Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 140

Văn bản gốc(Tây Tạng)

Trang 15 / 17 (50.000 ký tự/trang)
ུབ་པ་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ལ་བཅོམ་
ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་བདག་ཀྱང་འདི་འདྲ་བའི་རྣམ་པ་ཁོ་ནར་སངས་རྒྱས་པར་ཤོག་ཤིག་ཅེས་དང་པོར་སྨོན་ལམ་བཏབ་པ་བྱུང་སྟེ། དེ་ཡང་འདི་བཞིན་དུ་རྩོད་པའི་དུས་ཁོ་ན་ལ་བྱུང་ལ། དེའི་བསྟན་པ་ཡང་ལོ་སྟོང་གི་མཐའི་བར་དུ་གནས་པར་གྱུར་ཏོ། །ཡང་བྱང་ཆུབ་
སེམས་དཔའ་གནས་སྐབས་གང་དག་ཏུ་ཕ་རོལ་ཏུ་ཕྱིན་པ་གང་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །གང་གི་ཚེ་གང་ལ་ཀུན་ལ་ནི་མིག་གི་བར་དང་རྐང་གི་བར་ཐམས་ཅད་མངོན་པར་མཐོ་བའི་ཁྱད་པར་ལ་མི་རེ་བར་སྙིང་རྗེས་སྦྱིན་
པར་བྱེད་ན་དེ་ཙམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུག་བཟོད་དང་ཚུལ་ཁྲིམས་ཀྱི། །གང་གི་ཚེ་འདོད་ཆགས་དང་མ་བྲལ་བཞིན་དུ་ཡན་ལག་བཅད་ཀྱང་ཅུང་ཟད་ཀྱང་མི་འཁྲུག་པ་དེའི་ཚེ་འདིའི་ཚུལ་
ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པ་ཡིན་ནོ། །སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་སྐར་རྒྱལ་རིའི་ཕུག་ཅིག་ན་མེའི་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ནས་རྐང་པ་
གཅིག་གིས་འགྲེངས་ཏེ་ཞག་བདུན་གྱི་བར་དུ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲིའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་པ་ལ་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་སམ་ཕྱོགས་
མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པར་ཀུན་ཏུ་ཡུལ་གཅིག་ག་ལ་ཡོད། །ཅེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པ་དེའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་ལ། བསྐལ་པ་དགུ་ཡང་བསྡུམས་སོ་ཞེས་གྲག་གོ། །

དེ་མ་ཐག་ལ་ཏིང་ངེ་འཛིན་བློའི་བྱང་ཆུབ་པའི་སྔོན་རོལ་གྱི་དེ་མ་ཐག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་ཏེ། རང་རང་གི་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དག་ཡིན་ནོ། །མདོ་
ལས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང་བསོད་ནམས་བྱ་བའི་གཞི་གསུམ་གསུངས་པ། ཇི་ལྟར་ན་གསུམ་པོ་འདི་དག་བསོད་ནམས་བྱ་བའི་
གཞི་ཡིན་ཞེ་ན། གསུམ་པོ་བསོད་ནམས་བྱ་བ་དང་། །དེའི་གཞི་དཔེར་ན་ལས་ལམ་བཞིན། །གསུམ་པོ་འདི་དག་ནི་ཅི་རིགས་པར་བསོད་ནམས་ཀྱང་ཡིན། བྱ་བ་ཡང་ཡིན། གཞི་ཡང་ཡིན་པས་བསོད་ནམས་བྱ་བའི་གཞི་སྟེ། དཔེར་ན་དེ་དག་ནི་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་
ཡང་ཡིན་པ་དང་། ལས་ཀྱི་ལམ་ཁོ་ན་ཡིན་པས་ལས་ཀྱི་ལམ་མོ་ཞེས་བཤད་པ་བཞིན་ནོ། །དེ་ལ་རེ་ཞིག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ལ་ལུས་དང་ངག་གི་ལས་ནི་རྣམ་པ་གསུམ་ཆར་ཡིན་ནོ། །དེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་ནི་བསོད་ནམས་ཀྱང་ཡིན་ལ་
