Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 140

Văn bản gốc(Tây Tạng)

Trang 11 / 17 (50.000 ký tự/trang)
་ཆེན་པོ་ཕྲག་བཅུ་ལ་ནི་རྟོགས་འགྲོའོ། །རྟོགས་འགྲོ་ཕྲག་བཅུ་ལ་ནི་རྟོགས་འགྲོ་ཆེན་པོའོ། །རྟོགས་འགྲོ་ཆེན་པོ་ཕྲག་བཅུ་ལ་འབྱིང་རྡུལ་ལོ། །
འབྱིང་རྡུལ་ཕྲག་བཅུ་ལ་ནི་འབྱིང་རྡུལ་ཆེན་པོའོ། །འབྱིང་རྡུལ་ཆེན་པོ་ཕྲག་བཅུ་ལ་ནི་རྒྱ་རྟགས་སོ། །རྒྱ་རྟགས་ཕྲག་བཅུ་ལ་ནི་རྒྱ་རྟགས་ཆེན་པོའོ། །རྒྱ་རྟགས་ཆེན་པོ་ཕྲག་བཅུ་ལ་ནི་སྟོབས་འཁོར་རོ། །སྟོབས་འཁོར་ཕྲག་བཅུ་ལ་ནི་སྟོབས་འཁོར་ཆེན་པོའོ། །སྟོབས་འཁོར་ཆེན་

པོ་ཕྲག་བཅུ་ལ་ནི་བརྡ་ཤེས་སོ། །བརྡ་ཤེས་ཕྲག་བཅུ་ལ་ནི་བརྡ་ཤེས་ཆེན་པོའོ། །བརྡ་ཤེས་ཆེན་པོ་ཕྲག་བཅུ་ལ་ནི་རྣམ་འབྱུང་ངོ་། །རྣམ་འབྱུང་ཕྲག་བཅུ་ལ་ནི་རྣམ་འབྱུང་ཆེན་པོའོ། །རྣམ་འབྱུང་ཆེན་པོ་ཕྲག་བཅུ་ལ་ནི་སྟོབས་མིག་གོ། །སྟོབས་མིག་ཕྲག་བཅུ་ལ་ནི་སྟོབས་མིག་ཆེན་པོའོ། །
སྟོབས་མིག་ཆེན་པོ་ཕྲག་བཅུ་ལ་ནི་གྲངས་མེད་པ་སྟེ། བར་གྱི་གནས་བརྒྱད་ནི་མ་རྙེད་དོ། །དེ་ལྟར་ན་གནས་གཞན་དྲུག་ཅུར་ཕྱིན་པ་དེ་དག་ཏུ་ཕྱིན་པའི་བསྐལ་པ་ནི། བསྐལ་པ་གྲངས་མེད་པ་ཞེས་བྱའོ། །དེ་ནས་ཡང་བཟློག་ནས་བགྲང་སྟེ། དེ་ལྟར་ན་གྲངས་མེད་པ་གསུམ་ཞེས་བྱ་བའི་རྣམ་པ་
ཐམས་ཅད་དུ་ཡོངས་སུ་བགྲང་བར་མི་ནུས་པས་ནི་མ་ཡིན་ནོ། །འོ་ན་ཡང་བྱང་ཆུབ་སེམས་དཔའ་སྨོན་ལམ་བཏབ་པ་རྣམས་དུས་རིང་པོ་ཁོ་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རམ་ཞེ་ན། ཅི་དེ་དེ་ལྟར་འགྱུར་རམ། བྱང་ཆུབ་སེམས་དཔའ་རྣམས་ནི་བསྐལ་པ་གྲངས་མེད་པ་གསུམ་
དུ་དཀའ་བ་བརྒྱ་སྟོང་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གལ་ཏེ་ཐར་པའི་གོ་སྐབས་གཞན་དེ་ལྟ་མ་ཡིན་པ་ཡང་ཡོད་ན་གོ། དེ་དག་ཅིའི་ཕྱིར་འབད་པ་འདི་སྙེད་ཅིག་རྩོམ་པར་བྱེད་ཅེ་ན། དེ་དག་ནི་ཇི་
ལྟར་ན་གཞན་དག་ཀྱང་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་ཡོངས་སུ་བསྐྱབ་པར་ནུས་པར་འགྱུར་སྙམ་དུ་གཞན་གྱི་དོན་དུ་འབད་པ་རྩོམ་པར་བྱེད་དོ། །འདི་དག་གི་གཞན་གྱི་དོན་གྱིས་བདག་གི་དོན་དུ་འགྱུར་བ་གང་ཡིན་ཞེ་ན། དེ་དག་གི་གཞན་གྱི་དོན་གང་ཡིན་པ་དེ་ཉིད་བདག་གི་དོན་ཏེ། དེ་འདོད་
པའི་ཕྱིར་རོ། །ད་ནི་སུ་ཞིག་འདི་ལ་དད་པར་འགྱུར་ཞེ་ན། བདག་གསོ་བར་བྱེད་པའི་སྙིང་རྗེ་མེད་པ་རྣམས་ཀྱིས་འདི་ལ་དད་པར་དཀའ་བ་ནི་བདེན་ནོ། །སྙིང་རྗེ་ཅན་རྣམས་ཀྱིས་དད་པར་བྱས་ཟིན་པ་ཡིན་ཏེ། དཔེར་ན་འདི་ན་སྙིང་རྗེ་མེད་པ་ལ་གོམས་པ་ཁ་ཅིག་རང་གི་དོན་མེད་བཞིན་དུ་ཡང་གཞན་
ཉོན་མོངས་པ་ལ་མངོན་པར་དགའ་བ་དམིགས་པ་དེ་བཞིན་དུ་སྙིང་རྗེ་ལ་གོམས་པ་དག་རང་གི་དོན་མེད་བཞིན་དུ་ཡང་གཞན་ལ་ཕན་པར་བྱ་བ་ལ་མངོན་པར་དགའ་བ་ཡོད་དོ་སྙམ་དུ་ཡིད་ཆེས་པར་བྱའོ། །ཡང་དཔེར་ན་འདུས་བྱས་ཀྱི་མཚན་ཉིད་མངོན་པར་མི་ཤེས་པ་དག་གོམས་པའི་དབང་གིས་

འདུས་བྱས་བདག་མེད་པར་གྱུར་པ་དག་ལ་བདག་ཏུ་ཆགས་པ་བསྐྱེད་ནས་རྒྱུ་དེས་སྡུག་བསྔལ་དག་ཉམས་སུ་མྱོང་བར་འགྱུར་བ་དེ་བཞིན་དུ་གོམས་པའི་དབང་གིས་དེ་དག་ལས་བདག་ཏུ་ཆགས་པ་བཟློག་ནས། གཞན་དག་ལ་ལྟ་བ་བསྐྱེད་དེ། རྒྱུ་དེས་སྡུག་བསྔལ་དག་མྱོང་བར་
འགྱུར་རོ་སྙམ་དུ་ཡིད་ཆེས་པར་བྱའོ། །གང་གཞན་དག་གི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་ཞིང་། གཞན་དག་གི་བདེ་བས་བདེ་བར་འགྱུར་གྱི། བདག་ཉིད་ཀྱི་ནི་མ་ཡིན་པ་དེ་ལྟ་བུའི་རིགས་གཞན་ཁོ་ན་ཡང་འགྲུབ་སྟེ། དེ་ལྟ་ནི་རང་གི་དོན་དུ་མི་བལྟའོ། །འདིར་སྨྲས་པ། དམན་པ་དེ་
དང་དེའི་ཐབས་ཀྱིས་རང་གི་རྒྱུད་དུ་གཏོགས་པའི་བདེ་བ་དོན་དུ་གཉེར། འབྲིང་པོ་སྡུག་བསྔལ་ལྡོག་པ་ཁོ་ནའོ། །བདེ་མིན་གང་ཕྱིར་དེ་ནི་སྡུག་བསྔལ་གནས་ཡིན་ཕྱིར། །དམ་པ་རང་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་རྣམས་ཀྱིས་གཞན་དག་ལ་ནི་བདེ་བ་དང་། །སྡུག་བསྔལ་གཏན་ལྡོག་ཁོ་ན་དོན་
གཉེར་གང་ཕྱིར་དེ་ཡི་སྡུག་བསྔལ་གྱིས་དེ་སྡུག་བསྔལ་ཕྱིར། །ཡང་ཅི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡར་སྐྱེ་བའི་ཚེ་འབྱུང་ངམ། འོན་ཏེ་མར་འགྲིབ་པའི་ཚེ་འབྱུང་ཞེ་ན། མར་ནི་འགྲིབ་པ་ཡི། བརྒྱ་ཡི་བར་ལ་དེ་དག་འབྱུང་། །སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་བ་མར་འགྲིབ་པ་
ནས་བརྩམས་པ་ནས་མི་རྣམས་ཀྱི་ཚེ་ལོ་བརྒྱ་པ་ཡིན་པའི་བར་འདིར་སངས་རྒྱས་རྣམས་འབྱུང་བར་འགྱུར་རོ། །ཅིའི་ཕྱིར་ཡང་སྐྱེ་བའི་དུས་སུ་ནི་མ་ཡིན་ཞེ་ན། དེའི་ཚེ་སེམས་ཅན་རྣམས་སྐྱོ་བར་དཀའ་བའི་ཕྱིར་རོ། །ཅིའི་ཕྱིར་བརྒྱ་ལས་མར་འགྲིབ་པའི་ཚེ་མ་ཡིན་ཞེ་ན། དེའི་ཚེ་སྙིགས་མ་ལྔ་
པོ་འདི་ལྟ་སྟེ། ཚེའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་ཤིན་ཏུ་ལྷག་པ་ཡིན་ཏེ། མར་འགྲིབ་པའི་འོག་ཏུ་ནི་ཚེ་ལ་སོགས་པ་ཐ་ཆད་ཡིན་ནོ། །ངན་སྙིགས་སུ་གྱུར་པའི་ཕྱིར་སྙིགས་མ་དག་ཅེས་
བྱའོ། །གཉིས་ཀྱིས་ནི་གོ་རིམས་བཞིན་དུ་སྲོག་དང་ཡོ་བྱད་རྒུད་པར་བྱེད་དོ། །གཉིས་ཀྱིས་ནི་འདོད་པའི་བསོད་ཉམས་དང་བདག་ངལ་བ་ལ་སོགས་པའམ། ཡང་ན་ཁྱིམ་པའམ་རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབང་དུ་བྱས་ནས་དགེ་བའི་ཕྱོགས་རྒུད་པར་བྱེད་དོ། །གཅིག་གིས་ནི་ལུས་

རྒུད་པར་བྱེད་དོ། །བོང་ཚོད་དང་། གཟུགས་དང་། ནད་མེད་པ་དང་། སྟོབས་དང་། བློ་དང་། དྲན་པ་དང་། བརྩོན་འགྲུས་དང་། བརྟན་པ་ཉམས་པའི་ཕྱིར་རོ། །ཡང་རང་སངས་རྒྱས་རྣམས་དུས་གང་དུ་འབྱུང་ཞེ་ན། རང་སངས་རྒྱས་རྣམས་གཉི་ག་ལ། ཡར་སྐྱེ་བ་ལ་ཡང་འབྱུང་། མར་འགྲིབ་
པ་ན་ཡང་འབྱུང་ངོ་། །རང་སངས་རྒྱས་རྣམས་ནི་རྣམ་པ་གཉིས་ཏེ། ཚོགས་ཤིང་སྤྱོད་པ་རྣམས་དང་། བསེ་རུ་ལྟ་བུ་རྣམས་སོ། །དེ་ལ་ཚོགས་ཤིང་སྤྱོད་པ་རྣམས་ནི་ཉན་ཐོས་ཀྱི་རིགས་སུ་གྱུར་པ་སྔོན་དུ་འགྲོ་བའི་རང་རྒྱལ་བ་རྣམས་ཞེས་བྱའོ། །གཞན་དག་ན་རེ་སོ་སོའི་སྐྱེ་བོ་སྔོན་དུ་འགྲོ་བ་དག་
ཀྱང་ཡོད་དེ། གང་དག་གཞན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་བསྐྱེད་པ་ཚེ་འདི་ལ་བདག་ཉིད་ཀྱིས་ལམ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་ཟེར་ཞིང་། འདི་སྐད་དུ་རེ་ཞིག་རི་ལ་དཀའ་ཐུབ་ཅན་ལྔ་བརྒྱ་ཞིག་དཀའ་ཐུབ་དྲག་པོ་དག་གིས་གདུང་བར་བྱས་པ་ན་རང་སངས་རྒྱས་དང་
ལྷན་ཅིག་གནས་གནས་པའི་སྤྲེའུ་ཞིག་དང་ཕྲད་ནས་དེའི་སྤྱོད་ལམ་བསྟན་པས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་གྲག་གོ་ཞེས་སྔོན་གྱི་གཏམ་འདོན་པར་བྱེད་དོ། །འཕགས་པ་དག་ཅིག་ཡིན་ན་ནི་དཀའ་ཐུབ་དྲག་པོ་དག་གིས་གདུང་བར་མི་འགྱུར་རོ་ཞེའོ། །
བསེ་རུ་ལྟ་བུ་རྣམས་ནི་རེ་རེ་གནས་པ་དག་ཡིན་ནོ། །རང་སངས་རྒྱས་དེ་དག་ལས། བསེ་རུ་བསྐལ་པ་བརྒྱའི་རྒྱུས་བསྐལ་པ་ཆེན་པོ་བརྒྱར་བྱང་ཆུབ་ཀྱི་ཚོགས་དག་ལ་སྤྱོད་པས་བསེ་རུ་ལྟ་བུར་འགྱུར་རོ། །ལུང་མེད་པར་བདག་གཅིག་པུའི་ཕྱིར་སངས་རྒྱས་པས་རང་སངས་རྒྱས་དག་སྟེ། དེ་
དག་ནི་བདག་ཉིད་འདུལ་བར་བྱེད་ཀྱི་གཞན་དག་ནི་མ་ཡིན་ནོ། །འདི་ལ་རྒྱུ་ཅི་ཞིག་ཡོད། རེ་ཞིག་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱིར་ཆོས་སྟོན་པར་མི་སྤྱོད་པ་ཡང་མ་ཡིན་ལ། དེ་དག་གིས་སྔོན་གྱི་སངས་རྒྱས་རྣམས་ཀྱི་བསྟན་པ་རྗེས་སུ་དྲན་ནས་ཡང་ཆོས་སྟོན་པར་སྤྱོད་དོ། །ཐུགས་
རྗེ་མེད་པར་ཡང་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་དོན་དུ་རྫུ་འཕྲུལ་སྟོན་པའི་ཕྱིར་རོ། །སེམས་ཅན་རྣམས་སྐལ་བ་དང་མི་ལྡན་པའི་ཕྱིར་ཡང་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་དག་ཀྱང་ཡོད་དོ། །འོ་ན་ཇི་ལྟ་ཞེ་ན། སྔོན་

གོམས་པའི་དབང་གིས་བསོད་སྙོམས་ལ་མོས་པའི་ཕྱིར་སེམས་ཅན་རྣམས་ཆོས་ཟབ་མོ་འཛིན་དུ་འཇུག་པའི་དོན་དུ་བྱེད་པར་མི་སྤྲོ་སྟེ། སྐྱེ་དགུ་རྒྱུན་ཕྱོགས་སུ་འགྲོ་བ་རྣམས་ནི་རྒྱུན་ཕྱོགས་ལས་བཟློག་པར་བཀྲི་བར་དཀའོ། །རྣམ་པར་གཡེང་བ་དང་འདུ་འཛིས་སྐྲག་
པས་འཁོར་ཡོངས་སུ་གཟུང་བར་འགྱུར་བ་སྤང་བའི་ཕྱིར་རོ། །འཁོར་ལོས་སྒྱུར་བ་རྣམས་ནམ་འབྱུང་ཞེ་ན། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་ནས་བརྒྱད་ཁྲིའི་བར་དུ་འཁོར་ལོས་སྒྱུར་བ་རྣམས་འབྱུང་ངོ་། །འོག་ཏུ་ནི་མ་
ཡིན་ཏེ། དེ་བས་ཐུང་བའི་ཚེ་ནི་ཕུན་སུམ་ཚོགས་པ་དེའི་སྣོད་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་རྒྱལ་སྲིད་འཁོར་ལོས་སྒྱུར་བའི་ངང་ཚུལ་ཅན་ཡིན་པས་འཁོར་ལོས་སྒྱུར་བ་རྣམས་སོ། །དེ་དག་ཀྱང་རྣམ་པ་བཞི་སྟེ། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །གང་དག་ལ་གསེར་དང་།
དངུལ་དང་། ཟངས་དང་། ལྕགས་ཀྱི་འཁོར་ལོ་དག་ཡོད་པ་སྟེ། དེ་དག་གི་དང་པོ་ནི་མཆོག་ཡིན་ནོ། །གཉིས་པ་ནི་ཉེ་བའི་མཆོག་ཡིན་ནོ། །གསུམ་པ་ནི་འབྲིང་ཡིན་ནོ། །བཞི་པ་ནི་ཐ་མའོ། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །གང་ལ་ལྕགས་
ཀྱི་འཁོར་ལོ་ཡོད་པ་དེ་ནི་གླིང་གཅིག་གི་བདག་པོ་ཡིན་ནོ། །གང་ལ་ཟངས་ཀྱི་ཡོད་པ་དེ་ནི་གཉིས་ཀྱིའོ། །གང་ལ་དངུལ་གྱི་ཡོད་པ་དེ་ནི་གསུམ་གྱིའོ། །གང་ལ་གསེར་གྱི་ཡོད་པ་དེ་ནི་གླིང་བཞི་ལ་དབང་བ་ཡིན་ཏེ། འདི་ནི་བཏགས་པ་ལས་བསྟན་པ་ཡིན་ནོ། །མདོ་ལས་ནི་གཙོ་བོ་སྨོས་
པའི་ཕྱིར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གང་ཞིག་ཚེས་བཅོ་ལྔ་ལ་གསོ་སྦྱོང་གི་དུས་དེ་ཁོ་ནར་མགོ་བཀྲུས་གསོ་སྦྱོང་བསྟེན་ནས་ཁང་བཟངས་ཀྱི་ཐོག་ཏུ་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལ་ཤར་ཕྱོགས་ནས་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ། ལྟེ་བ་དང་བཅས་པ། མུ་
ཁྱུད་དང་བཅས་པ། རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ། མཛེས་པ། མཁན་བཟོས་མ་བྱས་པ། ལྷ་རྫས་ཐམས་ཅད་གསེར་གྱི་རང་བཞིན་འབྱུང་བར་འགྱུར་བ་དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས་གསེར་གྱི་འཁོར་ལོ་གཅིག་ཁོ་ནར་གསུངས་སོ། །འཁོར་ལོས་སྒྱུར་

