Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 140

Văn bản gốc(Tây Tạng)

Trang 12 / 17 (50.000 ký tự/trang)
ྱེད་མེད་ན་སྒྲའི་སྐྱེ་མཆེད་ཇི་ལྟར་ཡོད་ཅེ་ན། ཕྱིའི་འབྱུང་བ་ཆེན་པོའི་རྒྱུར་བྱས་པ་ཡོད་དོ། །གཞན་དག་ན་རེ་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་ཡང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་ནི་ཡོད་ཀྱི་དགེ་བ་ཡང་མེད་ལ། ཉོན་མོངས་པ་ཅན་ཡང་མེད་དོ། །ཅིའི་
ཕྱིར་ཞེ་ན། དེ་དག་ཏུ་སྐྱེས་པ་ནི་ས་འོག་མ་པའི་སེམས་གང་གིས་ན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་འགྱུར་བ་དེ་ལྟ་བུ་ནི་མངོན་སུམ་དུ་མི་བྱེད་དེ། དམན་པ་དང་སྤངས་ཟིན་པའི་ཕྱིར་རོ་ཞེས་ཟེར་ཏེ་སྔ་མ་ཁོ་ན་བརྗོད་དོ། །ཅིའི་ཕྱིར་ཚངས་པའི་འཇིག་རྟེན་ཡན་ཆད་ན་རྣམ་པར་རིག་བྱེད་
མེད་ལ། འདོད་པའི་ཁམས་ན་ཡང་བསྒྲིབས་ལ་ལུང་དུ་མ་བསྟན་པ་མེད་ཅེ་ན། གང་ཕྱིར་ཀུན་སློང་མེད། རྟོག་པ་དང་དཔྱོད་པ་དང་བཅས་པའི་སེམས་ཀྱིས་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་ན། དེ་ཡང་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་མེད་དོ། །བསྒོམ་པས་
སྤང་བར་བྱ་བས་སློང་བར་བྱེད་ཀྱི་དེ་ཁ་ནང་དུ་བལྟས་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་ནི་མ་ཡིན་ནོ། །བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་དེ་ཡང་འདོད་པའི་ཁམས་ན་མེད་དོ། །ཡང་ནི་ཀུན་ནས་སློང་བའི་དབང་པོ་ཁོ་ན་ལས་ཆོས་རྣམས་ཀྱི་དགེ་བ་དང་མི་དགེ་བ་ཉིད་དུ་རིག་པར་བྱ་འམ་ཞེ་ན།

སྨས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། རྣམ་པ་བཞིས་ཏེ། དོན་དམ་པ་དང་། ངོ་བོ་ཉིད་དང་། མཚུངས་པར་ལྡན་པ་དང་། ཀུན་ནས་སློང་བས་སོ། །དེ་ལ་རེ་ཞིག །ཐར་པ་དམ་པའི་དོན་དུ་དགེ །མྱ་ངན་ལས་འདས་པ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་
ཡིན་ཏེ། དེ་བས་ན་མཆོག་ཏུ་བདེ་བའི་ཕྱིར་དོན་དམ་པར་དགེ་བ་སྟེ་ནད་མེད་པ་བཞིན་ནོ། །རྩ་བ་ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་གཞན་མཚུངས་པར་ལྡན་པ་དང་། ཀུན་ནས་སློང་བ་ལ་མི་ལྟོས་པའི་ཕྱིར་ངོ་བོ་ཉིད་ཀྱིས་དགེ་བ་ཡིན་ཏེ་འཕྲོད་པའི་
སྨན་བཞིན་ནོ། །དེ་དག་དང་ལྡན་མཚུངས་ལྡན་གྱིས། །དགེ་བའི་རྩ་བ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དེ་དག་ཉིད་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི་མཚུངས་པར་ལྡན་པས་དགེ་བ་དག་ཡིན་ཏེ། དེ་དག་དང་མཚུངས་པར་མི་ལྡན་པ་རྣམས་ལ་དགེ་བ་ཉིད་མེད་པའི་ཕྱིར་སྨན་དང་སྦྱར་བའི་བཏུང་བ་
བཞིན་ནོ། །བྱ་བ་ལ་སོགས་ཀུན་སློང་བས། །དགེ་བའི་རྩ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཆོས་དེ་དག་ཁོ་ནས་ཀུན་ནས་སློང་བའི་ལུས་དང་ངག་གི་ལས་དང་། སྐྱེ་བ་ལ་སོགས་པ་དང་། ཐོབ་པ་དང་། འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཀུན་ནས་སློང་བས་
དགེ་བ་ཡིན་ཏེ་སྨན་དང་སྦྱར་བའི་བཏུང་བ་ལས་འབྱུང་བའི་འོ་མ་བཞིན་ནོ། །བསྐལ་པ་མི་མཉམ་པའི་སེམས་ཀྱི་ཀུན་ནས་སློང་བའི་ཐོབ་པ་རྣམས་ཇི་ལྟར་དགེ་བ་ཉིད་ཡིན་པ་ནི་བརྗོད་དགོས་སོ། །དགེ་བ་ཇི་སྐད་དུ་བཤད་པ་དེ་ལས། བཟློག་པ་ནི་མི་དགེ །ཇི་ལྟར་བྱས་པས་ཤེ་ན། འཁོར་བའི་སྡུག་
བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་ཀྱིས་མཆོག་ཏུ་མི་བདེ་བའི་ཕྱིར་དོན་དམ་པར་མི་དགེ་བ་ཡིན་ནོ། །མི་དགེ་བའི་རྩ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་རྣམས་ནི་ངོ་བོ་ཉིད་ཀྱིས་སོ། །དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི་མཚུངས་པར་ལྡན་པས་སོ། །དེ་དག་གིས་ཀུན་ནས་སློང་བའི་
ལུས་དང་ངག་གི་ལས་དང་། སྐྱེ་བ་ལ་སོགས་པ་དང་། ཐོབ་པ་རྣམས་ནི་ཀུན་ནས་སློང་བ་ལས་ཏེ་ནད་དང་མི་འཕྲོད་པའི་སྨན་ལ་སོགས་པས་དཔེར་བྱའོ། །དེ་ལྟ་ན་འོ་ན་ནི་འཁོར་བའི་ཁོངས་སུ་གཏོགས་པའི་ཕྱིར་ཟག་པ་དང་བཅས་པ་ཅུང་ཟད་ཀྱང་ལུང་དུ་མ་བསྟན་པའམ། དགེ་བར་མི་འགྱུར་རོ་ཞེ་ན།

དོན་དམ་པར་དེ་སྐད་དུ་བཤད་ཀྱི་ཟག་པ་དང་བཅས་པ་གང་ཞིག་རྣམ་པར་སྨིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བྱ་ལ། རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་ནི་དགེ་བ་ཞེས་བྱའོ། །གལ་ཏེ་དོན་དམ་པར་ལུང་དུ་མ་བསྟན་པ་བཙལ་ན་ནི་དེ་ལ། དོན་དམ་པར་ལུང་མ་བསྟན་པ་དག །འདུས་མ་བྱས་
གཉིས་པོ་ནམ་མཁའ་དང་སོ་སོར་མ་བརྟགས་པས་འགོག་པ་ནི་རྣམ་གྲངས་མེད་པར་ལུང་དུ་མ་བསྟན་པ་དག་ཡིན་ནོ། །ད་ནི་འདི་དཔྱད་པར་བྱ་སྟེ། གལ་ཏེ་ཀུན་ནས་སློང་བའི་དབང་གིས་ལུས་དང་ངག་གི་ལས་དག་དགེ་བ་དང་མི་དགེ་བ་ཉིད་ཡིན་ན། ཅི་སྟེ་འབྱུང་བ་ཆེན་པོ་རྣམས་མ་ཡིན་ཞེ་ན། བྱེད་
པ་པོ་ནི་ལས་ལ་སེམས་པ་ཡིན་གྱི་འབྱུང་བ་རྣམས་ལ་ནི་མ་ཡིན་ནོ། །མཉམ་པར་བཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལ་ནི་བསམ་པ་མེད་དོ། །མཉམ་པར་མ་བཞག་པའི་སེམས་ནི་སྐལ་བ་མི་མཉམ་པའི་ཕྱིར་དེ་ཀུན་ནས་སློང་བར་བྱེད་པ་མ་ཡིན་ན་ཇི་ལྟར་དེ་དགེ་བ་ཉིད་ཡིན་ནོ། །ཡང་ན་ལྷའི་མིག་
དང་རྣ་བ་དག་ཀྱང་དགེ་བ་ཉིད་དུ་ཐལ་བར་འགྱུར་བས་འདི་ལ་འབད་པར་བྱའོ། །མཐོང་ནས་སྤང་བར་བྱ་བའི་སེམས་ནི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་མ་ཡིན་ནོ་ཞེས་གང་བཤད་པ། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལོག་པར་ལྟ་བ་དེ་ལས་ནི་ལོག་པར་རྟོག་པ་དང་ལོག་པའི་ངག་དང་
ལོག་པའི་ལས་ཀྱི་མཐའ་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་ཤེ་ན། འདི་ནི་འགལ་བ་མེད་དེ། འདི་ལྟར། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱིས་སློང་ཞེས་བྱ། །ཀུན་ནས་སློང་བ་ནི་རྣམ་པ་གཉིས་ཏེ། རྒྱུའི་ཀུན་ནས་སློང་བ་དང་། དེའི་དུས་ཀྱིས་
ཀུན་ནས་སློང་བ་སྟེ། དེའི་དུས་ཁོ་ན་ན་དེ་ཡོད་པའི་ཕྱིར་རོ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །རྒྱུའི་ཀུན་ནས་སློང་བ་ནི་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ། །དེའི་དུས་ཀྱིས་ཀུན་ནས་སློང་བ་ནི་བྱ་བའི་དུས་སུ་
མཐུན་པར་འཇུག་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ། །ད་ནི་བྱ་བ་དེ་ལ་དེའི་ནུས་པ་ཅི་ཞིག་ཡོད། འཕངས་སུ་ཟིན་ཀྱང་དེ་མེད་ན་ཤི་བ་བཞིན་དུ་དེ་ཡོད་པར་མི་འགྱུར་རོ། །འོ་ན་སེམས་མེད་པའི་སྡོམ་པ་སྐྱེ་བ་ལ་ཇི་ལྟར་ཡོད། འོ་ན་ནི་སེམས་དང་བཅས་པ་ལ་ཆེས་གསལ་བ་

ཡིན་པས་ནུས་པ་ནི་དེ་ཡིན་ནོ། །དེ་ལ་ཡང་། མཐོང་བས་སྤང་བྱའི་རྣམ་ཤེས་ནི། །རབ་ཏུ་འཇུག་བྱེད་ཡིན། མཐོང་བས་སྤང་བར་བྱ་བའི་སེམས་ནི་དེ་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་དཔྱོད་པ་དག་གི་གཞིར་གྱུར་པའི་ཕྱིར་རྣམ་པར་རིག་བྱེད་རབ་ཏུ་འཇུག་པར་བྱེད་པ་
ཡིན་གྱི། སེམས་ཁ་ཕྱིར་བལྟས་པའི་བྱ་བའི་དུས་ན་དེ་མེད་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །དེས་ཀུན་ནས་སློང་བའི་གཟུགས་ཀྱང་མཐོང་བས་སྤང་བར་བྱ་བ་ཡིན་པར་འགྱུར་རོ། །ཅིར་འགྱུར། ཆོས་མངོན་པ་ལ་གནོད་པར་འགྱུར་རོ། །གཟུགས་ནི་རིག་པ་དང་མ་རིག་པ་དག་དང་
མི་འགལ་བའི་ཕྱིར་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །ཕྱོགས་འདི་ནི་བསྒྲུབ་པར་བྱ་བ་ཡིན་ནོ། །འོ་ན་ནི་སེམས་དང་མཚུངས་པས་བསླང་བའི་ཕྱིར་འབྱུང་བ་རྣམས་ཀྱང་མཐོང་བས་སྤང་བར་བྱ་བར་འགྱུར་རོ། །དེ་ལྟར་ནི་མི་འགྱུར་ཏེ། ཇི་ལྟར་དགེ་བ་དང་མི་དགེ་བ་དག་ཏུ་མི་འགྱུར་བ་བཞིན་ནོ། །
ཡང་ན་འགྱུར་དུ་ཟད་མོད། དེ་སྐད་བརྗོད་པ་ནི་མི་ནུས་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་ནི་རིག་པ་དང་མ་རིག་པ་དག་དང་མི་འགལ་བའི་ཕྱིར་མཐོང་བས་སྤང་བར་བྱ་བ་ཡང་མ་ཡིན་ལ་སྤང་བར་བྱ་བ་མ་ཡིན་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་མདོ་ལས་རྒྱུའི་ཀུན་ནས་སློང་བའི་དབང་དུ་མཛད་
ནས་གསུངས་པའི་ཕྱིར་མི་འགལ་ལོ། །ཡིད་ནི། བསྒོམ་པས་སྤང་བྱ་གཉི་ག་ཡིན། །ཡིད་ཀྱི་རྣམ་པར་ཤེས་པ་བསྒོམ་པས་སྤང་བར་བྱ་བ་ནི་གཉི་ག་ཡིན་ཏེ། རབ་ཏུ་འཇུག་པར་བྱེད་པ་ཡང་ཡིན་ལ་རྗེས་སུ་འཇུག་པར་བྱེད་པ་ཡང་ཡིན་ནོ། །ལྔ་ནི་རྗེས་སུ་འཇུག་བྱེད་ཡིན། །རྣམ་
པར་ཤེས་པའི་ཚོགས་ལྔ་ནི་རྗེས་སུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་འདི་ནི་མུ་བཞིར་འགྱུར་ཏེ། མཐོང་བས་སྤང་བར་བྱ་བའི་སེམས་ནི་རབ་ཏུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་རྗེས་སུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་
པ་བསྒོམ་པས་སྤང་བར་བྱ་བ་ནི་གཉི་ག་ཡིན་ནོ། །ཟག་པ་མེད་པ་ནི་གཉི་ག་མ་ཡིན་ནོ། །ཡང་ཅི་རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བར་རྗེས་སུ་འཇུག་པར་བྱེད་པ་ཡང་དེ་དང་འདྲ་འམ་ཞེ་ན། འདི་ནི་ངེས་པ་མེད་དེ། རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་