བྱ་བ་ཡང་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་བསོད་ནམས་ཁོ་ན་ཡིན་ནོ། །ཚུལ་ཁྲིམས་ལས་བྱུང་བ་ནི་ལུས་དང་ངག་གི་ལས་ཁོ་ན་ཡིན་པས་རྣམ་པ་གསུམ་ཆར་ཡིན་ནོ། །བསྒོམ་པ་ལས་བྱུང་བ་ལ་བྱས་པ་ནི་བསོད་ནམས་ཀྱང་ཡིན་ལ་བསོད་ནམས་བྱ་བའི་གཞི་ཡང་
ཡིན་ཏེ། བྱམས་པའི་སྒོ་ནས་དེ་དང་མཚུངས་པར་ལྡན་པའི་སེམས་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དེ་དང་ལྷན་ཅིག་འབྱུང་བའི་སེམས་པ་དང་། ཚུལ་ཁྲིམས་ནི་བསོད་ནམས་ཀྱང་ཡིན་ལ་བྱ་བ་ཡང་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བ་གཞན་ནི་བསོད་ནམས་ཁོ་ན་ཡིན་ནོ། །ཡང་
ན་བསོད་ནམས་བྱེད་པ་ནི་བསོད་ནམས་བྱ་བ་སྟེ། སྦྱོར་བའོ། །འདི་དག་སྒྲུབ་པའི་ཆེད་དུ་བསོད་ནམས་ཀྱི་འབྱོར་པ་རྩོམ་པའི་ཕྱིར་གསུམ་པོ་འདི་དག་ནི་དེའི་གཞི་ཡིན་ནོ། །གཞན་དག་ན་རེ་བསོད་ནམས་བྱ་བ་ནི་དོན་དམ་པར་ན་སེམས་པ་དགེ་བ་ཡིན་ལ། འདི་དག་ནི་དེའི་གཞི་ཡིན་ནོ་ཞེས་

ཟེར་རོ། །སྦྱིན་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། གང་སྦྱིན་པར་བྱ་བ་དེ་ཡང་སྦྱིན་པ་ཡིན་མོད་ཀྱི་འདིར་ནི། གང་གིས་སྦྱིན་བྱེད་དེ་སྦྱིན་པ། །འཇིགས་པ་དང་། ལན་ལ་རེ་བ་དང་། འདོད་ཆགས་པ་ལ་སོགས་པས་ཀྱང་སྦྱིན་པར་བྱེད་མོད་ཀྱི། དེ་ནི་འདིར་མི་འདོད་པས་དེའི་ཕྱིར་ཁྱད་པར་
དུ་བྱ་བའི་ཕྱིར། མཆོད་དང་ཕན་གདགས་འདོད་པ་ཡིས། །ཞེས་བྱ་བ་སྨོས་ཏེ། གང་གིས་གཞན་དག་ལ་མཆོད་པ་དང་། ཕན་གདགས་པར་འདོད་པ་དག་གིས་སྦྱིན་པར་བྱེད་པའོ། །གང་གིས་སྦྱིན་པར་བྱེད་པ་དེ་ཡང་གང་ཞིག་ཅེ་ན། ལུས་དང་ངག་ལ་སློང་དང་བཅས། །
སློང་བ་ཡང་གང་ཞིག་ཅེ་ན། ཚོགས་གང་གིས་དེ་སློང་བར་བྱེད་པའོ། །འདིར་སྨྲས་པ། གང་ཚེ་སྐྱེས་བུ་དགེ་ཡིད་ཀྱིས། །རང་གི་རྫས་དག་སྦྱིན་བྱེད་པ། །དེ་ཚེ་དགེ་བའི་ཕུང་པོ་རྣམས། །སྦྱིན་པ་ཞེས་ནི་བརྗོད་པ་ཡིན། །ཞེས་བྱ་བའོ། །དེ་འབྲས་ལོངས་སྤྱོད་ཆེན་པོ་ཅན། །སྦྱིན་པ་ལས་
བྱུང་བའི་བསོད་ནམས་བྱ་བའི་གཞི་གང་ཡིན་པ་དེ་ནི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཡིན་ནོ། །འབྱུང་བ་ཞེས་བྱ་བ་འདི་ནི་རང་བཞིན་ཡིན་པར་རིག་པར་བྱ་སྟེ། དཔེར་ན་རྩྭ་ལས་བྱུང་བའི་ཁྱིམ་དང་། ལོ་མ་ལས་བྱུང་བའི་སྣོད་ཅེས་བྱ་བ་བཞིན་ནོ། །ཡང་སྦྱིན་པ་དེ་ནི། བདག་གཞན་དོན་ཕྱིར་
གཉིས་དོན་ཕྱིར། །གཉི་གའི་དོན་དུ་མིན་ཕྱིར་སྦྱིན། །དེ་ལ་འདོད་ཆགས་དང་མ་བྲལ་བའམ། སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བས་མཆོད་རྟེན་ལ་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པ་དེས་ཕ་རོལ་པོ་དག་ལ་ཕན་འདོགས་པ་མེད་པའི་ཕྱིར་དེའི་བདག་ཉིད་ཁོ་ནའི་དོན་གྱི་ཕྱིར་སྦྱིན་
པ་ཡིན་ནོ། །འཕགས་པ་འདོད་ཆགས་དང་བྲལ་བས་སེམས་ཅན་ཕ་རོལ་པོ་དག་ལ་སྦྱིན་པར་བྱེད་པའི་སྦྱིན་པ་གང་ཡིན་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མ་གཏོགས་པར་དེས་དེ་དག་ལ་ཕན་བཏགས་པའི་ཕྱིར་གཞན་གྱི་དོན་གྱི་ཕྱིར་ཡིན་གྱི་བདག་གི་དོན་གྱི་ཕྱིར་ནི་མ་ཡིན་ཏེ། དེའི་
