕྲ་མོ་ཚེ་ཐུང་ངུ་རྣམས་མཐའ་མེད་པས་དེ་དག་དྲི་ཚོར་ནས་དྲི་དང་རོ་ལ་མངོན་པར་ཆགས་པ་རྣམས་འཆི་བ་ན་སྲིན་བུའི་ངོ་བོར་འགྱུར་བའི་ལས་སད་པར་བྱས་ནས། སྲིད་ པ་དེས་སྲིན་བུའི་ནད་དག་ཏུ་སྐྱེ་བར་འགྱུར་བར་མི་རུང་ངོ་། །ཡང་ན་གདོན་མི་ཟ་བར་དེའི་རྐྱེན་མང་པོ་ཁོ་ནའི་དུས་སུ་དེར་འགྱུར་བའི་ལས་རྣམས་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱ་བ་ལ་འཇུག་པ་རྙེད་ཀྱི་གཞན་དུ་ནི་མ་ཡིན་ཏེ། འདི་ལྟར་འཁོར་ལོས་སྒྱུར་བའི་ལས་ཡོད་དུ་ཟིན་ཀྱང་སྐྱེ་དགུའི་ཚེ་ ལོ་བརྒྱད་ཁྲི་འམ། ཚེ་ལོ་ཆེས་མང་བ་ན་འཁོར་ལོས་སྒྱུར་བ་འབྱུང་གི་གཞན་དུ་མ་ཡིན་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་སོ། །བཙུན་པ་དབྱིག་བཤེས་ན་རེ་ཞག་བདུན་དུ་གནས་སོ། །གལ་ཏེ་ དེ་སྲིད་ཀྱི་ཚོགས་པ་མ་རྙེད་ན་ཤི་འཕོས་ཤིང་ཤི་འཕོས་ནས་ཡང་དེ་ཉིད་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་ཞག་བདུན་ཕྲག་བདུན་དུའོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་ནི་སྲིད་པ་ཚོལ་བ་ཡིན་པའི་ཕྱིར་མྱུར་བ་ཁོ་ནས་སོང་སྟེ་ཉིང་མཚམས་སྦྱོར་བས་ན་དུས་ཐུང་ངུར་ གནས་སོ། །གང་གི་ཚེ་རྐྱེན་ཚོགས་པ་ཡང་མ་ཡིན་ལ་འདི་ངེས་པར་ཡུལ་དེར་སྐྱེ་བར་འགྱུར་བ་ཡང་ཡིན་ནོ་དེའི་ཚེ་ལས་རྣམས་ཁོ་ནས་རྐྱེན་དག་ཚོགས་པ་འདྲེན་པར་བྱེད་དོ། །འོན་ཏེ་མ་ངེས་ན་ནི་དེ་ལས་གཞན་པའི་ཡུལ་དུ་སྐྱེ་བ་དེར་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་འདྲ་བར་ སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ་བ་ལང་དག་ནི་དབྱར་རྣམས་སུ་འཁྲིག་པ་མང་ལ། ཁྱི་རྣམས་ནི་སྟོན་ཀར་རོ། །དོམ་རྣམས་ནི་དགུན་ཀར་རོ། །རྟ་རྣམས་ནི་སོས་ཀར་རོ། །བ་མེན་དང་། ཅེ་སྤྱང་དང་། བོང་བུ་དང་། དྲེད་མོ་རྣམས་ལ་ནི་དུས་མེད་པས་དུས་གཞན་པ་བ་ལང་རྣམས་ཀྱི་ནང་དུ་སྐྱེ་བར་ འགྱུར་བ་གང་ཡིན་པ་དེ་ནི་བ་མེན་རྣམས་ཀྱི་ནང་དུ་སྐྱེའོ། །ཁྱི་རྣམས་ཀྱི་ནང་དུ་གང་ཡིན་པ་དེ་ནི་ཅེ་སྤྱང་རྣམས་ཀྱི་ནང་དུའོ། །རྟ་རྣམས་ཀྱི་ནང་དུ་གང་ཡིན་པ་དེ་ནི་བོང་བུ་རྣམས་ཀྱི་ནང་དུའོ། །དོམ་རྣམས་ཀྱི་ནང་དུ་གང་ཡིན་པ་དེ་ནི་དྲེད་མོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །འཕེན་པ་ གཅིག་པའི་ཕྱིར་རིས་གཞན་གྱི་སྲིད་པ་བར་མས་རིས་མཐུན་པ་གཞན་དུ་སྐྱེ་བར་མི་ནུས་པས་དེ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །ཡང་འགྲོ་བའི་ཡུལ་དུ་ཕྱིན་པར་བྱ་བའི་ཕྱིར་འབྱུང་བའི་སྲིད་པ་བར་མ་དེ་ནི། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །ད་ནི་ལས་ཀྱི་མཐུ་ ལས་བྱུང་བའི་མིག་གིས་རང་གི་སྐྱེ་བའི་ཡུལ་ཐག་རིང་པོ་ན་འདུག་ཀྱང་མཐོང་ངོ་། །དེས་དེ་ན་ཕ་མ་ཉལ་པོ་བྱེད་པ་དེ་མཐོང་ནས་ཕོ་ཞིག་ཡིན་ན་ནི་དེས་མ་ལ་ཕོའི་འདོད་ཆགས་སྐྱེའོ། །མོ་ཞིག་ཡིན་ན་ནི་ཕ་ལ་མོའི་འདོད་ཆགས་སྐྱེའོ། །བཟློག་པ་ནི་ཁོང་ཁྲོ་བ་སྐྱེ་བ་ སྟེ། བཏགས་པ་ལས་འདི་སྐད་དུ་དེའི་ཚེ་དྲི་ཟ་ལ་སེམས་གཉིས་ལས་རྗེས་སུ་ཆགས་པ་དང་ལྡན་པའམ། ཁོང་ཁྲོ་བ་དང་ལྡན་པའི་སེམས་གང་ཡང་རུང་བའི་མངོན་དུ་གྱུར་པ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ནི་གཉིས་ཀྱི་ཕྱིན་ཅི་ལོག་ཏུ་གྱུར་པས་ཡུལ་དེར་ཕྱིན་པ་དང་། དགའ་བར་འདོད་པའི་ གནས་སྐབས་དེར་བདག་ཉིད་མོས་སོ། །མངལ་གྱི་གནས་མི་གཙང་བ་དེར་ཕྱིན་ནས་དགའ་བ་སྐྱེས་ནས་གནས་སོ། །དེ་ནས་དེའི་ཕུང་པོ་མཁྲང་པོར་འགྱུར་ལ་སྲིད་པ་བར་མ་ཡང་འགག་པར་འགྱུར་བས་ན་སྐྱེས་པ་ཡིན་ནོ། །གལ་ཏེ་དེ་ཕོ་ཞིག་ཡིན་ན་ནི་མའི་ལྟོའི་གཡས་ཕྱོགས་སུ་སྙེས་ནས་ རྒྱབ་རོལ་དུ་ཁ་བལྟས་ཏེ་ཙོག་ཙོག་པོར་སྐྱེའོ། །གལ་ཏེ་མོ་ཞིག་ཡིན་ན་ནི་དེ་མའི་ལྟོའི་གཡོན་ཕྱོགས་སུ་སྙེས་ནས་ལྟོའི་མདུན་རོལ་དུ་ཁ་ལྟའོ། །འོན་ཏེ་དེ་མ་ནིང་ཞིག་ཡིན་ན་ནི་དེ་འདོད་ཆགས་གང་དང་ལྡན་པ་དེ་བཞིན་དུ་གནས་སོ། །སྲིད་པ་བར་མའི་དབང་པོ་ཐམས་ཅད་ཚང་བ་ཡིན་ པའི་ཕྱིར་དབང་པོ་མ་ཚང་བ་མ་ཡིན་པ་སྟེ། དེའི་ཕྱིར་མོར་གྱུར་པ་དང་། ཕོར་གྱུར་པ་ཞུགས་ནས་གནས་པའི་ལྟ་བ་བཞིན་དུ་གནས་སོ། །ཕྱིས་ལུས་སྐྱེ་ཞིང་མ་ནིང་དུ་འགྱུར་རོ། །ད་ནི་འདི་དཔྱད་པར་བྱ་སྟེ། ཅི་ལས་ཀྱི་དབང་གིས་ཁུ་ཆུ་དང་། ཁྲག་གི་འབྱུང་བ་ཆེན་པོ་དག་ཁོ་ན་འདིའི་ དབང་པོའི་རྟེན་དུ་འགྱུར་རམ། འོན་ཏེ་ལས་རྣམས་ལས། དེ་དག་ལ་བརྟེན་ནས་འབྱུང་བ་ཁོ་ན་ཞིག་སྐྱེ་བར་འགྱུར་ཞེ་ན། ཁ་ཅིག་ན་རེ་དེ་དག་ཁོ་ན་ཡིན་ཏེ། ཁུ་ཆུ་དང་ཁྲག་དབང་པོ་མེད་པ་ན་ནི་འགག་ལ། ས་བོན་དང་མྱུ་གུ་འགག་པ་དང་། སྐྱེ་བའི་ཚུལ་དུ་དབང་པོ་དང་བཅས་པ་ནུར་ ནུར་པོ་ཞེས་བྱ་བ་གང་ཡིན་པ་དེ་ནི་སྐྱེའོ། །དེ་ལྟར་བཤད་ན་ཕ་མའི་ནུར་ནུར་པོ་མི་གཙང་བ་ལས་སྐྱེས་པ་ཞེས་བྱ་བ་དང་། དེ་བཞིན་དུ་དགེ་སློང་དག་ཁྱེད་ཀྱིས་ནི་ཡུན་རིང་པོ་ནས་དུར་ཁྲོད་སྐྱེད་དོ། །ཁྲག་གི་ཐིགས་པ་བླངས་སོ་ཞེས་གསུངས་པའི་མདོའི་ཚིག་ལེགས་པ་ཡིན་ནོ་ཞེས་ ཟེར་རོ། །གཞན་དག་ན་རེ་འབྱུང་བ་གཞན་དག་ཁོ་ན་ཡིན་ཏེ། དཔེར་ན་ལོ་མའི་སྲིན་བུ་ལྟ་བུ་ཡིན་ལ། མི་གཙང་བ་ལ་བརྟེན་ནས་སྐྱེ་བ་ལ་དགོངས་ཏེ་གསུངས་པའི་ཕྱིར་མདོ་དང་ཡང་མི་འགལ་ལོ་ཞེས་ཟེར་རོ། །རེ་ཞིག་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བའི་སྐྱེ་གནས་སུ་འཇུག་པ་ནི་དེ་ལྟ་ བུའོ། །གཞན་ལ་ནི་ཅི་རིགས་པར་བརྗོད་པར་བྱའོ་ཞེས་ཟེར་ཏེ། དེ་ལ་རིགས་པ་ནི་འདི་ཡིན་པར་སྣང་ངོ་། །དྲི་དང་གནས་ལ་མངོན་འདོད་གཞན། །དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་སུ་སྐྱེ་བ་ནི་ལས་ཇི་ལྟ་བ་བཞིན་དུ་སྐྱེ་བའི་གནས་གཙང་མའམ་མི་གཙང་བར་དྲི་འདོད་པས་འགྲོའོ། །རྫུས་ཏེ་ སྐྱེ་བའི་སྐྱེ་གནས་སུ་སྐྱེ་བ་ནི་གནས་འདོད་པས་སོ། །ཇི་ལྟར་ན་དམྱལ་བ་དག་ཏུ་གནས་འདོད་ཅེ་ན། བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་ཏེ། དེ་ནི་བདག་ཉིད་རླུང་དང་ཆར་པ་ཤིན་ཏུ་གྲང་མོ་དག་གིས་བཏབ་ནས་ཉེན་པ་དང་དམྱལ་བ་དག་ན་མེ་འབར་བ་མཐོང་སྟེ། དེའི་ཕྱིར་དྲོ་བར་འདོད་དེ་རྒྱུག་གོ། །ཡང་ བདག་ཉིད་རླུང་ཚ་བ་དང་ཉི་མ་དང་མེའི་གདུང་བ་དག་གིས་ཉེན་པ་དང་དམྱལ་བ་དག་ན་བསིལ་བ་མཐོང་བས་བསིལ་བ་འདོད་པས་རྒྱུག་གོ། །སྔོན་གྱི་སློབ་དཔོན་དག་ན་རེ་བདག་ཉིད་གནས་སྐབས་གང་གིས་དེར་སྐྱེ་བར་འགྱུར་བའི་ལས་བྱས་པའི་གནས་སྐབས་དེ་ཡིན་པ་དང་། སེམས་ཅན་དེ་དག་ ཀྱང་མཐོང་ནས་རྒྱུག་གོ་ཞེས་ཟེར་རོ། །དེ་ལ་ལྷའི་སྲིད་པ་བར་མ་ནི་སྟན་ལས་ལྡང་བ་བཞིན་དུ་གྱེན་དུ་འགྲོའོ། །མི་དང་དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནི་མི་ལ་སོགས་པ་བཞིན་ནོ། །དམྱལ་བ་ཡི་ནི་སྤྱིའུ་ཚུགས་ཡིན། །ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་ སྐུར་འདེབས་པ། །དེ་དག་སྤྱིའུ་ཚུགས་དག་ཏུ་ནི། །དམྱལ་བ་ཁོ་ནར་ལྟུང་བར་འགྱུར། །ཞེས་ཚིགས་སུ་བཅད་དེ་འབྱུང་བའི་ཕྱིར་རོ། །བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །ཞེས་བཤད་པ། ཅི་ངེས་པར་སྲིད་པ་བར་མ་པ་ཐམས་ཅད་མའི་མངལ་དུ་དེ་ལྟར་ འཇུག་གམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོན་ཀྱང་མདོ་ལས་མངལ་དུ་འཇུག་པ་ནི་བཞི་ཞེས་གསུངས་ཏེ། བཞི་གང་ཞེ་ན། གཅིག་ནི་ཤེས་བཞིན་དུ་འཇུག་གོ། །གནས་པ་དང་འབྱུང་བ་ནི་ཤེས་བཞིན་དུ་མ་ཡིན་ནོ། །གཞན་ནི་གནས་པ་ཡང་ཤེས་བཞིན་དུ་ཞེས་བྱ་བར་སྦྱར་ཏེ། ཡང་ ཞེས་བྱ་བའི་སྒྲས་ནི་འཇུག་པ་ཡང་ངོ་། །གཞན་ནི། འབྱུང་བའང་། ཤེས་བཞིན་དུ་སྟེ། ཡང་ཞེས་བྱ་བ་ནི་འཇུག་པ་དང་། གནས་པའོ། །གཞན་ནི་ཐམས་ཅད་རྨོངས། ལ་ལ་ནི་ཐམས་ཅད་ཤེས་བཞིན་མ་ཡིན་པར་འགྱུར་ཏེ། འཇུག་པ་ཡང་ཤེས་བཞིན་མ་ཡིན་ལ་ གནས་པ་དང་འབྱུང་བ་ཡང་ཤེས་བཞིན་མ་ཡིན་ནོ། །མངལ་དུ་འཇུག་པ་དེ་བཞི་ནི་ཚིགས་སུ་བཅད་པ་བསྡེབ་པ་དང་མཐུན་པར་བྱ་བའི་ཕྱིར་བཟློག་སྟེ་བསྟན་ཏོ། །སྒོ་ང་ལས་སྐྱེས་རྟག་ཏུའོ། །སེམས་ཅན་སྒོ་ང་ལས་སྐྱེས་པ་ནི་རྟག་ཏུ་ཐམས་ཅད་རྨོངས་པ་ཁོ་ནར་འགྱུར་རོ། །སྒོ་ང་ལས་སྐྱེས་པ་ཇི་ལྟར་ སྐྱེ་གནས་སུ་འཇུག་ཅེ་ན། གང་ཞིག་སྐྱེ་བར་འགྱུར་བ་དེ་ཡང་སྒོ་ང་ལས་སྐྱེས་པ་ཞེས་བྱའོ། །ཡང་ན་འབྱུང་བར་འགྱུར་བའི་མིང་གིས་བསྟན་ཏེ། དཔེར་ན་མདོ་ལས་འདུས་བྱས་མངོན་པར་འདུ་བྱེད་དོ་ཞེས་གསུངས་པ་དང་། འཇིག་རྟེན་ན་འབྲས་ཆན་འཚེད་དོ། །ཕྱེ་འཐག་གོ་ཞེས་པ་ལྟ་བུ་ སྟེ། དེ་ལྟ་བས་ན་དེ་ནི་ཉེས་པ་མེད་དོ། །ཡང་ཇི་ལྟར་ན་ཤེས་བཞིན་མ་ཡིན་པར་མའི་མངལ་དུ་འཇུག་ཅིང་འབྱུང་བའི་བར་དུ་ཡིན་པའམ། ཇི་ལྟར་ན་ཤེས་བཞིན་དུ་ཡིན་ཞེ་ན། རེ་ཞིག་སེམས་ཅན་དབང་ཐང་ཆུང་བར་གྲགས་པ་མའི་མངལ་དུ་འཇུག་པ་ལ་འདི་སྙམ་དུ་རླུང་ལངས་པའམ། ཆར་པ་ འབབ་པ་འམ། གྲང་བའམ། ཡུལ་ངན་ནམ། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀུ་ཅོ་འདོན་པ་སྙམ་བྱེད་ནས། མ་ལ་རྩྭ་ཐིབས་པོའམ། ནགས་ཐིབས་པོའམ། རྩྭའི་སྤྱིལ་པོའམ། ལོ་མའི་སྤྱིལ་པོར་འཇུག་པའམ། ཤིང་དྲུང་ངམ། རྩིག་པའི་དྲུང་དུ་འགྲོའོ། །གནས་ན་ཡང་འདི་དག་ ཏུ་གནས་པར་བྱའོ། །འབྱུང་ན་ཡང་འདི་དག་ནས་འབྱུང་ངོ་སྙམ་དུ་ལོག་པའི་འདུ་ཤེས་དང་མོས་པ་དག་འབྱུང་བར་འགྱུར་རོ། །སེམས་ཅན་དབང་ཐང་ཆེ་བར་གྲགས་པ་ནི་ཀུན་དགའ་ར་བའམ། སྐྱེད་མོས་ཚལ་ལམ། ཁང་བཟངས་སུ་འཇུག་པའམ། ཁང་པ་བརྩེགས་པའམ། ཁྲི་ལ་ འཛེག་གོ། །དེ་བཞིན་དུ་གནས་སོ། །འབྱུང་ངོ་སྙམ་དུ་སེམས་སོ། །རེ་ཞིག་ཤེས་བཞིན་མ་ཡིན་པར་འཇུག་པ་ནས་འབྱུང་བའི་བར་ནི་དེ་ལྟ་བུ་ཡིན་ནོ། །ཤེས་བཞིན་ཡིན་པ་ནི་མའི་མངལ་ལ་འཇུག་གོ། །དེ་ཉིད་དུ་གནས་སོ། །དེ་ཉིད་ནས་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བར་ དུ་རབ་ཏུ་ཤེས་ཏེ། འདི་ལ་ཕྱིན་ཅི་ལོག་གི་འདུ་ཤེས་དང་མོས་པ་དག་མི་འབྱུང་ངོ་། །ཡང་འདིར་བསྟན་པ་དང་། མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་སྒྱུར་དང་རང་བྱུང་གཉིས། །འཁོར་ལོས་སྒྱུར་བ་དང་། རང་བྱུང་རང་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་དག་སྟེ། འོག་ནས་ གོ་རིམས་ཞེས་འཆད་པར་འགྱུར་རོ། །དེ་ལ་འཁོར་ལོས་སྒྱུར་བ་ནི་དང་པོ་སྟེ། དེ་ནི་འཇུག་པ་ཁོ་ན་ཤེས་བཞིན་ཡིན་གྱི་གནས་པ་ཡང་མ་ཡིན་ལ། འབྱུང་བ་ཡང་མ་ཡིན་ནོ། །རང་སངས་རྒྱས་ནི་གནས་པ་ཡང་ངོ་། །སངས་རྒྱས་ནི་འབྱུང་བ་ཡང་ངོ་། །འདིར་ཡང་འབྱུང་བར་འགྱུར་བའི་ མིང་གིས་བསྟན་ཏོ། །ལས་སམ་ཡེ་ཤེས་སམ་གཉི་ག །རྒྱ་ཆེའི་ཕྱིར་ན་གོ་རིམས་བཞིན། །ལས་རྒྱ་ཆེན་པོ་བསོད་ནམས་རྒྱ་ཆེན་པོ་བྱེད་པ་རྣམས་ནི་དང་པོ་ཡིན་ནོ། །ཡེ་ཤེས་རྒྱ་ཆེན་པོ་ཐོས་པ་མང་བ་དང་རབ་ཏུ་འབྱེད་པ་བྱས་པ་རྣམས་ནི་གཉིས་པ་ཡིན་ནོ། །བསོད་ནམས་ཀྱི་ལས་དང་ ཡེ་ཤེས་རྒྱ་ཆེ་བ་རྣམས་ནི་གསུམ་པ་ཡིན་ཏེ། དེ་ལྟ་བུར་གྱུར་པ་དེ་དག་ནི་རིམ་བཞིན་དུ་འཁོར་ལོས་སྒྱུར་བ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །ལྷག་མ་རྣམས་ནི་བཞི་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ད་ནི་འདིར་ཕྱི་རོལ་པ་རྣམས་གལ་ཏེ་སེམས་ཅན་འཇིག་རྟེན་གཞན་དུ་འཕོའོ་ཞེས་ བྱ་བར་དམ་བཅའ་ན་བདག་གྲུབ་པ་ཡིན་ནོ་ཞེས་བདག་ཏུ་སྨྲ་བ་ཡོངས་སུ་བཟུང་ནས་རྒོལ་ཏེ། དེ་དགག་པའི་ཕྱིར། བདག་མེད་ཅེས་བྱ་བ་སྨོས་སོ། །བདག་ཇི་ལྟ་བུ་ཞིག་ཅེ་ན། གང་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་དག་ཏུ་ཉིང་མཚམས་སྦྱོར་རོ་ཞེས་བྱ་བར་ཡོངས་སུ་རྟོག་པ་ནང་གི་ བྱེད་པའི་སྐྱེས་བུ་དེ་ལྟ་བུ་དེ་མེད་དེ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ལས་ནི་ཡོད་དོ། །རྣམ་པར་སྨིན་པ་ནི་ཡོད་དོ། །ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་གང་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་དག་ཏུ་ཉིང་མཚམས་སྦྱོར་བར་བྱེད་པའི་བྱེད་པ་པོ་ནི་མི་དམིགས་སོ། །དེ་ལ་ ཆོས་སུ་བརྡར་བཏགས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་བའོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱས་པར་གསུངས་སོ། །འོ་ན་བདག་ཇི་ལྟ་བུ་ཞིག་མི་དགག་ཅེ་ན། ཕུང་པོ་ཙམ་ཉིད་དོ། །གལ་ཏེ་ཕུང་པོ་ཙམ་ཁོ་ན་ལ་བདག་ཅེས་འདོགས་ན་དེ་ལ་ནི་དགག་པ་མེད་དོ། ། དེ་ལྟ་ན་འོ་ན་ཕུང་པོ་བདག་ཉིད་འཇིག་རྟེན་གཞན་དུ་འཕོའོ་ཞེས་བྱ་བར་གྱུར་ཏོ་ཞེ་ན། དེ་དག་ནི་མི་འཕོ་བའི་ཕུང་པོ་ཙམ་ནི། ཉོན་མོངས་ལས་ཀྱིས་མངོན་དུ་བྱས། །སྲིད་པ་བར་མའི་རྒྱུན་གྱིས་ན། །མར་མེ་བཞིན་དུ་མངལ་དུ་འགྲོ། །ཕུང་པོ་རྣམས་ནི་སྐད་ཅིག་ མ་སྟེ། དེ་དག་ལ་ནི་འཕོ་བའི་མཐུ་མེད་ཀྱི་ཉོན་མོངས་པ་རྣམས་དང་། ལས་རྣམས་ཀྱིས་ཡོངས་སུ་བསྒོས་པའི་ཕུང་པོ་ཙམ་གྱིས་སྲིད་པ་བར་མ་ཞེས་བྱ་བའི་རྒྱུན་གྱིས་མའི་མངལ་དུ་འགྲོ་སྟེ། དཔེར་ན་མར་མེ་སྐད་ཅིག་མ་ཡིན་ཡང་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་ལྟ་བུ་ཡིན་པས་དེ་ ནི་ཉེས་པ་མེད་དོ། །དེ་ལྟ་བས་ན་བདག་མེད་བཞིན་དུ་ཡང་ཉོན་མོངས་པ་དང་། ལས་རྣམས་ཀྱིས་མངོན་པར་འདུས་བྱས་པའི་ཕུང་པོ་རྣམས་ཀྱི་རྒྱུན་མའི་མངལ་དུ་འཇུག་གོ་ཞེས་བྱ་བ་འདི་གྲུབ་བོ། །དེ་ཡང་། ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། །སྐྱེས་ནས་ལས་དང་ཉོན་མོངས་ ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། །ཚེའི་ལས་ཐ་དད་པའི་ཕྱིར་ཕུང་པོའི་རྒྱུན་ཐམས་ཅད་ཀྱི་འཕེན་པ་འདྲ་བ་ནི་མ་ཡིན་ཏེ། དེའི་ཕྱིར་གང་ཞིག་ཇི་སྲིད་དུ་འཕངས་པ་དེ་དེ་སྲིད་དུ་རིམ་གྱིས་སྐྱེ་བར་འགྱུར་རོ། །རིམ་པ་གང་གིས་ཤེ་ན། གཙུག་ལག་ལས། དང་པོར་ནུར་ནུར་པོ་ ཡིན་ནོ། །ནུར་ནུར་པོ་ལས་མེར་མེར་སྐྱེ། །མེར་མེར་པོ་ལས་ནར་ནར་སྐྱེ། །ནར་ནར་པོ་ལས་མཁྲང་འགྱུར་སྐྱེ། །མཁྲང་ལས་རྐང་ལག་འགྱུས་པ་འདྲ། །སྐྲ་སྤུ་སེན་མོ་ལ་སོགས་པ། །དབང་པོ་གཟུགས་ཅན་རྣམས་དང་ནི། །མཚམས་རྣམས་རིམ་གྱིས་སྐྱེ་བར་འགྱུར། །ཞེས་འབྱུང་ ངོ་། །ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་དང་། མཁྲང་འགྱུར་དང་། རྐང་ལག་འགྱུས་པའི་གནས་སྐབས་དེ་དག་ནི་མངལ་གྱི་གནས་སྐབས་ལྔ་ཡིན་ནོ། །ཡང་དུས་གཞན་ན་མངལ་གྱི་ཟུག་རྔུ་དེ་ཡོངས་སུ་སྨིན་པར་གྱུར་པ་མངལ་གྱི་ནང་ན་གང་དག་གིས་མངལ་གྱི་ ཟུག་རྔུ་དེ་བསྒྱུར་ནས་མའི་ལུས་ཀྱི་མི་གཙང་བའི་སྒོ་ལོགས་སུ་ཁ་བསྟན་ནས་འཇོག་པར་བྱེད་པ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་དག་ལྡང་སྟེ། དེ་གནས་ནས་སྦེད་པ་ན་མི་གཙང་བ་མཁྲང་བོ་དེ་ཤིན་ཏུ་ཆེན་པོ་འཚིར་བ་བཞིན་དུ་སྤོ་དཀའ་བ་ཡིན་ནོ། །གལ་ཏེ་ན་རེས་འགའ་ མའི་ཟས་དང་། གནས་པའི་བྱ་བ་མི་མཐུན་པར་སྤྱོད་པའམ་སྔོན་གྱི་ལས་ཀྱི་ཉེས་པས་མངལ་ཁོ་ནར་འཆི་བར་འགྱུར་རོ། །དེ་ནས་འདི་དེ་ཤེས་པའི་བུད་མེད་དམ། གཞོན་ནུའི་སྨན་པས་མར་སར་རམ། ཏིལ་མར་འཇམ་ཙམ་མམ། ཤིང་ཤལ་མ་ལི་ལེགས་པར་བཏགས་པའི་ཕྱེ་མའམ། གཞན་ཡང་རུང་བས་ལག་པ་བསྐུས་ནས། དེ་ལ་མཚོན་རྣོན་པོ་སྲབ་མོ་བཏགས་ཏེ། རྐྱག་དོང་ལྟ་བུར་མི་བཟད་པ་དྲི་ང་བ་མུན་ཁུང་ལ་སོགས་པའི་འདམ་རྫབ་སྲིན་བུའི་རིགས་ཤིན་ཏུ་མང་པོ་སྟོང་ཕྲག་གི་གནས། རྟག་ཏུ་འཛག་པར་འགྱུར་བ། རྟག་ཏུ་བྱི་དོར་བྱ་དགོས་པ། ཁུ་ཆུ་དང་ ཁྲག་དང་ཆུ་སེར་དང་དྲི་མས་ཀུན་ཏུ་མྱགས་པ། རྣམ་པར་མྱགས་པ། རུལ་པ། རྣགས་པ། འགྲེད་པ། མཐོང་ན་འཇིགས་སུ་རུང་བ་པགས་པ་རྡོལ་བ་སྲབ་མོས་གཡོགས་པ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ལུས་ཀྱི་རྨ་འཁྱིམས་པ་ཆེན་པོ་དེར་ལག་པ་བཅུག་སྟེ། ཡན་ལག་ དང་ཉིང་ལག་བཅད་ནས་འབྱིན་ཏོ། །དེ་ཡང་སྔོན་གྱི་ལས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བས་ཤེད་དུ་ཁྲིད་པར་བྱེད་དོ། །འོན་ཏེ་བདེ་བར་བཙའ་བར་འགྱུར་ན་ནི་དེ་ནས་འདི་བུ་འདོད་པའི་མའམ། དེའི་གཡོག་བུད་མེད་རྣམས་ཀྱིས་བཙས་མ་ཐག་པའི་ལུས་རྨ་སར་པ་ལྟ་བུ་མཚོན་ དང་ཐལ་བའི་སྨན་ལྟ་བུའི་རེག་པ་དང་ལྡན་པའི་ལག་པ་གཉིས་ཀྱིས་བླངས་ནས་འཁྲུ་བར་བྱེད་དོ། །ནུ་ཞོ་དང་མར་སར་གྱིས་སྐྱེད་པར་བྱེད་ཅིང་རིམ་གྱིས་ཁ་ཟས་རགས་པ་བཟའ་བར་གོམས་པར་ཡང་བྱེད་དོ། །དེ་སྐྱེ་བའི་རྒྱུས་དབང་པོ་རྣམས་ཡོངས་སུ་སྨིན་ནས་ནི་ཡང་ཉོན་མོངས་པ་ རྣམས་ཀུན་ཏུ་སྤྱོད་ཅིང་། ལས་རྣམས་ཀྱང་སྩོགས་པར་འགྱུར་རོ། །དེ་དག་གི་ལུས་ཞིག་ནས་ཡང་སྔ་མ་བཞིན་དུ་སྲིད་པ་བར་མའི་རྒྱུན་གྱིས་འཇིག་རྟེན་ཕ་རོལ་ཏུ་འགྲོ་སྟེ། སྲིད་པའི་འཁོར་ལོ་ཐོག་མ་མེད། །རྣམ་པ་དེས་ན་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་སྐྱེ་བ་དང་། ཡང་ དེ་ལས་བྱུང་བའི་ལས་དང་ཉོན་མོངས་པ་རྣམས་དང་། ཡང་དེ་ལས་སྐྱེ་བ་རྣམས་ཡིན་པས་ན་སྲིད་པའི་འཁོར་ལོ་ཐོག་མ་མེད་པ་ཡིན་པར་རིག་པར་བྱའོ། །ཐོག་མ་ཞིག་བརྟགས་ན་ནི་དེའི་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །རྒྱུ་མེད་པ་ཉིད་གཅིག་ཡིན་ན་ནི་འདི་ཐམས་ཅད་ཀྱང་རྒྱུ་ མེད་པ་ཁོ་ནར་འགྱུར་བ་ཞིག་ན་ཡུལ་དང་དུས་སོ་སོར་ངེས་པ་ལས་མྱུ་གུ་ལ་སོགས་པ་ལ་ས་བོན་ལ་སོགས་པ་དང་། ཚོས་པ་ལ་སོགས་པ་ལ་མེ་ལ་སོགས་པའི་ནུས་པ་ཡང་མཐོང་བས་རྒྱུ་མེད་པ་ལས་འབྱུང་བ་ནི་མེད་དོ། །རྒྱུ་རྟག་པ་ཡོད་པར་སྨྲ་བ་ནི་སྔར་བསལ་ཟིན་ པ་ཉིད་དོ། །དེ་ལྟ་བས་ན་འཁོར་བའི་ཐོག་མ་ནི་མེད་པ་ཁོ་ནའོ། །སྐྱེ་བ་ནི་རྒྱུ་ལ་རག་ལུས་པའི་ཕྱིར་རྒྱུ་ཟད་པ་ལས་མཐའ་དང་ལྡན་པར་ནི་རིགས་ཏེ། ས་བོན་ཟད་པས་མྱུ་གུ་བཞིན་ནོ། །དེ་ལྟར་ཕུང་པོའི་རྒྱུན་སྐྱེ་བའི་གནས་སྐབས་གསུམ་པ་བསྟན་པ་གང་ཡིན་པ། དེ་ནི་རྟེན་ཅིང་འབྲེལ་ འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །དེ་ལ་ཡན་ལག་བཅུ་གཉིས་ནི་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། ཆ་ གསུམ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། བར་དག་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྐྱེ་བ་དག་ཡིན་ནོ། །ཆ་གསུམ་པོ་འདི་དག་ཏུ་ཡན་ལག་བཅུ་གཉིས་ཇི་ལྟར་རྣམ་པར་གཞག་ཅེ་ན། སྔོན་དང་ཕྱི་མཐའི་གཉིས་གཉིས་པ། །མ་རིག་པ་དང་། འདུ་བྱེད་ རྣམས་ནི་སྔོན་གྱི་མཐར་རོ། །སྐྱེ་བ་དང་། རྒ་ཤི་ནི་ཕྱི་མའི་མཐར་རོ། །ལྷག་མ་བརྒྱད་ནི་བར་དུའོ། །ཡང་ཅི་ཐམས་ཅད་ཀྱི་སྐྱེ་བ་འདི་ལ་ཡན་ལག་བརྒྱད་པོ་འདི་དག་ཡོད་དམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་སུ་ལ་ཡོད་ཅེ་ན། ཡོངས་རྫོགས་ལྡན་ནོ། །འདི་ལ་ཡོངས་སུ་རྫོགས་པ་ ཡོད་པས་ན་ཡོངས་སུ་རྫོགས་ལྡན་ནོ། །འདིར་ནི་གང་ཟག་གང་ཞིག་གནས་སྐབས་ཀྱི་བྱེ་བྲག་འདི་ཐམས་ཅད་ལ་རེག་པ་དེ་ལ་དགོངས་པ་ཡིན་གྱི། གང་བར་མ་དོ་ཁོ་ནར་འཆི་བ་ཡང་མ་ཡིན་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་མ་ཡིན་ཏེ། འདི་ལྟར་གླེང་གཞི་ཆེན་ པོའི་རྣམ་གྲངས་ཀྱི་མདོ་ལས་ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་ན་ཞེས་གསུངས་པའི་ཕྱིར་འདོད་པ་ན་སྤྱོད་པའི་གང་ཟག་ཁོ་ནར་བསྟན་པ་ཡིན་ནོ། །གང་གི་ཚེ་རྟེན་ཅིང་འབྲེལ་པར་འབྱུང་བ་སྔོན་གྱི་མཐའ་པ་དང་། ཕྱི་མའི་མཐའ་པ་ཞེས་རྣམ་པ་ གཉིས་སུ་བརྗོད་པ་དེའི་ཚེ་ནི་ཚོར་བ་ལ་ཐུག་པའི་བར་ཡན་ལག་བདུན་ནི་སྔོན་གྱི་མཐའ་པ་ཡིན་ལ། ལྔ་ནི་ཕྱི་མའི་མཐའ་པ་ཡིན་ཏེ། སྔོན་དང་ཕྱི་མའི་མཐའ་དང་འབྲས་བུ་དང་རྒྱུ་དང་བཅས་པ་དག་སྨོས་པའི་ཕྱིར་རོ། །ཡང་མ་རིག་པ་ལ་སོགས་པ་འདི་དག་གང་ཡིན་ཞེ་ན། མ་རིག་ཉོན་ མོངས་སྔོན་གནས་སྐབས། །ཚེ་སྔ་མ་ལ་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་མ་རིག་པ་ཞེས་བྱ་སྟེ། ལྷན་ཅིག་སྤྱོད་པའི་ཕྱིར་དང་། དེའི་དབང་གིས་དེ་དག་ཀུན་ཏུ་འབྱུང་བའི་ཕྱིར་རྒྱལ་པོ་གཤེགས་སོ་ཞེས་བྱས་ན་དེའི་ཞ་འབྲིང་པ་ཡང་འོང་བར་འགྲུབ་པ་བཞིན་ནོ། །འདུ་ བྱེད་དག་ནི་སྔོན་ལས་ཀྱི། །གནས་སྐབས་ཞེས་བྱ་བར་སྦྱར་ཏེ། ཚེ་སྔ་མ་ལ་བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་འདུ་བྱེད་རྣམས་ཞེས་བྱ་སྟེ། ལས་གང་གིས་འདིར་རྣམ་པར་སྨིན་པའོ། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མའི་མངལ་ དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ལ་ཕུང་པོ་ལྔ་ནི་རྣམ་པར་ཤེས་པ་ཡིན་ནོ། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །མཚམས་སྦྱོར་བའི་སེམས་ཕན་ཆད་ནས་ཇི་སྲིད་དུ་སྐྱེ་མཆེད་དྲུག་མ་དོད་ཀྱི་བར་གྱི་གནས་སྐབས་དེ་ནི་མིང་དང་གཟུགས་ཞེས་བྱའོ། ། སྐྱེ་མཆེད་བཞི་དོད་ཚུན་ཆད་དོ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས་སྐྱེ་མཆེད་དྲུག་ཅེས་བརྗོད་པ་ནི་དེའི་ཚེ་དེ་རྣམ་པར་འཇོག་པའི་ཕྱིར་རོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །སྐྱེ་མཆེད་དྲུག་དོད་ནས་ཇི་སྲིད་དུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དང་གསུམ་མ་འདུས་པ་དེ་སྲིད་ཀྱི་གནས་ སྐབས་དེ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ་ཞེས་རེག་པ་བདེ་སྡུག་ལ་སོགས་ཀྱི་རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །རེག་པ་ནི་གསུམ་འདུས་ཏེ་དེས་ཇི་སྲིད་དུ་ཚོར་བ་གསུམ་གྱི་རྒྱུ་ཡོངས་སུ་གཅོད་པར་མ་ནུས་པའི་གནས་སྐབས་དེ་ནི་རེག་པ་ཞེས་བྱའོ། །ཡོངས་སུ་གཅོད་ནུས་ནས་ནི། ཚོར་འཁྲིག་ཚུན་ ཆད། ཚོར་བའི་གནས་སྐབས་ནི་ཇི་སྲིད་དུ་འཁྲིག་པའི་འདོད་ཆགས་ཀུན་ཏུ་མི་སྤྱོད་པའི་བར་རོ། །སྲེད་པ་ནི། ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱི། །འདོད་པའི་ཡོན་ཏན་དང་། འཁྲིག་པའི་འདོད་ཆགས་ཀུན་ཏུ་སྤྱོད་པའི་གནས་སྐབས་ཇི་སྲིད་དུ་ཡུལ་ཡོངས་སུ་ཚོལ་བ་ལ་མ་ ཞུགས་པ་ནི་སྲིད་པ་ཞེས་བྱའོ། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །གནས་སྐབས་གང་དུ་ཡུལ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་བ་ལ་ཞུགས་ནས་ཐམས་ཅད་དུ་རྒྱུག་པ་དེ་ནི་ལེན་པ་ཞེས་བྱའོ། །དེ་ལྟར་ཡོངས་སུ་ རྒྱུག་པ་ན། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །དེ་ཡུལ་རྣམས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་རྒྱུག་པ་ན་ཡང་སྲིད་པ་ལ་སོགས་པ་དེ་ནི་དེའི་སྲིད་པ་ཡིན་ནོ། །ལས་དེས་ཡང་འདི་ནས་ཤི་འཕོས་ནས་ཚེ་ཕྱི་མར་ཉིང་མཚམས་སྦྱོར་བར་འགྱུར་ཏེ། ཉིང་ མཚམས་སྦྱོར་བ་དེ་ནི་སྐྱེ་བ་ཡིན། འདི་ལ་རྣམ་པར་ཤེས་པའི་ཡན་ལག་གང་ཡིན་པ་དེ་ནི་ཚེ་གཞན་དུ་སྐྱེ་བ་ཡིན་ནོ། །དེ་ཕན་ཆད་ཚོར་བའི་བར་ནི་རྒ་ཤི་ཡིན། སྐྱེ་བ་ཕན་ཆད་ཚོར་བའི་གནས་སྐབས་ཀྱི་བར་ནི་རྒ་ཤི་སྟེ། འདི་ལ་ཡན་ལག་བཞི་པོ་མིང་དང་གཟུགས་དང་ སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་གང་དག་ཡིན་པ་དེ་དག་ཉིད་གཞན་དག་ཏུ་རྒ་ཤི་ཡིན་ནོ། །དེ་ལྟར་ན་དེ་དག་ནི་ཡན་ལག་བཅུ་གཉིས་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་རྣམ་པ་བཞིར་བརྗོད་དོ། །སྐད་ཅིག་པ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་ཅན་ དང་། གནས་སྐབས་པའོ། །སྐད་ཅིག་མ་ཇི་ལྟ་བུ་ཞེ་ན། སྐད་ཅིག་མ་གཅིག་ལ་ཡན་ལག་བཅུ་གཉིས་ཡོད་པ་སྟེ། འདི་ལྟ་སྟེ། ཆགས་པའི་དབང་གིས་སྲོག་གཅོད་པའི་རྨོངས་པ་གང་ཡིན་པ་དེ་ནི་མ་རིག་པའོ། །སེམས་པ་གང་དག་ཡིན་པ་དེ་དག་ནི་འདུ་བྱེད་རྣམས་སོ། ། དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་རྣམ་པར་གནས་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ། །སྐྱེ་མཆེད་དྲུག་འདུས་པ་ནི་རེག་པའོ། །རེག་པ་ ཉམས་སུ་མྱོང་བ་ནི་ཚོར་བའོ། །ཆགས་པ་གང་ཡིན་པ་དེ་ནི་སྲེད་པའོ། །དེ་དང་མཚུངས་པར་ལྡན་པའི་ཀུན་ནས་དཀྲིས་པ་རྣམས་ནི་ལེན་པའོ། །དེས་ཀུན་ནས་བསླང་བའི་ལུས་དང་། ངག་གི་ལས་ནི་སྲིད་པའོ། །ལས་དེ་རྣམས་སྐྱེ་བ་ནི་སྐྱེ་བའོ། །ཡོངས་སུ་སྨིན་པ་ནི་ རྒ་བའོ། །ཞིག་པ་ནི་ཤི་བའོ། །ཡང་སྨྲས་པ། སྐད་ཅིག་པ་དང་། འབྲེལ་པ་ཅན་ནི་རབ་ཏུ་བྱེད་པ་དག་ལས་ཇི་སྐད་འབྱུང་བ་བཞིན་ནོ། །རབ་ཏུ་བྱེད་པ་དག་ལས་ཇི་སྐད་དུ་འབྱུང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །རྟེན་ཅིང་འབྲེལ་ བར་འབྱུང་བའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་འབྱུང་ངོ་། །གནས་སྐབས་པ་ནི་བཅུ་གཉིས་དང་ལྡན་པའི་ཕུང་པོ་ལྔའི་གནས་སྐབས་ཚེ་གསུམ་བར་ཆད་མེད་པར་འབྲེལ་པ་དག་ཡིན་ནོ། །དེ་ཉིད་རྒྱུན་ཆགས་པ་ཡང་ཡིན་ནོ། །དེ་རྣམས་ལས་ བཅོམ་ལྡན་འདས་ཀྱིས་འདི་གང་ལས་དགོངས་ཤེ་ན། འདི་ནི་གནས་སྐབས་པར་འདོད་ལོ། །གལ་ཏེ་ཡན་ལག་དང་ཡན་ལག་ལ་ཕུང་པོ་ལྔ་ཆར་ཡོད་ན་ཅིའི་ཕྱིར་མ་རིག་པ་ལ་སོགས་པའི་ཆོས་རྣམས་ཁོ་ནར་བསྒྲགས་ཤེ་ན། གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །མ་རིག་པ་ གཙོ་བོ་ཡིན་པའི་གནས་སྐབས་སུ་ནི་མ་རིག་པར་བཤད་ལ། འདུ་བྱེད་གཙོ་བོ་ཡིན་པར་ནི་འདུ་བྱེད་ནས་རྒ་ཤི་གཙོ་བོ་ཡིན་པའི་བར་དུ་ནི་རྒ་ཤི་ཁོ་ན་བཤད་པས་ཉིས་པ་མེད་དོ། །ཡང་ཅིའི་ཕྱིར་མདོ་སྡེ་ལས་ནི་ཡན་ལག་བཅུ་གཉིས་སུ་གསུངས་ལ། རབ་ཏུ་བྱེད་པ་དག་ལས་ནི་ རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་གཞན་དུ་འབྱུང་ཞེ་ན། མདོ་ལས་གསུངས་པ་ནི་དགོངས་པ་ཅན་ཡིན་ནོ། །ཆོས་མངོན་པ་ལས་ནི་མཚན་ཉིད་པ་ཡིན་ཏེ། དེ་བཞིན་དུ་གནས་སྐབས་པ་དང་། སྐད་ཅིག་པ་དང་། རྒྱུན་ ཆགས་པ་དང་། འབྲེལ་པ་ཅན་དང་། སེམས་ཅན་དུ་སྟོན་པ་དང་། སེམས་ཅན་མ་ཡིན་པར་སྟོན་པ་ཞེས་བྱ་བ་ཐ་དད་པ་ཡིན་ནོ། །ཡང་ཅིའི་ཕྱིར་མདོ་ལས་སེམས་ཅན་དུ་སྟོན་པ་ཁོ་ན་གསུངས་ཤེ་ན། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། ། དེ་ཉིད་ཀྱི་ཕྱིར་ཆ་གསུམ་པ་ཡིན་ནོ། །དེ་ལ་སྔོན་གྱི་མཐའ་ལ་རྨོངས་པ་ལ་ནི་འདི་ཇི་ལྟར་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏམ། འོན་ཏེ་བྱུང་བར་མ་གྱུར་བདག་ཅི་ཞིག་ཏུ་ནི་བྱུང་བར་གྱུར། བདག་ཇི་ལྟར་ན་ནི་བྱུང་བར་གྱུར་སྙམ་པའི་ཐེ་ཚོམ་འདི་སྐྱེའོ། །ཕྱི་མའི་མཐའ་ ལ་རྨོངས་པ་ལ་ནི་འདི་ལྟར་ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་སྙམ་པ་རྒྱས་པར་ཐེ་ཚོམ་འདི་སྐྱེའོ། །བར་དུ་རྨོངས་པ་ལ་ནི་འདི་ལྟར་ཅི་ཞིག་ཡིན། འདི་ཇི་ལྟར་ཡིན། ཡོད་པ་ནི་ཅི་ཞིག་ཡིན། འགྱུར་བ་ནི་ཅི་ཞིག་ཡིན་སྙམ་པའི་ཐེ་ཚོམ་འདི་སྐྱེའོ། ། དེ་ལྟར་ན་རྨོངས་པ་རྣམ་པ་གསུམ་པོ་འདི་བཟློག་པའི་ཕྱིར་མདོ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་སེམས་ཅན་དུ་སྟོན་པ་ཁོ་ན་ཆ་གསུམ་དུ་བསྟན་ཏེ། མ་རིག་པ་དང་། འདུ་བྱེད་རྣམས་དང་། སྐྱེ་བ་དང་། རྒ་ཤི་དང་། རྣམ་པར་ཤེས་པ་ནས་སྲིད་པའི་བར་དང་གོ་རིམས་ བཞིན་ནོ། །འདི་ལྟར་མདོ་ཉིད་ལས་དགེ་སློང་དག་དགེ་སློང་གིས་གང་ཕན་ཆད་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཡང་དག་པའི་ཤེས་རབ་ཀྱིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་དེ་ནི་ཅི་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏམ་སྙམ་དུ་ སྔོན་གྱི་མཐའ་ལ་འབྲང་བར་མི་འགྱུར་རོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །གཞན་དག་ན་རེ་ཕྱི་མའི་མཐའ་ལ་རྨོངས་པ་བཟློག་པའི་ཕྱིར་སྲེད་པ་དང་། ལེན་པ་དང་། སྲིད་པ་དག་ཀྱང་བསྟན་ཏེ། འདི་དག་ནི་དེ་ཁོ་ནའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ ཡན་ལག་བཅུ་གཉིས་པ་དེ་ནི་ཉོན་མོངས་པ་དང་། ལས་དང་བཞི་ངག་དང་། གསུམ་གྱི་རང་བཞིན་དུ་རིག་པར་བྱ་སྟེ། དེ་ལ་ཉོན་མོངས་གསུམ་མོ། །ཡན་ལག་གསུམ་ནི་ཉོན་མོངས་པའི་རང་བཞིན་ཅན་ཏེ། མ་རིག་པ་དང་། སྲེད་པ་དང་། ལེན་པ་རྣམས་སོ། །ལས་གཉིས་སོ། ། ཡན་ལག་གཉིས་ནི་ལས་ཀྱི་རང་བཞིན་ཡིན་ཏེ། འདུ་བྱེད་དང་། སྲིད་པའོ། །གཞི་བདུན། ཡན་ལག་བདུན་པོ་རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་རྣམས་ནི་ལས་དང་ཉོན་མོངས་པའི་ རྟེན་ཡིན་པའི་ཕྱིར་གཞིའི་ཡན་ལག་ཡིན་ནོ། །ཇི་ལྟར་ཡན་ལག་བདུན་གཞི་ཡིན་པ་དེ་བཞིན་འབྲས་བུ་ཡིན། ཡན་ལག་བདུན་པོ་ཉིད་འབྲས་བུར་གྱུར་པ་དག་ཡིན་ནོ། །ལྷག་མ་ལྔ་ནི་ལས་དང་ཉོན་མོངས་པའི་རང་བཞིན་ཡིན་པའི་ཕྱིར་རྒྱུར་གྱུར་པ་དག་ཡིན་ནོ། །ཡང་ ཅིའི་ཕྱིར་གཞི་རྣམ་པ་ལྔ་དང་ཉོན་མོངས་པ་རྣམ་པ་གཉིས་ཐ་དད་པའི་ཕྱིར་དབུས་སུ་ནི་རྒྱུ་དང་འབྲས་བུ་དག་རྒྱ་ཆེར་བསྐྱེད་ལ། མ་འོངས་པའི་དུས་སུ་ནི་རྣམ་པ་གཉིས་ཐ་དད་པའི་ཕྱིར་འབྲས་བུ་མདོར་བསྡུས། འདས་པའི་དུས་སུ་ནི་ཉོན་མོངས་པ་སྒོ་གཅིག་ཏུ་བསྟན་པའི་ཕྱིར་ རྒྱུ་མདོར་བསྡུས་ཤེ་ན། གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །བར་མ་ཁོ་ནས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་གི་རྒྱུ་དང་འབྲས་བུ་རྒྱས་པར་རྗེས་སུ་དཔག་པར་ནུས་པས་མ་བཤད་དེ། ཡང་དོན་མེད་པའི་འབད་པ་མ་བྱས་སོ། །གལ་ ཏེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཁོ་ན་ཡིན་ན་དེ་ལྟ་ན་གོ། །མ་རིག་པའི་རྒྱུ་མ་བསྟན་པའི་ཕྱིར་འཁོར་བ་ཐོག་མ་ཅན་དུ་ཡང་འགྱུར་ལ། རྒ་ཤིའི་འབྲས་བུ་མ་བསྟན་པའི་ཕྱིར་མཐའ་དང་ལྡན་པར་ཡང་འགྱུར་བའམ། ཡང་ན་ནི་ཡན་ལག་གཞན་ གྱིས་ཁ་བསྐང་དགོས་སོ། །དེ་ལ་ཡང་གཞན་ཞིག་ཡོད་ན་ནི་ཐུག་པ་མེད་པར་འགྱུར་རོ་ཞེ་ན། ཁ་བསྐང་བར་བྱ་མི་དགོས་ཏེ། འདི་ལྟར་འདིར་བཅོམ་ལྡན་འདས་ཀྱིས། ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེས། ། འདི་ནི་སྲིད་པའི་ཡན་ལག་ལུགས། །ཞེས་བསྟན་ཟིན་ཏོ། །ཉོན་མོངས་པ་ལས་ཉོན་མོངས་པ་སྐྱེ་སྟེ། སྲེད་པ་ལས་ལེན་པའོ། །ཉོན་མོངས་པ་ལས་ལས་ཏེ། ལེན་པ་ལས་ནི་སྲིད་པ་དང་། མ་རིག་པ་ལས་འདུ་བྱེད་རྣམས་སོ། །ལས་ལས་གཞི་སྟེ། འདུ་བྱེད་རྣམས་ལས་རྣམ་པར་ ཤེས་པ་དང་། སྲིད་པ་ལས་སྐྱེ་བའོ། །གཞི་ལས་གཞི་སྟེ། རྣམ་པར་ཤེས་པ་ལས་མིང་དང་གཟུགས་ནས་རེག་པ་ལས་ཚོར་བའི་བར་དང་། སྐྱེ་བ་ལས་རྒ་ཤིའོ། །གཞི་ལས་ཉོན་མོངས་པ་སྟེ། ཚོར་བ་ལས་སྲེད་པའོ། །གང་གི་ཕྱིར་སྲིད་པའི་ཡན་ལག་རྣམས་ཀྱི་ལུགས་དེ་ལྟར་ རྣམ་པར་གཞག་པ་དེའི་ཕྱིར་མ་རིག་པ་ཉོན་མོངས་པའི་རང་བཞིན་ཡང་གཞི་འམ་ཉོན་མོངས་པ་ལས་སྐྱེ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ལ། རྒ་ཤི་ནི་ཚོར་བ་ལ་ཐུག་པའི་གཞི་ལས་ཀྱང་ཉོན་མོངས་པ་འབྱུང་ངོ་ཞེས་བསྟན་པ་ཡིན་པས་ཡང་འདི་ལ་ཁ་བསྐང་བར་བྱ་བ་ཅུང་ཟད་ ཀྱང་མེད་དེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདིའི་ནུས་པ་ཅི་ཞིག་ཡོད་པར་འགྱུར། གཞན་དག་ན་རེ་མདོ་གཞན་ལས་མ་རིག་པ་ཡང་ཚུལ་བཞིན་མ་ཡིན་ པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་མ་རིག་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་ལ། དེ་ནི་འདིར་ཡང་ལེན་པའི་ནང་དུ་འདུས་པའི་ཕྱིར་བཤད་པ་ཡིན་ནོ་ཞེས་ཟེར་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། ལེན་པའི་ནང་དུ་ཇི་ལྟར་འདུས། གལ་ཏེ་མཚུངས་པར་ལྡན་པ་ལས་ཡིན་ནོ་ཞེ་ན་ནི་སྲིད་པ་དང་མ་རིག་པ་དག་གི་ནང་དུ་ཡང་དེ་འདུས་པར་ཐལ་བར་འགྱུར་རོ། །ནང་དུ་འདུས་པ་ཡིན་དུ་ཆུག་ན་ཡང་ཇི་ལྟར་འདིར་མ་རིག་པ་ནི་ཚུལ་བཞིན་མ་ཡིན་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་བསྟན་པ་ཡིན། གལ་ཏེ་ནང་དུ་འདུས་པ་ ཁོ་ནས་རྒྱུ་དང་འབྲས་བུའི་དངོས་པོར་ཤེས་པར་འགྱུར་ན། འོ་ན་ནི་སྲེད་པ་དང་མ་རིག་པ་དག་ཀྱང་དེའི་ནང་དུ་འདུས་པའི་ཕྱིར་ཡན་ལག་གཞན་ཉིད་དུ་མི་བྱ་བར་ནུས་སོ། །གཞན་དག་ན་རེ་མདོ་གཞན་ལས་མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་པར་གསུངས་ཏེ། དེ་ཡང་ མིག་དང་གཟུགས་རྣམས་ལ་བརྟེན་ནས་གཏི་མུག་ལས་སྐྱེས་པའི་ཡིད་ལ་བྱེད་པའི་རྙོག་པ་སྐྱེའོ་ཞེས་གསུངས་པའི་ཕྱིར་རེག་པའི་དུས་སུ་བསྟན་པ་ཡིན་ལ། མདོ་གཞན་ལས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་སྲེད་པ་སྐྱེའོ་ཞེས་གསུངས་པའི་ཕྱིར་ ཚོར་བའི་དུས་སུ་ཡང་མ་རིག་པ་གདོན་མི་ཟ་བར་ཡོད་དོ། །དེ་ལྟ་བས་ན་རེག་པའི་དུས་ན་ཡོད་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་ཚོར་བ་དང་ལྷན་ཅིག་འཇུག་པའི་མ་རིག་པའི་རྐྱེན་གྱི་ངོ་བོར་གྲུབ་པས་མ་རིག་པ་རྒྱུ་མེད་པ་ཉིད་ཀྱང་མ་ཡིན་ཞིང་། ཡན་ལག་གཞན་གྱིས་ཁ་ བསྐང་བར་ཡང་མི་བྱའོ། །ཐུག་པ་མེད་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། གཏི་མུག་ལས་སྐྱེས་པའི་ཡིད་ལ་བྱེད་པ་རྙོག་པ་ཞེས་འབྱུང་བས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ཡང་གཏི་མུག་ལས་སྐྱེས་པར་གསུངས་པའི་ཕྱིར་རོ། །འོ་ན་ནི་དེ་ནི་གཞན་དུ་གསུངས་པས་འདིར་ ཡང་བརྗོད་པར་བྱ་དགོས་སོ་ཞེ་ན། བརྗོད་པར་བྱ་མི་དགོས་སོ། །མ་བརྗོད་བཞིན་དུ་ཇི་ལྟར་གོ་ཞེ་ན་རིགས་པ་ལས་སོ། །རིགས་པ་གང་གིས་ཤེ་ན། དགྲ་བཅོམ་པ་རྣམས་ཀྱི་ཚོར་བ་མ་རིག་པ་མེད་པ་ནི་སྲེད་པའི་རྐྱེན་མ་ཡིན་ནོ། །ཕྱིན་ཅི་ལོག་མེད་པའི་སྲིད་པ་ཡང་ཉོན་མོངས་པ་ཅན་གྱི་ཚོར་བའི་ རྐྱེན་མ་ཡིན་ལ། དགྲ་བཅོམ་པ་མ་རིག་པ་མེད་པའི་རེག་པ་ཡང་ཕྱིན་ཅི་ལོག་མ་ཡིན་ནོ་ཞེས་བྱ་བའི་རིགས་པ་འདིས་སོ། །ཇི་སྙེད་རིགས་པས་འཐད་པ་དེ་སྙེད་མ་བཤད་བཞིན་དུ་ཡང་གོ་བར་འགྱུར་ན། དེ་ལྟ་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟ་བས་ན་འདི་ནི་ལན་མ་ཡིན་ནོ། །མ་རིག་ པ་དང་། རྒ་ཤི་དག་ལས་གཞན་མ་བསྟན་པའི་ཕྱི