འགྱུར། །རབ་ཏུ་འཇུག་པར་བྱེད་པ་དགེ་བ་ལས་ཀྱང་རྗེས་སུ་འཇུག་པར་བྱེད་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པར་འགྱུར་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་ཡང་དེ་དང་འདྲའོ། །ཐུབ་པའི་འདྲ་བའམ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་རབ་ཏུ་འཇུག་པར་བྱེད་པ་དང་རྗེས་སུ་
འཇུག་པར་བྱེད་པ་འདྲ་སྟེ། དགེ་བ་ལས་ཀྱང་དགེ་བ་ཡིན་ལ་ལུང་དུ་མ་བསྟན་པ་ལས་ཀྱང་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་དགེ་བ། ཡང་ན་རབ་ཏུ་འཇུག་པར་བྱེད་པ་ལུང་དུ་མ་བསྟན་པ་ལས་ཀྱང་རྗེས་སུ་འཇུག་པར་བྱེད་པ་དགེ་བར་འགྱུར་གྱི། རབ་ཏུ་འཇུག་པར་བྱེད་པ་དགེ་བ་ལས་རྗེས་སུ་འཇུག་
པར་བྱེད་པ་ལུང་དུ་མ་བསྟན་པར་ནི་ནམ་ཡང་མི་འགྱུར་ཏེ། སངས་རྒྱས་རྣམས་ཀྱི་སྟོབས་ནི་དམན་པར་འགྱུར་བ་མ་ཡིན་ནོ། །སྡེ་པ་གཞན་དག་ན་རེ་སངས་རྒྱས་རྣམས་ལ་ལུང་དུ་མ་བསྟན་པའི་སེམས་མེད་དེ། སངས་རྒྱས་རྣམས་ཀྱི་རྒྱུད་ནི་རྟག་ཏུ་མཉམ་པར་གཞག་པའི་ཕྱིར་དགེ་བར་རྒྱུད་
གཅིག་པ་ནི་ཡིན་ནོ། །མདོ་ལས་ཀྱང་། གླང་ཆེན་གཤེགས་ནའང་མཉམ་པར་གཞག །གླང་ཆེན་བཞེངས་ནའང་མཉམ་པར་གཞག །གླང་ཆེན་མནལ་ནའང་མཉམ་པར་གཞག །བཞུགས་ནའང་མཉམ་པར་གཞག་པ་ཡིན། །ཞེས་གསུངས་སོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་
རྣམས་ན་རེ་འདིའི་ཐུགས་མི་བཞེད་བཞིན་དུ་མི་འགྲོ་བའི་ཕྱིར་དེ་སྐད་གསུངས་ཀྱི་སངས་རྒྱས་རྣམས་ལ་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་པ་དང་། སྤྲུལ་པའི་སེམས་ཀྱིས་མི་མངའ་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །བསྒོམ་པས་སྤང་བར་བྱ་བའི་ཡིད་ནི་རབ་ཏུ་འཇུག་པར་
བྱེད་པ་ཡང་ཡིན་ལ་རྗེས་སུ་འཇུག་པར་བྱེད་པ་ཡང་ཡིན་ནོ་ཞེས་བཤད་པ་དེ་ཐམས་ཅད་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་པར་རིག་པར་བྱའོ། །རྣམ་སྨིན་ལས་སྐྱེས་གཉི་ག་མིན། །རྣམ་པར་སྨིན་པ་ལས་སྐྱེས་པའི་སེམས་ནི་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཉིད་ཀྱི་ཕྱིར་
རབ་ཏུ་འཇུག་པར་བྱེད་པ་ཡང་མ་ཡིན་ལ་རྗེས་སུ་འཇུག་པར་བྱེད་པ་ཡང་མ་ཡིན་ནོ། །ད་ནི་ཅི་རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བར་རྣམ་པར་རིག་བྱེད་ཀྱང་དེ་དང་འདྲ་འམ། འོན་ཏེ་རྗེས་སུ་འཇུག་པར་བྱེད་པ་ཇི་ལྟ་བ་བཞིན་དུ་ཡིན། དེ་ལས་ཅིར་འགྱུར། གལ་ཏེ་རབ་ཏུ་འཇུག་པར་བྱེད་པ་ཇི་

ལྟ་བ་བཞིན་ཡིན་ནོ་ཞེ་ན་ནི་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བས་རབ་ཏུ་འཇུག་པའི་ཕྱིར་འདི་ནི་ཡང་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་ཡོད་པར་འགྱུར་རོ། །ཡང་ན་མཐོང་བས་སྤང་བར་བྱ་བ་ཐམས་ཅད་ནི་རབ་ཏུ་འཇུག་པར་བྱེད་པ་མ་ཡིན་ནོ་ཞེས་
ཁྱད་པར་དུ་བརྗོད་དགོས་སོ། །གལ་ཏེ་རྗེས་སུ་འཇུག་པར་བྱེད་པ་ཇི་ལྟ་བ་བཞིན་ནོ་ཞེ་ན་ནི་སེམས་མི་དགེ་བ་ལུང་དུ་མ་བསྟན་པ་ཅན་གྱི་སོ་སོར་ཐར་པའི་རྣམ་པར་རིག་བྱེད་དགེ་བར་མི་འགྱུར་རོ། །རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བར་རྣམ་པར་རིག་བྱེད་ཀྱང་དེ་དང་འདྲ་མོད་ཀྱི་བསྒོམ་པས་སྤང་
བར་བྱ་བས་བར་དུ་གཅོད་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བ་བཞིན་ནི་མ་ཡིན་ནོ། །གལ་ཏེ་རྗེས་སུ་འཇུག་པར་བྱེད་པའི་དབང་གིས་དགེ་བ་ལ་སོགས་པ་ཉིད་མ་ཡིན་ན། འོ་ན་ནི་མདོ་ལས་རྒྱུའི་ཀུན་ནས་སློང་བ་ལས་དགོངས་ཏེ་གསུངས་ཀྱི་དེའི་དུས་ཀྱི་ཀུན་ནས་སློང་བ་ལས་ནི་མ་ཡིན་པས་
དེའི་ཕྱིར་འདི་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་མེད་དོ་ཞེས་བྱ་བ་འདི་བརྗོད་པར་མི་བྱའི་འདི་སྐད་དུ་གཞན་གྱིས་ཆོད་པའི་རྒྱུའི་ཀུན་ནས་སློང་བ་ལས་དགོངས་ནས་གསུངས་སོ་ཞེས་བརྗོད་པར་བྱའོ། །ཞར་ལ་འོངས་པ་རྫོགས་སོ།། །།སྔར་བཤད་པའི། རྣམ་རིག་མིན།
དེ་ནི་རྣམ་གསུམ་ཞེས་བྱ། སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་དེ་དག་ལས་གཞན་པ་སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་སྟེ། འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུ་སྡོམ་ཞིང་འགོགས་པས་ན་སྡོམ་པའོ། །དེ་ལ། སྡོམ་པ་སོ་སོར་ཐར་ཞེས་བྱ། །
དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །སྡོམ་པ་རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་སྡོམ་པ་ནི་འདི་པ་རྣམས་ཀྱི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །བསམ་གཏན་གྱི་སྡོམ་པ་ནི་གཟུགས་ན་སྤྱོད་པ་རྣམས་ཀྱི་ཚུལ་ཁྲིམས་ཡིན་ནོ། །ཟག་པ་མེད་པའི་སྡོམ་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་
ཡིན་ནོ། །དེ་ལ། སོ་སོར་ཐར་ཞེས་བྱ་རྣམ་བརྒྱད། །དགེ་སློང་གི་སྡོམ་པ་དང་། དགེ་སློང་མའི་སྡོམ་པ་དང་། དགེ་ཚུལ་གྱི་སྡོམ་པ་དང་། དགེ་ཚུལ་མའི་སྡོམ་པ་དང་། དགེ་བསྙེན་གྱི་སྡོམ་པ་དང་། དགེ་བསྙེན་མའི་སྡོམ་པ་དང་། བསྙེན་གནས་པའི་སྡོམ་པ་སྟེ། སྡོམ་པ་རྣམ་པ་དེ་བརྒྱད་ནི་སོ་

སོར་ཐར་པའི་སྡོམ་པ་ཞེས་བྱ་སྟེ། མིང་དུ་ནི་རྣམ་པ་དེ་བརྒྱད་ཡིན་ནོ། །རྫས་སུ་རྣམ་པ་བཞི་ཡིན་ནོ། །དགེ་སློང་གི་སྡོམ་པ་དང་། དགེ་ཚུལ་གྱི་སྡོམ་པ་དང་། དགེ་བསྙེན་གྱི་སྡོམ་པ་དང་། བསྙེན་གནས་ཀྱི་སྡོམ་པའོ། །དེ་ལྟར་ན་སོ་སོར་ཐར་པའི་སྡོམ་པ་ནི་མཚན་ཉིད་སོ་སོར་ངེས་པའི་ཕྱིར་རྫས་ཉིད་
དུ་རྣམ་པ་དེ་བཞིན་ཡིན་ཏེ། དགེ་སློང་གི་སྡོམ་པ་ལས་ནི་དགེ་སློང་མའི་སྡོམ་པ་གཞན་མ་ཡིན་ནོ། །དགེ་ཚུལ་གྱི་སྡོམ་པ་ལས་ཀྱང་དགེ་སློང་མ་དང་། དགེ་ཚུལ་མའི་སྡོམ་པ་གཞན་མ་ཡིན་ནོ། །དགེ་བསྙེན་གྱི་སྡོམ་པ་ལས་ཀྱང་དགེ་བསྙེན་མའི་སྡོམ་པ་གཞན་མ་ཡིན་ནོ། །ཇི་ལྟར་ཤེས་ཤེ་
ན། མཚན་ལས་མིང་ནི་འཕོ་བའི་ཕྱིར། །མཚན་ཞེས་བྱ་བ་ནི་རྟགས་ཞེས་བྱ་བ་སྟེ། གང་གིས་སྐྱེས་པ་དང་བུད་མེད་དག་ཏུ་མཚོན་པར་བྱེད་པའོ། །མཚན་ལས་ནི་དགེ་སློང་དང་དགེ་སློང་མ་ལ་སོགས་པའི་མིང་འཕོ་བར་འགྱུར་ཏེ། ཇི་ལྟར་བྱས་པས་ཤེ་ན། མཚན་གྱུར་ན་དགེ་སློང་ནི་དགེ་
སློང་མ་ཞེས་བྱ། དགེ་སློང་མ་ཡང་དགེ་སློང་ཞེས་བྱའོ། །དགེ་ཚུལ་ནི་དགེ་ཚུལ་མ་ཞེས་བྱ་ལ་དགེ་ཚུལ་མ་དང་དགེ་སློང་མ་ཡང་དགེ་ཚུལ་ཞེས་བྱའོ། །དགེ་བསྙེན་ནི་དགེ་བསྙེན་མ་ཞེས་བྱ་ལ་དགེ་བསྙེན་མ་ཡང་དགེ་བསྙེན་ཞེས་བྱ་སྟེ། མཚན་གྱུར་པ་ལས་སྔོན་གྱི་སྡོམ་པ་གཏོང་བའི་རྒྱུ་ཡང་
ཡོད་པ་མ་ཡིན་ལ་སྔོན་མེད་པའི་སྡོམ་པ་འཐོབ་པའི་རྒྱུ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་སྡོམ་པ་བཞི་པོ་དེ་དག་ནི་གསུམ་པོ་ལས་རང་བཞིན་ཐ་མི་དད་དོ། །གང་གི་དགེ་བསྙེན་གྱི་སྡོམ་པ་ལས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླངས་ལ། དེ་ལས་ཡང་དགེ་སློང་གི་སྡོམ་པ་ཡང་དག་པར་
བླངས་ན། ཅི་སྤོང་བའི་འཕེལ་བ་དང་ལྡན་པའི་ཕྱིར་སྡོམ་པ་དེ་དག་ལྔ་དང་བཅུ་དང་ཉི་ཤུ་ཞེས་བྱ་བ་ལྟ་བུ་དང་། དོང་ཙེ་གཅིག་དང་གཉིས་ཞེས་བྱ་བ་བཞིན་དུ་གཞན་དང་གཞན་ཞེས་བྱ་བ་འམ། འོན་ཏེ་དེ་དག་ཐམས་ཅད་ཐ་དད་པ་ཉིད་གཅིག་ཏུ་སྐྱེ་ཞེ་ན། སྨྲས་པ། ཐ་དད། དེ་དག་ནི་མ་
འདྲེས་པ་ཉིད་དེ། སྡོམ་པ་གསུམ་དག་ལ་སྲོག་གཅོད་པ་སྤོང་བ་གསུམ་ནས་མྱོས་པར་འགྱུར་བའི་བཏུང་བ་སྤོང་བ་གསུམ་གྱི་བར་དུ་མཚན་ཉིད་ཐ་དད་པར་སྐྱེ་སྟེ། ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །དེ་དག་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། གཞིའི་ཁྱད་པར་ལས་ཁྱད་པར་ཡོད་དོ། །ཇི་

ལྟར་བྱས་པས་ཤེ་ན། ཇི་ལྟ་ཇི་ལྟར་བསླབ་པའི་གཞི་ཆེས་མང་པོ་དག་ཡང་དག་པར་ལེན་པར་འདོད་པ་དེ་ལྟ་དེ་ལྟར་རྒྱགས་པ་དང་བག་མེད་པའི་གནས་ཆེས་མང་པོ་དག་ལས་ལྡོག་པ་ན་སྲོག་གཅོད་པ་ལ་སོགས་པའི་གཞི་ཆེས་མང་པོ་དག་ལས་ལྡོག་པར་འགྱུར་ཞིང་སྤོང་བའི་
གཞི་རྣམས་ལ་ཡང་འཇུག་པར་འགྱུར་བས་གཞིའི་ཁྱད་པར་ལས་སྤོང་བ་རྣམས་ཁྱད་པར་ཡོད་དོ། །དེ་ལྟ་མ་ཡིན་ན་གཉི་ག་ཡང་དེར་འདུས་པའི་ཕྱིར་དགེ་སློང་གི་སྡོམ་པ་བཏང་བས་སྡོམ་པ་གསུམ་ཆར་ཡང་བཏང་བར་འགྱུར་བ་ཞིག་ན་དེ་ནི་མི་འདོད་དོ། །དེ་ལྟ་བས་ན་སྡོམ་པ་དེ་དག་ནི་ཐ་དད་
པ་ཁོ་ནའོ། །དེ་དག་འགལ་བ་མེད། དེ་གསུམ་ཆར་ཡང་ལྷན་ཅིག་པར་འགྱུར་གྱི། སྡོམ་པ་ཕྱི་མ་ཡང་དག་པར་བླངས་པས་སྔ་མ་གཏོང་བ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དགེ་སློང་གི་སྡོམ་པ་ཡོངས་སུ་བཏང་བས་དགེ་བསྙེན་ཡང་མ་ཡིན་པ་ཁོ་ནར་འགྱུར་དུ་འོང་ངོ་། །འདི་ཇི་ལྟར་ན་དགེ་
བསྙེན་ཡིན། ཇི་ལྟར་ན་བསྙེན་གནས་པ་ནས་དགེ་སློང་གི་བར་དུ་ཡིན་ཞེ་ན། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །གྲངས་བཞིན་དུ་བསྟན་པར་རིག་པར་བྱ་སྟེ། སྤང་བར་བྱ་བ་ལྔ་པོ་
སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བའི་བཏུང་བ་སྤོང་བ་ཡང་དག་པར་བླངས་པས་ནི་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་ཡིན་ནོ། །བརྒྱད་པོ་སྲོག་གཅོད་པ་དང་། མ་
བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། མྱོས་པར་འགྱུར་བའི་བཏུང་བ་དག་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། གར་དང་། གླུ་དང་། རོལ་མོ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཟས་སྤོང་བ་ཡང་དག་པར་
བླངས་པས་ནི་བསྙེན་གནས་ལ་གནས་པ་ཡིན་ནོ། །དེ་དག་ཉིད་དང་གསེར་དང་དངུལ་འཛིན་པ་དང་བཅུ་སྤོང་བ་ཡང་དག་པར་བླངས་པས་ནི་དགེ་ཚུལ་ཡིན་ཏེ། འདི་གར་དང་། གླུ་དང་རོལ་མོ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་གཉིས་སུ་བྱས་ནས་བཅུར་འགྱུར་རོ། །ལུས་དང་ངག་