བའི་རྒྱལ་པོ་དེ་དག་ནི་འདི་ལྟར་འབྱུང་སྟེ། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །མདོ་ལས་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་སྔ་ཕྱི་མེད་པར་འཇིག་རྟེན་དུ་འབྱུང་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། འདི་ནི་གནས་མེད་ཀྱི།
གཅིག་གང་ཡིན་པ་དེ་ནི་གནས་ཡོད་དོ། །དེ་བཞིན་གཤེགས་པ་དག་ཇི་ལྟ་བར་འཁོར་ལོས་སྒྱུར་བ་དག་ཀྱང་དེ་བཞིན་ནོ་ཞེས་གསུངས་སོ། །འདིར་ནི་འདི་དཔྱད་པར་བྱ་སྟེ། ཅི་འདིར་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ལ་འཇིག་རྟེན་དུ་འདོད་དམ། འོན་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡིན་
ཞེ་ན། ཁ་ཅིག་ན་རེ་གཞན་དུ་སངས་རྒྱས་དག་མི་འབྱུང་ངོ་། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་མཐུ་ཐོགས་པ་ཡོད་པར་འགྱུར་དུ་འོང་ངོ་། །བཅོམ་ལྡན་འདས་གཅིག་ཁོ་ནས་ཐམས་ཅད་དུ་ཡང་སྤྱོད་དོ། །གང་དུ་བཅོམ་ལྡན་འདས་གཅིག་གིས་གདུལ་བྱ་རྣམས་གདུལ་བར་མི་སྤྱོད་པ་དེ་
ནི་གཞན་གྱིས་ཀྱང་མི་སྤྱོད་དོ། །མདོ་ལས་ཀྱང་། ཤཱ་རིའི་བུ་གལ་ཏེ་ལ་ལ་ཞིག་ཁྱོད་ཀྱི་ཐད་དུ་འོངས་ནས་འདི་སྐད་དུ། ད་ལྟར་དགེ་སློང་ངམ། བྲམ་ཟེ་གང་ཡང་རུང་། དགེ་སྦྱོང་གཽ་ཏ་མ་དང་འདི་ལྟ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ལ་མཉམ་ཞིང་མཉམ་པ་འགའ་ཞིག་
ཡོད་དམ་ཞེས་འདྲི་བར་འགྱུར་ན། དེ་སྐད་དུ་དྲིས་ན་ཇི་སྐད་དུ་ལན་གདབ། བཙུན་པ་གལ་ཏེ་ལ་ལ་ཞིག་བདག་གི་ཐད་དུ་མཆིས་ནས་འདི་སྐད་དུ་འདྲི་བར་འགྱུར་ན། དེ་ལ་བདག་གིས་འདི་སྐད་ཅེས་ད་ལྟར་དགེ་སློང་ངམ། བྲམ་ཟེ་ཡང་རུང་། བཅོམ་ལྡན་འདས་དང་མཉམ་ཞིང་མཉམ་པ་
ནི་འགའ་ཡང་མེད་དོ་ཞེས་དྲིས་པའི་ལན་གདབ་པར་བགྱིའོ། །བཙུན་པ་དེ་ཅིའི་སླད་དུ་ཞེ་ན། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་སྔ་ཕྱི་མེད་པར་འཇིག་རྟེན་དུ་འབྱུང་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། འདི་ནི་གནས་མེད་དོ་ཞེས་
བཅོམ་ལྡན་འདས་ལས་ཐོས་ཤིང་མངོན་སུམ་དུ་བཟུང་བའི་སླད་དུའོ་ཞེས་གསུངས་སོ་ཞེས་ཟེར་རོ། །འོ་ན་གང་བཅོམ་ལྡན་འདས་ཀྱིས་ཚངས་པའི་མདོ་ལས། ང་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་བར་འདི་ལ་དབང་བསྒྱུར་རོ་ཞེས་གང་གསུངས་པ་ཇི་ལྟར་དྲང་ཞེ་ན། བསྟན་

པ་འདི་ནི་དགོངས་པ་ཅན་ཡིན་ནོ། །འདི་ལ་དགོངས་པ་གང་ཡིན་ཞེ་ན། མངོན་པར་འདུ་མཛད་པ་མི་མངའ་བར་དེ་སྲིད་དུ་རྣམ་པར་གཟིགས་པའི་ཕྱིར་རོ། །མངོན་པར་འདུ་མཛད་ན་ནི་སངས་རྒྱས་རྣམས་ཀྱི་སྤྱན་གྱི་ཡུལ་མཐའ་ཡས་པ་ཡིན་ནོ། །སྡེ་པ་གཞན་དག་
ན་རེ་འཇིག་རྟེན་གྱི་ཁམས་གཞན་དག་ན་ཡང་སངས་རྒྱས་རྣམས་བཞུགས་སོ། །ཅིའི་ཕྱིར་ཞེ་ན། མང་པོ་ཞིག་མཉམ་དུ་ཚོགས་དག་ལ་ཞུགས་པར་སྣང་ལ། གཅིག་ཏུ་སངས་རྒྱས་མང་པོ་ཞིག་ཅིག་ཅར་འབྱུང་བར་ཡང་མི་རུང་ལ། འབྱུང་བ་ལ་བགེགས་བྱེད་པ་འགའ་ཡང་མེད་པས་གདོན་མི་ཟ་
བར་འཇིག་རྟེན་གཞན་དག་ཏུ་འབྱུང་ངོ་། །འཇིག་རྟེན་གྱི་ཁམས་དག་ཀྱང་མཐའ་ཡས་པས་བཅོམ་ལྡན་འདས་ཀྱི་སྐུ་ཚེ་བསྐལ་པར་བཞུགས་ཀྱང་། འདིར་ཇི་ལྟ་བར་མཐའ་ཡས་པ་གཞན་དག་ཏུ་མཛད་པར་མི་སྤྱོད་ན་མིའི་ཚེས་ལྟ་སྨོས་ཀྱང་ཅི་དགོས། འདིར་བཅོམ་ལྡན་འདས་ཇི་ལྟར་
མཛད་ཅེ་ན། གང་ཟག་འདིའི་དབང་པོ་འདི་ནི་དུས་འདི་སྲིད་ཀྱིས་ཡུལ་ཆེ་གེ་མོ་ཞིག་ཏུ་གང་འདི་ལ་བརྟེན་ནས་ཉེས་པ་འདི་ཡོངས་སུ་སྤངས་ཤིང་ཡན་ལག་འདི་ཉེ་བར་བསྒྲུབས་པའི་ཕྱིར་སྦྱོར་བ་འདིས་ནམ་སྐྱེས་པ་ནི་སྐྱེ་བར་འགྱུར་རོ། །མ་རྫོགས་པ་ནི་ཡོངས་སུ་རྫོགས་པར་འགྱུར་རོ་
ཞེས་བྱ་བར་མཁྱེན་པ་ལྟ་བུ་ཡིན་ནོ། །འདི་ལ་ཁུངས་སུ་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་སྔ་ཕྱི་མེད་པར་འཇིག་རྟེན་དུ་འབྱུང་བར་འགྱུར་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་བྱ་བའི་མདོ་འདི་ཕྱུང་བ་གང་ཡིན་པ་དེ་ཉིད་ཀྱང་འཇིག་རྟེན་
གྱི་ཁམས་གཅིག་གི་དབང་དུ་མཛད་ནས་གསུངས་པ་ཞིག་གམ། འོན་ཏེ་ཐམས་ཅད་ཀྱི་དབང་དུ་མཛད་ནས་གསུངས་པ་ཞིག་ཅེས་དཔྱད་པར་བྱའོ། །འཁོར་ལོས་སྒྱུར་བ་རྣམས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་ཡང་འབྱུང་བར་མི་འགྱུར་ཏེ། ལྷན་ཅིག་འབྱུང་བ་བཀག་པའི་ཕྱིར་སངས་
རྒྱས་བཞིན་ནོ། །འོན་ཏེ་བཟོད་ན་ནི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་བསོད་ནམས་ཀྱི་གཞི་ཡིན་པས་འདི་ཡང་ཅིའི་ཕྱིར་མི་བཟོད་དེ། གལ་ཏེ་མང་པོ་ཞིག་ཏུ་ཕལ་པོ་ཆེ་ཞིག་འབྱུང་བར་གྱུར་ན་ཡང་སྐྱོན་དུ་མི་འགྱུར་གྱི་འཇིག་རྟེན་ཕལ་ཆེར་མངོན་པར་མཐོ་བ་དང་ངེས་པར་ལེགས་

པ་དང་ལྡན་པར་འགྱུར་རོ། །འོན་ཏེ་གཅིག་ཏུ་ཡང་དེ་བཞིན་གཤེགས་པ་གཉིས་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཞེ་ན། དགོས་པ་མེད་པའི་ཕྱིར་དང་། སྨོན་ལམ་གྱི་དབང་གིས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་འདི་སྐད་དུ་ཀྱེ་མ་བདག་ནི་འདྲེན་པ་མེད་པ་ལྡོངས་པའི་འཇིག་རྟེན་དུ་མགོན་མེད་
པ་རྣམས་ཀྱི་མགོན་དུ་སངས་རྒྱས་སུ་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པར་བྱེད་དོ། །གུས་པ་དང་རིངས་པར་བྱ་བའི་ཡང་ཕྱིར་རོ་ཞེས་ཟེར་རོ། །སངས་རྒྱས་གཅིག་ལ་ནི་ཤིན་ཏུ་ཡང་གུས་པར་འགྱུར་ལ། འདི་ལྟ་བུ་གཞན་ལ་ནི་རྙེད་པར་དཀའོ་སྙམ་དུ་སེམས་པ་ནི་འདི་
གཤེགས་སམ་ཡོངས་སུ་མྱ་ངན་ལས་འདས་ན་མགོན་མེད་པར་འགྱུར་དུ་འོང་ངོ་ཞེས་བསྟན་པ་བསྒྲུབ་པ་ལ་ཤིན་ཏུ་རིངས་པར་ཡང་བྱེད་དོ། །ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་གསེར་ལ་སོགས་པའི་འཁོར་ལོ་དག་གིས་ས་ལས་རྒྱལ་བར་བྱེད་པ་ན་ཇི་ལྟར་རྒྱལ་བར་བྱེད་ཅེ་ན། གོ་རིམས་
བཞིན་དུ། ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ། གང་ལ་གསེར་གྱི་འཁོར་ལོ་ཡོད་པ་དེ་ལ་ནི་ཁམས་ཀྱི་རྒྱལ་ཕྲན་རྣམས་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། གང་ལོ་ལེགས་པ་དང་། སྐྱེ་བོ་དང་། མི་ཕལ་པོ་ཆེས་བལྟམས་པའི་
ལྗོངས་འདི་དག་ནི་ལྷའི་ལགས་ཀྱི་ལྷས་དེ་དག་རྗེས་སུ་བསྟན་དུ་གསོལ། བདག་ཅག་ནི་ལྷའི་ཞམ་འབྲིང་འཚལ་ལོ་ཞེས་ཕས་བསུ་བར་བྱེད་དོ། །གང་ལ་དངུལ་གྱི་འཁོར་ལོ་ཡོད་པ་དེ་ལ་ནི་བདག་ཉིད་དེ་དག་གི་ཐད་དུ་འགྲོ་སྟེ། ཕྱིས་འདུད་པར་འགྱུར་རོ། །གང་ལ་ཟངས་ཀྱི་འཁོར་
ལོ་ཡོད་པ་དེ་ནི་དེ་དག་གི་ཐད་དུ་སོང་ནས་གཡུལ་ཤོམ་པར་བྱེད་དེ། ཕྱིས་འདུད་པར་འགྱུར་རོ། །གང་ལ་ལྕགས་ཀྱི་འཁོར་ལོ་ཡོད་པ་དེ་ནི་དེ་དག་གི་ཐད་དུ་སོང་ནས་ཕན་ཚུན་མཚོན་བརྩམས་པ་ལས་ཕྱིས་འདུད་པར་བྱེད་དོ། །འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱང་། གནོད་པ་མེད། མཚོན་
ཆས་རྒྱལ་ཡང་གསོད་དུ་མི་འཇུག་གོ། །རྒྱལ་ནས་ཡང་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་འཇོག་པར་བྱེད་དོ། །དེ་གཉིས་ཀྱི་ཕྱིར་དེ་དག་ནི་ངེས་པར་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །མདོ་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་འཇིག་རྟེན་དུ་བྱུང་བས་

འཇིག་རྟེན་དུ་རིན་པོ་ཆེ་སྣ་བདུན་པོ་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ཇི་ལྟར་ན་
སེམས་ཅན་ཞེས་བྱ་བ་གླང་པོ་ཆེ་ལ་སོགས་པ་གཞན་གྱི་ལས་ཀྱིས་འབྱུང་ཞེ་ན། གཞན་གྱི་ལས་ཁོ་ནས་འབྱུང་བ་ནི་མ་ཡིན་གྱི། སེམས་ཅན་གང་དག་གིས་དེ་དང་འབྲེལ་པར་འགྱུར་བའི་ལས་བརྩམས་པ་དེ་ནི་དེ་བྱུང་ན་རང་གི་ལས་དེ་དག་ཁོ་ནས་སྐྱེད་པར་བྱེད་དོ། །ཅི་འཁོར་ལོས་སྒྱུར་
བ་རྣམས་རྒྱལ་པོ་གཞན་དག་ལས་ཁྱད་པར་དེ་ཁོ་ན་ཡོད་དམ་ཞེ་ན། ཁྱད་པར་གཞན་ཡང་ཡོད་དེ། དེ་དག་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱང་ཡོད་དེ། དཔེར་ན་སངས་རྒྱས་རྣམས་ཀྱི་བཞིན་ནོ། །དེ་ལ། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་ལ་རྫོགས་པས་
འཕགས་པ་ཡིན། །སངས་རྒྱས་རྣམས་ཀྱི་མཚན་ནི་ཤིན་ཏུ་ཡུལ་ལ་གནས་པ་དང་། ཤིན་ཏུ་གསལ་བ་དང་། ཤིན་ཏུ་ཀུན་རྫོགས་པ་དག་ཡིན་པས་དེ་དག་གི་ཁྱད་པར་ནི་དེ་ཡིན་ནོ། །ཡང་ཅི་བསྐལ་པ་དང་པོ་པའི་མི་རྣམས་ཀྱང་རྒྱལ་པོ་དང་བཅས་པར་གྱུར་ཏམ་ཞེ་ན། སྨྲས་པ་མ་ཡིན་
ནོ། །འོ་ན་ཇི་ལྟ་བུ་ཞེ་ན། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །བསྐལ་པ་དང་པོ་པའི་མི་རྣམས་ནི་གཟུགས་ན་སྤྱོད་པ་བཞིན་དུ་འགྱུར་ཏེ། མདོ་ལས། དེ་དག་ནི་གཟུགས་དང་ལྡན་པ། ཡིད་ལས་བྱུང་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། དབང་པོ་མ་
ཚང་བ་མེད་པ། ངན་པ་མ་ཡིན་པ། མཛེས་པ། ཁ་དོག་ལ་གནས་པ། རང་གི་འོད་ཅན་ནམ་མཁའ་ལ་འགྲོ་ཞིང་། དགའ་བ་ཟ་ཞིང་ཟས་སུ་དགའ་བ་ཟ་བ། ཚེ་རིང་བ། ཡུན་རིང་པོར་གནས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ནས་རིམ་གྱིས་རོ་ལ་ཆགས། །ལེ་ལོས་གསོག་འཇོག་
བྱས་ནས་ནི། །འཛིན་ཆགས་རྣམས་ཀྱིས་ཞིང་དཔོན་བཏབ། །དེ་བཞིན་དུ་འབྱུང་བ་དེ་དག་ལས་སའི་རོ་སྦྲང་རྩིའི་རོ་བྲོ་བ་ཞིག་བྱུང་བ་དང་། སེམས་ཅན་བརྐམ་པའི་རང་བཞིན་ཅན་གང་ཡང་རུང་བ་ཞིག་གིས་དེའི་དྲི་བསྣམས་ནས་རོ་མྱངས་ཤིང་ཟོས་སོ། །དེ་ནས་སེམས་ཅན་གཞན་དག་