རྣམ་པར་སྨིན་པའི་ས་ལས་ཤིན་ཏུ་ཡང་དག་པར་འདས་པའི་ཕྱིར་རོ། །འདོད་ཆགས་དང་མ་བྲལ་བའམ། སོ་སོའི་སྐྱེ་བོའི་འདོད་ཆགས་དང་བྲལ་བས་སེམས་ཅན་ཕ་རོལ་པོ་དག་ལ་སྦྱིན་པར་བྱེད་པའི་སྦྱིན་པ་གང་ཡིན་པ་དེ་ནི་གཉི་གའི་དོན་གྱི་ཕྱིར་ཡིན་ནོ། །འཕགས་པ་འདོད་ཆགས་

དང་བྲལ་བས་མཆོད་རྟེན་ལ་འབུལ་བར་བྱེད་པའི་སྦྱིན་པ་གང་ཡིན་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མ་གཏོགས་པར་གཉི་གའི་དོན་གྱི་ཕྱིར་ཡང་མ་ཡིན་ཏེ་དེ་ནི་བཀུར་སྟི་དང་། བྱས་པ་གཟོ་བ་འབའ་ཞིག་གིས་འབུལ་བར་ཟད་དོ། །སྦྱིན་པའི་འབྲས་བུ་ལོངས་
སྤྱོད་ཆེན་པོ་ཅན་ཞེས་སྤྱིར་བསྟན་པ། དེའི་ཁྱད་པར་སྦྱིན་བདག་དང་། །དངོས་དང་ཞིང་གི་ཁྱད་པར་ལས། །དེ་ལ་རེ་ཞིག །སྦྱིན་བདག་ཁྱད་འཕགས་དད་སོགས་ཀྱིས། །དད་པ་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སྦྱིན་བདག་ནི་ཁྱད་པར་དུ་འཕགས་
པ་ཡིན་ནོ། །སྦྱིན་བདག་དེའི་སྦྱིན་པ་དེ་ནི་སྦྱིན་བདག་གི་ཁྱད་པར་གྱིས་འབྲས་བུ་འབྱིན་པ་ལ་ཁྱད་པར་དུ་འཕགས་པར་འགྱུར་ཏེ། སྦྱིན་བདག་དེ་ལྟ་བུ་དེ་ནི། གུས་པ་ལ་སོགས་པས་སྦྱིན་པར་བྱེད། གུས་པ་དང་། རང་གི་ལག་དང་། དུས་སུ་དང་། གཞན་ལ་མི་གནོད་པར་སྦྱིན་པར་
བྱེད་དེ། དེ་ཕྱིར་བཀུར་སྟི་རྒྱ་ཆེན་དང་། །དུས་དང་བར་ཆད་མེད་པར་རྙེད། །དེའི་ཕྱིར་སྦྱིན་བདག་འདིའི་སྦྱིན་པ་དེ་ལྟ་བུར་བྱིན་པས་གོ་རིམས་བཞིན་དུ་ཁྱད་པར་བཞིར་འགྱུར་ཏེ། བཀུར་སྟི་རྙེད་པར་འགྱུར། ལོངས་སྤྱོད་རྒྱ་ཆེན་པོ་ལ་དད་པ་རྙེད་པར་འགྱུར། ལོངས་སྤྱོད་དུས་ལས་མི་
ཡོལ་བར་དུས་སུ་རྙེད་པར་འགྱུར། ལོངས་སྤྱོད་བར་ཆད་མེད་པར་འགྱུར་ཏེ། འདིའི་ལོངས་སྤྱོད་གཞན་དག་གིས་བར་དུ་མི་ཆོད་ཅིང་། མེ་ལ་སོགས་པས་མེད་པར་མི་འགྱུར་རོ། །ཇི་ལྟར་ན་སྦྱིན་བདག་ཁྱད་པར་དུ་འཕགས་པ་ཡིན་པ་དང་། དེའི་ཁྱད་པར་གྱིས་སྦྱིན་པའི་ཁྱད་པར་
ཡང་བཤད་ཟིན་ཏོ། །ཇི་ལྟར་ན་དངོས་པོ་ཁྱད་པར་དུ་འཕགས་པ་ཡིན་ཞེ་ན། ཁ་དོག་ལ་སོགས་ཕུན་སུམ་དངོས། །ཁྱད་པར་དུ་འཕགས་པ་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་གང་སྦྱིན་པར་བྱ་བ་དེ་ཁ་དོག་དང་དྲི་དང་རོ་དང་རེག་བྱ་རྣམས་ལས་གང་ཡང་རུང་བ་ཞིག་གིས་ཕུན་སུམ་
ཚོགས་པ་ཡིན་ན། དེ་ལྟ་བུ་ནི་དངོས་པོ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དངོས་པོ་དེ་ལྟ་བུ་བྱིན་པས་ཅི་ལྟར་འགྱུར་ཞེ་ན། རིམ་པ་བཞིན་དུ། དེ་ལས་གཟུགས་བཟང་གྲགས་ལྡན་དང་། །དགའ་དང་ཤིན་ཏུ་གཞོན་ཤ་ཅན། །དུས་སུ་རེག་ན་བདེ་ལུས་འགྱུར། །རེག་བྱ་ཕུན་སུམ་ཚོགས་

པ་བྱིན་པས་ནི་གཟུགས་བཟང་པོར་འགྱུར་རོ། །དྲི་ཕུན་སུམ་ཚོགས་པ་བྱིན་པས་ནི་དྲི་བཞིན་དུ་གྲགས་པས་ཕྱོགས་སུ་རྒྱས་པར་འགྱུར་རོ། །རོ་ཕུན་སུམ་ཚོགས་པ་བྱིན་པས་ནི་རོ་ཞིམ་པོ་བཞིན་དུ་དགའ་བར་འགྱུར་རོ། །རེག་བྱ་ཕུན་སུམ་ཚོགས་པ་བྱིན་པས་ནི་ལུས་ཤིན་ཏུ་གཞོན་ཤ་ཅན་