གི་ལས་སྤང་བར་བྱ་བ་ཐམས་ཅད་སྤོང་བ་ཡང་དག་པར་བླངས་པས་ནི་དགེ་སློང་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པ་དེ་ནི། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། །ལས་མི་མཉམ་པ་ཅན་རྣམས་ཡང་དག་པར་འཇོག་པར་བྱེད་པས་ན་ཚུལ་ཁྲིམས་སོ། །ངེས་པའི་
ཚིག་ཏུ་ན་བསིལ་བའི་ཕྱིར་ཏེ། ཚིགས་སུ་བཅད་པ་ལས། ལུས་ལས་ཡོངས་སུ་གདུང་མེད་པས། །ཚུལ་ཁྲིམས་ཡང་དག་བླངས་པ་བདེ། །ཞེས་འབྱུང་བའི་ཕྱིར་རོ། །མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར་ལེགས་པར་སྤྱད་པའོ། །བྱ་བའི་རང་བཞིན་ཡིན་པའི་ཕྱིར་ལས་སོ། །རྣམ་
པར་རིག་བྱེད་མ་ཡིན་པ་བྱ་བ་མ་ཡིན་པའོ་ཞེས་མི་བྱའམ་དེ་ཇི་ལྟར་ན་བྱ་བ་ཡིན་ཞེ་ན། ངོ་ཚ་ཤེས་པ་རྣམས་ཡང་དག་པར་བླངས་པ་དེས་སྡིག་པ་མི་བྱེད་པས་ན་བྱ་བ་མ་ཡིན་པ་ཞེས་བྱ་ལ། དེ་ཡང་རྣམ་པར་རིག་བྱེད་དང་སེམས་དག་གིས་བྱེད་པས་ན་བྱ་བ་ཡིན་ནོ། །གཞན་དག་ན་རེ་བྱ་བའི་རྒྱུ་
ཡིན་པ་དང་། བྱ་བའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ལུས་དང་ངག་སྡོམ་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱའོ། །དེ་ལྟར་རེ་ཞིག་བྱེ་བྲག་མེད་པར་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བསྟན་ཏོ། །ཡང་། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་
བྱ་བའི་ལམ། །སྡོམ་པ་ཡང་དག་པར་བླང་བའི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོར་ཐར་པ་ཞེས་བྱ་སྟེ། དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་ཏེ། སྤང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱ་སྟེ། ལུས་
དང་ངག་སྡོམ་པའི་ཕྱིར་རོ། །ལས་ཀྱི་ལམ་ཞེས་ཀྱང་བྱའོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་ནི་སོ་སོར་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི་སོ་སོར་ཐར་པ་ནི་མ་ཡིན་ནོ། །མཇུག་ཡིན་གྱི་ལས་ཀྱི་ལམ་དངོས་ནི་མ་ཡིན་ནོ། །ཡང་སྡོམ་པ་འདི་རྣམས་ལས་གང་ཞིག་གང་དང་ལྡན་ཞེ་ན། སོ་སོར་
ཐར་དང་ལྡན་པ་བརྒྱད། །སོ་སོར་ཐར་པའི་སྡོམ་པ་དང་ནི་རིས་བརྒྱད་པོ་དགེ་སློང་དང་དགེ་སློང་མ་དང་བརྒྱད་པ་བསྙེན་གནས་པའི་བར་དང་ལྡན་ནོ། །ཡང་ཅི་ཕྱི་རོལ་པ་རྣམས་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་དམ་ཞེ་ན། ཡོད་མོད་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་

ཕྱིར་ཞེ་ན། དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར་གཏན་དུ་སྡིག་པ་ལས་སོ་སོར་ཐར་པར་བྱེད་པ་མ་ཡིན་ནོ། །བསམ་གཏན་སྐྱེས་དང་དེ་ལྡན་པ། །བསམ་གཏན་ལས་བསམ་གཏན་གྱིས་བསྐྱེད་པས་ན་བསམ་གཏན་སྐྱེས་ཏེ། གང་བསམ་གཏན་དང་ལྡན་པ་དེ་གདོན་མི་ཟ་བར་བསམ་གཏན་
གྱི་སྡོམ་པ་དང་ལྡན་ནོ། །འདིར་ནི་ཉེར་བསྡོགས་ཀྱང་བསམ་གཏན་དུ་བརྗོད་ནས་བསྟན་ཏེ། དཔེར་ན་གྲོང་འདི་ན་སཱ་ལུའི་ཞིང་ཡོད་དོ། །འབྲུའི་ཞིང་ཡོད་དོ་ཞེས་གྲོང་གི་ཉེ་འཁོར་ལ་ཡང་གྲོང་ཞེས་བྱ་བ་བཞིན་ནོ། །ཟག་མེད་འཕགས་པའི་སེམས་ཅན་དང་། །ཟག་པ་མེད་པའི་སྡོམ་པ་དང་། །འཕགས་
པའི་གང་ཟག་རྣམས་ལྡན་ཏེ། །དེ་དག་ཀྱང་སློབ་པ་དང་མི་སློབ་པ་རྣམས་སོ། །ལྷན་ཅིག་འབྱུང་བའི་རྐྱེན་བཤད་པར་སེམས་ཀྱི་རྗེས་སུ་འབྲང་བའི་སྡོམ་པ་གཉིས་ཞེས་གང་བཤད་པ་དེ་གཉིས་གང་ཡིན་ཞེ་ན་གསུམ་པོ་འདི་དག་ཉིད་ལས། ཐ་མ་གཉིས་ནི་སེམས་རྗེས་འབྲང་། །བསམ་གཏན་
གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པའོ། །སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་གཞན་དང་ལྡན་པ་དང་། སེམས་མེད་པ་ལ་ཡང་རྗེས་སུ་འཇུག་པའི་ཕྱིར་རོ། །བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་དེ་དག་ཉིད་སྤོང་བའི་སྡོམ་པ་ཞེས་བྱ་བའི་
མིང་འཐོབ་བོ། །གང་གི་གནས་སྐབས་སུ་ཞེ་ན། སྨྲས་པ། བར་ཆད་མེད་ལམ་སྐྱེས་དེ་གཉིས། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། །མི་ལྕོགས་པ་མེད་པ་ལ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དེ་གཉིས་བར་ཆད་མེད་པའི་ལམ་དགུ་དག་ཏུ་སྤོང་བའི་སྡོམ་པ་ཞེས་བྱ་སྟེ། དེ་གཉིས་
ཀྱིས་འཆལ་པའི་ཚུལ་ཁྲིམས་དང་། དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་སྤོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་གྱི་སྡོམ་པ་ཡིན་ལ། སྤོང་བའི་སྡོམ་པ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་མུ་བཞིར་བྱ་སྟེ། མུ་དང་པོ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་
པའི་ལམ་མ་གཏོགས་པ་ཟག་པ་དང་བཅས་པའི་བསམ་གཏན་གྱི་སྡོམ་པའོ། །གཉིས་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དགུ་དག་ཏུ་ཟག་པ་མེད་པའོ། །གསུམ་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དགུ་དག་ཏུ་ཟག་པ་དང་བཅས་པའོ། །བཞི་པ་ནི་མི་ལྕོགས་

པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་དང་ཟག་པ་མེད་པའི་སྡོམ་པའོ། །དེ་བཞིན་དུ་ཟག་པ་མེད་པའི་སྡོམ་པ་ཡིན་ལ་སྤོང་བའི་སྡོམ་པ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་མུ་བཞིར་ཅི་རིགས་པར་རིག་པར་བྱའོ། །འོ་ན་བཅོམ་ལྡན་འདས་ཀྱིས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །
ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་གང་གསུངས་པ་དང་། གང་ཡང་མིག་གི་དབང་པོ་འདི་སྡོམ་པས་བསྡམས་ཏེ། གནས་སོ་ཞེས་གསུངས་པ། ཡིད་དང་དབང་པོའི་སྡོམ་པ་འདི་གཉིས་ཀྱི་རང་བཞིན་ཅི་ཞེ་ན། འདི་
གཉིས་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་བཞིན་དང་ནི་དྲན་དག་གཉིས། །ཡིད་དང་དབང་པོ་སྡོམ་པ་ཡིན། །གྲངས་བཞིན་དུ་ཤེས་པར་འགྱུར་དུ་འོང་བས་སོ་སོར་གཉིས་ཀྱི་རང་བཞིན་ཡིན་པར་བསྟན་པའི་ཕྱིར་ཡང་གཉིས་ཞེས་བྱ་བ་སྨོས་ཏེ།
ཡིད་ཀྱི་སྡོམ་པ་ཡང་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ཡིན་ལ། དབང་པོའི་སྡོམ་པ་ཡང་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ནོ། །གང་ཞིག་རྣམ་པར་རིག་བྱེད་དམ། རྣམ་པར་རིག་བྱེད་མ་ཡིན་པ་གང་ཞིག་དང་དུས་ཇི་སྲིད་ཅིག་ཏུ་ལྡན་ཞེས་བྱ་བ་འདི་དཔྱད་པར་བྱ་སྟེ། དེ་ལ། སོ་སོར་ཐར་
གནས་ཇི་སྲིད་དུ། །མ་བཏང་བར་རྟག་ད་ལྟར་གྱི། །རྣམ་རིག་མི་ལྡན། སོ་སོར་ཐར་པའི་སྡོམ་པ་ལ་གནས་པས་བཤད་པའི་གང་ཟག་གང་ཡིན་པ་དེ་ནི་ཇི་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་དེ་མི་གཏོང་བ་དེ་སྲིད་དུ་རྟག་ཏུ་ད་ལྟར་གྱི་དེ་དང་ལྡན་ནོ། །སྐད་ཅིག་མ། དང་པོ་ཕྱིན་ཆད་འདས་པ་
དང་། །སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པ་དང་ཡང་ལྡན་ཏེ། ཐམས་ཅད་དུ་ཡང་ཇི་སྲིད་དུ་མ་བཏང་བར་ཞེས་བྱ་བའི་དབང་དུ་བྱས་པར་རིག་པར་བྱའོ། །སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ཇི་སྐད་དུ་བཤད་པ། སྡོམ་མིན་གནས་པའང་དེ་དང་འདྲ། །སྡོམ་པ་མ་ཡིན་པ་ལ་
གནས་པ་ཡང་ཇི་སྲིད་དུ་སྡོམ་པ་མ་ཡིན་པ་མི་གཏོང་བ་དེ་སྲིད་དུ་རྟག་ཏུ་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །སྐད་ཅིག་མ་གཅིག་ཕྱིན་ཆད་ནི་འདས་པ་དང་ཡང་ལྡན་ནོ། །བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང་། །བསམ་གཏན་གྱི་སྡོམ་པ་ཐོབ་

པ་ནི་ཇི་སྲིད་དུ་མ་བཏང་གི་བར་དུ་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ཏེ། དེས་ནི་སྐད་ཅིག་མ་དང་པོ་ལ་ཡང་ཚེ་རབས་གཞན་དག་ཏུ་བཏང་བའི་བསམ་གཏན་གྱི་སྡོམ་པ་འདས་པ་ཐོབ་བོ། །འཕགས་ནི་དང་པོ་འདས་དང་མིན། །
འཕགས་པའི་གང་ཟག་ཀྱང་ཟག་པ་མེད་པ་དང་དེ་བཞིན་དུ་ལྡན་ལ། འདི་ནི་ཁྱད་པར་ཡིན་ཏེ། ལམ་སྔོན་མ་བསྐྱེད་པའི་ཕྱིར་དེ་སྐད་ཅིག་མ་དང་པོ་ལ་འདས་པ་དང་མི་ལྡན་ནོ། །མཉམ་གཞག་འཕགས་ལམ་གནས་དེ་གཉིས། །ད་ལྟར་དང་ལྡན་བསམ་གཏན་དང་། །ཟག་པ་མེད་
པའི་སྡོམ་པ་དང་། །ལྡན་པ་མཉམ་པར་གཞག་པ་དང་། །འཕགས་པའི་ལམ་ལ་སྙོམས་པར་ཞུགས་པ་དེ་དག་ནི་གོ་རིམས་བཞིན་དུ་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་གྱི་ལངས་པ་དག་ནི་མ་ཡིན་ནོ། །རེ་ཞིག་སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་གནས་པ་
རྣམས་ཀྱི་གཏམ་ནི་དེ་ལྟ་བུའོ། །ཡང་ད་ནི་བར་མ་ལ་གནས་པ་བརྗོད་པར་བྱ་སྟེ། བར་གནས་ལ། ཡོད་ན་དང་པོ་བར་གྱི་དང་། །གང་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་པ་དེ་ནི་བར་མ་ལ་གནས་པ་སྟེ། དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་གདོན་མི་ཟ་བར་
ཡོད་པ་ནི་མ་ཡིན་གྱི་གང་ལ་འཆལ་པའི་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་ཡན་ལག་ལ་སོགས་པས་བསྡུས་པ་ཡོད་པ་དེ་ནི་དང་པོ་བར་གྱི་དང་ལྡན་ནོ། །ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ནི་འདས་པ་དང་མ་འོངས་པ་གཉིས་ཀྱི་བར་མ་ཡིན་ནོ། །ཕྱིན་ཆད་དུས་ནི་གཉིས་དང་ངོ་། །སྐད་
ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པ་དང་ཡང་ལྡན། ད་ལྟར་གྱི་དང་ཡང་ལྡན་ཏེ། མ་བཏང་གི་བར་དུ་ཞེས་བྱ་བར་སྦྱར་རོ། །ཅི་རེས་འགའ་སྡོམ་པ་མ་ཡིན་པ་ལ་གནས་པ་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་བའམ། སྡོམ་པ་ལ་གནས་པ་མི་དགེ་བའི་རྣམ་པར་
རིག་བྱེད་མ་ཡིན་པ་ལ་གནས་པར་འགྱུར་རམ་ཞེ་ན། འགྱུར་རོ། །ནམ་ཞིག་དུས་ཇི་སྲིད་ཅིག་ཏུ་འགྱུར་ཞེ་ན། སྨྲས་པ། སྡོམ་མིན་གནས་པ་དགེ་བ་དང་། །སྡོམ་ལ་གནས་པ་མི་དགེ་བའི། །རྣམ་རིག་མི་ལྡན་ཇི་སྲིད་དུ། །རབ་དང་ཉོན་མོངས་ཤུགས་ལྡན་པར། །སྡོམ་པ་མ་ཡིན་པ་

ལ་གནས་པ་ནི་རབ་ཏུ་དང་བའི་ཤུགས་གང་གིས་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པའི་བྱ་བ་བྱེད་པ་ན་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་ལ། སྡོམ་པ་ལ་གནས་པ་ནི་ཉོན་མོངས་པའི་ཤུགས་གང་གིས་གསོད་པ་དང་། འཆིང་བ་དང་བརྡེག་པ་ལ་སོགས་པའི་བྱ་བ་བྱེད་པ་ནི་མི་དགེ་
བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་སྟེ། དེ་གཉིས་ཇི་སྲིད་དུ་རྗེས་སུ་འབྲང་བ་དེ་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་ཡང་རྗེས་སུ་འབྲང་ངོ་། །དེ་ཡང་སྐད་ཅིག་མ་དང་པོ་ལ་ནི་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་དང་ལྡན་པར་འགྱུར་ལ། གཞན་དག་ཏུ་ནི་འདས་པ་དང་ཡང་ལྡན་ནོ། །
རྣམ་པར་རིག་བྱེད་མ་ཡིན་པའི་སྐབས་རྫོགས་སོ།། །།རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་བར་མ་ལ་གནས་པ་ཐམས་ཅད་ཇི་སྲིད་དུ་རྣམ་པར་རིག་བྱེད་བྱེད་པ་དེ་སྲིད་དུ་ད་ལྟར་གྱི་དེ་དང་ལྡན་ནོ། །མ་བཏང་བར་དུ་
སྐད་ཅིག་མ། །ཕྱིན་ཆད་འདས་ལྡན། སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་ཇི་སྲིད་མ་བཏང་གི་བར་དུ་འདས་པའི་རྣམ་པར་རིག་བྱེད་དང་ཡང་ལྡན་ནོ། །མ་འོངས་མེད། མ་འོངས་པའི་རྣམ་པར་རིག་བྱེད་དང་ནི་སུ་དང་ཡང་མི་ལྡན་ནོ། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། །འདས་པ་དག་དང་
ལྡན་པ་མེད། །བསྒྲིབས་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་འདས་པ་དག་དང་ཡང་འགའ་ཡང་ལྡན་པ་མེད་དེ། ཆོས་ཉམ་ཆུང་བའི་ཐོབ་པ་ཡང་ཉམ་ཆུང་བ་ཡིན་པས་རྗེས་སུ་འབྲེལ་པ་ཅན་མ་ཡིན་ནོ། །དེ་ཅིས་ཉམ་ཆུང་བར་བྱས་ཤེ་ན། སེམས་ཀྱིས་བྱས་སོ། །
འོ་ན་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ཀྱི་དང་ཡང་མི་ལྡན་པར་འགྱུར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། །རྣམ་པར་རིག་བྱེད་བླུན་པ་དང་། །གཞན་གྱི་དབང་ཡིན་པ་དེ་ལྟར་སེམས་ནི་དེ་ལྟ་མ་ཡིན་ལ། ཉམ་ཆུང་དུ་བླངས་པ་དེ་ནི་ཆེས་ཉམ་ཆུང་བར་འགྱུར་རོ། །སྡོམ་པ་མ་ཡིན་པ་ལ་
གནས་པ་ཞེས་གང་བཤད་པ། སྡོམ་པ་མ་ཡིན་པ་ཞེས་བྱ་བ་འདི་ཅི་ཞེ་ན། སྡོམ་པ་མིན་དང་ཉེས་སྤྱད་དང་། །འཆལ་པའི་ཚུལ་ཁྲིམས་ལས་དེའི་ལམ། །འདི་དག་ནི་སྡོམ་པ་མ་ཡིན་པའི་རྣམ་གྲངས་ཀྱི་སྒྲ་སྟེ། དེ་ལ་ལུས་དང་ངག་མི་སྡོམ་པའི་ཕྱིར་སྡོམ་པ་མ་ཡིན་པའོ། །དམ་པ་