ཀྱང་དེ་བཞིན་དུ་བྱེད་པར་འགྱུར་ཏེ། ཁམ་གྱི་ཟས་ཟ་བའི་རྩོམ་པ་ནི་དེ་ཡིན་ནོ། །དེ་དག་ཟས་དེ་ལ་གོམས་པའི་ཕྱིར་ལུས་ལ་རྩུབ་པ་ཉིད་དང་། ལྕི་བ་ཉིད་ནི་ཞུགས། འོད་ནི་ནུབ་པར་གྱུར་ཏོ། །དེའི་འོག་ཏུ་མུན་པ་འབྱུང་བ་དང་། ཉི་མ་དང་ཟླ་བ་དག་ཀྱང་བྱུང་བར་གྱུར། རོ་ལ་ཆགས་པ་དེ་
དག་ལས་སའི་རོ་དེ་ཡང་རིམ་གྱིས་ནུབ་ནས་ས་ཞག་ཅིག་བྱུང་བར་གྱུར་ཏོ། །དེ་ལ་ཡང་ཆགས་པར་གྱུར་པ་དང་། དེ་ཡང་ནུབ་ནས་མྱུག་གུའི་ཚལ་ཞིག་བྱུང་བར་གྱུར་ཏོ། །དེ་ལ་ཡང་ཆགས་པར་གྱུར་པ་དང་དེ་ཡང་ནུབ་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཞིག་བྱུང་བར་གྱུར་ཏོ། །དེའི་
ཚེ་དེ་ཟོས་པ་དང་དེ་ནི་ཆེས་རགས་པ་ཡིན་པའི་ཕྱིར་ན་རྒྱུ་མཐུན་པ་འབྱུང་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ཀྱི་གཅིན་དང་ཕྱི་སའི་ལམ་དང་ཕོ་མོའི་དབང་པོ་དང་བཅས་པ་དང་། དབྱིབས་ཐ་དད་པ་ཡང་བྱུང་བར་གྱུར་ཏོ། །དེ་དག་ཕན་ཚུན་མཐོང་བ་དང་སྔོན་གོམས་པའི་དབང་གིས་
ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཆུ་སྲིན་འཛིན་ཁྲིའི་ཁམ་དུ་གྱུར་པ་རྣམས་འདོད་པའི་འདོད་ཆགས་ཤས་ཆེར་སྐྱེས་ནས་དེ་ནས་ལོག་པར་ཞུགས་པ་ཡིན་ཏེ། འདོད་པ་ཅན་རྣམས་ཀྱི་འདོད་པའི་འབྱུང་པོའི་གདོན་གྱིས་རློམ་པའི་རྩོམ་པ་ནི་དེ་ཡིན་ནོ། །ཡང་དེ་དག་གི་འབྲས་སཱ་ལུ་དེ་
ནང་བཟའ་བར་བྱ་བ་དེ་ནང་ལེན། ནུབ་བཟའ་བར་བྱ་བ་ཡང་ནུབ་ལེན་པ་ལས། ཡང་སེམས་ཅན་ལེ་ལོའི་རང་བཞིན་ཅན་གང་ཡང་རུང་བ་ཞིག་གིས་གསོག་འཇོག་བྱས་པ་དང་། སེམས་ཅན་གཞན་དག་ཀྱང་གསོག་འཇོག་བྱེད་པར་གྱུར་ཏོ། །དེ་དག་དེ་ལ་བདག་ཏུ་འཛིན་པ་སྐྱེས་
པ་དང་། འབྲས་བུ་དེ་བརྔས་ཤིང་བརྔས་པ་དང་ཡང་མི་སྐྱེ་བར་གྱུར་ཏོ། །དེ་ནས་ཞིང་རྣམས་བགོས་ཏེ་དེ་བདག་གིས་ནི་ཀུན་ཏུ་བཟུང་ནས་གཞན་གྱི་ལ་ནི་དབྲོག་པར་རྩོམ་སྟེ། ཆོམ་རྐུན་གྱི་རྩོམ་པ་དང་པོ་ནི་དེ་ཡིན་ནོ། །དེ་དག་གིས་དེ་དག་དགག་པའི་ཕྱིར་འདུས་ནས་མིའི་ཁྱད་
པར་གང་ཡང་རུང་བ་ཞིག་ཞིང་རྣམས་སྲུང་བར་དྲུག་ཤས་བསྟབས་ཏེ། དེ་ལ་ཞིང་རྣམས་ཀྱི་དཔོན་པོ་རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བའི་མིང་བྱུང་ངོ་། །སྐྱེ་བོའི་ཚོགས་ཕལ་པོ་ཆེས་བཀུར་བ་དང་། སྐྱེ་དགུ་ཡང་དགའ་བར་བྱེད་པས་རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བའི་མིང་བྱུང་

སྟེ། རྒྱལ་པོ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྩོམ་པ་ནི་དེ་ཡིན་ནོ། །དེ་ལ་གང་དག་ཁྱིམ་དག་ནས་ཡིད་ཕྱིར་ཕྱོགས་པ་དེ་དག་ལ་ནི་བྲམ་ཟེ་ཞེས་བྱ་བའི་མིང་བྱུང་ངོ་། །དེ་ནས་གང་ཡང་རུང་བའི་རྒྱལ་པོ་ཞིག་གིས་ཆགས་པས་སེམས་ཅན་རྣམས་ལ་མ་བགོས་
པ་དང་རྐུན་པོ་མང་དུ་གྱུར་ཏེ། དེ་དག་ལ་མཚོན་གྱིས་འདེབས་པར་གྱུར་ཏོ། །དེ་ནས་གཞན་དག་ན་རེ་ཡང་བདག་ཅག་གིས་དེ་ལྟ་བུ་བགྱིས་པ་མ་མཆིས་སོ་ཞེས་བརྫུན་དུ་སྨྲ་བར་བརྩམས་སོ། །དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། །དེ་ན་དེ་ལྟར་ལས་ཀྱི་ལམ་
རྣམས་འཕེལ་བ་དང་མི་རྣམས་ཀྱི་ཚེ་ཁད་ཀྱིས་ཐུང་ངུར་གྱུར་ཏེ། ཐ་མར་མི་ཚེ་ལོ་བཅུ་པར་འགྱུར་རོ། །དེའི་ཕྱིར་ཕུང་ཁྲོལ་གྱི་ཆུ་བོ་འདི་མཐའ་དག་གི་རྩ་བའི་སྐྱེ་གནས་ནི་ཆོས་གཉིས་ཏེ། རོ་ལ་ཆགས་པ་དང་། ལེ་ལོའོ། །མི་རྣམས་ཀྱི་ཚེ་ལོ་བཅུ་པ་ན་བར་གྱི་བསྐལ་པ་ཚར་ཕྱིན་པ་ཡིན་ནོ། །ཇི་
ལྟར་ཡིན་ཞེ་ན། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །བར་གྱི་བསྐལ་པ་ནི་མཚོན་དང་། ནད་དང་། མུ་གེ་དང་གསུམ་གྱིས་ཚར་ཕྱིན་ཏོ། །བར་གྱི་བསྐལ་པ་ཚར་ཕྱིན་པའི་ཚེ་མི་རྣམས་ཚེ་ལོ་བཅུ་པ་དང་། ཆོས་མ་ཡིན་པ་ལ་འདོད་ཆགས་ཀྱིས་ཆགས་པ་དང་། ཡ་
ང་བ་ལ་ཆགས་པས་ཟིལ་གྱིས་ནོན་པ་དང་། ལོག་པའི་ཆོས་ཀྱིས་ཀུན་ནས་དཀྲིས་པར་འགྱུར་རོ། །དེ་དག་གིས་གནོད་སེམས་ཡོངས་སུ་སྐྱེ་བར་འགྱུར་བ་ན་སེམས་ཅན་གཅིག་གིས་གཅིག་མཐོང་ན་དཔེར་ན་ད་ལྟར་རི་དགས་ཀྱི་རྔོན་པས་དགོན་པའི་རི་དགས་མཐོང་བ་བཞིན་དུ་གནོད་པ་མི་བཟད་
པའི་སེམས་གནོད་པའི་སེམས་ཉེ་བར་གནས་པར་འགྱུར་ལ། དེ་དག་གིས་ཤིང་ངམ་ཐོང་བ་ཡང་རུང་གང་དང་གང་བླངས་པ་དེ་དག་གི་མཚོན་ཆ་རྣོན་པོ་འབྱུང་བར་འགྱུར་ཞིང་དེ་དག་གཅིག་ལ་གཅིག་སྲོག་གཅོད་པར་བྱེད་དོ། །ཡང་མི་ཚེ་ལོ་བཅུ་པ་རྣམས་ལ་བར་གྱི་བསྐལ་པ་ཚར་ཕྱིན་པའི་ཚེ་ཉེས་
པ་དག་ཉིད་ཀྱིས་མི་མ་ཡིན་པ་རྣམས་ཀྱིས་ཡམས་ཀྱི་ནད་དག་གཏོང་བར་བྱེད་དོ། །དེ་དག་ལ་གང་ལས་འཆི་བར་འགྱུར་ཞིང་གསོར་མི་རུང་བའི་ནད་དག་འབྱུང་བར་འགྱུར་རོ། །ཡང་མི་ཚེ་ལོ་བཅུ་པ་རྣམས་ལ་ཉེས་པ་དག་ཉིད་ཀྱིས་ལྷས་ཆར་པ་མི་འབེབས་ཏེ། དེས་ན་མུ་གེ་གབ་ཙེ་ཞེས་བྱ་བ་

དང་། རུས་གོང་དཀར་པོ་ཞེས་བྱ་བ་དང་། ཐུར་མས་འཚོ་བ་ཞེས་བྱ་བའི་མུ་གེ་འབྱུང་བར་འགྱུར་རོ། །ཇི་ལྟར་གབ་ཙེ་ཡིན་ཞེ་ན། རྒྱུ་གཉིས་ཀྱིས་ཡིན་ཏེ། དེང་སང་འདུ་བ་གང་ཡིན་པ་དེ་ནི་དེའི་ཚེ་གབ་ཙེ་ཞེས་བྱ་བ། གབ་ཙེ་ལ་ཡང་གབ་ཙེ་ཞེས་བྱ་སྟེ། བཀྲེས་པ་དང་། ཉམ་ཆུང་བས་བཀྲེས་
པའི་མི་དག་འདུ་ཞིང་འདུས་ནས་འཆི་བར་འགྱུར་བ་དང་། མ་འོངས་པའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་གབ་ཙེ་དག་གི་ནང་དུ་ས་བོན་དག་འཇོག་པར་བྱེད་དེ། དེའི་ཕྱིར་མུ་གེ་དེ་ནི་གབ་ཙེ་ཞེས་བྱའོ། །ཇི་ལྟར་ན་རུས་གོང་དཀར་པོ་ཡིན་ཞེ་ན། རྒྱུ་གཉིས་ཀྱིས་ཡིན་ཏེ། ལུས་སྐམས་
ཤིང་རྩུབ་པོ་དེ་དག་ཤི་བ་དང་མྱུར་བ་ཁོ་ན་རུས་པ་དཀར་པོར་གྱུར་པ་དང་། བཀྲེས་པས་ཉེན་པ་དེ་རྣམས་ཀྱི་རུས་གོང་དཀར་པོ་དེ་དག་བསྡུས་ཏེ་བསྐོལ་ནས་འཐུང་བར་བྱེད་པའོ། །ཇི་ལྟར་ན་ཐུར་མས་འཚོ་བ་ཡིན་ཞེ་ན། རྒྱུ་གཉིས་ཀྱིས་ཡིན་ཏེ། སེམས་ཅན་དེ་དག་ཐུར་མས་བསྒོ་བས་ཁྱིམ་དག་ཏུ་
དེ་རིང་ནི་ཁྱིམ་བདག་ཟ་བའི་རེས་ལ་བབ་བོ། །སང་ནི་ཁྱིམ་བདག་མོ་ཞེས་བྱ་དེ་ལྟ་བུ་ལ་སོགས་པས་ཟས་འགྱེད་པར་བྱེད་པ་དང་། འབྲུའི་གནས་ཀྱི་གསེབ་དག་ནས་འབྲུ་དག་ཐུར་མས་བྲུས་ཏེ། ཆུ་མང་པོར་བསྐོལ་ནས་བསྐོལ་བ་དེ་འཐུང་བར་བྱེད་དོ། །འདི་སྐད་དུ་གང་གིས་ཉི་མ་འགའ་ཞིག་
སྲོག་གཅོད་པ་སྤངས་པ་ལེགས་པར་བསྲུངས་པ་དང་། དགེ་འདུན་ལ་ཨ་རུ་ར་འགའ་དང་། བསོད་སྙོམས་འགའ་ཞིག་གུས་པར་བྱས་ཏེ། ཕུལ་བ་དེ་ནི་མཚོན་དང་། ནད་དང་། མུ་གེ་དང་། བར་གྱི་བསྐལ་པ་དེ་དག་ཏུ་སྐྱེ་བར་མི་འགྱུར་རོ་ཞེས་བརྗོད་དོ། །ཡང་སེམས་ཅན་དེ་
དག་ལ་མཚོན་གྱིས་གསོད་པ་དང་། ནད་དང་། མུ་གེ་དག་དུས་ཇི་སྲིད་དུ་འདུ་ཞེ་ན། ཞག་རྣམས་དང་ནི་ཟླ་བ་དང་། །ལོ་བདུན་དག་ཏུ་གོ་རིམས་བཞིན། །མཚོན་ཆས་གསོད་པ་ཞག་བདུན་དུ་འབྱུང་ངོ་། །ནད་ནི་ཟླ་བ་བདུན་དང་ཞག་བདུན་དུའོ། །མུ་གེ་ནི་ལོ་བདུན་དང་ཟླ་བ་བདུན་དང་
ཞག་བདུན་དུའོ། །དང་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེའི་ཚེ་ན་གླིང་གཉིས་སུ་ནི་དེ་དག་དང་འདྲ་བ་དག་འབྱུང་སྟེ། གནོད་སེམས་ལྷག་པར་འགྱུར་བ་ཡིན། །ཁ་དོག་ངན་པ་དང་། ཉམ་ཆུང་བ་དང་། བཀྲེས་པ་དང་སྐོམ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་འཇིག་པ་གཞན་

དག་ལ་ཡང་ཅི་རིགས་པར་བྱའོ་ཞེས་གང་བཤད་པ་འཇུག་པ་དེ་དག་དུ་ཞེ་ན། མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། །དེའི་ཚེ་སེམས་ཅན་རྣམས་བསམ་གཏན་གཅིག་ཏུ་འདུ་བས་ན་འཇིག་པ་ཡིན་ནོ། །ཉི་མ་བདུན་གྱིས་ནི་མེས་འཇིག་པ་
ཡིན་ནོ། །ཆར་གྱི་ཆུས་ནི་ཆུས་འཇིག་པའོ། །རླུང་རབ་ཏུ་འཁྲུགས་པས་ནི་རླུང་གིས་འཇིག་པ་ཡིན་ཏེ། དེ་དག་གིས་ནི་སྣོད་རྣམས་ཀྱི་ཆ་ཤས་ཕྲ་མོ་ཡང་མི་ལུས་པར་བྱེད་དོ། །འདི་ལ་མུ་སྟེགས་བྱེད་ཁ་ཅིག་ནི་རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཡིན་པས་དེའི་ཚེ་དེ་དག་ལུས་སོ་ཞེས་བྱ་བར་འདོད་
དོ། །དེ་དག་ཅིའི་ཕྱིར་དེ་ལྟར་འདོད་ཅེ་ན། རགས་པ་རྣམས་རྒྱུ་མེད་པ་ཅན་དུ་འབྱུང་བར་འགྱུར་ན་མི་རུང་ངོ་སྙམ་མོ། །སེམས་ཅན་རྣམས་ཀྱི་ལས་ལས་སྐྱེས་པའི་མཐུའི་བྱེ་བྲག་ཅན་གྱིས་རླུང་གི་ས་བོན་ཡིན་ནོ་ཞེས་མ་བཤད་དམ། ཡང་ན་འཇིག་པའི་རླུང་གི་རྩེ་མོ་ནི་དེའི་ཕྱིར་རྒྱུ་ཡིན་པར་
འགྱུར་རོ། །ས་སྟོན་པའི་སྡེའི་མདོ་ལས་ནི་རླུང་གིས་འཇིག་རྟེན་གྱི་ཁམས་གཞན་དག་ནས་ས་བོན་དག་ཁྱེར་ཏེ་འོང་ངོ་ཞེས་འབྱུང་ངོ་། །དེ་ལྟར་ཡིན་ཡང་དེ་དག་ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་སྐྱེ་བར་ནི་མི་འདོད་དོ། །འོ་ན་ཇི་ཞེ་ན། རང་གི་ཡན་ལག་དག་ཁོ་ན་ལས་སྐྱེ་བ་ལ། དེ་
དག་ཀྱང་རང་གི་ཁོ་ན་དག་ལས་སྐྱེ་སྟེ། རྡུལ་ཕྲ་རབ་དག་ལས་སྐྱེ་བའི་བར་དུ་ཡང་དེ་དང་འདྲའོ་ཞེས་སོ། །ད་ནི་མྱུ་གུ་ལ་སོགས་པ་དག་ལས་ས་བོན་ལ་སོགས་པའི་ནུས་པ་ཅི་ཞིག་ཡོད་ཅེ་ན། དེའི་རྡུལ་ཕྲ་རབ་རྣམས་ཕྲད་པ་ལས་མ་གཏོགས་པར་ཅུང་ཟད་ཀྱང་མེད་དོ། །ཡང་ཅིའི་ཕྱིར་དེ་དག་
དེ་ལྟར་འདོད་ཅེ་ན། རིགས་མི་མཐུན་པ་ལས་སྐྱེ་བར་ནི་རིགས་པ་མ་ཡིན་ནོ་སྙམ་མོ། །ཅིའི་ཕྱིར་མི་རིགས་ཤེ་ན། ངེས་པ་མེད་པར་འགྱུར་རོ། །ནུས་པ་མེད་པའི་ཕྱིར་དེ་ལྟར་མི་འགྱུར་ཏེ། སྒྲ་དང་ཆོས་བྱེད་ལས་སྐྱེ་བར་འབྱུང་བ་བཞིན་ནོ། །ཡོན་ཏན་གྱི་ཆོས་ནི་སྣ་ཚོགས་ཡིན་གྱི་རྫས་ཀྱི་
ཆོས་ནི་དེ་ལྟ་མ་ཡིན་ཏེ། རིགས་མཐུན་པ་དག་ཁོ་ན་ལས་རིགས་མཐུན་པ་རྣམས་འབྱུང་བ་མཐོང་སྟེ། དཔེར་ན་འཇག་མ་དག་ལས་རེ་ལྡེ་དང་། སྐུད་པ་དག་ལས་རས་ཡུག་འབྱུང་བ་བཞིན་ནོ། །འདི་ནི་རིགས་པ་མ་ཡིན་ནོ། །འདི་ལ་མི་རིགས་པ་གང་ཞིག་ཡིན་ཞེ་ན། གང་མ་གྲུབ་པ་