དང་། བུད་མེད་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ་འདིའི་དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་རོ། །ཡང་ཇི་ལྟར་ན་ཞིང་ཁྱད་དུ་འཕགས་པ་ཡིན་ཞེ་ན། འགྲོ་དང་སྡུག་བསྔལ་ཕན་འདོགས་དང་། །ཡོན་ཏན་རྣམས་ཀྱིས་ཞིང་ཁྱད་འཕགས། །རེ་ཞིག་འགྲོ་བའི་ཁྱད་པར་གྱིས་ཁྱད་དུ་འཕགས་
པ་འདི་ལྟར་བཅོམ་ལྡན་འདས་ཀྱིས་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་སྦྱིན་པ་བྱིན་ན་སླར་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་བར་གྱུར་པའི་མི་ལ་སྦྱིན་པ་བྱིན་ན་སྟོང་འགྱུར་དུ་རེ་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །སྡུག་བསྔལ་གྱི་ཁྱད་པར་དུ་འཕགས་
པ་ནི་འདི་ལྟར་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དག་ཏུ་ནད་པ་ལ་སྦྱིན་པ་དང་། ནད་གཡོག་ལ་སྦྱིན་པ་དང་། གྲང་བ་ལ་སོགས་པ་ལ་སྦྱིན་པར་གསུངས་ནས། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འདི་བདུན་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་
བུ་མོའི་བསོད་ནམས་ཀྱི་ཚད་གཟུང་བར་མི་ནུས་སོ་ཞེས་གསུངས་པ་ལྟ་བུའོ། །ཕན་འདོགས་པའི་ཁྱད་པར་ལས་ནི་འདི་ལྟ་སྟེ་ཕ་མ་དང་། ཕན་འདོགས་པ་གཞན་རྣམས་ལ་སྦྱིན་པ་བྱིན་པ་སྟེ། དོམ་དང་རི་དགས་ལ་སོགས་པའི་སྐྱེས་པའི་རབས་དཔེར་བྱའོ། །ཡོན་ཏན་གྱི་ཁྱད་
པར་ལས་ནི་འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ན་རྣམ་པར་སྨིན་པ་འབུམ་འགྱུར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །སྦྱིན་པ་ཐམས་ཅད་ཀྱི་ནང་ན། །མཆོག་ནི་གྲོལ་བས་གྲོལ་བ་ལའང་། །འདོད་ཆགས་དང་བྲལ་བས་འདོད་ཆགས་དང་བྲལ་བ་ལ་བྱིན་པའི་སྦྱིན་པ་གང་ཡིན་པ་དེ་ནི་
བཅོམ་ལྡན་འདས་ཀྱིས་ཟང་ཟིང་གི་སྦྱིན་པ་རྣམས་ཀྱི་ནང་ནས་མཆོག་ཡིན་ནོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཡིས། ཡང་ན་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་པའི་སྦྱིན་པ་གང་ཡིན་པ་དེ་ནི་གྲོལ་བ་མ་ཡིན་པས་མ་གྲོལ་

བ་རྣམས་ལ་ཡང་བྱིན་ན་མཆོག་ཡིན་ནོ། །དེ་མ་གཏོགས་པ་བཅོམ་ལྡན་འདས་ཀྱིས་གང་དག་སྦྱིན་པ་བརྒྱད་གསུངས་པ་དེ་དག་གི་ནང་ན་ནི་བརྒྱད་པ་མཆོག་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བརྒྱད་གང་ཞེ་ན། ཉེ་བ་ལ་སྦྱིན་པ་དང་། འཇིགས་པས་སྦྱིན་པ་དང་། བདག་ལ་བྱིན་
པས་སྦྱིན་པ་དང་། བདག་ལ་སྦྱིན་པར་འགྱུར་བས་སྦྱིན་པ་དང་། སྔོན་བདག་གི་ཕ་དང་མེས་པོ་དག་གིས་སྦྱིན་པ་བྱིན་པས་སྦྱིན་པ་བྱིན་པ་དང་། མཐོ་རིས་ཀྱི་དོན་དུ་སྦྱིན་པ་དང་། གྲགས་པའི་དོན་དུ་སྦྱིན་པ་དང་། སེམས་ཀྱི་རྒྱན་གྱི་དོན་དང་། སེམས་ཀྱི་ཡོ་བྱད་ཀྱི་དོན་དང་། རྣལ་འབྱོར་
གྱི་ཚོགས་ཀྱི་དོན་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་བྱིན་པའོ། །དེ་ལ་ཉེ་བ་ལ་སྦྱིན་པ་ནི་སྔ་མ་དག་ན་རེ་ནམ་ཉེ་བར་གྱུར་ཅིང་ཉེ་བར་ལྷགས་པ་དག་ལ་སྦྱིན་པར་བྱེད་པའོ་ཞེས་ཟེར་རོ། །འཇིགས་པས་སྦྱིན་པ་ནི་མེད་པར་བྱེད་པ་མངོན་སུམ་དུ་མཐོང་ནས་དམ་པ་སྦྱིན་ནོ་ཞེས་སྦྱིན་པར་