རྣམས་ཀྱིས་སྨད་པའི་ཕྱིར་དང་། འབྲས་བུ་ཡིད་དུ་མི་འོང་བའི་ཕྱིར་ཉེས་པར་སྤྱོད་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་འཆལ་པའི་ཚུལ་ཁྲིམས་ཡིན་ནོ། །ལུས་དང་ངག་གི་ལས་ཡིན་པའི་ཕྱིར་ལས་སོ། །དངོས་ཀྱིས་བསྡུས་
པའི་ཕྱིར་ལས་ཀྱི་ལམ་ཡིན་ནོ། །རྣམ་པར་རིག་བྱེད་དང་ལྡན་ལ་རྣམ་པར་རིག་བྱེད་མ་ཡིན་པ་དང་མི་ལྡན་པ་ཡང་ཡོད་ཅེས་བྱ་བ་མུ་བཞི་སྟེ། དེ་ལ་རེ་ཞིག །བར་མ་དོར་གནས་སེམས་ཞན་པས། །བྱེད་ན་རྣམ་རིག་ཉིད་དང་ལྡན། །སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་པ་ཞིག་
སེམས་ཞན་པས་དགེ་བའམ་མི་དགེ་བ་ཞིག་བྱེད་ན་རྣམ་པར་རིག་བྱེད་ཁོ་ན་དང་ལྡན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ནི་མ་ཡིན་ན། ལུང་དུ་མ་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ལས་ཀྱི་ལམ་ནི་མ་གཏོགས་སོ། །རྣམ་རིག་
བཏང་དང་མ་སྐྱེས་པའི། །འཕགས་པའི་གང་ཟག་རྣམ་རིག་མིན། །འཕགས་པའི་གང་ཟག་འགའ་ཞིག་ཚེ་གཞན་དུ་ཡོངས་སུ་གྱུར་ནས་ད་དུང་དུ་རྣམ་པར་རིག་བྱེད་མ་བྱུང་བའམ། རྣམ་པར་རིག་བྱེད་རྣམ་པར་ཉམས་ན་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་དང་ལྡན་གྱི་རྣམ་པར་རིག་བྱེད་
དང་ནི་མ་ཡིན་ནོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་བར་མ་ལ་གནས་པ་རྣམས་ཀྱི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པ་རྣམ་པར་གཞག་པ་བཤད་ཟིན་ཏོ། །ཡང་སྡོམ་པ་དེ་དག་ཇི་ལྟར་འཐོབ་ཅེ་ན། བསམ་གཏན་ལས་སྐྱེས་བསམ་གཏན་གྱི། །
ས་ཉིད་ཀྱིས་འཐོབ། གང་གི་ཚེ་བསམ་གཏན་གྱི་ས་པའི་སེམས་ཟག་པ་དང་བཅས་པ་དངོས་གཞི་པའམ། ཉེར་བསྡོགས་པ་འཐོབ་པ་དེའི་ཚེ་བསམ་གཏན་གྱི་སྡོམ་པ་ཡང་འཐོབ་སྟེ། ལྷན་ཅིག་འབྱུང་བ་ཡིན་པའི་ཕྱིར་རོ། །ཟག་མེད་ནི། འཕགས་དེས། ཟག་པ་མེད་པའི་
བསམ་གཏན་གྱི་ས་འཐོབ་པ་དེ་ཉིད་ཀྱིས་ཟག་པ་མེད་པའི་སྡོམ་པ་ཡང་འཐོབ་བོ། །དེ་ལ་ཟག་པ་མེད་པ་ནི་བསམ་གཏན་གྱི་ས་དྲུག་པོ་བསམ་གཏན་བཞི་དང་། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་ཡིན་ནོ་ཞེས་འོག་ནས་བཤད་པར་བྱའོ། །སོ་སོར་ཐར་ཅེས་པ།

གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །སོ་སོར་ཐར་པའི་སྡོམ་པ་ནི་གལ་ཏེ། འདི་ལ་གཞན་གྱིས་རྣམ་པར་རིག་པར་བྱེད་ལ། འདི་ཡང་གཞན་ལ་རྣམ་པར་རིག་པར་བྱེད་ན་གཞན་གྱི་རྣམ་པར་རིག་བྱེད་ལས་འཐོབ་བོ། །དེ་ཡང་དེ་དགེ་འདུན་ནམ་གང་ཟག་ལས་ཏེ། དགེ་སློང་དང་།
དགེ་སློང་མ་དང་། དགེ་སློང་མའི་སྡོམ་པ་རྣམས་ནི་དགེ་འདུན་ལས་སོ། །གཞན་དག་ནི་གང་ཟག་ལས་སོ། །བྱེ་བྲག་ཏུ་སྨྲ་བ་འདུལ་བ་པ་རྣམས་ན་རེ་རྣམ་པ་བཅུས་བསྙེན་པར་རྫོགས་སོ་ཞེས་ཟེར་བ་བསྡུ་བའི་ཕྱིར་སོགས་པའི་སྒྲ་སྨོས་ཏེ། རང་འབྱུང་གིས་ནི་སངས་རྒྱས་དང་། །རང་སངས་
རྒྱས་རྣམས་སོ། །ངེས་པར་འཇུག་པས་ནི་རྟེན་ལྔ་པོ་རྣམས་སོ། །དགེ་སློང་ཚུར་ཤོག་ཅེས་བྱས་པས་ནི་གྲགས་པ་ལ་སོགས་པ་རྣམས་སོ། །སྟོན་པར་ཁས་བླངས་པས་ནི་འོད་སྲུངས་ཆེན་པོའོ། །དྲི་བ་མཉེས་པས་ནི་ལེགས་སྦྱིན་ནོ། །བླ་མའི་ཆོས་ཁས་བླངས་པས་ནི་སྐྱེ་དགུའི་བདག་མོ་ཆེན་
མོའོ། །ཕོ་ཉས་ནི་ཆོས་སྦྱིན་ནོ། །འདུལ་བ་འཛིན་པར་གཏོགས་པ་ལྔས་ནི་མཐའ་འཁོབ་ཀྱི་མི་རྣམས་སོ། །བཅུའི་ཚོགས་ཀྱིས་ནི་དབུས་ཀྱི་མི་རྣམས་སོ། །སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པས་ནི་སྡེ་བཟང་དྲུག་ཅུའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་རྣམས་ཏེ། དེ་དག་གི་
སོ་སོར་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལུས་པ་མ་ཡིན་ནོ། །ཡང་སོ་སོར་ཐར་པའི་སྡོམ་པ་དེ་ཡང་དག་པར་བླངས་པ་ན་དུས་ཇི་སྲིད་ཅིག་གི་བར་དུ་ཡང་དག་པར་བླང་བར་བྱ་ཞེ་ན། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །རིས་བདུན་གྱི་
སོ་སོར་ཐར་པའི་སྡོམ་པ་ནི། །ཇི་སྲིད་འཚོའི་བར་དུ་ཡང་དག་པར་བླང་བར་བྱའོ། །བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་ཏུའོ་ཞེས་བྱ་བ་དེ་ལྟར་ངེས་སོ། །ཅིའི་ཕྱིར་ཞེ་ན། དུས་ཀྱི་མཐའ་ནི་གཉིས་ཏེ། སྲོག་གི་མཐའ་དང་། ཉིན་ཞག་གི་མཐའོ། །ཟླ་བ་ཕྱེད་ལ་སོགས་པ་ནི་ཉིན་ཞག་བཟླས་
པས་སོ། །དུས་ཞེས་བྱ་བའི་ཆོས་དེ་ཅི་ཞིག་ཅེ་ན། དེ་ནི་འདུ་བྱེད་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ཏེ། སྣང་བའི་གནས་སྐབས་ལ་ནི་གླིང་དག་ན་ཉིན་པར་ཞེས་བྱ་ལ། མུན་པའི་གནས་སྐབས་ལ་ནི་མཚན་མོ་ཞེས་བྱའོ། །རེ་ཞིག་ཇི་སྲིད་འཚོའི་བར་དུ་ནི་ཡང་དག་པར་བླངས་པ་ཡོད་ཀྱང་

ལུས་སྐལ་བ་མི་འདྲ་བའི་ཕྱིར་དང་། དེས་ཀྱང་། དེར་སྦྱོར་བ་མ་བྱས་པའི་ཕྱིར་དང་། མི་དྲན་པའི་ཕྱིར་དང་སྡོམ་པ་མི་སྐྱེ་བར་རིགས་ན། ཡང་ཉིན་ཞག་གི་འོག་ཞག་ལྔ་འམ་ཞག་བཅུ་ཡང་རུང་སྟེ། བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླངས་པའི་བསྙེན་གནས་
ཀྱི་སྡོམ་པ་ཡང་མང་པོ་སྐྱེ་བ་ལ་སུ་ཞིག་བགེགས་བྱེད། བཅོམ་ལྡན་འདས་ཀྱིས་མདོ་ལས་གང་ཉིན་ཞག་གི་བསྙེན་གནས་ཁོ་ན་བསྟན་པ་འདིས་ན་བགེགས་བྱེད་པ་ཡོད་དོ། །ད་ནི་འདི་དཔྱད་པར་བྱ་སྟེ། རེ་ཞིག་ཅི་བཅོམ་ལྡན་འདས་ཀྱིས་ཅི་ཉིན་ཞག་གི་འོག་ཏུ་སྡོམ་པ་མི་སྐྱེ་བར་གཟིགས་
ནས་ཉིན་ཞག་པའི་བསྙེན་གནས་བསྟན་ཏམ། འོན་ཏེ་དབང་པོ་གདུལ་དཀའ་བ་རྣམས་ཉིན་ཞག་པའི་སྡོམ་པ་ཡང་དག་པར་བླངས་པ་ལ་ཡང་དག་པར་སྦྱོར་བའི་ཆེད་གཅིག་ཡིན། དེ་དེ་ལྟར་བརྟག་ག་ལ་ནུས། ཕྱིན་ཆད་སྡོམ་པ་སྐྱེ་བ་ལ་ཡང་རིགས་པ་དང་འགལ་བ་ནི་མེད་པའི་ཕྱིར་རོ། །
ཕྱིན་ཆད་པོ་འདི་སུ་ལ་ཡང་མ་བསྟན་པས་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་མི་འདོད་དོ། །ད་ནི་སྡོམ་པ་མ་ཡིན་པའི་དུས་ངེས་པ་གང་ཡིན་ཞེ་ན། ཉིན་ཞག་པ་ཡི་སྡོམ་མིན་མེད། །ཇི་སྲིད་འཚོའི་བར་དུ་སྡིག་པའི་ཆོས་ཁས་བླངས་པ་ལས་སྡོམ་པ་མ་ཡིན་པ་སྐྱེའོ་ཇི་ལྟར་བསྙེན་གནས་པ་བཞིན་དུ་ཉིན་
ཞག་པ་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། དེ་དེ་ལྟར་ནོད་མེད་ཅེས་གྲག །ཇི་ལྟར་བསྙེན་གནས་པ་ལྟར་བདག་ནི་ཉིན་ཞག་གཅིག་ཏུ་སྡོམ་པ་མ་ཡིན་པ་ལ་གནས་པར་གྱུར་ཅིག་ཅེས་སྡོམ་པ་མ་ཡིན་པ་ཡང་དག་པར་ལེན་པ་ནི་སུ་ཡང་མེད་དེ། ལས་སྨད་པ་ཡིན་པའི་ཕྱིར་རོ་ཞེས་གྲག་གོ། །དེ་ལྟ་ན་བདག་
ནི་ཇི་སྲིད་འཚོའི་བར་དུ་སྡོམ་པ་མ་ཡིན་པ་ལ་གནས་པར་གྱུར་ཅིག་ཅེས་ལེན་པ་ནི་སུ་ཡང་མེད་པས་ཇི་སྲིད་འཚོའི་བར་དུ་ཡང་དེ་འཐོབ་པར་མི་འགྱུར་རོ། །གལ་ཏེ་དེ་ལྟར་མི་ལེན་མོད་ཀྱི་འོན་ཀྱང་གཏན་དུ་ལོག་པར་ཞུགས་པའི་བསམ་པས་བྱ་བ་དེ་བྱེད་པ་ན་སྡོམ་པ་མ་ཡིན་པ་འཐོབ་པར་
འགྱུར་གྱི་དུས་གཞན་གྱི་བར་དུ་ལོག་པར་ཞུགས་པས་ནི་མ་ཡིན་ནོ། །བསྙེན་གནས་པའི་སྡོམ་པ་ནི་གཏན་དུ་བའི་བསམ་པ་མ་ཡིན་ཡང་སྡོམ་པ་དོན་དུ་གཉེར་བའི་ཕྱིར་ཡང་དག་པར་ལེན་པའི་སྟོབས་བསྐྱེད་པས་འཐོབ་པ་ཉིད་དོ། །གལ་ཏེ་འགའ་ཞིག་སྡོམ་པ་མ་ཡིན་པ་དོན་དུ་གཉེར་