བསྒྲུབ་པའི་ཕྱིར་དཔེར་བརྗོད་པ་མ་གྲུབ་པ་ཡིན་ནོ། །ཇི་ལྟར་འདི་ལ་ཅི་ཞིག་མ་གྲུབ་ཅེ་ན། འཇག་མ་དག་ལས་རེ་ལྡེ་གཞན་པ་དང་། སྐུད་པ་དག་ལས་རས་ཡུག་གཞན་ཞེས་བྱ་བ་མ་ཡིན་ཏེ། དེ་དག་དང་དེ་དག་ཁོ་ན་དེ་ལྟར་གནས་པ་ལ་དེ་དང་དེའི་མིང་ཐོབ་སྟེ། གྲོག་མའི་ཕྲེང་བ་བཞིན་ནོ། །ཇི་ལྟར་
ཁོང་དུ་ཆུད་ཅེ་ན། སྐུད་པ་གཅིག་དང་ལྡན་ན་རས་ཡུག་མི་དམིགས་པའི་ཕྱིར་ཏེ། དེའི་ཚེ་རས་ཡུག་ཡོད་ན་ནི་དམིགས་པར་བྱ་བ་ལ་སུ་ཞིག་བགེགས་བྱེད། ཟད་པར་ཡོད་པ་མ་ཡིན་ན་ནི་དེ་ལ་རས་ཡུག་གི་ཆ་ཡོད་ཀྱི་རས་ཡུག་ནི་མ་ཡིན་པས་འདུས་པ་ཙམ་རས་ཡུག་ཡིན་ནོ། །སྐུད་པ་དག་ལས་གཞན་
ལ་རས་ཡུག་གི་ཆ་ཡང་གང་ཞིག་ཡོད། རྟེན་དུ་མ་ཞིག་དང་ལྡན་པ་ལ་ལྟོས་ན་ནི་ཁ་ཚར་མཐོང་བ་ཙམ་དང་ལྡན་ན་རས་ཡུག་དམིགས་པར་འགྱུར་རོ། །ཡང་ན་ནམ་ཡང་མི་དམིགས་པར་འགྱུར་ཏེ། དབུས་དང་ཕ་རོལ་གྱི་ཆ་རྣམས་དབང་པོ་དང་མ་འབྲེལ་པའི་ཕྱིར་རོ། །མིག་དང་རེག་པ་དག་རིམ་
གྱིས་ཡན་ལག་རྣམས་དང་ཕྲད་ན་ཡང་ཡན་ལག་ཅན་ནི་ཤེས་པར་མི་འགྱུར་རོ། །དེ་ལྟ་བས་ན་རིམ་གྱིས་ཡན་ལག་ཅན་ཤེས་པའི་ཕྱིར་ཡན་ལག་དག་ཁོ་ན་ལ་དེའི་བློ་སྐྱེ་བར་ཟད་དེ། མགལ་མེའི་འཁོར་ལོ་བཞིན་ནོ། །གཟུགས་དང་རིགས་དང་བྱ་བ་ཐ་དད་པའི་སྐུད་པ་དག་ལས་རས་ཡུག་གི་གཟུགས་
ལ་སོགས་པ་མེད་པའི་ཡང་ཕྱིར་རོ། །གཟུགས་ལ་སོགས་པ་སྣ་ཚོགས་པ་ཡིན་ན་ནི་རིགས་མི་མཐུན་པ་རྩོམ་པར་ཡང་འགྱུར་རོ། །ངོས་ཅིག་ཤོས་མི་བཀྲ་ན་ཡང་རས་ཡུག་མི་མཐོང་བའམ། ཁྲ་བོའི་ངོ་བོར་མཐོང་བར་འགྱུར་རོ། །བྱ་བ་ཡང་སྣ་ཚོགས་པ་ཡིན་པས་ཤིན་ཏུ་སྣ་ཚོགས་པ་
ཡིན་པར་འགྱུར་རོ། །མེའི་འོད་ཀྱི་ཚ་བ་དང་། སྣང་བ་དང་པོ་དང་བར་མ་དང་ཐ་མ་དག་ཏུ་ཐ་དད་པས་དེའི་གཟུགས་དང་རེག་བྱ་དག་ཀྱང་མི་འཐད་དོ། །རྡུལ་ཕྲ་རབ་དབང་པོའི་སྤྱོད་ཡུལ་མ་ཡིན་པ་ཡང་འདུས་པ་དག་ནི་མངོན་སུམ་ཉིད་ཡིན་ཏེ། དཔེར་ན་དེ་དག་གི་འབྲས་བུ་རྩོམ་པ་དང་། མིག་
ལ་སོགས་པ་འབྲས་བུ་རྩོམ་པ་དང་། རབ་རིབ་ཅན་རྣམས་ལ་སྐྲ་གྲམ་པའི་ཚོགས་དམིགས་པ་ལྟ་བུ་སྟེ། སྐྲ་ཉག་མ་གཅིག་ནི་རྡུལ་ཕྲ་རབ་བཞིན་དུ་དེ་དག་གི་དབང་པོའི་སྤྱོད་ཡུལ་དུ་མི་འགྱུར་རོ། །གཟུགས་ལ་སོགས་པ་དག་ཁོ་ན་ལ་རྡུལ་ཕྲ་རབ་ཀྱི་མིང་དུ་འདོགས་པའི་ཕྱིར་དེ་ཞིག་ན་

རྡུལ་ཕྲ་རབ་ཀྱང་ཞིག་པར་གྲུབ་པ་ཡིན་ནོ། །རྡུལ་ཕྲ་རབ་ནི་རྫས་ཡིན་ལ་རྫས་ཀྱང་གཟུགས་ལ་སོགས་པ་དག་ལས་གཞན་ཡིན་པས་ཞིག་ན་དེ་དག་ཞིག་པར་མ་འགྲུབ་བོ་ཞེ་ན། འདི་གཞན་པ་ཉིད་ཡིན་པར་ནི་རིགས་པ་མ་ཡིན་ཏེ། འདི་ལྟ་བུར་སུས་ཀྱང་འདི་དག་ནི་ས་
དང་ཆུ་དང་མེ་དང་རླུང་དག་ཡིན་ནོ། །འདི་དག་ནི་དེ་དག་གི་གཟུགས་ལ་སོགས་པ་ཡིན་ནོ་ཞེས་ངེས་པར་མི་ཟིན་ལ། མིག་དང་རེག་པའི་གཟུང་བ་དག་ཡིན་པར་ཡང་དམ་བཅའོ། །བལ་དང་རས་བལ་དང་ལེ་བརྒན་རྩི་དང་གུར་གུམ་ཚིག་པ་དག་ལ་དེ་དག་གི་བློ་མེད་པའི་ཕྱིར་གཟུགས་ལ་སོགས་པ་ཁོ་
ན་ལ་དེའི་བློ་འཇུག་པར་ཟད་དོ། །ཆོས་བྱེད་ལས་སྐྱེ་བ་བྱུང་བ་ལ་བུམ་པར་ཡོངས་སུ་ཤེས་པ་ནི་དབྱིབས་འདྲ་བའི་ཕྱིར་ཕྲེང་བ་བཞིན་ཏེ། རྟགས་མ་མཐོང་བར་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ཡང་ན་བྱིས་པ་བློ་རྡོལ་བ་ལྟ་བུ་དག་ལས་སུ་ཞིག་གུས་པར་འགྱུར་ཏེ། དེ་དག་དགག་པ་ནི་རེ་ཞིག་
བཞག་གོ། །ཡང་འཇིག་པ་དེ་དག་གི་རྩེ་མོ་གང་ཡིན་ཞེ་ན། བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་གི་རྩེ་གོ་རིམས་བཞིན། །འཇིག་པའི་རྩེ་མོ་གསུམ་ལ་མེས་འཇིག་པའི་རྩེ་མོ་ནི་བསམ་གཏན་གཉིས་པ་ཡིན་ཏེ། དེ་མན་ཆད་སྲེག་པར་བྱེད་དོ། །ཆུས་འཇིག་པའི་རྩེ་མོ་ནི་
བསམ་གཏན་གསུམ་པ་ཡིན་ཏེ། མན་ཆད་སྲུལ་བར་བྱེད་དོ། །རླུང་གིས་འཇིག་པའི་རྩེ་མོ་ནི་བསམ་གཏན་བཞི་པ་ཡིན་ཏེ། མན་ཆད་འཐོར་བར་བྱེད་དོ། །འཇིག་པའི་ལྷག་མ་གང་ཡིན་པ་དེ་ནི། རྩེ་མོ་ཞེས་བྱའོ། །ཡང་དེའི་ཕྱིར་བསམ་གཏན་དང་པོ་དང་གཉིས་པ་དང་བསམ་གཏན་
གསུམ་པ་དག་མེ་དང་ཆུ་དང་རླུང་དག་གིས་འཇིག་ཅེ་ན། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །བསམ་གཏན་དང་པོ་ན་ནི་རྟོག་པ་དང་དཔྱོད་པ་དག་སྐྱོན་ཡིན་ཏེ། དེ་དག་ཀྱང་ཡིད་ཡོངས་སུ་གདུང་བར་བྱེད་པ་དག་ཡིན་པའི་ཕྱིར་མེའི་བསྐལ་པ་དག་ཡིན་ནོ། །གཉིས་པ་ན་ནི་དགའ་བ་སྐྱོན་ཡིན་
ཏེ། དེ་ཡང་ཤིན་ཏུ་སྦྱངས་པ་དང་ལྡན་པས་ལུས་མཉེན་པར་བྱེད་པ་དག་ཡིན་པའི་ཕྱིར་ཆུའི་བསྐལ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། དེ་ནི་ལུས་ཀྱི་མཁྲང་པོ་ཟད་པར་མེད་པའི་ཕྱིར་སྡུག་བསྔལ་གྱི་དབང་པོ་འགགས་སོ་ཞེས་གསུངས་སོ། །བསམ་གཏན་གསུམ་པ་ལ་ནི་དབུགས་

རྔུབ་པ་དང་དབུགས་འབྱུང་བ་དག་སྟེ། དེ་དག་ཀྱང་རླུང་ཁོ་ན་ཡིན་པས་སྙོམས་པར་འཇུག་པའི་བསམ་གཏན་གང་ན་ནང་གི་སྐྱོན་ཇི་ལྟ་བར་སྐྱེ་བའི་བསམ་གཏན་དེ་ན་ཕྱི་རོལ་གྱི་ཡང་དེ་ལྟ་བུ་ཡིན་ནོ། །ཅིའི་ཕྱིར་སས་འཇིག་པ་མ་ཡིན་ཞེ་ན། སྣོད་ཅེས་བྱ་བ་ནི་ས་ཁོ་ན་ཡིན་ལ་དེ་ནི་མེ་དང་ཆུ་དང་
རླུང་དག་དང་མི་མཐུན་གྱི་ས་དང་ནི་མ་ཡིན་ནོ། །བསམ་གཏན་བཞི་པ་ནི་ཇི་ལྟར་མི་འཇིག་ཅེ་ན། བཞི་པ་ན་མེད་མི་གཡོའི་ཕྱིར། །བཅོམ་ལྡན་འདས་ཀྱིས་བསམ་གཏན་བཞི་པ་ནི་ནང་གི་སྐྱོན་དང་བྲལ་བའི་ཕྱིར་མི་གཡོ་བ་ཞེས་གསུངས་ཏེ། དེའི་ཕྱིར་དེའི་ཕྱིའི་སྐྱོན་ཡང་མི་འཇུག་པས་དེ་ན་
འཇིག་པ་མེད་དོ། །གཞན་དག་ན་རེ་གནས་གཙང་མའི་མཐུས་ཡིན་ཏེ། དེ་དག་གིས་གཟུགས་མེད་པ་དག་ཏུ་འཇུག་པར་ཡང་མི་ནུས་ལ། གཞན་དུ་ཡང་འགྲོ་བར་མི་ནུས་སོ་ཞེས་ཟེར་རོ། །འོ་ན་བསམ་གཏན་བཞི་པའི་སྣོད་རྟག་པར་འགྱུར་རོ་ཞེ་ན། མི་རྟག་དེ་ཡི་གཞལ་མེད་ཁང་། །
སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །བསམ་གཏན་བཞི་པ་ནི་ས་གཞི་གཅིག་ཏུ་འབྲེལ་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། གནས་གཞན་དུ་རྣམ་པར་ཆད་པ་ཡིན་ཏེ་སྐར་མ་བཞིན་ནོ། །དེ་ན་སེམས་ཅན་གང་དང་གང་སྐྱེ་བའམ་འཆི་འཕོ་ཡང་རུང་སྟེ། དེ་ནི་གཞལ་མེད་ཁང་དང་བཅས་
ཏེ་སྐྱེ་ཞིང་འཆི་འཕོ་བས་དེ་ལ་རྟག་པ་ཉིད་མེད་དོ། །ཡང་འཇིག་པ་དེ་དག་གོ་རིམས་གང་གིས་འབྱུང་ཞེ་ན། རེ་ཞིག་བར་ཆད་མེད་པར་ནི། །མེ་ཡིས་བདུན་ནོ། །མེས་འཇིག་པ་བདུན་འབྱུང་ངོ་། །དེའི་འོག་ཏུ་ནི། ཆུ་ཡིས་གཅིག །མེས་འཇིག་པ་བདུན་གྱི་མཇུག་ཐོགས་སུ་ཆུ་དག་གིས་
འཇིག་པ་འབྱུང་ངོ་། །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། མེ་ཡིས་བདུན་ནོ། །རིམ་པ་དེས་ན་ཆུས་འཇིག་པ་བདུན་ཐལ་ནས་ཡང་མེས་འཇིག་པ་བདུན་འབྱུང་ངོ་། །དེ་ནས་ནི། མཇུག་ཏུ་རླུང་གིས་འཇིག་པ་ཡིན། །དེ་ནས་ནི་མཇུག་ཏུ་རླུང་གིས་འཇིག་པ་གཅིག་འབྱུང་ངོ་། །ཅིའི་ཕྱིར་ཞེ་
ན། སེམས་ཅན་དེ་དག་གི་སྙོམས་པར་འཇུག་པའི་ཁྱད་པར་ལས་ལུས་དག་གནས་པའི་ཁྱད་པར་ཇི་ལྟ་བར་སྣོད་རྣམས་ཀྱང་དེ་བཞིན་ནོ། །དེ་དག་ནི་མེས་འཇིག་པ་ལྔ་བཅུ་རྩ་དྲུག་དང་། ཆུས་འཇིག་པ་བདུན་དང་རླུང་གིས་འཇིག་པ་གཅིག་ཡིན་ཏེ། དེ་ལྟར་བཤད་ནས་བཏགས་པའི་བཤད་