བྱེད་པ་གང་ཡིན་པའོ། །ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །མདོ་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གཞལ་དུ་མེད་དོ། །རྒྱུན་དུ་ཞུགས་པ་ལ་བྱིན་ན་དེ་བས་ཀྱང་ཆེས་གཞལ་དུ་མེད་དོ་ཞེས་བྱ་བ་རྒྱས་པར་གསུངས་མོད་ཀྱི། གཞན་
ཡང་། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ལྔ་པོ་འདི་དག་ལ་ནི་སོ་སོའི་སྐྱེ་བོར་གྱུར་པ་ཡིན་ཡང་འབྲས་བུའི་སྒོ་ནས་ཡོན་གཞལ་དུ་མེད་པ་ཡིན་ནོ། །དེ་ལ་སྐྱེ་བ་ཐ་མ་པའི་བྱང་ཆུབ་
སེམས་དཔའ་ནི་སྲིད་པ་ཐ་མ་པ་ཡིན་ནོ། །ཆོས་སྨྲ་བ་ཞིང་གི་ཁྱད་པར་རྣམ་པ་བཞི་པོའི་ཕྱོགས་གང་དུ་གཏོགས་པར་བྱ་ཞེ་ན། ཕན་འདོགས་པའི་ཕྱོགས་སུ་གཏོགས་ཏེ། དེ་ནི་སྐྱེ་དགུ་མ་རིག་པས་ལྡོངས་པ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ་དང་། མཐུན་པ་དང་མི་
མཐུན་པ་རབ་ཏུ་སྟོན་པར་བྱེད་པ་དང་། ཆོས་ཀྱི་སྐུ་ཟག་པ་མེད་པ་མངོན་པར་སྒྲུབ་པར་བྱེད་པ་དང་། མདོར་ན་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པ་ཡིན་པས་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་ནོ། །ལས་རྣམས་ཀྱི་ལྕི་བ་དང་། ཡང་བ་ཉིད་ཤེས་པར་འདོད་པས་མདོར་ན་རྒྱུ་དྲུག་

ཤེས་པར་བྱ་སྟེ། འདི་ལྟ་སྟེ། མཇུག་དང་ཞིང་དང་གཞི་དང་ནི། །སྦྱོར་དང་སེམས་པ་བསམ་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཉིད། །མཇུག་ཅེས་བྱ་བ་ནི་བྱས་པའི་རྗེས་ལ་བྱེད་པ་གང་ཡིན་པའོ། །ཞིང་ཞེས་བྱ་བ་ནི་གང་དུ་ཕན་པ་དང་གནོད་པ་དག་བྱེད་པའོ། །
གཞི་ནི་ལས་ཀྱི་ལམ་མོ། །སྦྱོར་བ་ནི་དེའི་དོན་དུ་ལུས་དང་ངག་གིས་ལས་བྱེད་པའོ། །སེམས་པ་ནི་གང་གིས་ལས་ཀྱི་ལམ་མཐར་ཕྱིན་པར་བྱེད་པའོ། །བསམ་པ་ནི་དེ་དག་ལ་དེ་དང་འདི་ལྟ་བུ་ཞིག་ནི་བྱའོ། །དེ་དང་འདི་ལྟ་བུ་ཞིག་ནི་ཕྱིས་བྱའོ་སྙམ་དུ་སེམས་པ་སྟེ། ལ་ལའི་
མཇུག་ཡོངས་སུ་བཟུང་བ་ཁོ་ན་ལས་དེ་ལྕི་བར་འགྱུར་ཏེ། རྣམ་པར་སྨིན་པར་ངེས་པར་གནས་པའི་ཕྱིར་རོ། །ལ་ལའི་ནི་ཞིང་གི་དབང་ཁོ་ནས་སོ། །ཞིང་དེ་ཉིད་ལ་གཞིའི་དབང་གིས་ལྕི་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། ཇི་ལྟར་ཕ་དང་མ་ལ་སྲོག་གཅད་པས་ལྕི་བར་འགྱུར་བ་ལྟར་མ་བྱིན་
པར་བླངས་པ་ལ་སོགས་པས་ནི་དེ་ལྟ་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །གང་གི་ཐམས་ཅད་ཆེ་བ་ཡིན་པ་དེ་ནི་ལས་ཀྱང་ཤིན་ཏུ་ཆེས་ལྕི་བ་ཡིན་པར་རིག་པར་བྱའོ། །གང་གི་ཆུང་ངུ་ཡིན་པ་དེ་ནི་ཤིན་ཏུ་ཆུང་བ་ཡིན་པར་རིག་པར་བྱའོ། །ལས་བྱས་པ་དང་
བསགས་པ་ཞེས་བྱ་བ་ཇི་ལྟར་ན་ལས་བསགས་པ་ཡིན་ཞེ་ན། བསམས་བཞིན་པ་དང་རྫོགས་པ་དང་། །མི་འགྱོད་གཉེན་པོ་མེད་པ་དང་། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་བཞིན། །བསམས་བཞིན་པ་ལས་ཇི་ལྟ་བུ་ཞེ་ན། ཆེད་དུ་བསམས་ནས་
བྱས་པ་ཡིན་གྱི་བློ་སྔོན་དུ་མ་བཏང་བ་ཡང་མ་ཡིན་ལ་བབ་ཅོལ་དུ་བྱས་པ་ཡང་མ་ཡིན་པའོ། །རྫོགས་པས་ཇི་ལྟ་བུ་ཞེ་ན། ཁ་ཅིག་ནི་ཉེས་པར་སྤྱད་པ་གཅིག་གིས་ངན་སོང་དུ་འགྲོ་ལ། ཁ་ཅིག་ནི་གསུམ་གྱི་བར་གྱིས་འགྲོ་བ་དང་། ཁ་ཅིག་ནི་ལས་ཀྱི་ལམ་གཅིག་གིས་ངན་སོང་དུ་འགྲོ་ལ།