ཞིང་དུས་གཞན་གྱི་བར་དུ་སྡོམ་པ་མ་ཡིན་པ་ཡང་དག་པར་ལེན་པར་འགྱུར་ན་དེས་ཀྱང་གདོན་མི་ཟ་བར་འཐོབ་པར་འགྱུར་རོ། །དེ་ནི་མ་མཐོང་བས་དེ་ལྟར་རྣམ་པར་མི་གཞག་གོ། །མདོ་སྡེ་པ་རྣམས་ན་རེ་སྡོམ་པ་མ་ཡིན་པ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་དུ་རྫས་སུ་ནི་མེད་ཀྱི་སྡིག་
པ་བྱ་བའི་བསམ་པ་རྗེས་སུ་འབྲེལ་བ་དང་བཅས་པ་དེ་ཉིད་སྡོམ་པ་མ་ཡིན་པ་ཡིན་ཏེ། དེས་ན་སེམས་དགེ་བ་ལ་ཡང་དེ་མ་སྤངས་པའི་ཕྱིར་དེ་དང་ལྡན་པ་ཞེས་བྱའོ། །ཡང་བསྙེན་གནས་ཉིན་ཞག་ཏུ་ནོད་ན་ཅི་ལྟར་མནོད་པར་བྱ་ཞེ་ན། དམའ་བར་འདུག་སྨྲས་བཟླས་པ་ཡིས། །མི་བརྒྱན་ནམ་
ནི་ནང་པར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་མནོད་པར་བྱ། །དམའ་བར་འདུག་པ་ནི་ཙོག་ཙོག་པོར་འདུག་པའམ་པུས་མོ་བཙུགས་ནས། ཐལ་མོ་སྣོལ་བའམ་ཐལ་མོ་སྦྱར་བ་སྟེ། ནད་པ་ནི་མ་གཏོགས་སོ། །མ་གུས་པ་ནི་སྡོམ་པ་མི་སྐྱེའོ། །འབོགས་
པ་པོས་ཚིག་མ་སྨྲས་པར་སྔར་ཡང་སྨྲ་བར་མི་བྱ་ལ་ཁ་བསྙམས་ཏེ་སྨྲ་བར་ཡང་མི་བྱ་སྟེ། དེ་ལྟར་ན་འདི་གཞན་ལས་མནོས་པ་ཡིན་གྱི་གཞན་དུ་འབོགས་པ་དང་ནོད་པ་འགྲུབ་པར་མི་འགྱུར་རོ། །མི་བརྒྱན་པ་ནི་རྒྱན་ནར་མ་མ་གཏོགས་ཏེ་རྒྱན་ནར་མ་ནི་མཚར་གཅིག་རྒྱགས་པར་མི་བྱེད་དོ། །ནམ་
ནངས་ཀྱི་བར་དུ་མནོད་པར་བྱ་བ་ནི་ཉི་མ་ཤར་གྱི་བར་དུའོ། །ཡན་ལག་བརྒྱད་ཚང་བར་མནོད་པར་བྱ་བའི་ཡན་ལག་མ་ཚང་བར་ནི་མ་ཡིན་ནོ། །ནང་པར་ནི་རེ་ཞིག་ཉི་མ་ཤར་བའི་ཚེ་སྟེ། ཉིན་ཞག་པའི་སྡོམ་པ་ཡིན་པའི་ཕྱིར་རོ། །གང་གིས་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ་ཞེས་
སྔོན་ཡང་དག་པར་བླང་བར་བྱས་པ་དེ་ནི་ཟས་ཟོས་ནས་ཀྱང་མནོད་པར་བྱའོ། །གཞན་ལས་མནོད་པར་བྱའི་བདག་ཉིད་ལས་ནི་མ་ཡིན་ཏེ། གཞན་ལ་ལྟོས་པས་ནི་རྐྱེན་ཡོད་ཀྱང་མི་འདའ་བར་བྱ་བའི་ཕྱིར་དང་། དེ་ལས་གཞན་དུ་མནོས་པ་ནི་ལེགས་པར་སྤྱད་པ་ཙམ་དུ་འགྱུར་གྱི་བསྙེན་གནས་ཀྱི་
སྡོམ་པ་ནི་མ་ཡིན་ནོ། །དེ་ལྟར་བྱས་ན་ཤན་པ་དང་བྱི་བོ་བྱེད་པ་དག་གིས་མཚན་མོ་དང་ཉིན་མོའི་བསྙེན་གནས་དག་ཀྱང་འབྲས་བུ་ཡོད་པར་རུང་ངོ་། །འདིས་དགྲ་བཅོམ་པ་དག་དང་ཉེ་བར་གནས་པར་བྱེད་པས་ན་བསྙེན་གནས་ཏེ། དེ་དག་གི་རྗེས་སུ་སློབ་པའི་ཕྱིར་རོ། །གཞན་དག་ན་རེ་

འདིས་ཇི་སྲིད་འཚོའི་བར་གྱི་སྡོམ་པ་དང་ཉེ་བར་གནས་པར་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་ན་དགེ་བའི་རྩ་བ་ཆུང་ངུ་རྣམས་ཀྱི་དགེ་བའི་རྩ་བ་གསོས་འདེབས་པའི་ཕྱིར་ཏེ། གང་ཕྱིར་ཡིད་ཀྱི་དགེ་བ་གསོས་འདེབས་དེ་ཡི་ཕྱིར། །འདི་ནི་བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་
བཤད་ཅེས་གྲག །ཞེས་འབྱུང་བས་ན་གསོ་སྦྱོང་ཡིན་ནོ། །ཅིའི་ཕྱིར་ཡན་ལག་བརྒྱད་ནོད་ཅེ་ན། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །རེ་ཞིག་བརྫུན་དུ་སྨྲ་བ་སྤོང་བའི་བར་བཞི་ནི་རང་བཞིན་
གྱི་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་ནོ། །མྱོས་པར་འགྱུར་བའི་བཏུང་བ་སྤོང་བ་གཅིག་པུ་ནི་བག་ཡོད་པའི་ཡན་ལག་སྟེ་མྱོས་པར་འགྱུར་བ་འཐུང་བ་ནི་ཚུལ་ཁྲིམས་རྫོགས་ཀྱང་བག་མེད་པར་འགྱུར་རོ། །དུས་མ་ཡིན་པའི་ཟས་སྤོང་བའི་བར་གསུམ་ནི་སྐྱེ་བོའི་རྗེས་སུ་མཐུན་
པའི་ཕྱིར་བརྟུལ་ཞུགས་ཀྱི་ཡན་ལག་ཡིན་ནོ། །ཅི་བག་ཡོད་པའི་ཡན་ལག་དང་། བརྟུལ་ཞུགས་ཀྱི་ཡན་ལག་འདི་དག་མ་མནོས་པས་ཅིར་འགྱུར་ཞེ་ན། དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། །མྱོས་པར་འགྱུར་བ་འཐུངས་པས་ནི་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་ཉམས་པ་ཉིད་དུ་
འགྱུར་རོ། །ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་དང་། གར་དང་གླུ་ལ་སོགས་པ་བསྟེན་པས་ནི་དྲེགས་པར་འགྱུར་ལ། དྲེགས་པར་གྱུར་པ་ལ་ནི་འཆལ་པའི་ཚུལ་ཁྲིམས་ཐག་མི་རིང་བར་འགྱུར་རོ། །དུས་སུ་ཟ་ཞིང་ཟས་ནར་མའི་དུས་སུ་ཡོངས་སུ་སྤངས་པ་ལས་ནི་བསྙེན་གནས་ཀྱི་དྲན་
པ་དང་། སྐྱོ་བའི་དྲན་པ་ཉེ་བར་གནས་པར་འགྱུར་ཏེ། དེ་མེད་ན་གཉི་ག་ཡང་མེད་དོ། །ཡང་ཁ་ཅིག་ནི་དུས་མ་ཡིན་པའི་ཟས་སྤོང་བ་ཁོ་ན་འདིར་བསྙེན་གནས་ཡིན་ལ། ལྷག་མ་རྣམས་ནི་འདིའི་ཡན་ལག་ཡིན་ཏེ་གར་དང་གླུ་དང་རོལ་མོ་དང་། སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་ནི་འདིར་
གཉིས་སུ་བྱའོ་སྙམ་དུ་སེམས་སོ། །དེ་ལྟར་ཡིན་ན་ནི་དུས་མ་ཡིན་པའི་ཟས་སྤོང་བ་བཀའ་སྩལ་ནས་ཡན་ལག་བརྒྱད་པ་འདིས་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བགྱིད་དོ་ཞེས་གསུངས་པའི་མདོའི་ཚིག་མི་རུང་བར་འགྱུར་རོ། །འོ་ན་ཡན་ལག་

བརྒྱད་པོ་འདི་དག་གང་གི་ཡིན་པའི་བསྙེན་གནས་གཞན་དེ་གང་ཞིག་ཡིན་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདུས་པའི་ཡན་ལག་རྣམས་ནི་ཡན་ལག་ཡིན་ཏེ། ཤིང་རྟའི་ཡན་ལག་དང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་། ཕྱེ་མ་ཡན་ལག་ལྔ་པ་ཇི་ལྟ་བུར་བསྙེན་གནས་ཡན་ལག་བརྒྱད་
པ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །དུས་མ་ཡིན་པའི་ཟས་སྤོང་བ་ནི་བསྙེན་གནས་ཀྱང་ཡིན་ལ། བསྙེན་གནས་ཀྱི་ཡན་ལག་ཀྱང་ཡིན་ཏེ། དཔེར་ན་ཡང་དག་པའི་ལྟ་བ་ལམ་ཡང་ཡིན་ལ་ལམ་གྱི་ཡན་ལག་ཀྱང་ཡིན་པ་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་
ལག་བྱང་ཆུབ་ཀྱང་ཡིན་ལ་བྱང་ཆུབ་ཀྱི་ཡན་ལག་ཀྱང་ཡིན་པ་དང་། ཏིང་ངེ་འཛིན་བསམ་གཏན་ཀྱང་ཡིན་ལ་བསམ་གཏན་གྱི་ཡན་ལག་ཀྱང་ཡིན་པ་བཞིན་ནོ་ཞེས་ཟེར་རོ། །དེ་དག་ཉིད་ཡང་དག་པའི་ལྟ་བ་ལ་སོགས་པ་དེ་དག་ཉིད་ཀྱི་ཡན་ལག་ཉིད་དུ་རུང་བ་ནི་མ་ཡིན་ནོ། །གལ་ཏེ་ཡང་དག་
པའི་ལྟ་བ་ལ་སོགས་པ་སྔ་མ་རྣམས་ཕྱི་མ་རྣམས་ཀྱི་ཡན་ལག་ཏུ་འགྱུར་ན་ནི་སྐད་ཅིག་མ་དང་པོ་ལ་སྐྱེས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་པར་མི་འགྱུར་རོ། །ཡང་ཅི་བསྙེན་གནས་འདི་དགེ་བསྙེན་ཁོ་ན་ལ་ཡོད་དམ། འོན་ཏེ་གཞན་ལ་ཡང་ཡོད་ཅེ་ན། གཞན་ལའང་བསྙེན་
གནས་ཡོད་མོད་ཀྱི། སྐྱབས་སུ་མ་སོང་བ་ལ་མེད། །དགེ་བསྙེན་མ་ཡིན་པ་ལ་ཡང་གང་ཞིག་ཉིན་ཞག་དེ་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་སྟེ། བསྙེན་གནས་ནོད་པ་དེ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །མི་ཤེས་པ་ནི་
མ་གཏོགས་སོ། །མདོ་ལས། མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་བགོས་པ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་། བདག་ལ་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་ཚིག་ཏུ་ཡང་སྨྲ་ན་འདི་ཙམ་གྱིས་དགེ་བསྙེན་
དུ་འགྱུར་རོ་ཞེས་གསུངས་པ་དེ་ཅི་སྐྱབས་སུ་འགྲོ་བ་ཁོ་ནས་དགེ་བསྙེན་དུ་འགྱུར་རམ་ཞེ་ན། ཉི་འོག་པ་རྣམས་ན་རེ་འགྱུར་རོ་ཞེས་ཟེར་རོ། །ཁ་ཆེ་བ་རྣམས་ན་རེ་སྡོམ་པ་མེད་པར་མི་འགྱུར་རོ་ཞེས་ཟེར་རོ། །འོ་ན་གང་མདོ་ལས་གསུངས་པ་ཇི་ལྟ་བུ་ཞེ་ན། འདི་ལ་འགལ་བ་མེད་དེ། འདི་

ལྟར་དགེ་བསྙེན་ཉིད་དུ་ཁས་བླངས་པ་དེ་ཁོ་ན་འདིའི་སྡོམ་པ་སྐྱེ་བར་འགྱུར་ཏེ། གང་གི་ཚེ་བདག་ལ་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནམ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་ངོ་ཞེས་དགེ་བསྙེན་དུ་ཁས་བླངས་པ་ཁོ་ནས་འདིའི་དགེ་བསྙེན་གྱི་སྡོམ་
པ་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་སྤོང་བ་ཞེས་བྱ་བའི་ཐ་ཚིག་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ། །སྡོམ་པ་ཐོབ་ཀྱང་བསླབ་པའི་གཞི་རྣམས་ཤེས་པར་བྱ་བའི་ཕྱིར་བསྟན་པ་དགེ་སློང་བཞིན། །ཇི་ལྟར་དགེ་སློང་དང་དགེ་སྦྱོང་གི་སྡོམ་པ་ཐོབ་ཟིན་ཀྱང་ཤེས་པར་བྱ་བའི་ཕྱིར་
ཁྱོད་ཀྱི་འདི་དང་འདི་ལྟར་དུ་བསྡམ་མོ་ཞེས་བསླབ་པའི་གཞི་རྣམས་ཡང་འཛིན་དུ་འཇུག་པ་ལྟར་དགེ་བསྙེན་ཡང་དེ་དང་འདྲ་བས་སྡོམ་པ་མེད་པའི་དགེ་བསྙེན་ནི་མེད་དོ། །གལ་ཏེ་ཐམས་ཅད་སྡོམ་ཡིན་ན། །སྣ་གཅིག་སྤྱོད་སོགས་ཇི་ལྟ་བུ། །གལ་ཏེ་དགེ་བསྙེན་ཐམས་ཅད་དགེ་བསྙེན་
གྱི་སྡོམ་པ་ལ་གནས་པ་ཡིན་ན་བཅོམ་ལྡན་འདས་ཀྱིས་སྣ་གཅིག་སྤྱོད་པ་དང་། ཕྱོགས་གཅིག་སྤྱོད་པ་དང་། ཕལ་ཆེར་སྤྱོད་པ་དང་། ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་ཞེས་གསུངས་པ་ཇི་ལྟ་བུ་ཡིན། དེ་བསྲུང་བ་ལ་གསུངས་ཞེས་གྲགས། །གང་ཞིག་བསླབ་པའི་གཞི་
གང་སྲུང་བར་བྱེད་པ་ནི་དེ་སྤྱོད་པ་ཞེས་གསུངས་པར་ཟད་ཀྱི་ཐམས་ཅད་ཀྱང་སྡོམ་པ་ལ་གནས་པར་ནི་འདྲའོ། །འདི་ནི་མདོ་ལས་འདས་པ་ཡིན་ནོ། །འདིར་ཅི་ཞིག་མདོ་ལས་འདས། འདི་ལྟར་སྲོག་གཅོད་པ་སྤོང་ངོ་ཞེས་དགེ་བསྙེན་ཉིད་དུ་ཁས་བླངས་པ་ཁོ་ནས་སྡོམ་པ་འཐོབ་པར་
གསུངས་སོ་ཞེས་བྱ་བ་སྟེ། མདོའི་ཚིག་ནི་དེ་ལྟ་མ་ཡིན་ནོ། །མདོའི་ཚིག་ཇི་ལྟ་བུ་ཡིན་ཞེ་ན། ཇི་ལྟར་མིང་ཆེན་གྱི་མདོ་ལས་གསུངས་པ་ལས་འབྱུང་བ་བཞིན་ཏེ། དེ་ཉིད་ལས་དགེ་བསྙེན་གྱི་མཚན་ཉིད་བསྟན་གྱི་གཞན་དུ་ནི་མ་ཡིན་ནོ། །གང་ལས་འདི་སྐད་དུ་ནམ་འཚོའི་བར་དུ་སྲོག་དང་བསྔོ་བ་སྐྱབས་སུ་སོང་བ་མངོན་པར་
རབ་ཏུ་དང་བ་ཞེས་འབྱུང་བ་དེར་ནི་བདེན་པ་མཐོང་བ་དེ་དག་བདག་ཅག་གིས་སྲོག་ལ་ཐུག་ཀྱང་ཆོས་འདི་བཏང་དུ་མི་རུང་ངོ་ཞེས་ཤེས་ནས་དད་པའི་རྒྱུས་སྲོག་གི་ཕྱིར་ཡང་དམ་པའི་ཆོས་ལ་ཁས་འཆེ་བར་སྟོན་པ་ཡིན་གྱི་དེ་སྡོམ་པའི་མཚན་ཉིད་སྟོན་པ་ནི་མ་ཡིན་ནོ། །སྲོག་གཅོད་པ་སྤོང་བ་