པ་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཅུ་རྩ་བཞིའི་ཞེས་བྱ་བ་ལེགས་པར་དྲངས་པ་ཡིན་ནོ། །ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས་འཇིག་རྟེན་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་གསུམ་པ་རྫོགས་སོ།། །།ཡང་སེམས་ཅན་དང་སྣོད་ཀྱི་འཇིག་
རྟེན་རྣམ་པ་མང་པོ་སྣ་ཚོགས་པ་བཤད་པ་གང་ཡིན་པ་དེ་སུས་བྱས་ཤེ་ན། སུས་ཀྱང་བློ་སྔོན་དུ་བཏང་སྟེ་བྱས་པ་ནི་མེད་དོ། །འོ་ན་ཇི་ལྟ་བུ་ཞེ་ན། སེམས་ཅན་རྣམས་ཀྱི། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །གལ་ཏེ་ལས་ལས་སྐྱེས་ནས་ཅིའི་ཕྱིར་སེམས་ཅན་རྣམས་ཀྱི་ལས་དག་གིས་གུར་གུམ་
དང་། ཙན་དན་ལ་སོགས་པ་ཆེས་དགའ་དགའ་ལྟ་བུར་སྐྱེས་པར་འགྱུར་ལ་དེ་དག་གི་ལུས་ནི་མ་ཡིན་ཞེ་ན། སེམས་ཅན་འདྲེན་མར་བྱེད་པ་རྣམས་ཀྱི་ལས་དེ་ལྟ་བུ་དག་ཁོ་ན་གང་རྨ་ལྟ་བུར་གྱུར་པའི་ལུས་དག་དང་། དེའི་ཚེ་གཉེན་པོར་གྱུར་པ་ལོངས་སྤྱོད་དགའ་དགའ་ལྟ་བུ་དག་ཀྱང་སྐྱེའི། ལྷ་འདྲེན་
མར་བྱེད་པ་མ་ཡིན་པ་རྣམས་ཀྱི་ནི་གཉི་ག་ཡང་དགའ་དགའ་ལྟ་བུ་དག་ཡིན་ནོ། །ལས་དེ་ཡང་གང་ཞིག་ཅེ་ན། དེ་ནི་སེམས་པ་དང་དེས་བྱས། །མདོ་ལས་ནི་གཉིས་ཏེ། སེམས་པ་དང་བསམས་པའི་ལས་སོ་ཞེས་གང་གསུངས་པ་ལ། བསམས་པ་གང་ཡིན་པ་དེ་ནི། སེམས་པས་བྱས་པ་
དེ་ཡིན་ནོ། །ལས་གཉིས་པོ་དེ་དག་ནི་གསུམ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་སོ། །ལས་འདི་དག་ཇི་ལྟར་རྣམ་པར་གཞག་ཅི་རྟེན་ལས་སམ། འོན་ཏེ་ངོ་བོ་ཉིད་ལས་སམ། འོན་ཏེ་ཀུན་ནས་སློང་བ་ལས་གལ་ཏེ་རྟེན་ལས་ཡིན་ན་ནི་ཐམས་ཅད་ལུས་ལ་བརྟེན་པའི་ཕྱིར་ལུས་ཀྱི་ལས་
གཅིག་པུར་འགྱུར་རོ། །གལ་ཏེ་ངོ་བོ་ཉིད་ལས་ཡིན་ན་ནི་དེ་དག་གི་ལས་གཅིག་པུར་འགྱུར་རོ། །གལ་ཏེ་ཀུན་ནས་སློང་བ་ལས་ཡིན་ན་ནི་ཐམས་ཅད་ཀྱང་ཡིད་ཀྱི་ཀུན་ནས་བསླང་བའི་ཕྱིར་ཡིད་ཀྱི་ལས་གཅིག་པུར་འགྱུར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་རྒྱུ་གསུམ་གྱིས་གོ་རིམས་
བཞིན་དུ་གསུམ་རྣམ་པར་གཞག་གོ་ཞེས་ཟེར་རོ། །དེ་ལ། སེམས་པ་ཡིད་ཀྱི་ལས་ཡིན་ནོ། །སེམས་པ་ནི་ཡིད་ཀྱི་ལས་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེས་བསྐྱེད་ལུས་དང་ངག་གི་ལས། །སེམས་ལས་སྐྱེས་པ་གང་ཡིན་པ་བསམས་པའི་ལས་ཞེས་གསུངས་པ་དེ་དག་

ནི་ལུས་དང་ངག་གི་ལས་སུ་རིག་པར་བྱའོ། །དེ་དག་རྣམ་རིག་རྣམ་རིག་མིན། །ལུས་དང་ངག་གི་ལས་དེ་དག་ནི་སོ་སོར་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་དག་ཏུ་རིག་པར་བྱའོ། །དེ་ལའང་། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། །སེམས་ཀྱི་དབང་གིས་
ལུས་དེ་དང་དེ་ལྟར་གནས་པ་ནི་ལུས་ཀྱི་རྣམ་པར་རིག་བྱེད་ཡིན་ནོ། །གཞན་དག་ན་རེ་འགྲོ་བ་ཡིན་ཏེ། ལུས་གཡོ་བ་ལས་ཡིན་གྱི་མིག་གཡོ་བ་ནི་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་ཏེ། དེ་དག་ལ། འགྲོ་མིན་གང་ཕྱིར་འདུས་བྱས་ནི། །སྐད་ཅིག་པ་ཡིན་ཞེས་བྱ་བ་བརྗོད་དོ། །སྐད་ཅིག་ཅེས་བྱ་བ་འདི་
ཅི་ཞེ་ན། བདག་ཉིད་དུ་རེད་མ་ཐག་ཏུ་འཇིག་པའོ། །དེ་འདི་ལ་ཡོད་པས་ན་སྐད་ཅིག་པ་སྟེ་དབྱུག་པ་བཞིན་ནོ། །འདུས་བྱས་ཐམས་ཅད་བདག་ཉིད་ཐོབ་པ་ལས་ཕན་ཆད་དུ་མེད་པའི་ཕྱིར་གང་དུ་སྐྱེས་པ་དེ་ཉིད་དུ་འཇིག་པར་འགྱུར་རོ། །དེ་ནི་ཡུལ་གཞན་དུ་འཕོ་བར་རིག་པ་མ་ཡིན་ཏེ། དེ་ལྟ་བས་ན་
ལུས་ཀྱི་ལས་ནི་འགྲོ་བ་མ་ཡིན་ནོ། །གལ་ཏེ་ཐམས་ཅད་སྐད་ཅིག་པར་གྲུབ་པར་གྱུར་ན་ནི་དེ་དེ་ལྟ་ཡིན་ནོ། །འདིའི་གྲུབ་པ་ཁོ་ནར་ཁོང་དུ་ཆུད་པར་གྱིས་ཤིག །ག་ལས་ཤེ་ན། འདུས་བྱས་ནི་གདོན་མི་ཟ་བར་འཇིག་ཕྱིར་རོ། །དངོས་པོ་རྣམས་འཇིག་པ་ནི་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ། །ཅིའི་
ཕྱིར་ཞེ་ན། བྱ་བའི་རྒྱུ་ཡིན་ན་འཇིག་པ་ཡང་མེད་པ་ཡིན་པས་མེད་པ་གང་ཡིན་པ་དེ་ལ་ནི་ཅི་ཞིག་བྱར་ཡོད། རྒྱུ་མེད་པ་ལས་བྱུང་བའི་འཇིག་པ་དེ་ནི་དངོས་པོ་སྐྱེད་པ་ཙམ་ལ་མ་ཡིན་ན་ཕྱིས་ཀྱང་མི་འབྱུང་སྟེ། དངོས་པོ་མཚུངས་པའི་ཕྱིར་རོ། །འོན་ཏེ་གཞན་དུ་གྱུར་པ་ཡིན་ནོ་ཞེ་ན། དེ་ཉིད་གཞན་དུ་
གྱུར་པ་ནི་རིགས་པ་མ་ཡིན་ཏེ། དེ་ཉིད་དེ་དང་མཚན་ཉིད་མི་མཐུན་པར་ནི་མི་རུང་ངོ་། །ཤིང་ལ་སོགས་པ་དག་མེ་དང་འབྲེལ་པ་ལས་འཇིག་པར་ཡང་མཐོང་ལ་མཐོང་བ་ལས་བརླིང་བའི་ཚད་མ་ཡང་མེད་པས་ཐམས་ཅད་ཀྱི་འཇིག་པ་ནི་རྒྱུ་མེད་པ་ལས་བྱུང་བ་མ་ཡིན་ནོ་ཞེ་ན། རེ་ཞིག་ཁྱོད་ཤིང་ལ་སོགས་
པ་དག་མེ་དང་འབྲེལ་པ་ལས་འཇིག་པར་བལྟ་བར་བྱའོ་ཞེས་བྱ་བ་ཇི་ལྟ་བུར་སེམས། དེ་ཡོད་ན་དེ་དག་ལ་ཡང་མི་སྣང་བའི་ཕྱིར་རོ། །རེ་ཞིག་འདི་དཔྱད་པར་བྱ་སྟེ། ཅི་མེ་དང་འབྲེལ་པ་ལས་ཤིང་ལ་སོགས་པ་ཞིག་སྟེ། དེའི་ཕྱིར་མི་སྣང་བ་ཞིག་ཡིན་ནམ། འོན་ཏེ་རང་ཉིད་ཞིག་ལ་གཞན་

དག་ཀྱང་མ་སྐྱེས་པས་དེའི་ཕྱིར་མི་སྣང་སྟེ་དཔེར་ན་རླུང་དང་ཕྲད་པ་ལས་མར་མེ་དང་ལག་པ་དང་ཕྲད་པ་ལས་དྲིལ་བུའི་སྒྲ་ལྟ་བུ་ཞིག་ཡིན། དེ་ལྟ་བས་ན་དོན་འདི་ནི་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་ཡིན་ནོ། །འདི་ལ་རྗེས་སུ་དཔག་པ་གང་ཞེ་ན། རེ་ཞིག་མེད་པ་ནི་བྱ་བ་མ་
ཡིན་པའི་ཕྱིར་ཞེས་ནི་བཤད་ཟིན་ཏོ། །ཡང་ན། རྒྱུ་མེད་པ་ལས་འགའ་མི་འབྱུང་། །གལ་ཏེ་འཇིག་པ་རྒྱུ་དང་ལྡན་པ་ཞིག་ཏུ་གྱུར་ན་སྐྱེ་བ་བཞིན་དུ་འགའ་ཡང་རྒྱུ་མེད་པ་ལས་མི་འགྱུར་བ་ཞིག་ན་སྐད་ཅིག་མ་བློ་དང་སྒྲ་དང་མེ་ལྕེ་དག་འཇིག་པ་རྒྱུ་མེད་པ་ལས་བྱུང་བ་ཡང་མཐོང་བས་འདི་རྒྱུ་ལ་ལྟོས་པ་མ་
ཡིན་ནོ། །གང་ཞིག་བློ་ཡང་བློ་གཞན་གྱིས་འཇིག་ལ་སྒྲ་ཡང་སྒྲ་གཞན་གྱིས་འཇིག་གོ་སྙམ་དུ་སེམས་པ་དེ་ནི་རིགས་པ་མ་ཡིན་ཏེ། བློ་གཉིས་ཕྲད་པ་མེད་པའི་ཕྱིར་རོ། །ཐེ་ཚོམ་ཅན་དང་ངེས་པའི་ཤེས་པ་དག་དང་། བདེ་བ་དང་སྡུག་བསྔལ་བ་དག་དང་། འདོད་ཆགས་
དང་ཞེ་སྡང་དག་ཕྲད་པར་ནི་རིགས་པ་མ་ཡིན་ནོ། །གང་གི་ཚེ་བློ་དང་སྒྲ་གསལ་བ་ཉིད་དག་གི་མཇུག་ཐོགས་སུ་བློ་དང་སྒྲ་མི་གསལ་བ་འབྱུང་བ་དེའི་ཚེ་ཇི་ལྟར་ན་མི་གསལ་བ་རིགས་མཐུན་པའི་ཆོས་ཀྱི་གསལ་བ་འཇིག་པར་འགྱུར། གང་ཡང་གནས་པའི་རྒྱུ་མེད་པའམ། ཆོས་དང་ཆོས་མ་ཡིན་
པའི་དབང་གིས་མེ་ལྕེ་དག་འཇིག་གོ་སྙམ་དུ་སེམས་པ་དེ་ཡང་རིགས་པ་མ་ཡིན་ཏེ། མེད་པ་ནི་རྒྱུ་ཡིན་པར་འོས་པ་མ་ཡིན་ནོ། །སྐྱེ་བ་དང་འཇིག་པའི་རྒྱུ་ཆོས་དང་ཆོས་མ་ཡིན་པ་དག་ཀྱང་སྐད་ཅིག་སྐད་ཅིག་ཉིད་ལ་འཇུག་པ་ཐོབ་པ་དང་བགེགས་བྱེད་པར་འོས་པ་མ་ཡིན་ནོ། །རྒྱུ་ཡོངས་སུ་
བརྟགས་པ་འདི་ཡང་འདུས་བྱས་ཐམས་ཅད་ལ་བྱ་བར་ནུས་པས་བརྩད་མི་དགོས་སོ། །གལ་ཏེ་ཤིང་ལ་སོགས་པ་དག་འཇིག་པ་མེ་དང་འབྲེལ་པའི་རྒྱུ་ལས་བྱུང་བ་ཞིག་ཡིན་ན་དེ་ལྟ་ན་ནི་ཚོས་བྱེད་ལས་སྐྱེས་པ་རྣམས་ཀྱི་ཚོས་པ་དང་། ཆེས་ཚོས་པ་དང་། ཆེས་ཆེར་ཚོས་པ་བྱུང་བ་ལ། རྒྱུ་ཡང་
འཇིག་པ་པོར་འགྱུར་རོ། །རྒྱུ་ཉིད་འཇིག་པ་པོར་འགྱུར་བ་ཇི་ལྟ་ཞེ་ན། མེ་དང་འབྲེལ་བ་གང་ལས་ཚོས་བྱེད་ལས་སྐྱེས་པ་འབྱུང་བ་དེ་ཉིད་དམ་དེ་དང་འདྲ་བ་ལས་ཚོས་པ་དང་། ཆེས་ཚོས་པ་དང་། ཆེས་ཆེར་ཚོས་པ་བྱུང་ན་དེ་དག་འཇིག་པས་རྒྱུ་ཉིད་དེ་དག་གི་འཇིག་པ་པོར་འགྱུར་བའམ།

ཡང་ན་རྒྱུ་བྱེ་བྲག་མེད་པར་འགྱུར་རོ། །གང་ལས་སམ། གང་དག་འདྲ་བ་ལས་དེ་དག་འབྱུང་བ་ཉིད་དམ། དེ་དང་འདྲ་བ་ལས་ཡང་མེད་པར་འགྱུར་བ་ནི་རིགས་པ་མ་ཡིན་ནོ། །རེ་ཞིག་མེ་ལྕེ་གཞན་དག་ལས་རྒྱུ་ཐ་དད་པར་ཡོངས་སུ་བརྟག་པར་ནི་བྱ་ལ་རེག་ན། ཐལ་བ་དང་ཁ་བ་དང་རྩྭ་དང་
ཉི་མ་དང་ཆུ་དང་ས་དང་འབྲེལ་པ་ལས་སྨིན་བྱེད་ལས་སྐྱེས་པའི་བྱེ་བྲག་བྱུང་བ་ལ་གང་ལ་བརྟག་པར་བྱ། འོ་ན་གང་ཆུ་བསྐོལ་བ་ཟད་པར་འགྱུར་བ་དེ་ལ་མེ་དང་འབྲེལ་པ་དག་ཅི་ཞིག་བྱེད་ཅེ་ན། མཐུའི་སྒོ་ནས་མེའི་ཁམས་འཕེལ་བར་བྱེད་ཅིང་དེའི་མཐུས་ན་ཆུའི་ཚོགས་ཉམ་ཆུང་ཞིང་ཉམ་ཆུང་བར་
འགྱུར་ལ་ཤིན་ཏུ་ཉམ་ཆུང་བའི་བར་དུ་གྱུར་པ་དང་། མཇུག་ཏུ་རྒྱུན་ཡང་རྒྱུན་ཆགས་པར་མི་བྱེད་དེ། འདི་ལ་མེ་དང་འབྲེལ་པ་དག་གིས་ནི་འདི་བྱེད་དོ། །དེ་ལྟ་བས་ན་དངོས་པོ་རྣམས་འཇིག་པ་ལ་རྒྱུ་ནི་མེད་ཀྱི་རང་ཉིད་འཇིག་པའི་ངང་ཅན་ཡིན་པའི་ཕྱིར་འཇིག་པ་ན་བྱུང་བ་ཙམ་གྱིས་འཇིག་པའི་
ཕྱིར་འདི་དག་སྐད་ཅིག་མ་ལ་འཇིག་པར་ཡང་གྲུབ་ལ་སྐད་ཅིག་མ་ལ་འཇིག་པའི་ཕྱིར་འགྲོ་བ་ཡང་མེད་དོ། །ཡུལ་གཞན་དག་ཏུ་འདབ་ཆགས་པར་འབྱུང་བ་ལས་འགྲོ་བར་མངོན་པའི་ང་རྒྱལ་བྱེད་པར་ཟད་དེ་རྩྭའི་མེ་བཞིན་ནོ། །འགྲོ་བ་མེད་ན་ལུས་ཀྱི་རྣམ་པར་རིག་བྱེད་དེ་དབྱིབས་ཡིན་ནོ་ཞེས་
བྱ་བར་གྲུབ་བོ། །མདོ་སྡེ་པ་རྣམས་ན་རེ་དབྱིབས་ནི་རྫས་སུ་མེད་དེ། ཕྱོགས་གཅིག་གི་སྒོར་ཁ་དོག་ཕལ་ཆེར་བྱུང་བ་ལ་གཟུགས་རིང་པོར་ཞེས་འདོགས་པར་བྱེད། དེ་ཉིད་ལ་ལྟོས་ནས་ཉུང་ངུར་བྱུང་བ་ལ་ཐུང་ངུ་ཞེས་འདོགས་པར་བྱེད། ཕྱོགས་བཞིར་མང་པོར་བྱུང་བ་ལ་གྲུ་བཞི་ཞེས་
འདོགས་པར་བྱེད། ཐམས་ཅད་དུ་མཉམ་པ་ན་ལྷམ་པ་ཞེས་འདོགས་པར་བྱེད་དེ། ཐམས་ཅད་ཀྱང་དེ་དང་འདྲའོ། །དཔེར་ན་མགལ་མེ་ཕྱོགས་གཞན་གཅིག་ཏུ་མྱུར་དུ་འདབ་ཆགས་པར་སྣང་བ་ནི་རིང་པོའོ་སྙམ་དུ་ཤེས་ལ། ཐམས་ཅད་དུ་སྣང་ན་ཟླུམ་པོའོ་སྙམ་དུ་ཤེས་ཀྱི་དབྱིབས་
རྫས་སུ་གཞན་ཡོད་པ་ནི་མ་ཡིན་པ་བཞིན་ནོ། །གལ་ཏེ་ཡོད་ན་ནི། གཉིས་གཟུང་འགྱུར། མིག་གིས་མཐོང་ན་ཡང་རིང་པོའོ་སྙམ་དུ་ཤེས་པར་འགྱུར་ལ། ལུས་ཀྱི་དབང་པོ་རེག་ན་ཡང་ཤེས་པར་འགྱུར་བས་འདི་དབང་པོ་གཉིས་ཀྱི་གཟུང་བར་འགྱུར་བ་ཞིག་ན། གཟུགས་ཀྱི་