ཁ་ཅིག་ནི་བཅུའི་བར་གྱིས་འགྲོ་བ་དེ་གང་ཞིག་གིས་ཇི་ཙམ་གྱིས་དེར་འགྲོ་བར་འགྱུར་བ་རྫོགས་པར་མ་བྱས་ན་ཡང་ལས་དེ་བྱས་པ་ཡིན་གྱི་བསགས་པ་ནི་མ་ཡིན་ནོ། །རྫོགས་ན་ནི་བསགས་པ་ཡིན་ནོ། །མི་འགྱོད་པ་དང་། གཉེན་པོ་མེད་པས་ཇི་ལྟ་བུ་ཞེ་ན། ལས་དེ་ལ་ཡིད་ལ་གཅགས་

པ་མེད་པ་དང་། གཉེན་པོ་མེད་པ་ཡིན་ནོ། །འཁོར་ལས་ཇི་ལྟ་བུ་ཞེ་ན། མི་དགེ་བ་ལ་འཁོར་ཡང་མི་དགེ་བ་མ་ཡིན་ནོ། །རྣམ་པར་སྨིན་པ་ལས་ཇི་ལྟ་བུ་ཞེ་ན། རྣམ་པར་སྨིན་པ་འབྱིན་པར་ངེས་པ་ཡིན་ནོ། །དེ་བཞིན་དུ་དགེ་བ་ལ་ཡང་སྦྱར་བར་བྱའོ། །དེ་ལས་
གཞན་དུ་བྱས་པའི་ལས་ནི་མ་བསགས་པ་ཡིན་ནོ། །འདོད་ཆགས་དང་བཅས་པས་མཆོད་རྟེན་ལ་སྦྱིན་པ་བྱིན་པ་ནི་བདག་གི་དོན་དུའོ་ཞེས་བཤད་པ། དེ་ལ་ལོངས་སྤྱོད་པར་བྱེད་པ་མེད་ན་ཇི་ལྟར་བསོད་ནམས་སུ་འགྱུར་ཞེ་ན། བསོད་ནམས་ནི་རྣམ་པ་གཉིས་ཏེ། བཏང་བའི་རྒྱུ་ལས་
བྱུང་བ་ནི་བཏང་བ་ཁོ་ན་ལས་བྱུང་བ་གང་ཡིན་པའོ། །ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བ་ནི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བ་གང་ཡིན་པའོ། །དེ་ལ་མཆོད་རྟེན་ལ་བཏང་རྒྱུས་བྱུང་བའི་བསོད་ནམས་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ལས་བྱུང་བ་ནི་མེད་དོ། །དེ་
ལ་ལེན་པ་སུ་ཡང་མེད་ན་ཇི་ལྟར་བསོད་ནམས་ཡིན་ཞེ་ན། ལེན་པར་བྱེད་པ་ཡོད་ན་ནི་བསོད་ནམས་སུ་འགྱུར་ལ། མེད་ན་ནི་མ་ཡིན་ནོ་ཞེས་བྱ་བ་ལ་ཡང་རྒྱུ་ཅི་ཞིག་ཡོད། སུ་ལ་ཡང་ཕན་བཏགས་པ་མེད་པའི་ཕྱིར་རོ། །འདི་ནི་རྒྱུ་མ་ཡིན་ཏེ། གལ་ཏེ་ཕན་བཏགས་པ་ཁོ་ནས་
བསོད་ནམས་སུ་གྱུར་ན་ནི། བྱམས་པ་ལ་སོགས་པ་ཚད་མེད་པ་དང་། ཡང་དག་པའི་ལྟ་བ་བསྒོམས་པ་རྣམས་བསོད་ནམས་སུ་མི་འགྱུར་ཏེ། དེ་ལྟ་བས་ན་མཆོད་རྟེན་ལ་ཡང་བསོད་ནམས་སུ་འདོད་པར་བྱའོ། །ལེན་མེད་བྱམས་སོགས་བཞིན། ཇི་ལྟར་བྱམས་པ་ལ་སོགས་པ་ལ་ལེན་
པར་བྱེད་པའམ། གཞན་ལ་ཕན་འདོགས་པར་མེད་ཀྱང་རང་གི་སེམས་ཀྱི་མཐུས་བསོད་ནམས་སུ་འགྱུར་བ་དེ་བཞིན་དུ་ཡོན་ཏན་དང་ལྡན་པ་འདས་ཀྱང་དེ་ལ་དད་པ་བྱས་པ་རང་གི་སེམས་ལས་བསོད་ནམས་སུ་འགྱུར་རོ། །འོ་ན་ནི་སྦྱིན་པ་དང་མཆོད་པར་བྱ་བ་དོན་མེད་པར་འགྱུར་རོ་ཞེ་ན། མ་
ཡིན་ཏེ། ལས་དེ་ཀུན་ནས་སློང་བར་བྱེད་པའི་དད་པ་ནི་ཆེས་མཆོག་ཡིན་པའི་ཕྱིར་ཏེ། ཇི་ལྟར་དགྲ་གསད་པའི་བསམ་པ་ཅན་དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དེ་ཤི་བཞིན་དུ་དགྲའི་འདུ་ཤེས་ཀྱིས་བྱེད་ན་བསོད་ནམས་མ་ཡིན་པ་ཆེས་མང་དུ་སྐྱེ་བར་འགྱུར་གྱི་བསམས་པ་

ཙམ་གྱིས་ནི་མ་ཡིན་པ་དེ་བཞིན་དུ། སྟོན་པ་འདས་ཀྱང་དེ་ལ་དད་པས་ཀུན་ནས་བསླང་བའི་སྦྱིན་པ་དང་མཆོད་པའི་བྱ་བ་བྱེད་ན་བསོད་ནམས་ཆེས་མང་དུ་སྐྱེ་བར་འགྱུར་གྱི་དད་པ་ཙམ་གྱིས་ནི་མ་ཡིན་ནོ། །གལ་ཏེ་ཞིང་བཟང་པོ་ལ་སྦྱིན་པར་བྱ་བའི་ས་བོན་འབྲས་བུ་ཡིད་དུ་འོང་བ་ཅན་ཡིན་ནོ། །འོ་