ཞེས་ནི་གང་ནས་ཀྱང་མི་འབྱུང་ན་སུ་ཞིག་ཡོངས་སུ་མི་གསལ་བའི་དོན་འདི་འདོན་པར་བྱེད། ཚུལ་ཁྲིམས་ཉམས་པའི་དབང་དུ་བྱས་ནས་ནི་སྣ་གཅིག་སྤྱོད་པ་ལ་སོགས་པ་ཞུ་བ་ཉིད་ཀྱང་མི་འཐད་ན་ལན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དགེ་བསྙེན་གྱི་སྡོམ་པ་ཞེས་པ་སུ་ཞིག་གང་ཞིག་བསླབ་
པའི་གཞི་གང་ཉམས་པར་མི་བྱེད་པ་དེ་ནི་དེ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་མི་ཤེས་སོ། །དགེ་བསྙེན་གྱི་སྡོམ་པའི་ཚད་མི་ཤེས་པས་བསླབ་པའི་གཞི་དེ་ཙམ་ཞིག་བཟོད་པ་ལ་ནི་བཙུན་པ་ཇི་ཙམ་གྱིས་ན་སྣ་གཅིག་སྤྱོད་པའི་དགེ་བསྙེན་དུ་འགྱུར་བ་ལགས་ཞེས་བྱ་བ་ནས་ཡོངས་སུ་རྫོགས་པར་སྤྱོད་
པ་ལགས་ཞེས་བྱ་བའི་བར་དུ་ཞུ་བ་འདི་རུང་ངོ་། །གལ་ཏེ་སྡོམ་པ་མེད་པའམ་མ་ཚང་བར་ཡང་དགེ་བསྙེན་དུ་འགྱུར་ན་དགེ་སློང་དང་དགེ་སྦྱོང་དག་ཏུ་ཡང་འགྱུར་རོ། །རེ་ཞིག་ཇི་ལྟར་ན་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་འདི་དག་གི་ཡན་ལག་ངེས་པ་ཡིན། སྟོན་པས་བཏགས་པའི་དབང་
གིས་སོ། །དགེ་བསྙེན་ཉིད་ལ་སོགས་པ་ཡང་སྟོན་པས་བཏགས་པའི་དབང་གིས་སོ་སོར་ངེས་པར་འདོད་པར་གྱིས་ཤིག །དགེ་བསྙེན་ནི་སྡོམ་པ་མེད་པར་ཡང་བཏགས་ཀྱི་དགེ་སློང་དང་དགེ་སྦྱོང་དག་ནི་མ་ཡིན་ནོ། །ཁ་ཆེ་བ་རྣམས་ནི་འདི་མི་འདོད་དོ། །སྡོམ་པ་ཐམས་ཅད་ཀྱང་། ཆུང་ངུ་ལ་
སོགས་ཡིད་ཇི་བཞིན། །ཆུང་ངུ་དང་། འབྲིང་དང་ཆེན་པོ་ཉིད་ནི་ཡང་དག་པར་ལེན་པའི་སེམས་ཀྱི་དབང་གིས་ཏེ། དེ་ལྟར་བྱས་ན་དགྲ་བཅོམ་པ་ལ་ཡང་སོ་སོར་ཐར་པའི་སྡོམ་པ་ཆུང་ངུ་ཡོད་ལ། སོ་སོའི་སྐྱེ་བོ་ལ་ཡང་ཆེན་པོ་ཡོད་པར་འགྱུར་རོ། །ཡང་ཅི་སྐྱབས་སུ་འགྲོ་བ་མེད་པར་ཡང་སྡོམ་
པ་མནོས་པ་ཁོ་ནས་དགེ་བསྙེན་དུ་འགྱུར་རམ་ཞེ་ན། མི་འགྱུར་ཏེ་མི་ཤེས་པ་ནི་མ་གཏོགས་སོ། །གང་ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་ཅི་ལ་སྐྱབས་སུ་འགྲོ་ཞེ་ན། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་
དང་གཉི་ག་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། གང་དག་གཙོ་བོར་གྱུར་པས་སྐུ་དེ་སངས་རྒྱས་ཞེས་བརྗོད་པའམ། ཡང་ན་གང་དག་བརྙེས་པས་ཐམས་ཅད་

ཐུགས་སུ་ཆུད་པར་སྤྱོད་པའི་ཕྱིར་སངས་རྒྱས་ཡིན་པའོ། །དེ་དག་ཀྱང་གང་ཞེ་ན། ཟད་པ་ཤེས་པ་ལ་སོགས་པ་འཁོར་དང་བཅས་པ་ཡིན་ནོ། །གཟུགས་ཀྱི་སྐུ་ནི་སྔ་མ་དང་ཕྱི་མར་ཡང་བྱེ་བྲག་མེད་པའི་ཕྱིར་རོ། །ཅི་སངས་རྒྱས་ཐམས་ཅད་ལའམ། འོན་ཏེ་གཅིག་ལ་ཞེ་ན། མཚན་
ཉིད་ཀྱི་སྒོ་ནས་ནི་སངས་རྒྱས་ཐམས་ཅད་ལ་སྟེ། ལམ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་རོ། །གང་ཞིག་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་ནི་དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་། མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། གང་དག་ཐོབ་པས་གང་ཟག་བརྒྱད་པོ་མི་ཕྱེད་པའི་ཕྱིར་དགེ་འདུན་
དུ་འགྱུར་བའོ། །ཅི་དགེ་འདུན་ཐམས་ཅད་ལའམ། འོན་ཏེ་གཅིག་ལ་ཞེ་ན། མཚན་ཉིད་ཀྱི་སྒོ་ནས་ནི་ཐམས་ཅད་ལ་སྟེ། ལམ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་རོ། །གང་མདོ་ལས་གང་ཡང་མ་འོངས་པའི་དུས་ན་དགེ་འདུན་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ལ་ཡང་སྐྱབས་སུ་སོང་
ཞིག་ཞེས་གསུངས་སོ་ཞེ་ན། དེ་དག་གི་ནི་མངོན་སུམ་དུ་འགྱུར་བའི་དགེ་འདུན་དཀོན་མཆོག་བརྗོད་པའི་ཕྱིར་རོ། །གང་ཞིག་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་མྱ་ངན་ལས་འདས་པ་སོ་སོར་བརྟགས་པས་འགོག་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། བདག་དང་གཞན་གྱི་རྒྱུད་ཀྱི་ཉོན་མོངས་པ་
རྣམས་དང་། སྡུག་བསྔལ་ཞི་བར་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་མི་སློབ་པའི་ཆོས་དག་ཁོ་ན་སངས་རྒྱས་ཡིན་ན་ཇི་སྲིད་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བས་མཚམས་མེད་པར་འགྱུར། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། རྟེན་ལ་གནོད་པ་བྱས་པས་
དེ་དག་ལ་ཡང་གནོད་པ་བྱས་པ་ཡིན་ནོ་ཞེས་ཟེར་རོ། །བསྟན་བཅོས་ལས་ནི་མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ནོ་ཞེས་དེ་སྐད་དུ་མི་འབྱུང་ངོ་། །འོ་ན་ཇི་སྐད་དུ་འབྱུང་ཞེ་ན། སངས་རྒྱས་སུ་བྱེད་པའི་ཆོས་ཞེས་འབྱུང་སྟེ། དེའི་ཕྱིར་རྟེན་སངས་རྒྱས་ཉིད་དུ་མ་བཀག་པས་དེ་ནི་
ཀླན་ཀར་མི་རུང་བ་ཉིད་དོ། །དེ་ལྟ་མ་ཡིན་ན་འཇིག་རྟེན་པའི་སེམས་ལ་གནས་པ་སངས་རྒྱས་ཀྱང་མ་ཡིན་པར་འགྱུར། དགྲ་བཅོམ་པ་ཡང་མ་ཡིན་པར་འགྱུར་ལ་དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་ཁོ་ན་ཡང་དགེ་སློང་དུ་འགྱུར་རོ། །ཇི་ལྟར་གང་ཞིག་དགེ་སློང་ལ་མཆོད་པ་བྱེད་པ་དེ་དགེ་སློང་དུ་

བྱེད་པའི་ཚུལ་ཁྲིམས་ལ་མཆོད་པ་བྱེད་པ་ཡིན་པ་དེ་བཞིན་དུ། གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ཡང་མི་སློབ་པ་སངས་རྒྱས་སུ་བྱེད་པའི་ཆོས་དག་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །གཞན་དག་ན་རེ་གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅོ་བརྒྱད་ལ་སྐྱབས་སུ་འགྲོ་བ་ཡིན་ནོ་ཞེས་ཟེར་རོ། །སྐྱབས་སུ་འགྲོ་བ་རྣམས་ཀྱི་རང་བཞིན་ཅི་ཞེ་ན། ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ། །ཡང་སྐྱབས་ཀྱི་དོན་ཅི་ཞེ་ན། དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་པའི་ཕྱིར་རོ། །བཅོམ་
ལྡན་འདས་ཀྱིས་ཀྱང་། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །
སྡུག་བསྔལ་ཀུན་ལས་མི་གྲོལ་གྱི། །གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ལ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང་། །
འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་འགྲོལ་བར་འགྱུར། །ཞེས་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་སྐྱབས་སུ་འགྲོ་བ་རྣམས་ནི་
སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལ་སྒོར་གྱུར་པ་ཡིན་ནོ། །ཡང་ཅིའི་ཕྱིར་སྡོམ་པ་གཞན་དག་ལས་ནི་མི་ཚངས་པར་སྤྱོད་པ་སྤོང་བ་བསླབ་པའི་གཞིར་རྣམ་པར་བཞག་ལ། དགེ་བསྙེན་ལ་ནི་འདོད་པས་ལོག་པར་གཡེམ་པ་ལས་སྤོང་བ་བསླབ་པའི་གཞིར་རྣམ་པར་གཞག་ཅེ་ན།
ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །འདོད་པས་ལོག་པར་གཡེམ་པ་ནི་གཞན་དག་གི་ཆུང་མ་སུན་འབྱིན་པའི་ཕྱིར་དང་། ངན་སོང་བའི་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་ན་ཤིན་ཏུ་སྨད་པ་ཡིན་གྱི་མི་ཚངས་པར་སྤྱོད་པ་ནི་དེ་ལྟ་མ་ཡིན་པ་དང་། ཁྱིམ་ན་གནས་

པ་འདོད་པས་ལོག་པར་གཡེམ་པ་ལས་བསྡམས་བླའི་མི་ཚངས་པར་སྤྱོད་པ་ལས་ནི་དཀའ་བའི་ཕྱིར། དཀའ་བ་བྱེད་པར་མི་སྤྲོ་བར་འགྱུར་བ་དང་། འཕགས་པ་རྣམས་ཚེ་རབས་གཞན་དག་ཏུ་ཡང་མི་སྤྱོད་པའི་ཕྱིར་འདོད་པས་ལོག་པར་གཡེམ་པ་མི་བྱེད་པའི་སྡོམ་པ་ཐོབ་
ཀྱི་མི་ཚངས་པར་སྤྱོད་པ་ནི་དེ་ལྟ་མ་ཡིན་པས་སློབ་པ་ཚེ་རབས་གཞན་དུ་གྱུར་པ་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་མ་ཡིན་པར་འགྱུར་དུ་འོང་བས་དགེ་བསྙེན་ལ་ཡང་དེ་ཁོ་ན་ལས་ལྡོག་པ་སྡོམ་པར་རྣམ་པར་གཞག་གོ། །མི་བྱེད་པར་ངེས་པ་ནི་མི་བྱེད་པའི་སྡོམ་པའོ། །གང་དག་དགེ་བསྙེན་
ཡིན་བཞིན་དུ་ཆུང་མ་ལེན་པར་བྱེད་ན་ཅི་དེ་དག་གིས་དེ་ལས་ཀྱང་སྡོམ་པ་ཐོབ་བམ། འོན་ཏེ་མ་ཡིན་ཞེ་ན། ཉི་ཚེ་བའི་སྡོམ་པ་ཐོབ་པར་འགྱུར་དུ་འོང་བས་འཐོབ་བོ། །ཇི་ལྟར་ན་སྡོམ་པ་ཉམས་པར་མི་འགྱུར་ཞེ་ན། འདི་ལྟར། སྡོམ་པ་ཇི་ལྟར་ཁས་བླངས་བཞིན། །འཐོབ་ཀྱི་རྒྱུད་ལས་
མ་ཡིན་ནོ། །དེ་དག་གི་སྡོམ་པ་ནི་ཇི་ལྟར་ཁས་ལེན་པ་དེ་བཞིན་འཐོབ་བོ། །དེ་དག་ཇི་ལྟར་ཁས་ལེན་ཞེ་ན་བདག་འདོད་པས་ལོག་པར་གཡེམ་པ་སྤོང་ངོ་ཞེས་ཁས་ལེན་གྱི། བདག་གི་རྒྱུད་འདི་ལ་མི་ཚངས་པར་སྤྱོད་པར་མི་བྱའོ་ཞེས་ནི་མ་ཡིན་ཏེ། དེའི་ཕྱིར་དེ་དག་གིས་གཞི་དེ་ལས་
འདོད་པས་ལོག་པར་གཡེམ་པའི་ཡན་ལག་ཁོ་ན་སྡོམ་པ་འཐོབ་ཀྱི་མི་ཚངས་པར་སྤྱོད་པ་ནི་མ་ཡིན་པས་ཆུང་མར་གྱུར་པ་ལ་སྡོམ་པ་ཉམས་པ་མེད་དོ། །ཡང་ཅིའི་ཕྱིར་བརྫུན་དུ་སྨྲ་བ་སྤོང་བ་ཁོ་ན་དགེ་བསྙེན་གྱི་སྡོམ་པ་ལ་བསླབ་པའི་ཡན་ལག་ཏུ་བཞག་ལ་ཕྲ་མ་ལ་སོགས་པ་ལས་ནི་མ་ཡིན་
ཞེ་ན། རྒྱུ་གསུམ་པོ་དེ་དག་ཉིད་ཀྱི་ཕྱིར་ཏེ། བརྫུན་སྨྲ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་འཐོབ་ཕྱིར་རོ། །བསླབ་པ་ཐམས་ཅད་འདས་གྱུར་ན། །བརྫུན་དུ་ཐལ་བར་འགྱུར་བའི་ཕྱིར། །བསླབ་པ་ཐམས་ཅད་དུ་འདས་ན་དྲི་བར་བྱ་བ་ལ་བདག་གིས་དེ་ལྟ་བུ་མ་བྱས་སོ་ཞེས་བྱ་བ་འདི་
ཉེ་བར་གནས་པར་འགྱུར་ཏེ། བརྫུན་དུ་སྨྲ་བར་ཐལ་བར་འགྱུར་བས་དེའི་ཕྱིར་ཇི་ལྟར་ན་འདས་པར་བྱས་ཀྱང་བདག་ཉིད་འཆགས་པར་འགྱུར་སྙམ་ནས་བརྫུན་དུ་སྨྲ་བ་ལས་ཟློག་པ་བཤད་དོ། །ཡང་ཅིའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་ལས་འདིར་བསླབ་པའི་གཞིར་རྣམ་པར་མ་བཞག་ཅེ་ན། བཅས་

པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས། རྣམ་པར་གཞག་གོ། །ཅིའི་ཕྱིར་མྱོས་པར་འགྱུར་བ་ཁོ་ན་ལས་ཡིན་གྱི་གཞན་ལས་ནི་མ་ཡིན་ཞེ་ན་གཞན་སྲུང་ཕྱིར་རོ། །མྱོས་པར་འགྱུར་བ་འཐུངས་ན་ཡན་ལག་གཞན་དང་གཞན་དག་ཀྱང་མི་སྲུང་བར་འགྱུར་རོ། །ཇི་ལྟར་ན་མྱོས་པར་འགྱུར་བ་
འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་ཤེས་ཤེ་ན། རང་བཞིན་གྱིས་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་ཏེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་ནི་སེམས་ཉོན་མོངས་པ་ཅན་ཁོ་ནས་སྤྱོད་པ་ཡིན་ན་ཆང་ནི་ཇི་སྲིད་མྱོས་པར་མི་འགྱུར་བར་གཉེན་པོའི་བློ་ཁོ་ནས་བཏུང་བར་ནུས་སོ། །གང་མྱོས་པར་
འགྱུར་བ་ཡིན་པར་ཤེས་ནས་འཐུང་བའི་སེམས་དེ་ཉིད་ཉོན་མོངས་པ་ཅན་ཡིན་ནོ། །གང་མྱོས་པར་མི་འགྱུར་བའི་དྲོད་རིག་ནས་འཐུང་བ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་ནོ། །འདུལ་བ་འཛིན་པ་རྣམས་ན་རེ་མྱོས་པར་འགྱུར་བ་འཐུང་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ཏེ། བཙུན་པ་
ཇི་ལྟར་བྲོ་གཡོག་བགྱི། །ཉེ་བ་འཁོར་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་གཏོགས་པ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ལ། ཤཱཀྱ་ནད་པ་རྣམས་ལ་ཡང་མྱོས་པར་འགྱུར་བ་འཐུང་བ་མ་གནང་ངོ་། །འདི་སྐད་དུ་དགེ་སློང་དག་ང་སྟོན་པ་ཡིན་པར་སྨྲ་བ་རྣམས་ཀྱིས་མྱོས་པར་འགྱུར་བ་
རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱའོ་ཞེས་ཀྱང་གསུངས་ཏེ། དེའི་ཕྱིར་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པར་མངོན་ནོ། །སྲོག་གཅོད་པ་ལ་སོགས་པ་བཞིན་དུ་འཕགས་པ་རྣམས་ཚེ་འཕོས་ཀྱང་མི་སྤྱོད་པའི་ཕྱིར་དང་། ལུས་ཀྱི་ཉེས་པར་སྤྱོད་པ་ཞེས་ཀྱང་འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །
ཆོས་མངོན་པ་བ་རྣམས་ན་རེ། མ་ཡིན་ཏེ། ནད་པ་རྣམས་ལ་བཅས་པའི་ཁ་ན་མ་ཐོ་བ་སྤྱིར་བསྟན་མོད་ཀྱི། ཡང་མྱོས་པར་འགྱུར་བའི་དྲོད་མ་ངེས་པར་ཐལ་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་མྱོས་པར་འགྱུར་བ་དམིགས་ཀྱིས་བསྟན་ཏེ། དེ་ཉིད་ཀྱི་ཕྱིར་རྩྭའི་རྩེ་མོས་འཐུང་བ་
བཀག་པ་ཡིན་ནོ། །འཕགས་པ་རྣམས་མི་སྤྱོད་པ་ནི་ངོ་ཚ་དང་ལྡན་པའི་ཕྱིར་དང་། དེས་ཀྱང་དྲན་པ་ཉམས་པར་བྱེད་པའི་ཕྱིར་ཅུང་ཟད་ཀྱང་མི་གསོལ་ཏེ། དུག་བཞིན་དུ་མ་ངེས་པའི་ཕྱིར་རོ། །ཉེས་པར་སྤྱོད་པ་ཞེས་འབྱུང་བ་ནི་བག་མེད་པའི་གནས་ཡིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་

འདི་ལ་བག་མེད་པའི་གནས་ཞེས་སྨོས་ཀྱི་གཞན་དག་ལ་ནི་མ་ཡིན་ཏེ། དེ་དག་ལ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་རོ། །ཧ་ཅང་ཀུན་དུ་བསྟེན་པས་ངན་འགྲོར་འགྲོ་བར་གསུངས་པ་ནི་དེའི་ཞར་ལ་མི་དགེ་བའི་རྒྱུན་ཡང་དང་ཡང་དུ་འཇུག་པས་ངན་སོང་བའི་
ལས་འཕེན་པ་འམ་འཇུག་པ་ཐོབ་པའི་ཕྱིར་རོ། །འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ཞེས་བྱ་བའི་དོན་ཅི་ཞེ་ན། འབྲུའི་ཆང་ནི་ཟས་ལས་སྦྱར་བའི་བཏུང་བའོ། །སྦྱར་བའི་ཆང་ནི་རྫས་ལས་སྦྱར་བའི་བཏུང་བའོ། །དེ་དག་ཀྱང་རེས་འགའ་མྱོས་པར་འགྱུར་
བའི་དངོས་པོར་མ་རེད་པའམ་ཡལ་བར་འགྱུར་བས་དེའི་ཕྱིར་མྱོས་པར་འགྱུར་བ་ཞེས་བྱ་བར་སྨོས་སོ། །གླ་གོར་ཞོ་ཤ་དང་ཁྲེ་རྒོད་ལ་སོགས་པ་ཡང་མྱོས་པར་བྱེད་པས་འབྲུའི་ཆང་དང་སྦྱར་བའི་ཆང་ཞེས་བྱ་བ་སྨོས་སོ། །བཅས་པའི་ཁ་ན་མ་ཐོ་བ་ཡིན་ཡང་བག་མེད་པ་ཐམས་ཅད་ཀྱི་གནས་
སུ་གྱུར་པས་བསྒྲིམས་ཏེ་སྤང་བར་བྱ་བ་ཉིད་ཡིན་པའི་རྒྱུ་ཤེས་པར་བྱ་བའི་ཕྱིར་བག་མེད་པའི་གནས་ཞེས་སྨོས་སོ། །ཅི་སོ་སོར་ཐར་པ་དང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དང་གསུམ་པོ་འདི་དག་གང་ལས་གཅིག་འཐོབ་པ་དེ་ལས་ལྷག་མ་དག་ཐོབ་པའམ་ཞེ་ན། མ་ཡིན་ནོ། །འོ་ན་
ཇི་ལྟ་བུ་ཞེ་ན། འདོད་གཏོགས་ཐམས་ཅད་གཉི་ག་དང་། །ད་ལྟར་དག་ལས་འཐོབ་པར་འགྱུར། །འདོད་གཏོགས་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་ཡིན་ནོ། །ཐམས་ཅད་ལས་ཞེས་བྱ་བ་ནི་སྦྱོར་བ་དང་དངོས་དང་མཇུག་ལས་སོ། །གཉི་ག་ལས་ཞེས་བྱ་བ་ནི་སེམས་ཅན་དང་སེམས་ཅན་མ་
ཡིན་པར་སྟོན་པ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ལས་སོ། །སེམས་ཅན་གྱི་རྟེན་ལ་འཇུག་པའི་ཕྱིར་ད་ལྟར་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཁོ་ན་ལས་འཐོབ་ཀྱི་འདས་པ་དང་མ་འོངས་པ་དག་ལས་ནི་མ་ཡིན་ཏེ། དེ་དག་ནི་སེམས་ཅན་དུ་མི་བགྲང་བའི་ཕྱིར་རོ། །བསམ་གཏན་
ཟག་མེད་སྡོམ་པ་ནི། །དངོས་དང་དུས་ནི་ཐམས་ཅད་ལ། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་ནི་ལས་ཀྱི་ལམ་དངོས་ཁོ་ན་ལས་འཐོབ་ཀྱི་སྦྱོར་བ་དང་མཇུག་ལས་ཀྱང་མ་ཡིན་ན་བཅས་པའི་ཁ་ན་མ་ཐོ་བ་ལ་ལྟ་སྨོས་ཀྱང་ཅི་དགོས། དུས་ཐམས་ཅད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་

འཐོབ་སྟེ། འདས་པ་དང་མ་འོངས་པ་དག་ལས་ཀྱང་འཐོབ་བོ། །དེ་ཉིད་ཀྱི་ཕྱིར་གང་དག་ལས་སོ་སོར་ཐར་པའི་སྡོམ་པ་འཐོབ་ལ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་མ་ཡིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་ཀྱང་ཡོད་ཅེས་བྱ་བ་རྒྱས་པར་མུ་བཞིར་འགྱུར་ཏེ། མུ་དང་པོ་ནི་
ད་ལྟར་བྱུང་བའི་ཉེར་བསྡོགས་དང་མཇུག་དག་དང་། བཅས་པའི་ཁ་ན་མ་ཐོ་བ་ལས་སོ། །གཉིས་པ་ནི་འདས་པ་དང་མ་འོངས་པའི་ལས་ཀྱི་ལམ་དངོས་དག་ལས་སོ། །གསུམ་པ་ནི་ད་ལྟར་བྱུང་བའི་ལས་ཀྱི་ལམ་དངོས་དག་ལས་སོ། །བཞི་པ་ནི་འདས་པ་དང་མ་འོངས་པའི་ཉེར་བསྡོགས་
དང་མཇུག་དག་ལས་སོ། །སྡོམ་པ་འཐོབ་པའི་ཚེ་ན་ད་ལྟར་གྱི་ལས་ཀྱི་ལམ་རྣམས་མེད་པས་ད་ལྟར་གྱི་གཞི་ཅན་ལས་ཞེས་བརྗོད་པར་བྱའོ། །མ་འོངས་པ་རྣམས་ཁོ་ན་ལས་སྡོམ་པར་རུང་གི་འདས་པ་དང་ད་ལྟར་གྱི་རྣམས་ལ་ནི་མ་ཡིན་ནོ། །ཡང་ཅི་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་སེམས་ཅན་
ཐམས་ཅད་དང་། ཡན་ལག་ཐམས་ཅད་དང་། རྒྱུ་ཐམས་ཅད་ཀྱིས་འཐོབ་བམ། འོན་ཏེ་བྱེ་བྲག་ཅི་ཡོད་ཅེ་ན། རེ་ཞིག་ངེས་པར། སྡོམ་པ་སེམས་ཅན་ཐམས་ཅད་ལས། །འཐོབ་ལ། ཡན་ལག་རྒྱུ་ལ་དབྱེ་བ་ཡོད། །སྡོམ་པ་ནི་སེམས་ཅན་ཐམས་ཅད་ལས་འཐོབ་པ་ཉིད་དེ་འགའ་ལས་མ་ཡིན་
ནོ། །ཡན་ལག་ལས་ནི་དབྱེ་བ་ནི་ཡོད་དེ། ལ་ལ་ནི་ཐམས་ཅད་ལས་འཐོབ་སྟེ། དགེ་སློང་གི་སྡོམ་པ་ཐོབ་པའོ། །ལ་ལ་ནི་གཞི་ལས་ཏེ་དེ་ལས་གཞན་པའོ། །ལས་ཀྱི་ལམ་རྣམས་ནི་སྡོམ་པའི་ཡན་ལག་དག་ཡིན་ནོ། །རྒྱུ་ལས་ཀྱང་རྣམ་གྲངས་ལ་ལ་ལས་ནི་ཐམས་ཅད་ཀྱིས་སོ། །ལ་ལ་
ལས་ནི་གཅིག་གིས་སོ། །རེ་ཞིག་གང་གིས་ན་ཐམས་ཅད་ཀྱིས་ཡིན་ཞེ་ན། གལ་ཏེ་མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་རྒྱུར་འདོད་ནའོ། །གང་གིས་ན་གཅིག་གིས་ཤེ་ན། གལ་ཏེ་སེམས་ཆུང་ངུ་དང་འབྲིང་དང་ཆེན་པོ་དག་རྒྱུར་འདོད་ནའོ། །རྣམ་གྲངས་ཐ་མ་ངེས་པ་ལ་བརྟེན་
ཏེ་སྨྲས་པ། སྡོམ་པ་ལ་གནས་པ་སེམས་ཅན་ཐམས་ཅད་ལ་བསྡམས་ལ་ཡན་ལག་ཐམས་ཅད་དང་། རྒྱུ་ཐམས་ཅད་ཀྱི་མ་ཡིན་པ་ཡང་ཡོད་དེ། གང་ཞིག་སེམས་ཆུང་ངུ་འམ་འབྲིང་ངམ་ཆེན་པོས་དགེ་བསྙེན་དང་བསྙེན་གནས་པ་དང་། དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་པའོ། །སེམས་

ཅན་ཐམས་ཅད་དང་། ཡན་ལག་ཐམས་ཅད་ཀྱིས་བསྡམས་ལ་རྒྱུ་ཐམས་ཅད་ཀྱི་མ་ཡིན་པ་ཡང་ཡོད་དེ། གང་ཞིག་སེམས་ཆུང་ངུ་འམ་འབྲིང་ངམ་ཆེན་པོས་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པའོ། །སེམས་ཅན་ཐམས་ཅད་དང་ཡན་ལག་ཐམས་ཅད་དང་རྒྱུ་ཐམས་ཅད་
ཀྱིས་བསྡམས་པ་ཡང་ཡོད་དེ། གང་ཞིག་སེམས་རྣམ་པ་གསུམ་གྱིས་སྡོམ་པ་རྣམ་པ་གསུམ་ཡང་དག་པར་ལེན་པའོ། །སེམས་ཅན་ཐམས་ཅད་དང་། རྒྱུ་ཐམས་ཅད་ཀྱིས་བསྡམས་པ་ལ་ཡན་ལག་ཐམས་ཅད་ཀྱིས་མ་ཡིན་པ་ཡང་ཡོད་དོ། །གང་ཞིག་སེམས་ཆུང་ངུ་དང་འབྲིང་དང་ཆེན་པོ་དག་གིས་
དགེ་བསྙེན་དང་བསྙེན་གནས་དང་དགེ་སྦྱོང་གི་སྡོམ་པ་ཡང་དག་པར་ལེན་པའོ། །གང་ཞིག་སེམས་ཅན་ཐམས་ཅད་ལ་མ་བསྡམས་པ་དེ་ལྟ་བུ་ནི་མེད་དེ། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་སེམས་དགེ་བ་ལ་གནས་པས་སྡོམ་པ་འཐོབ་ཀྱི་གཞན་དུ་ནི་མ་ཡིན་ཏེ། སྡིག་པའི་
བསམ་པ་དང་མ་བྲལ་བའི་ཕྱིར་རོ། །ངེས་པ་ལྔ་པོ་སེམས་ཅན་དང་། །ཡན་ལག་དང་ཡུལ་དང་། དུས་དང་། ཚེ་ངེས་པ་མི་བྱེད་ན་སོ་སོར་ཐར་པའི་སྡོམ་པ་འཐོབ་སྟེ། སེམས་ཅན་ཆེ་གེ་མོ་ཞིག་ལས་སྤོང་ངོ་ཞེས་བྱ་བ་ནི་སེམས་ཅན་ངེས་པའོ། །ཡན་ལག་ཆེ་གེ་མོ་ཞིག་ལས་ཞེས་བྱ་བ་ནི་ཡན་
ལག་ངེས་པའོ། །ཡུལ་ཆེ་གེ་མོ་ཞིག་ཏུ་ཞེས་བྱ་བ་ནི་ཡུལ་ངེས་པའོ། །ཟླ་བའི་བར་དུ་ཞེས་བྱ་བ་ནི་དུས་ངེས་པའོ། །འཐབ་མོ་མ་གཏོགས་སོ་ཞེས་བྱ་བ་ནི་ཚེ་ངེས་པ་སྟེ། དེ་ལྟར་མནོས་ན་ལེགས་པར་སྤྱད་པ་ཙམ་དུ་ནི་འགྱུར་རོ། །ཇི་ལྟར་ན་མི་ནུས་པ་དག་ལས་སྡོམ་པ་འཐོབ་ཅེ་ན། སེམས་
ཅན་ཐམས་ཅད་ཀྱི་སྲོག་ལ་མི་གནོད་པའི་བསམ་པས་ཁས་བླང་བའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གལ་ཏེ་ནུས་པ་དག་ཁོ་ན་ལས་སྡོམ་པ་འཐོབ་ན་ནི་སེམས་ཅན་ནུས་པ་དང་མི་ནུས་པ་རྣམས་ནི་ཕན་ཚུན་འཕོ་བས་འཕེལ་བ་དང་འགྲིབ་པ་དང་ལྡན་པར་འགྱུར་ཏེ། དེ་ལྟར་ན་འཐོབ་པ་དང་
གཏོང་བའི་རྒྱུ་དག་མེད་པར་ཡང་སྡོམ་པ་འཐོབ་པ་དང་གཏོང་བར་འགྱུར་རོ་ཞེས་ཟེར་རོ། །དེ་ལྟར་ནི་མི་འགྱུར་ཏེ། ཇི་ལྟར་སྔོན་མེད་པའི་རྩྭ་ལ་སོགས་པ་སྐྱེས་སམ་བསྐམས་ན་སྡོམ་པ་འཕེལ་བ་དང་འགྲིབ་པར་མི་འགྱུར་བ་དེ་བཞིན་དུ་ནུས་པ་དང་མི་ནུས་པ་འཕོས་སུ་ཟིན་ཀྱང་མི་འགྱུར་རོ། །སེམས་