སྐྱེ་མཆེད་ལ་ནི་གཉིས་ཀྱིས་འཛིན་པ་མེད་དོ་ཞེས་ཟེར་རོ། །ཡང་ན་ཇི་ལྟར་རེག་བྱ་ལ་རིང་པོ་ལ་སོགས་པར་འཛིན་པ་ལྟར་ཁ་དོག་ལ་ཡང་དེ་བཞིན་དུ་ཡིད་ཆེས་པར་བྱའོ། །དེ་ལ་ནི་རེག་བྱ་དང་ལྷན་ཅིག་སྤྱོད་པའི་ཕྱིར་དྲན་པ་ཙམ་ཡིན་གྱི་མངོན་སུམ་དུ་འཛིན་པ་ནི་མ་
ཡིན་གྱི། དཔེར་ན་མེའི་གཟུགས་མཐོང་ནས་དེའི་ཚ་བའི་དྲན་པ་འབྱུང་བ་དང་། མེ་ཏོག་གི་དྲི་བསྣམས་ནས་དེའི་ཁ་དོག་གི་དྲན་པ་འབྱུང་བ་བཞིན་ནོ་ཞེ་ན། འདི་ལ་ནི་འཁྲུལ་པ་མེད་པའི་ཕྱིར་གཞན་གྱིས་གཞན་དྲན་པར་རིགས་ཀྱི་གང་ལས་འདི་ངེས་པར་དྲན་པར་འགྱུར་བ་རེག་བྱ་ལས་ནི་ཅུང་ཟད་
ཀྱང་དབྱིབས་གང་ལ་ཡང་ངེས་པར་མེད་དོ། །འོན་ཏེ་ལྷན་ཅིག་སྤྱོད་པར་ངེས་པ་མེད་ཀྱང་ངེས་པར་དབྱིབས་དྲན་པར་འགྱུར་ན་ནི་ཁ་དོག་ཀྱང་འགྱུར་རོ། །ཡང་ན་ནི་ཁ་དོག་བཞིན་དུ་དབྱིབས་ཀྱང་ངེས་པར་མི་འགྱུར་བ་ཞིག་ན་དེ་ལྟ་ཡང་མ་ཡིན་པར་རེག་བྱ་ལས་འདི་དྲན་པར་ནི་རིགས་པ་མ་
ཡིན་ནོ། །རི་མོས་བཀྲམ་པ་ལ་དབྱིབས་དུ་མ་སྣང་བའི་ཕྱིར་མང་པོ་ཡང་ཕྱོགས་གཅིག་པར་འགྱུར་བ་ཞིག་ན་དེ་ཡང་རིགས་པ་མ་ཡིན་ཏེ། ཁ་དོག་བཞིན་ནོ། །དེ་ལྟ་བས་ན་དབྱིབས་ནི་རྫས་སུ་མེད་དོ། །གང་ཡང་ཐོགས་པ་དང་བཅས་པའི་གཟུགས་ཅུང་ཟད་ཡོད་པ་དེ་ནི་གདོན་མི་
ཟ་བར་རྡུལ་ཕྲ་རབ་ལ་ཡོད་པ་ཡིན་ན་དེ་རྡུལ་ལ་མེད་དེ། རིང་པོ་ལ་སོགས་པའི་དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ། །དེ་ལྟ་བས་ན་དབྱིབས་ནི་མང་པོ་དེ་ལྟར་གནས་པ་དག་ཁོ་ན་ལ་རིང་པོ་ལ་སོགས་པ་འདོགས་པར་ཟད་དོ། །འོན་ཏེ་དབྱིབས་ཀྱི་རྡུལ་ཕྲ་རབ་དག་ཁོ་ན་དེ་ལྟར་གནས་པ་ལ་
རིང་པོ་ལ་སོགས་པའི་མིང་འདོགས་པར་འདོད་ན་ནི་དེ་དག་མ་གྲུབ་པའི་ཕྱིར་དེ་ནི་ཕྱོགས་འཛིན་པ་འབའ་ཞིག་ཏུ་ཟད་དོ། །རང་གི་མཚན་ཉིད་རྣམས་གྲུབ་ན་ནི་དེ་དག་བསགས་པ་རུང་བར་འགྱུར་ན་དབྱིབས་ཀྱི་ཡན་ལག་རྣམས་ནི་ཁ་དོག་ལ་སོགས་པ་དེ་བཞིན་དུ་རང་གི་ངོ་བོར་གྲུབ་པ་ཡང་མེད་
ན་དེ་དག་བསགས་པ་ལྟ་ཞིག་ག་ལ་ཡོད། འོ་ན་གང་ཁམ་པའི་སྣོད་རྣམས་ཁ་དོག་ཀྱང་ཐ་མི་དད་པ་ལ་དབྱིབས་ཀྱང་ཐ་དད་པར་སྣང་ངོ་ཞེ་ན། ཇི་ལྟར་གནས་པར་གྱུར་པའི་ཁ་དོག་ལ་རིང་པོ་ལ་སོགས་པར་མིང་འདོགས་པར་ཟད་དོ་ཞེས་མ་བཤད་དམ། དཔེར་ན་གྲོག་མ་ལ་སོགས་པ་

ཐ་མི་དད་བཞིན་དུ་འཁོར་ལོ་ལ་སོགས་པ་ཐ་དད་པར་འདོགས་པ་ལྟར་དབྱིབས་ཀྱང་དེ་དང་འདྲའོ། །འོ་ན་གང་མུན་ཁུང་དང་ཐག་རིང་པོ་ནས་སྡོང་དུམ་ལ་སོགས་པའི་ཁ་དོག་མ་མཐོང་བར་རིང་པོ་ལ་སོགས་པ་མཐོང་བར་འགྱུར་རོ་ཞེ་ན། དེ་དག་གི་དེ་ཁ་དོག་མི་གསལ་བ་ཁོ་ན་མཐོང་ནས་རིང་པོ་ལ་
སོགས་པར་ཡོངས་སུ་རྟོག་པར་བྱེད་དེ། ཕྲེང་བ་དང་དམག་ལ་སོགས་པ་ལ་ཡོངས་སུ་རྟོག་པ་བཞིན་ནོ། །དེ་ནི་གདོན་མི་ཟ་བར་དེ་ལྟར་ཤེས་པར་བྱ་སྟེ། གང་རེས་འགའ་ཡོངས་སུ་ཆད་པ་ངེས་པར་མི་ཟིན་པ་ནི་ཚོགས་པ་ཙམ་དང་མི་གསལ་བ་སྣང་བ་ཡིན་ནོ། །ཡང་ད་ནི་མདོ་སྡེ་པ་
ཁྱེད་རྣམས་ཀྱི་ལུགས་ཀྱིས་ལུས་ཀྱི་འགྲོ་བ་དང་དབྱིབས་ཀྱང་བསལ་ནས་གང་ལ་ལུས་ཀྱི་རྣམ་པར་རིག་བྱེད་དུ་འདོགས་པར་བྱེད་ཅེ་ན། དེ་དག་ནི་དབྱིབས་ཁོ་ན་ལ་ལུས་ཀྱིས་རྣམ་པར་རིག་བྱེད་འདོགས་པར་བྱེད་ལ་རྫས་སུ་ནི་མ་ཡིན་ནོ། །དེ་ལ་འདོགས་པར་བྱེད་པ་ན་ཇི་ལྟར་ལུས་ཀྱི་ལས་
སུ་འདོགས་པར་བྱེད་ཅེ་ན། ལུས་ལ་བརྟེན་པའི་ལས་ནི་ལུས་ཀྱི་ལས་ཏེ། དེ་དང་དེར་ལུས་འཇུག་པར་བྱེད་པའི་སེམས་པ་གང་ཡིན་པའོ། །དེ་བཞིན་དུ་ངག་དང་ཡིད་ཀྱི་ལས་དག་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །འོ་ན་གང་སེམས་པ་དང་། བསམ་པའི་ལས་སོ་ཞེས་
གསུངས་སོ་ཞེ་ན། འདི་དང་འདི་ལྟ་བུ་ཞིག་བྱའོ་སྙམ་པའི་ཀུན་དུ་རྟོག་པ་ནི་སྔར་འབྱུང་ལ། དེ་ལྟར་བསམས་ནས་དེའི་འོག་ཏུ་གང་གིས་ལུས་འཇུག་པར་བྱེད་པར་བྱ་བའི་སེམས་པ་སྐྱེ་བར་འགྱུར་ཏེ། དེ་ནི་བསམ་པའི་ལས་ཞེས་བྱའོ། །དེ་ལྟ་ན་ནི་འོ་ན་རྣམ་པར་རིག་བྱེད་མེད་པའི་
ཕྱིར་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡང་མེད་པས་ཉེས་པ་ཆེན་པོར་ཐལ་བར་འགྱུར་རོ། །ཐལ་བ་རྣམས་ལ་ཡང་ཐལ་བའི་གཉེན་པོ་དག་ཡོད་དེ། གལ་ཏེ་ལུས་ཀྱི་ལས་ཞེས་བྱ་བའི་སེམས་པའི་ཁྱད་པར་དེ་ཉིད་ལས་རྣམ་པར་རིག་བྱེད་མ་ཡིན་པ་འབྱུང་བར་འགྱུར་
ན་ཡང་ཅིར་འགྱུར་མཉམ་པར་གཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་དུ་སེམས་ཀྱི་རྗེས་སུ་འབྲང་བ་ཡིན་པར་འགྱུར་རོ། །དེ་ལྟར་མི་འགྱུར་ཏེ། སེམས་པའི་ཁྱད་པར་གྱིས་དེའི་འཕེན་པ་ཁྱད་པར་ཡོད་པའི་ཕྱིར་རོ། །རྣམ་པར་རིག་བྱེད་དེ་ཡོད་ན་ཡང་དེ་འཕང་བར་བྱ་བ་ནི་སེམས་

པའི་སྟོབས་ལ་རག་ལས་པ་ཡིན་ཏེ་དེ་བླུན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དབྱིབས་ཀྱང་རྫས་ཁོ་ན་ཡིན་ལ། ལུས་ཀྱི་རྣམ་པར་རིག་བྱེད་ཀྱང་དབྱིབས་ཀྱི་བདག་ཉིད་ཡིན་ནོ་ཞེས་ཟེར་རོ། །ངག་རྣམས་རིག་བྱེད་འདི་ངག་སྒྲ། །ངག་གི་རང་བཞིན་གྱི་སྒྲ་གང་
ཡིན་པ་དེ་ཉིད་ངག་གི་རྣམ་པར་རིག་བྱེད་ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་སྔར་བཤད་པ་ཁོ་ན་ཡིན་ནོ། །མདོ་སྡེ་པ་རྣམས་ན་རེ་ཡང་རྫས་སུ་མེད་དེ། ཁས་བླངས་ནས་མི་བྱེད་པ་ཙམ་གྱི་ཕྱིར་དང་། འདས་པའི་འབྱུང་བ་ཆེན་པོ་རྣམས་ལ་ཡང་བརྟེན་ནས་འདོགས་པའི་ཕྱིར་དང་།
དེ་དག་ཀྱང་རང་གི་ངོ་བོ་མེད་པའི་ཕྱིར་དང་། གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་དང་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཡོད་དོ་ཞེས་ཟེར་རོ། །ཇི་ལྟར་ཤེས་ཤེ་ན། རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །མདོ་ལས། གནས་གསུམ་
གྱི་གཟུགས་ཀྱིས་གཟུགས་བསྡུས་པ་ཡིན་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་ཡོད་དོ་ཞེས་གཟུགས་རྣམ་པ་གསུམ་གསུངས་
སོ། །ཟག་པ་མེད་པའི་ཆོས་རྣམས་ཀྱང་གང་ཞེ་ན། གཟུགས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གང་དང་རྣམ་པར་ཤེས་པའི་བར་གང་ལ་རྗེས་སུ་ཆགས་པའམ་ཁོང་ཁྲོ་བ་མི་སྐྱེ་བ་འདི་དག་ནི་ཟག་པ་མེད་པའི་ཆོས་རྣམས་ཞེས་བྱའོ་ཞེས་གཟུགས་ཟག་པ་མེད་པ་ཡང་གསུངས་ཏེ།
རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པར་ནི་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་མེད་ལ་ཟག་པ་མེད་པ་ཡང་མེད་དོ། །རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་དག་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནི་རྒྱུ་ཡང་རུང་འདུག་ཀྱང་
རུང་ཉལ་ཡང་རུང་མི་ཉལ་ཡང་རུང་སྟེ། རྟག་ཏུ་རྒྱུན་མི་ཆད་པར་བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་ཞིང་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཏེ། རྫས་ལས་བྱུང་བ་མ་ཡིན་པ་དང་ལྡན་པ་ཡང་དེ་དང་འདྲའོ་ཞེས་འཕེལ་བར་ཡང་གསུངས་ཏེ། རྣམ་པར་རིག་བྱེད་མ་ཡིན་

པ་མ་གཏོགས་པར་ནི་ཡིད་གཞན་དང་ལྡན་པའི་བསོད་ནམས་ཀྱང་མངོན་པར་འཕེལ་བར་མི་རུང་ངོ་། །རྣམ་པར་རིག་བྱེད་མ་ཡིན་པ་མེད་ན་བདག་ཉིད་ཀྱིས་མ་བྱས་ལ། གཞན་དག་བྱེད་དུ་བཅུག་པའི་ལས་ཀྱི་ལམ་དག་འགྲུབ་པར་མི་འགྱུར་ཏེ། ལུང་དུ་བསྒོ་བ་ཙམ་གྱིས་ལས་ཀྱི་ལམ་
དུ་མི་རུང་སྟེ། ལས་དེ་མ་བྱས་པའི་ཕྱིར་རོ། །བྱས་སུ་ཟིན་ཀྱང་དེའི་རང་གི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་ཆོས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་པ་ཐོགས་པ་མེད་པའོ་ཞེས་གསུངས་ཀྱི། གཟུགས་
ཅན་མ་ཡིན་པའོ་ཞེས་ནི་མ་གསུངས་ཏེ། དེར་གལ་ཏེ་ཆོས་ཀྱི་སྐྱེ་མཆེད་ཀྱི་ཁོངས་སུ་མ་གཏོགས་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཤིག་མ་གཟིགས་ན་དགོས་པ་ཅི་ཞིག་ཡོད་པར་འགྱུར་རོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་ན་ལམ་ཡན་ལག་བརྒྱད་པར་ཡང་མི་འགྱུར་ཏེ།
སྙོམས་པར་འཇུག་པ་ལ་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་རྣམས་མི་རུང་བའི་ཕྱིར་རོ། །འོ་ན་འདི་སྐད་དུ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེའི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་
བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འདིའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་རྣམས་ནི་སྔོན་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བ་ཡིན་ནོ་ཞེས་གང་གསུངས་སོ་ཞེ་ན། འདི་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་བྱས་པ་ལ་དགོངས་ཏེ་གསུངས་པ་
ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་མེད་ན་སོ་སོར་ཐར་པའི་སྡོམ་པ་ཡང་མེད་པར་འགྱུར་ཏེ། ཡང་དག་པར་བླངས་པའི་འོག་ཏུ་གང་གིས་ན་ཡིད་གཞན་དང་ལྡན་པ་འདི་ཡང་དགེ་སློང་ངམ་དགེ་སློང་མར་འགྱུར་བ་དེ་ནི་མེད་དོ། །མདོ་ལས་སྤོང་བ་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་བགེགས་བྱེད་པའི་
ཕྱིར་ཆུ་ལོན་དུ་ཡང་གསུངས་ཏེ། མེད་པ་ནི་ཆུ་ལོན་ཡིན་པར་འོས་པ་ཡང་མ་ཡིན་པས་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཡོད་པ་ཁོ་ནའོ། །འདི་ལ་མདོ་སྡེ་པ་རྣམས་ན་རེ་འདི་ནི་མང་པོ་ཡང་ཡིན་ལ། འདི་ནི་སྣ་ཚོགས་པ་ཡང་ཡིན་མོད་ཀྱི་འདི་དེ་ལྟར་ཡང་མ་ཡིན་ནོ་ཞེས་ཟེར་མོད། ཅིའི་ཕྱིར་ཞེ་ན།

རེ་ཞིག་གང་གཟུགས་རྣམ་པ་གསུམ་གསུངས་པའི་ཕྱིར་རོ་ཞེས་སྨྲས་པ། དེ་ལ་རྣལ་འབྱོར་སྤྱོད་པ་དག་ན་རེ་བསམ་གཏན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་མཐུས་ཏིང་ངེ་འཛིན་གྱི་ཡུལ་གྱི་གཟུགས་སྐྱེ་སྟེ། དེ་ཡང་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་ནི་བསྟན་དུ་མེད་པ་ཡིན་
ལ། ཡུལ་ལ་མི་སྒྲིབ་པའི་ཕྱིར་ནི་ཐོགས་པ་མེད་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ད་ནི་དེ་ཇི་ལྟར་གཟུགས་ཡིན་སྙམ་དུ་སེམས་ན་དེ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཡང་མཚུངས་སོ། །གང་ཡང་གཟུགས་ཟག་པ་མེད་པ་གསུངས་པའི་ཕྱིར་རོ་ཞེས་སྨྲས་པ་ནི་རྣལ་འབྱོར་སྤྱོད་པ་རྣམས་ན་རེ་ཏིང་ངེ་
འཛིན་གྱི་མཐུ་ལས་སྐྱེས་པའི་གཟུགས་དེ་ཉིད་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་ཟག་པ་མེད་པ་ཡིན་ནོ་ཞེས་བརྗོད་དོ། །གཞན་དག་ན་རེ་དགྲ་བཅོམ་པའི་གཟུགས་དང་། ཕྱི་རོལ་གང་ཡིན་པ་སྟེ། ཟག་པ་རྣམས་ཀྱི་རྟེན་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན་གང་མདོ་ལས་ཟག་པ་དང་བཅས་
པའི་ཆོས་རྣམས་གང་ཞེ་ན། མིག་ཇི་སྙེད་པ་དང་། གཟུགས་ཇི་སྙེད་པ་དག་ཡིན་ནོ་ཞེས་རྒྱས་པར་གསུངས་སོ་ཞེ་ན། དེ་ནི་ཟག་པ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་ཟག་པ་དང་བཅས་པར་གསུངས་པ་ཡིན་ནོ། །འོ་ན་ནི་རྣམ་གྲངས་ཀྱིས་དེ་ཉིད་ཟག་པ་དང་བཅས་པ་ཡང་ཡིན་ལ་ཟག་པ་མེད་པ་
ཡང་ཡིན་པར་འགྱུར་རོ། །ཅིར་འགྱུར་ན། མཚན་ཉིད་འཆོལ་བར་འགྱུར་རོ། །ཇི་ལྟར་དེ་ཟག་པ་དང་བཅས་པ་ཡིན་པ་དེ་ལྟར་ནམ་ཡང་ཟག་པ་མེད་པ་མ་ཡིན་པས་འདི་ལ་འཆོལ་བ་ཅི་ཞིག་ཡོད། གལ་ཏེ་ཡང་གཟུགས་ལ་སོགས་པའི་སྐྱེ་མཆེད་རྣམས་གཅིག་ཏུ་ཟག་པ་དང་བཅས་པ་དག་
ཡིན་པར་འགྱུར་ན། ཅིའི་ཕྱིར་མདོ་ལས་གཟུགས་ཟག་པ་དང་བཅས་པའི་ཉེ་བར་ལེན་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི་སེམས་ཀྱི་ཐ་བ་དང་སྤགས་པའི་གཞི་ཡིན་ནོ་ཞེས་རྒྱ་ཆེར་ཁྱད་པར་དུ་མཛད་པར་འགྱུར། གང་ཡང་བསོད་ནམས་མངོན་པར་འཕེལ་བར་གསུངས་པའི་ཕྱིར་རོ་ཞེས་སྨྲས་པ་དེ་
ལ་ཡང་སྔོན་གྱི་སློབ་དཔོན་དག་ན་རེ་ཇི་ལྟ་ཇི་ལྟར་སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བ་དག་ཡོངས་སུ་སྤྱད་པ་དེ་ལྟ་དེ་ལྟར་ཟ་བ་པོ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་དང་། ཕན་བཏགས་པའི་ཁྱད་པར་གྱིས་ཡིད་གཞན་དང་ལྡན་པའི་སྦྱིན་པ་པོ་རྣམས་ལ་ཡང་གང་གིས་ན་ཚེ་ཕྱི་མ་ལ་འབྲས་བུ་ཆེས་མང་པོ་

མངོན་པར་བསྒྲུབ་ནུས་པར་འགྱུར་བ་དེ་ལ་དམིགས་པའི་སྦྱིན་པའི་སེམས་པས་ཡོངས་སུ་བསྒོས་པའི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཕྲ་མོ་འཐོབ་པ་འདི་ནི་ཆོས་ཉིད་ཡིན་ཏེ། བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་ཞིང་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཏེ་ཞེས་བྱ་བ་ནི་འདི་ལས་དགོངས་
ཏེ་གསུངས་པ་སྲིད་དོ་ཞེས་སྟོན་པར་བྱེད་དོ། །འོན་ཏེ་དེ་ཇི་ལྟར་ན་རྒྱུད་གཞན་གྱི་ཁྱད་པར་གྱིས་ཡིད་གཞན་དང་ལྡན་པའི་རྒྱུད་གཞན་ཡོངས་སུ་འགྱུར་བར་ཇི་ལྟར་འགྱུར་སྙམ་དུ་སེམས་ན། དེ་ནི་ཇི་ལྟར་ན་དེ་རྒྱུད་གཞན་གྱི་ཁྱད་པར་གྱི་རྒྱུད་གཞན་ལ་ཆོས་གཞན་རྣམ་པར་རིག་བྱེད་མ་ཡིན་པར་འགྱུར་ཞེས་
རྣམ་པར་རིག་བྱེད་མ་ཡིན་པ་ལ་ཡང་མཚུངས་སོ། །ད་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དག་ལ་ཇི་ལྟར་འགྱུར་ཞེ་ན། ཡང་དང་ཡང་དུ་དེ་ལ་དམིགས་པའི་སེམས་པ་ལ་གོམས་པས་རྨི་ལམ་དག་ན་ཡང་དེ་དག་རྗེས་སུ་འབྲེལ་པར་འགྱུར་རོ། །རྣམ་པར་རིག་
བྱེད་མ་ཡིན་པར་སྨྲ་བའི་ལྟར་ན་རྫས་ལས་བྱུང་བ་མ་ཡིན་པ་གང་ལ་རྣམ་པར་རིག་བྱེད་མེད་པ་དེ་ལ་ཇི་ལྟར་རྣམ་པར་རིག་བྱེད་མ་ཡིན་པར་འགྱུར་ཞེ་ན། གཞན་དག་ན་རེ་རྫས་ལས་བྱུང་བ་དག་ལ་ཡང་དང་ཡང་དུ་དེ་ལ་དམིགས་པའི་སེམས་པ་དེ་ལ་གོམས་པར་འགྱུར་རོ་ཞེས་ཟེར་རོ། །འོ་ན་མདོ་ལས་
གང་དྲག་ཤུལ་ཅན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་དང་ལྡན་པས་གང་གི་བསོད་སྙོམས་ཡོངས་སུ་ཟོས་ནས་སེམས་ཀྱི་ཏིང་ངེ་འཛིན་ཚད་མེད་པ་ལུས་ཀྱིས་མངོན་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་ན། དེའི་གཞི་ལས་སྦྱིན་པ་པོའི་སྦྱིན་པ་དག་གིས་བསོད་ནམས་ཀྱི་རྒྱུ་
མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་། བདེ་བའི་གཞི་ཚད་མེད་པར་རེ་བར་བྱའོ་ཞེས་གང་གསུངས་པ་དེ་ལ་དེའི་ཚེ་སྦྱིན་པ་པོའི་སེམས་པའི་ཁྱད་པར་གང་ཞིག་ཡིན་ནོ། །དེ་ལྟ་བས་ན་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཁོ་ན་རིགས་པ་དང་ལྡན་པ་ཡིན་ནོ། །གང་ཡང་བྱེད་དུ་བཅུག་པའི་
ལས་ཀྱི་ལམ་དུ་ཇི་ལྟར་འགྱུར་ཞེས་སྨྲས་པ་དེ་ལ་ཡང་འདི་སྐད་དུ་དེའི་སྦྱོར་བས་གཞན་དག་ལ་གནོད་པའི་བྱེ་བྲག་གིས་སྦྱོར་བ་པོ་ལ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཕྲ་མོ་གང་ལས་ན་ཚེ་ཕྱི་མ་ལ་འབྲས་བུ་ཆེས་མང་པོ་མངོན་པར་འགྲུབ་ནུས་པའི་རྒྱུད་དེ་སྐྱེ་བར་འགྱུར་རོ་ཞེས་བརྗོད་དེ། བདག་

ཉིད་ཀྱི་བྱེད་པ་ལའང་བྱ་བའི་འབྲས་བུ་ཡོངས་སུ་རྫོགས་ནས་ཚུལ་ནི་འདི་ཉིད་ཡིན་པར་རིག་པར་བྱའོ། །རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་འདི་ནི་ལས་ཀྱི་ལམ་ཞེས་བྱ་སྟེ། འབྲས་བུ་ལ་རྒྱུ་བཏགས་པའི་ཕྱིར་རོ། །ལུས་ཀྱི་དང་ངག་གི་ནི་དེ་དག་གི་བྱ་བའི་འབྲས་བུ་ཡིན་
པའི་ཕྱིར་དཔེར་ན་རྣམ་པར་རིག་བྱེད་མ་ཡིན་པར་སྨྲ་བ་རྣམས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ལྟ་བུའོ། །བཙུན་པ་ན་རེ་འདི་གང་གི་ཚེ་ཟིན་པའི་ཕུང་པོ་དག་ལ་བསད་པར་བྱའོ། །གསོད་དོ། །བསད་དོ་སྙམ་དུ་སེམས་པ་ན་དུས་གསུམ་པའི་སེམས་པས་སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་
འགྱུར་རོ་ཞེས་ཟེར་ན། མ་ལ་སོགས་པ་མ་བསད་པར་བསད་དོ་སྙམ་པའི་ང་རྒྱལ་ཅན་རྣམས་ལ། མཚམས་མེད་པའི་ལས་ཀྱི་ལམ་དུ་འགྱུར་དུ་འོངས་པས་དེ་ཙམ་གྱིས་ལས་ཀྱི་ལམ་ཡོངས་སུ་རྫོགས་པ་ནི་མ་ཡིན་གྱི་འདི་ལ་བསམ་པ་ནི་བདག་ཉིད་ཀྱིས་གསོད་པ་ལ་སེམས་པ་དེ་སྙེད་ཅིག་
ཀུན་དུ་འབྱུང་ངོ་ཞེས་བྱ་བ་འདི་ཡིན་པར་རིགས་པའི་ངོ་བོ་ཡིན་ནོ། །ད་ནི་རྣམ་པར་རིག་བྱེད་མ་ཡིན་པ་ནི་སྤོང་བར་བྱེད་ཅིང་དེ་ཁོ་ན་དང་འདྲ་བར་མི་མངོན་པར་རྒྱུད་ཡོངས་སུ་འགྱུར་བའི་བྱེ་བྲག་ཁས་ལེན་པར་བྱེད་པའི་རབ་ཏུ་སྣང་བ་དེ་གང་ཞེ་ན། རབ་ཏུ་སྣང་བ་ནི་ཅི་ཡང་མེད་མོད་ཀྱི་འོན་ཀྱང་སེམས་ཀྱི་རྒྱུ་
ལས་བྱུང་བའི་ལུས་ཀྱི་སྦྱོར་བས་བྱ་བ་ཡོངས་སུ་རྫོགས་ན་སྦྱོར་བ་པོ་ལ་དེ་དག་དང་ཐ་དད་པར་གྱུར་པའི་ཆོས་གཞན་ཞིག་ན་སྐྱེའོ་ཞེས་བྱ་བ་ནི་ཡོངས་སུ་དགའ་བ་མི་སྐྱེའོ། །གང་གིས་བྱས་པའི་སྦྱོར་བ་ལས་བྱུང་བའི་བྱ་བ་ཡོངས་སུ་རྫོགས་པ་དེ་ཁོ་ན་ལ་དེའི་རྒྱུ་ཅན་གྱི་རྒྱུད་ཡོངས་སུ་འགྱུར་བ་འབྱུང་ངོ་
ཞེས་བྱ་བ་ནི་ཡོངས་སུ་དགའ་བར་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བའི་རྒྱུད་ལས་ཚེ་ཕྱི་མ་ལ་འབྲས་བུ་བྱུང་བའི་ཡང་ཕྱིར་རོ། །འདི་ལ་བཤད་ཀྱང་ཟིན་ཏོ། །ཇི་སྐད་དུ་བཤད་ཅེ་ན། རྣམ་པར་རིག་བྱེད་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གང་ཡང་འདི་ལྟར་ཆོས་ཀྱི་
སྐྱེ་མཆེད་གཟུགས་ཅན་མ་ཡིན་པར་གསུངས་སོ་ཞེས་སྨྲས་པ་ནི་བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་གང་ཡིན་པ་དེ་ཉིད་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་ཡིན་ནོ། །གང་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པར་འགྱུར་རོ་ཞེས་སྨྲས་པ་ནི་རེ་ཞིག་ཇི་ལྟར་ན་ལམ་ལ་སྙོམས་པར་

ཞུགས་པ་ལ་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དག་ཡོད་པ་ཁྱོད་སྨྲོས་ཤིག །ཅི་འདི་ཚིག་ཏུ་སྨྲ་འམ། འོན་ཏེ་བྱ་བ་བྱེད་དམ། འོན་ཏེ་ཆོས་གོས་ལ་སོགས་པ་དག་འཆོལ་བར་བྱེད། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། གང་ཞིག་ཐོབ་པའི་ཕྱིར་ལངས་ན་
ཡང་ལོག་པའི་ངག་ལ་སོགས་པ་དག་ལ་ནི་མི་འཇུག་ལ། ཡང་དག་པའི་ངག་ལ་སོགས་པ་དག་ལ་ནི་འཇུག་པར་འགྱུར་བ་དེ་ལྟ་བུའི་རྣམ་པར་རིག་བྱེད་མ་ཡིན་པ་ཟག་པ་མེད་པ་འཐོབ་སྟེ། དེའི་ཕྱིར་རྒྱུ་མཚན་ལ་རྒྱུ་མཚན་ཅན་བཏགས་པ་ནས་རྣམ་པར་རིག་བྱེད་མ་ཡིན་པ་ལ་དེར་བཤད་དོ། །
གལ་ཏེ་དེ་ལྟ་ན་གོ་འདི་ལ་ཡང་དེ་བཞིན་དུ་ལམ་ལ་སྙོམས་པར་ཞུགས་པས་རྣམ་པར་རིག་བྱེད་མ་ཡིན་པ་མེད་བཞིན་དུ་གང་ཞིག་ཐོབ་པའི་ཕྱིར་ལངས་ན་ཡང་ལོག་པའི་ངག་ལ་སོགས་པ་དག་ལ་ནི་མི་འཇུག་ལ། ཡང་དག་པའི་ངག་ལ་སོགས་པ་དག་ལ་ནི་འཇུག་པར་འགྱུར་བ་དེ་ལྟ་བུའི་བསམ་པ་
དང་ལུས་ཐོབ་པར་འགྱུར་ཏེ། དེའི་ཕྱིར་རྒྱུ་མཚན་ལ་རྒྱུ་མཚན་ཅན་ཉེ་བར་བཏགས་པ་བྱས་ནས་ལམ་གྱི་ཡན་ལག་བརྒྱད་རྣམ་པར་གཞག་གོ་ཞེས་བྱ་བར་ཅིའི་ཕྱིར་མི་གཟུང་གཞན་དག་ན་རེ་དེ་དག་མི་བྱེད་པ་ཙམ་འདིར་ཡན་ལག་ཏུ་གསུངས་པ་ཡིན་ཏེ། འདིས་འཕགས་པའི་ལམ་གྱི་
མཐུས་ངེས་པར་མི་བྱེད་པར་འཐོབ་པ་གང་ཡིན་པ་དེ་ཡང་ཟག་པ་མེད་པའི་ལམ་ལ་བརྟེན་ནས་འཐོབ་པའི་ཕྱིར་ཟག་པ་མེད་པ་ཡིན་ནོ། །ཐམས་ཅད་དུ་རྫས་སུ་ཡོད་པའི་ཆོས་ཡོངས་སུ་བགྲང་བ་ཡང་མ་ཡིན་ཏེ། དཔེར་ན་འཇིག་རྟེན་པའི་ཆོས་བརྒྱད་པོ་རྙེད་པ་དང་མ་རྙེད་པ་དང་། སྙན་པ་
པ་དང་མི་སྙན་པ་དང་། བསྟོད་པ་དང་སྨད་པ་དང་། བདེ་བ་དང་སྡུག་བསྔལ་བ་བཞིན་ཏེ། དེ་ལ་ནི་ཆོས་གོས་ལ་སོགས་པ་དག་མ་རྙེད་པ་ཞེས་བྱ་བ་རྫས་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །སོ་སོར་ཐར་པའི་སྡོམ་པར་ཡང་འགྱུར་ཏེ། སེམས་པ་གང་གིས་ཆོ་ག་སྔོན་དུ་བཏང་བའི་ཁས་
བླངས་ཏེ་ལས་བཀག་ནས་ལུས་དང་ངག་དག་སྡོམ་པར་བྱེད་དོ། །གལ་ཏེ་སེམས་གཞན་དང་ལྡན་ན་མ་བསྡམས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ལ་གོམས་པར་བྱས་པའི་དུས་སུ་དྲན་པ་ཉེ་བར་གནས་པའི་ཕྱིར་རོ། །ཆུ་ལོན་གྱི་ངོ་བོར་ཡང་འགྱུར་ཏེ། ངོ་ཚ་ཤེས་པས་མི་བྱ་བར་དམ་