ཅན་རྣམས་ནི་སྔོན་ཡང་ཡོད་ལ་ཕྱིས་ཀྱང་ཡོད་པའི་ཕྱིར་ལ་རྩྭ་ལ་སོགས་པ་ནི་མེད་པའི་ཕྱིར་རོ། །འདི་ལ་དེ་ལྟར་མི་ནུས་པར་གྱུར་པ་དང་ཟད་པར་ཅི་ཞིག་ཡོད་པ་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་ནས་མེད་པ་ཁོ་ནར་གྱུར་པ་དེའི་ཚེ་ཇི་ལྟར་སྡོམ་པ་འགྲིབ་པར་མི་འགྱུར་ཏེ། ལན་འདི་ནི་མི་རུང་ངོ་། །
དེ་ལྟ་བས་ན་གཏན་ཚིགས་སྔ་མ་ཉིད་བཟང་ངོ་། །དེ་ལྟར་ན་འོ་ན་ནི་སྔོན་གྱི་སེམས་ཅན་ནི་སངས་རྒྱས་སུ་གྱུར་ནས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལས་སངས་རྒྱས་ཕྱི་མ་རྣམས་ཀྱིས་སོ་སོར་ཐར་པའི་སྡོམ་པ་མ་ཐོབ་པའི་ཕྱིར་ཇི་ལྟར་ཚུལ་ཁྲིམས་ཉུང་བར་མི་འགྱུར་ཞེ་ན། ཐམས་ཅད་ཀྱིས་
སེམས་ཅན་ཐམས་ཅད་ལས་འཐོབ་པའི་ཕྱིར་ཏེ། གལ་ཏེ་དེ་དག་ཀྱང་ཡོད་ན་ནི་དེ་རྣམས་ཀྱིས་དེ་དག་ལས་ཀྱང་ཐོབ་པར་འགྱུར་རོ། །སྡོམ་པ་གང་ལས་འཐོབ་པ་བཤད་ཟིན་ཏོ། །སྡོམ་པ་མིན་པས་ཐམས་ཅད་དང་། །ཡན་ལག་ཀུན་ལས་རྒྱུས་མིན་ནོ། །སེམས་ཅན་ཐམས་ཅད་དང་ལས་ཀྱི་
ལམ་ཐམས་ཅད་ལས་འཐོབ་སྟེ། སྡོམ་པ་མ་ཡིན་པ་མ་ཚང་བའི་སྡོམ་པ་མ་ཡིན་པ་ཅན་ནི་མེད་དོ་ཞེས་གྲག་གོ། །རྒྱུ་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། སེམས་ཆུང་ངུ་ལ་སོགས་པ་ཅིག་ཅར་དུ་མི་འབྱུང་བའི་ཕྱིར་རོ། །གང་ཞིག་སེམས་ཆུང་ངུས་སྡོམ་པ་མ་ཡིན་པ་འཐོབ་སྟེ། སེམས་ཆེན་པོས་
སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་ན་ཡང་སྡོམ་པ་མ་ཡིན་པ་ནི་ཆུང་ངུ་ཁོ་ན་དང་ལྡན་ལ། སྲོག་གཅོད་པའི་རྣམ་པར་རིག་བྱེད་ནི་ཆེན་པོ་དང་ལྡན་ནོ། །དེ་བཞིན་དུ་འབྲིང་དང་ཆེན་པོ་ལ་ཡང་སྦྱར་བར་བྱའོ། །དེ་ལ་འདི་དག་ནི་སྡོམ་པ་མ་ཡིན་པ་ཅན་ཡིན་ཏེ། འདི་ལྟ་སྟེ། ཤན་པ་རྣམས་དང་།
བྱ་གག་གསོད་པ་རྣམས་དང་། ཕག་གསོད་པ་རྣམས་དང་། བྱ་པ་རྣམས་དང་། ཉ་པ་རྣམས་དང་། རི་དགས་འཆོར་བ་རྣམས་དང་། ཆོམ་རྐུན་པ་རྣམས་དང་། གཤེད་མ་རྣམས་དང་། བཙོན་རྫི་རྣམས་དང་། གླང་པོ་ཆེ་འཆོར་བ་རྣམས་དང་། ཁྱི་འཆོར་བ་རྣམས་དང་། བ་ཀུ་རི་འཆོར་བ་རྣམས་སོ། །རྒྱལ་པོ་དང་།
བློན་པོ་དང་། ཤགས་ཟིན་པོ་རྣམས་ཀྱང་དོན་གྱིས་ན་སྡོམ་པ་མ་ཡིན་ནོ། །དེ་ལ་གནས་པས་སྡོམ་པ་མ་ཡིན་པ་ཡོད་པའི་ཕྱིར་རམ། འདི་དག་ལ་སྡོམ་པ་མ་ཡིན་པ་ཡོད་པས་ན་སྡོམ་པ་མ་ཡིན་པ་ཅན་རྣམས་སོ། །ལུག་གསོད་པས་ན་ཤན་པ་རྣམས་ཏེ། གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །རེ་ཞིག་སྡོམ་

པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པས་ཞེས་སྨོས་པས་སེམས་ཅན་ཐམས་ཅད་ལས་ཐོབ་པར་ཡང་རིགས་ན། ཤན་པ་ལ་སོགས་པར་ཕ་དང་མ་དང་བུ་དང་བྲན་ལ་སོགས་པ་ལ་ལོག་པར་མ་ཞུགས་པའི་བསམ་པ་ཅན་འཚོ་བའི་ཕྱིར་ཡང་གསོད་པར་མི་འདོད་པ་རྣམས་གོ་ཇི་ལྟར་སེམས་
ཅན་ཐམས་ཅད་ལས་སྡོམ་པ་མ་ཡིན་པ་འཐོབ་པར་རུང་། དེ་དག་ནི་མ་ལ་སོགས་པ་ལུག་ཏུ་གྱུར་པ་ཡང་གསོད་དོ། །རེ་ཞིག་དེ་དག་ཉིད་ཡིན་པར་ཤེས་ནས་ནི་མི་གསོད་དོ། །འཕགས་མར་གྱུར་པ་རྣམས་ལ་ཡང་ཕྱུགས་སུ་གྱུར་པའི་གོ་སྐབས་མེད་ན་ཇི་ལྟར་ན་དེ་དག་ལས་སྡོམ་པ་མ་ཡིན་པ་
འཐོབ། གལ་ཏེ་མ་འོངས་པའི་ལུས་ལ་ལྟོས་ཏེ་ད་ལྟར་གྱི་ལས་སྡོམ་པ་མ་ཡིན་པ་ཞིག་ཏུ་འགྱུར་ན་ནི་དེ་དག་ལུག་བུར་གྱུར་པ་རྣམས་ཀྱང་གཏན་མི་གསོད་པས་དེ་དག་ལས་སྡོམ་པ་མ་ཡིན་པར་མི་འགྱུར་རོ། །ཇི་ལྟར་ན་གསོད་པར་འདོད་བཞིན་དུ་དེ་དག་ལས་སྡོམ་པ་མ་ཡིན་པར་མི་འགྱུར། དེ་ནི་
མ་ལ་སོགས་པ་ལ་ཡང་མཚུངས་ཏེ། ཇི་ལྟར་ན་གསོད་པར་མི་འདོད་བཞིན་དུ་དེ་དག་ལས་སྡོམ་པ་མ་ཡིན་པར་འགྱུར། ཤན་པ་གང་ཞིག་ཚེར་ཡང་མ་བྱིན་པར་མི་ལེན། རང་གི་ཆུང་མས་ཀྱང་ཆོག་ཤེས། ལྐུགས་པ་ཡང་ཡིན་ན་ཇི་ལྟར་ན་དེ་ཡན་ལག་ཐམས་ཅད་ལས་སྡོམ་པ་མ་ཡིན་པར་
འགྱུར། བསམ་པ་ལོག་པར་ཞུགས་པའི་ཕྱིར་ཏེ། ལྐུགས་བཞིན་དུ་ངག་གིས་ཐོབ་པར་བྱ་བའི་དོན་ལུས་ཀྱིས་འཐོབ་པར་ནུས་སོ། །འོ་ན་གང་ཞིག་གིས་བསླབ་པའི་གནས་གཉིས་སམ་གསུམ་ཞིག་ཡང་དག་པར་བླངས་ན་ཇི་ལྟ་བུར་འགྱུར། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སྡོམ་པ་མ་ཡིན་
པ་ལ་མ་ཚང་བ་དང་ཉི་ཚེ་བ་ནི་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་ཟེར་རོ། །མདོ་སྡེ་པ་རྣམས་ན་རེ་ནི་ཇི་ལྟར་ཁས་བླངས་པ་བཞིན་དུ་སྡོམ་པ་མ་ཡིན་པ་དང་རྣམ་པ་བརྒྱད་མ་གཏོགས་པ་སྡོམ་པ་ཡང་མ་ཚང་བ་ཡོད་ལ་ཉི་ཚེ་བ་ཡང་ཡོད་དེ་ཚུལ་ཁྲིམས་དང་འཆལ་བའི་ཚུལ་ཁྲིམས་དེ་ཙམ་གྱིས་
གེགས་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །སྡོམ་པ་མ་ཡིན་པ་གང་དག་ལས་འཐོབ་པ་དེ་ནི་བཤད་ཟིན་ཏོ། །ཇི་ལྟར་འཐོབ་པ་མ་བཤད་པས། །དེའི་ཕྱིར་འདི་བརྗོད་པར་བྱ་སྟེ། སྡོམ་པ་མིན་པ་བྱ་བ་འམ། །ཁས་ལེན་པ་ལས་འཐོབ་པར་འགྱུར། །སྡོམ་པ་མ་ཡིན་པ་ནི་རྒྱུ་རྣམ་པ་གཉིས་ཀྱིས་

འཐོབ་སྟེ། དེའི་རིགས་སུ་སྐྱེས་པ་རྣམས་ནི་གསོད་པར་སྦྱོར་བའི་བྱ་བ་ལས་སོ། །གཞན་གྱི་རིགས་སུ་སྐྱེས་པ་རྣམས་ནི་བདག་ཅག་ཀྱང་འཚོ་བ་འདིས་འཚོ་བར་བྱའོ་ཞེས་ཁས་ལེན་པ་ལས་སོ། །ལྷག་མའི་རྣམ་རིག་མིན་ཞིང་དང་། །ལེན་དང་གུས་པར་བྱེད་པས་འཐོབ། །གང་དུ་ཀུན་དགའི་ར་
བ་ལ་སོགས་པ་ཕུལ་བ་ཙམ་གྱིས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ཞིང་ཡང་ཡོད་དེ། འདི་ལྟ་སྟེ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དག་ལྟ་བུའོ། །ཡང་ན་སངས་རྒྱས་ལ་ཕྱག་མ་འཚལ་གྱི་བར་དུ་ཟས་མི་བཟའོ། །ཚེས་སམ་ཟླ་བ་གཅིག་གམ་ཟླ་བ་ཕྱེད་ཅིང་
རྟག་ཏུ་ཟས་དག་སྦྱིན་པར་བྱའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཡི་དམ་བཅས་པའམ། དགེ་བ་འམ་མི་དགེ་བ་གང་ལས་འདིའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་གུས་པས་ལས་བྱེད་པ་ལས་སོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་རྣམས་ཇི་ལྟར་འཐོབ་པ་འདི་ནི་བཤད་
ཟིན་ཏོ། །ད་ནི་གཏོང་བ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་ཉིད་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང་། །འདིས་འདུལ་བར་བྱེད་པས་ན་འདུལ་བ་སྟེ། དེས་དབང་པོ་འདུལ་བར་བྱེད་པའི་ཕྱིར་
སོ་སོར་ཐར་པའི་སྡོམ་པ་ཡིན་པར་དགོངས་པའོ། །བསྙེན་གནས་མ་གཏོགས་པའི་སོ་སོར་ཐར་པའི་སྡོམ་པ་ནི་རྒྱུ་རྣམ་པ་བཞིས་གཏོང་བར་འགྱུར་ཏེ། མི་བརྡ་ཕྲད་པའི་དྲུང་དུ་བསླབ་པའི་གཞི་རྣམས་བསམ་པ་ཐག་པ་ནས་སླར་ཕུལ་བ་དང་། རིས་མཐུན་པ་བཏང་བ་དང་། མཚན་ཉིད་ཅིག་
ཅར་དུ་འབྱུང་བ་དང་། དགེ་བའི་རྩ་བ་ཀུན་དུ་ཆད་པ་ལས་སོ། །བསྙེན་གནས་ཀྱི་སྡོམ་པ་ནི་རྒྱུ་དེ་དག་དང་། མཚན་མོ་འདས་པ་ལས་ཏེ། དེ་དག་ནི་མདོར་བསྡུ་ན་གཏོང་བའི་རྒྱུ་ལྔ་ཡིན་ནོ། །ཅིའི་ཕྱིར་རྒྱུ་དེ་དག་གིས་གཏོང་བར་གྱུར་ཞེ་ན། ཡང་དག་པར་བླངས་པ་དང་འགལ་བའི་རྣམ་
པར་རིག་བྱེད་སྐྱེད་པ་དང་། རྟེན་བོར་བ་དང་། རྟེན་ཉམས་པ་དང་། གཞི་ཆད་པ་དང་། དེ་སྲིད་དུ་འཕངས་པའི་ཕྱིར་རོ། །ཁ་ཅིག་ལྟུང་བར་འགྱུར་བ་ལས་སྨྲ། གཞན་དག་ན་རེ་ལྟུང་བར་འགྱུར་བ་བཞི་ལས་གང་ཡང་རུང་བ་ཞིག་གིས་དགེ་སློང་དང་དགེ་སྦྱོང་གི་སྡོམ་པ་གཏོང་ངོ་ཞེས་ཟེར་རོ། །

གཞན་དག་དམ་ཆོས་ནུབ་པ་ལས། །གཞན་དག་ན་རེ་དམ་པའི་ཆོས་ནུབ་པ་ལས་ཏེ། འདི་ལྟར་དམ་པའི་ཆོས་ནུབ་ན་བསླབ་པའི་མཚམས་ཐམས་ཅད་དང་། ལས་ཀྱི་མཐའ་རྣམས་མེད་པར་འགྱུར་རོ་ཞེས་ཟེར་རོ། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་
སུ་འདོད། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་ལྟར་འདོད་དེ། རྩ་བའི་ལྟུང་བ་བྱུང་བ་ལ་ཡང་སྡོམ་པ་གཏོང་བ་མེད་དོ། །ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་ཉམས་པས་སྡོམ་པ་ཟད་པར་གཏོང་བ་ནི་མི་རིགས་སོ། །ལྟུང་བ་གཞན་བྱུང་བ་ལ་ཡང་ཚུལ་ཁྲིམས་འཆལ་པ་མེད་དོ། །འོ་ན་ཇི་ལྟ་བུ་
ཞེ་ན། འདི