བཅས་པ་ཡང་དག་པར་དྲན་ཞིང་ཡང་དག་པར་དྲན་ནས་འཆལ་པའི་ཚུལ་ཁྲིམས་མི་བྱེད་པའི་ཕྱིར་ཏེ། དེ་ལྟ་བུ་ཁོ་ནའི་དོན་དུ་དེ་ཡང་དག་པར་ལེན་པ་ཡང་ཡིན་ནོ། །གལ་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་འཆལ་བའི་ཚུལ་ཁྲིམས་ཀྱི་བགེགས་བྱེད་པ་ཡིན་པར་གྱུར་
ན་ནི་བརྗེད་ངས་པ་འགགས་ཀྱང་ཚུལ་ཁྲིམས་འདྲལ་བར་མི་འགྱུར་རོ། །རྒྱས་པར་ནི་མི་དགོས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྫས་གཞན་ཁོ་ནར་ཡོད་དོ་ཞེས་ཟེར་རོ། །གལ་ཏེ་ཡོད་ལ་དེ་ཡང་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཡིན་ནོ་ཞེས་བཤད་
ན་དེ་ཅི་རྣམ་པར་རིག་བྱེད་ཀྱི་འབྱུང་བ་དག་ཁོ་ན་རྒྱུར་བྱས་ནས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བའམ། འོན་ཏེ་གཞན་དག་ཀྱང་ཡིན་ཞེ་ན། སྨྲས་བ། མ་ཡིན་ནོ། །དེ་ནི་འབྱུང་བ་ཆེན་པོ་གཞན་དང་གཞན་དག་ཁོ་ན་རྒྱུར་བྱས་ནས་སྐྱེ་བར་འགྱུར་ཏེ། ཚོགས་པ་དེ་ཉིད་འབྲས་བུ་ཕྲ་མོ་ཅན་ཡང་ཡིན་
ལ། འབྲས་བུ་རགས་པ་ཅན་ཡང་ཡིན་པར་ནི་མི་རུང་ངོ་། །ཡང་ཅི་དེ་གང་གི་ཚེ་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་པ་དེའི་ཚེ་ཡོད་པའི་འབྱུང་བ་ཆེན་པོ་དག་ཁོ་ན་རྒྱུར་བྱས་ནས་འབྱུང་ངམ་ཞེ་ན། རྒྱུར་བྱས་པའི་གཟུགས་ཕལ་ཆེར་ཐམས་ཅད་ནི་དེ་ལྟ་བུ་ཡིན་ནོ། །ད་ལྟར་དང་མ་འོངས་
པ་ཅུང་ཟད་ཅིག་ནི་འདས་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས་འབྱུང་ངོ་། །དེ་ཡང་གང་ཞེ་ན། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེ། །འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་སྐད་ཅིག་མ་དང་པོ་ཕྱིན་ཅད་འདས་པའི་འབྱུང་བ་ཆེན་པོ་
དག་རྒྱུར་བྱས་ནས་སྐྱེའོ། །དེ་དག་ནི་འདིའི་གཞིའི་དོན་དུ་འགྱུར་ལ་ལུས་ཀྱི་འབྱུང་བ་ཆེན་པོ་དེ་ལྟར་འབྱུང་བ་རྣམས་ནི་རྟེན་གྱི་དོན་དུ་འགྱུར་ཏེ། འཇུག་པ་དང་རྗེས་སུ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་གོ་རིམས་བཞིན་ཏེ། འཁོར་ལོ་ས་ལ་འདྲིལ་བ་ལ་ལག་པས་འཕུལ་བ་དང་སའི་ཕྱོགས་བཞིན་ནོ། །
ཡང་གང་ན་ཡོད་པའི་ལུས་དང་ངག་གི་ལས་གང་ན་ཡོད་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཡིན་ཞེ་ན། ཟག་བཅས་ལུས་དང་ངག་གི་ལས། །རང་གི་འབྱུང་བ་དག་རྒྱུར་བྱས། །འདོད་པ་ན་སྤྱོད་པའི་ལུས་དང་ངག་གི་ལས་ནི་འདོད་པ་ན་སྤྱོད་པའི་འབྱུང་བ་དག་ཁོ་ན་རྒྱུར་བྱས་པ་ཡིན་ལ། དེ་བཞིན་

དུ་བསམ་གཏན་བཞི་པའི་ས་པའི་བར་དུ་ཡང་དེའི་ས་པའི་འབྱུང་བ་དག་ཁོ་ན་རྒྱུར་བྱས་པ་ཡིན་ནོ། །ཟག་མེད་གང་དུ་སྐྱེས་པ་ཡིན། །ཟག་པ་མེད་པའི་ལུས་དང་ངག་གི་ལས་དེ་ནི་ས་གང་དུ་སྐྱེས་ཏེ་སྐྱེད་པར་བྱེད་པ་དེའི་ས་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཡིན་ཏེ། ཁམས་གསུམ་མ་གཏོགས་
པའི་ཕྱིར་དང་། ཟག་པ་མེད་པ་རྣམས་ལས་འབྱུང་བ་དག་མེད་པའི་ཕྱིར་དང་། དེའི་སྟོབས་ལས་སྐྱེ་བའི་ཕྱིར་རོ། །རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའི་ལས་དེ་ལས་ཀྱང་། རྣམ་རིག་བྱེད་མིན་མ་ཟིན་དང་། །རྒྱུ་མཐུན་ལས་བྱུང་སེམས་ཅན་སྟོན། །གཞན་ཡང་། རྒྱུ་
མཐུན་ཟིན་པའི་འབྱུང་ལས་སྐྱེ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་རྒྱུ་མཐུན་པ་དང་ཟིན་པའི་འབྱུང་བ་དག་ཁོ་ན་རྒྱུར་བྱས་ནས་སྐྱེ་སྟེ། འདི་ནི་མཉམ་པར་གཞག་པ་མ་ཡིན་པའི་ས་པའི་རྣམ་པ་ཡིན་ནོ། །ཏིང་འཛིན་སྐྱེས་འབྱུང་མ་ཟིན་དང་། །རྒྱས་བྱུང་ཐ་དད་མིན་ལས་སྐྱེ། །ཏིང་ངེ་འཛིན་
ལས་སྐྱེས་པ་ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡིན་ཏེ་དེ་ནི་ཏིང་ངེ་འཛིན་ལས་སྐྱེས་པ་རྒྱས་པ་ལས་བྱུང་བ་དང་མ་ཟིན་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས་སྐྱེའོ། །ཐ་མི་དད་པ་དག་ཀྱང་འབྱུང་བ་ཡིན་ཏེ། འབྱུང་བ་ཆེན་པོ་གང་དག་ཁོ་ན་རྒྱུར་བྱས་
ནས་སྲོག་གཅོད་པ་སྤོང་བ་སྐྱེ་བ་དེ་དག་ཁོ་ན་ལས་ཚིག་ཀྱལ་པ་སྤོང་བའི་བར་དུ་སྐྱེའོ། །ཅིའི་ཕྱིར་ཞེ་ན། སེམས་བཞིན་དུ་འབྱུང་བ་ཐ་མི་དད་པའི་ཕྱིར་རོ། །སོ་སོར་ཐར་པའི་སྡོམ་པ་ནི་འབྱུང་བ་གཞན་དང་གཞན་དག་རྒྱུར་བྱས་ནས་རྣམ་པར་རིག་བྱེད་མ་ཡིན་པ་བདུན་སྐྱེའོ། །རྣམ་པར་
རིག་བྱེད་ནི་རྒྱུ་མཐུན་པ་ལས་བྱུང་བ་སྟེ། ལུས་ཀྱིས་ནི་ཟིན་པ་ཡིན་ནོ། །ཡང་ཅི་རྣམ་པར་རིག་བྱེད་འདི་སྐྱེ་བ་ན་དབྱིབས་སྔ་མའི་རྒྱུད་བཤིག་ནས་སྐྱེའམ། འོན་ཏེ་མ་ཡིན། དེ་ལས་ཅིར་འགྱུར། གལ་ཏེ་བཤིག་ནས་སྐྱེ་ན་ནི། །རྣམ་པར་སྨིན་པའི་གཟུགས་ཆད་པ་ཡང་རྒྱུན་ཆགས་པའི་
ཕྱིར་འདི་བྱེ་བྲག་ཏུ་སྨྲ་བ་མ་ཡིན་པར་འགྱུར་རོ། །འོན་ཏེ་མ་བཤིག་པར་སྐྱེ་ན་ནི་ཇི་ལྟར་འབྱུང་བའི་ཚོགས་གཅིག་ལ་དབྱིབས་གཉིས་འགྲུབ་པར་འགྱུར། དེའི་ཚེ་གང་དག་རྒྱུར་བྱས་ནས་རྣམ་པར་རིག་བྱེད་སྐྱེ་བར་འགྱུར་བ་རྒྱུ་མཐུན་པ་ལས་བྱུང་བའི་འབྱུང་བ་ཆེན་པོ་གཞན་དང་། གཞན་དེ་

དག་སྐྱེ་བར་འགྱུར་རོ། །དེ་དག་དེ་ལྟ་ན་ནི་འོ་ན་དེའི་འབྱུང་བ་ཆེན་པོ་དེ་དག་གིས་མངོན་པར་ཁྱབ་པའི་ཕྱིར་ཡན་ལག་དང་གང་དང་གང་ལ་བརྟེན་ནས་རྣམ་པར་རིག་བྱེད་སྐྱེ་བར་འགྱུར་བའི་ཡན་ལག་དེ་དང་དེ་ཆེན་པོར་འགྱུར་རོ། །མངོན་པར་མ་ཁྱབ་ན་ནི་ཇི་ལྟར་ན་ཡན་
ལག་ཟད་པར་གྱིས་རྣམ་པར་རིག་པར་བྱེད་པར་འགྱུར། ལུས་ལ་གསེབ་ཡོད་པའི་ཕྱིར་དེ་དག་གི་གོ་སྐབས་ཡོད་དོ། །ཡང་ལས་དེ་རྣམ་གྲངས་ཀྱིས་རྣམ་པ་གཉིས་དང་རྣམ་པ་གསུམ་དང་། རྣམ་པ་ལྔར་བཤད་པ་དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་དགེ་བ་དང་། མི་དགེ་བ་རྣམ་པ་གཉིས་སོ། །
རྣམ་རིག་མིན་ལུང་བསྟན་མིན་མེད། །ཅིའི་ཕྱིར་ཞེ་ན། ལུང་དུ་མ་བསྟན་པའི་སེམས་ནི་སྟོབས་ཆུང་བ་ཡིན་ཏེ། དེའི་ཕྱིར་གང་འགགས་ཀྱང་དེའི་རྗེས་སུ་འབྲེལ་པར་འགྱུར་བའི་ལས་སྟོབས་དང་ལྡན་པ་འཕེན་པར་མི་ནུས་སོ། །གཞན་ནི་རྣམ་གསུམ། ལས་གཞན་ནི་དགེ་བ་དང་། མི་དགེ་
བ་དང་། ལུང་དུ་མ་བསྟན་པ་དང་། རྣམ་པ་གསུམ་ཡིན་ནོ། །གཞན་དེ་ཡང་གང་ཞེ་ན། རྣམ་པར་རིག་བྱེད་དང་། སེམས་པའོ། །མི་དགེ་ནི། འདོད་ནའོ། །མི་དགེ་བའི་ལས་ནི་འདོད་པའི་ཁམས་ན་ཡོད་པར་རིག་པར་བྱའོ། །གཞན་དག་ན་ནི་མེད་དེ། མི་དགེ་བའི་རྩ་བ་རྣམས་དང་།
ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དག་སྤངས་པའི་ཕྱིར་རོ། །དགེ་བ་དང་ལུང་དུ་མ་བསྟན་པ་ནི་མ་བཀག་པའི་ཕྱིར་ཐམས་ཅད་ན་ཡོད་དོ། །དེ་ལ་གཟུགས་ནའང་རྣམ་རིག་མིན། །ཡང་གི་སྒྲས་ནི་འདོད་པ་ན་ཡང་ཡོད་དོ། །གཟུགས་མེད་པ་དག་ན་ནི་འབྱུང་བ་མེད་པའི་ཕྱིར་མེད་དོ། །གང་
ན་ལུས་དང་ངག་དང་འཇུག་པ་དེ་ན་ལུས་དང་ངག་གི་སྡོམ་པ་ཡོད་དོ། །འོ་ན་འདིར་སྙོམས་པར་འཇུག་པ་ལ་ཡོད་པར་འགྱུར་ཏེ། ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་ནོ་ཞེ་ན། མ་ཡིན་ཏེ། དེ་ནི་ཁམས་སུ་མ་གཏོགས་པའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པའི་རྣམ་པར་
རིག་བྱེད་མ་ཡིན་པ་ནི་སྐལ་པ་མི་མཉམ་པའི་འབྱུང་བ་རྒྱུར་བྱས་ནས་སྐྱེ་བ་ནི་འོས་པ་མ་ཡིན་ནོ། །གཟུགས་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པའི་གཟུགས་སྐྱེད་པར་མི་ནུས་ཏེ། གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར་རོ། །བྱེ་བྲག་

ཏུ་སྨྲ་བ་རྣམས་ན་རེ་ཚུལ་ཁྲིམས་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་གཉེན་པོ་ཡིན་ལ། འཆལ་པའི་ཚུལ་ཁྲིམས་དེ་ཡང་འདོད་པ་ན་སྤྱོད་པ་ཡིན་ན་གཟུགས་མེད་པ་རྣམས་ནི་འདོད་པའི་ཁམས་ནས་རྟེན་དང་རྣམ་པ་དང་དམིགས་པ་དང་གཉེན་པོ་རིང་བ་དག་གིས་རིང་སྟེ། དེའི་ཕྱིར་འདི་དག་ན་རྣམ་པར་རིག་བྱེད་
མ་ཡིན་པ་མེད་དོ་ཞེས་ཟེར་རོ། །རྣམ་རིག་དཔྱོད་དང་བཅས་དག་ན། །རྣམ་པར་རིག་བྱེད་ནི་ས་གཉིས་པོ་འདོད་པའི་ཁམས་དང་། བསམ་གཏན་དང་པོ་ཁོ་ན་ན་ཡོད་ཀྱི་དེ་ཡན་ཆད་ན་ནི་མེད་དོ། །འདོད་པ་ན་ཡང་བསྒྲིབས་པ་མེད་ན། བསྒྲིབས་པ་མེད་པའི་རྣམ་པར་རིག་བྱེད་ནི་འདོད་པའི་ཁམས་
ན་ཡང་མེད་ཀྱི་ཚངས་པའི་འཇིག་རྟེན་ཁོ་ན་ན་ཡོད་དོ། །ཚངས་པ་ཆེན་པོ་ལ་ཡང་གཡོས་ཀུན་ནས་སློང་བའི་ངག་གི་ལས་ཡོད་དེ། དེས་རང་གི་འཁོར་གྱི་ནང་དུ་ཚེ་དང་ལྡན་པ་རྟ་ཐུལ་ལ་གཏམ་རླུང་བསྐུར་བའི་ཕྱིར་བདག་ཉིད་རྣམ་པར་བསྔགས་སོ་ཞེས་གྲག་གོ། །དེ་ཡན་ཆད་ནི་ངག་གི་རྣམ་པར་
རིག་བ