ན་ཞིང་ངན་པ་ལ་བྱིན་ན་འབྲས་བུ་ཡིད་དུ་འོང་བར་འགྱུར་རོ་ཞེ་ན། རྒྱུ་ལས་འབྲས་བུ་མི་འཁྲུལ་ཕྱིར། །ངན་པའི་ཞིང་ལའང་འབྲས་ཡིད་འོང་། །ཞིང་ངན་པ་ལ་ཡང་ས་བོན་ལས་འབྲས་བུ་མི་འཁྲུལ་བ་མཐོང་སྟེ། རྒུན་འབྲུམ་གྱི་ས་བོན་ལས་ནི་རྒུན་འབྲུམ་གྱི་འབྲས་བུ་མངར་བ་ཁོ་ན་སྐྱེ་
ལ། ནིམ་པའི་ས་བོན་ལས་ནི་ནིམ་པའི་འབྲས་བུ་ཁ་བ་ཁོ་ན་སྐྱེའོ། །དེ་བཞིན་དུ་ཞིང་ངན་པ་ལ་ཡང་གཞན་ལ་ཕན་པའི་ལྷག་པའི་བསམ་པ་ལ་ཞུགས་པའི་སྦྱིན་པའི་ས་བོན་གྱི་འབྲས་བུ་ཡང་ཡིད་དུ་འོང་བ་ཁོ་ན་འགྲུབ་ཀྱི་ཡིད་དུ་མི་འོང་བ་ནི་མ་ཡིན་ནོ། །ཞིང་གི་སྐྱོན་གྱིས་ནི་ས་བོན་དེའི་
འབྲས་བུ་ཆུང་བའམ། འབྲས་བུ་མེད་པར་འགྱུར་རོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཞར་ལ་འོངས་པ་དང་བཅས་ཏེ་རྫོགས་སོ།། །།ཚུལ་ཁྲིམས་ལས་བྱུང་བ་བརྗོད་པར་བྱ་སྟེ། དེས་སྨྲས་པ། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་
སྤང་ཚུལ་ཁྲིམས། གཟུགས་མི་དགེ་བ་ནི་འཆལ་པའི་ཚུལ་ཁྲིམས་ཞེས་བྱའོ། །དེ་སྤོང་བ་ནི་ཚུལ་ཁྲིམས་ཡིན་ནོ། །སྤོང་བ་དེ་ཡང་རྣམ་པ་གཉིས་སོ། །རྣམ་པར་རིག་བྱེད་གང་གིས་སྤོང་བར་བྱེད་པ་དང་། རྣམ་པར་རིག་བྱེད་མ་ཡིན་པ་སྤོང་བ་གང་ཡིན་པའོ། །ཚུལ་ཁྲིམས་ནི་
འཆལ་པའི་ཚུལ་ཁྲིམས་ལས་སྤོང་བ་འབའ་ཞིག་ཀྱང་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཀྱིས་ནི་བཅད་པ་ཡང་། །རང་བཞིན་གྱིས་འཆལ་པའི་ཚུལ་ཁྲིམས་མ་ཡིན་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅད་པ་དུས་མ་ཡིན་པའི་ཟས་ལ་སོགས་པ་གང་དག་ཡིན་
པ་དེ་དག་སྤོང་བ་རྣམ་པ་གཉིས་ཀྱང་ཚུལ་ཁྲིམས་ཡིན་ཏེ། སླབ་པ་མནོས་པས་དེ་དག་སྤྱད་ན་འཆལ་པའི་ཚུལ་ཁྲིམས་སུ་འགྱུར་རོ། །ཚུལ་ཁྲིམས་མདོར་བཤད་ཟིན་ཏོ། །རྣམ་དག་ཡོན་ཏན་བཞི་ལྡན་ནོ། །ཡོན་ཏན་བཞི་དང་ལྡན་པའི་ཚུལ་ཁྲིམས་དེ་ནི་རྣམ་པར་དག་པ་ཡིན་ནོ། །

བཟློག་པ་ནི་རྣམ་པར་མ་དག་པ་ཡིན་ནོ། །ཇི་ལྟར་ན་ཡོན་ཏན་བཞི་དང་ལྡན་པ་ཡིན་ཞེ་ན། ཚུལ་ཁྲིམས་དེ་རྒྱུས་འཕེན་མ་བྱུང་། །དེ་ཡི་གཉེན་པོ་ཞི་ལ་བརྟེན། །རེ་ཞིག་འཆལ་པའི་ཚུལ་ཁྲིམས་ཀྱིས་འཕེན་མ་བྱུང་བ་ནི་ཇི་སྐད་དུ་བཤད་པས་འཕེན་མ་བྱུང་བ་ཡིན་
ནོ། །འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུས་འཕེན་མ་བྱུང་བ་ནི་ཆགས་པ་ལ་སོགས་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་འཕེན་མ་བྱུང་བའི་ཕྱིར་རོ། །འཆལ་པའི་ཚུལ་ཁྲིམས་ཀྱི་གཉེན་པོ་ལ་བརྟེན་པ་ནི་དྲན་པ་ཉེ་བར་གཞག་པ་ལ་བརྟེན་པའི་ཕྱིར་རོ། །ཞི་བ་ལ་
བརྟེན་པ་ནི་སྐྱེ་བའི་ཁྱད་པར་ལ་མི་བརྟེན་གྱི་མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པའི་ཕྱིར་རོ། །གཞན་དག་ན་རེ་རྒྱུ་ལྔ་སྟེ། ལས་ཀྱི་ལམ་དངོས་ཀྱིས་རྣམ་པར་དག་པ་ཡིན་པ་དང་། ཉེར་བསྡོགས་དག་གིས་རྣམ་པར་དག་པ་དང་། རྣམ་པར་རྟོག་པ་རྣམས་ཀྱིས་འཕེན་མ་བྱུང་བ་
དང་། དྲན་པས་ཡོངས་སུ་བཟུང་བ་དང་། མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ཚུལ་ཁྲིམས་ནི་རྣམ་པ་བཞི་སྟེ། འཇིགས་པའི་ཚུལ་ཁྲིམས་ནི་འཚོ་བ་མེད་པ་དང་། ཚིགས་སུ་བཅད་པ་མེད་པ་དང་ཆད་པ་དང་། ངན་འགྲོས་
འཇིགས་ནས་སྲུང་བ་གང་ཡིན་པའོ། །ལེགས་སུ་སྨོན་པའི་ཚུལ་ཁྲིམས་ནི་སྲིད་པ་དང་། ལོངས་སྤྱོད་དང་། བཀུར་སྟི་ལ་ཆགས་ནས་སྲུང་བ་གང་ཡིན་པའོ། །བྱང་ཆུབ་ཀྱི་ཡན་ལག་གི་རྗེས་སུ་མཐུན་པའི་ཚུལ་ཁྲིམས་ནི་ཡང་དག་པའི་ལྟ་བ་ཅན་རྣམས་ཐར་པའི་དོན་དུ་སྲུང་བ་གང་
ཡིན་པའོ། །ཡོངས་སུ་དག་པའི་ཚུལ་ཁྲིམས་ནི་དྲི་མ་མེད་པའི་ཕྱིར་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ནོ་ཞེས་ཟེར་རོ། །ཚུལ་ཁྲིམས་རྫོགས་སོ།། །།མཉམ་པར་གཞག་པའི་དགེ་བ་ནི་སྒོམ་པའོ། །མཉམ་པར་གཞག་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། ཏིང་ངེ་འཛིན་གྱི་རང་
བཞིན་དང་། དེ་དང་ལྷན་ཅིག་འབྱུང་བ་གང་ཡིན་པའོ། །འདི་ཅིའི་ཕྱིར་བསྒོམ་པ་ཞེས་བྱ་ཞེ་ན། སེམས་ལ་སྒོ་ཕྱིར་རོ། །མཉམ་པར་མ་བཞག་པའི་དགེ་བ་དེ་ནི་རྒྱུད་ཡོན་ཏན་རྣམས་ཀྱིས་དེའི་བདག་ཉིད་དུ་བྱེད་པའི་ཕྱིར་སེམས་ལ་ཤིན་ཏུ་སྒོ་བར་བྱེད་པ་ཡིན་ཏེ། མེ་ཏོག་རྣམས་

ཀྱིས་ཏིལ་ལ་བསྒོས་པ་བཞིན་ནོ། །རེ་ཞིག་སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར་རོ་ཞེས་བཤད་ན། ཡང་ན་ཚུལ་ཁྲིམས་དང་བསྒོམ་པས་ཅིར་འགྱུར་ཞེ་ན། མཐོ་རིས་དོན་དུ་ཚུལ་ཁྲིམས་དང་། །འབྲལ་བའི་དོན་དུ་བསྒོམ་གཙོའི་ཕྱིར། །སྦྱིན་པ་ཡང་མཐོ་རིས་ཀྱི་དོན་དུ་ནི་འགྱུར་
མོད་ཀྱི་ཚུལ་ཁྲིམས་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱིས་ཀྱང་འབྲལ་བར་མི་འགྱུར་མོད་ཀྱི་བསྒོམ་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །མདོ་ལས་གང་ཟག་བཞི་ནི་ཚངས་པའི་བསོད་ནམས་སྐྱེད་དོ་ཞེས་གསུངས་པ། ཚངས་པའི་བསོད་ནམས་གང་ཞིག་ཡིན་ཞེ་ན། བྱེ་བྲག་
ཏུ་སྨྲ་བ་རྣམས་ན་རེ། མཚན་མ་རྣམ་པར་སྨིན་པ་ཅན་གྱི་ལས་ཀྱི་ཚད་ཤེས་པར་བྱ་བའི་ཕྱིར་བཤད་པ་གང་ཡིན་པའོ་ཞེས་ཟེར་རོ། །སྔོན་གྱི་སློབ་དཔོན་རྣམས་ན་རེ། བསྐལ་པར་མཐོ་རིས་དག་གནས་ཕྱིར། །བཞི་ཡི་ཚངས་པའི་བསོད་ནམས་ཡིན། །ཞེས་ཟེར་ཏེ། བསོད་ནམས་ཇི་
ཙམ་གྱིས་ན་བསྐལ་པར་མཐོ་རིས་སུ་དགའ་བར་གནས་པར་འགྱུར་བ་འདི་ནི་ཚངས་པའི་བསོད་ནམས་ཡིན་ཏེ། ཚངས་པའི་མདུན་ན་འདོན་པ་རྣམས་ཀྱི་ཚེ་བསྐལ་པར་ཐུབ་པའི་ཕྱིར་རོ། །སྡེ་པ་གཞན་ལས་ཀྱང་། ཚངས་པའི་བསོད་ནམས་བསྐྱེད་པ་ནི། །བསྐལ་པར་མཐོ་
རིས་དགའ་བར་གནས། །ཞེས་ཚིགས་སུ་བཅད་དེ་འབྱུང་ངོ་། །ཟང་ཟིང་གི་སྦྱིན་པ་བཤད་ཟིན་ཏོ། །ཆོས་ཀྱི་སྦྱིན་པ་བརྗོད་པར་བྱ་སྟེ། དེས་སྨྲས་པ། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཆོས་ཀྱི་སྦྱིན་པ་ནི་མདོ་ལ་སོགས་པ་ཉོན་
མོངས་པ་ཅན་མ་ཡིན་པས་ཡང་དག་པ་ཇི་ལྟ་བ་བཞིན་སྟོན་པའོ། །དེའི་ཕྱིར་གང་དག་ཆོས་ལོག་པར་འཆད་པར་བྱེད་པའམ། སེམས་ཉོན་མོངས་པ་ཅན་རྙེད་པ་དང་བཀུར་སྟི་དང་། གྲགས་པ་འདོད་པས་ཆད་པ་དེ་དག་ནི་བདག་ཉིད་ཀྱི་བསོད་ནམས་ཆེན་པོ་ཉམས་པར་བྱེད་པ་ཡིན་ནོ། །
བསོད་ནམས་བྱ་བའི་གཞིར་བྱེ་བྲག་གིས་དགེ་བ་རྣམ་པ་གསུམ་བཤད་ཟིན་ཏོ། །བསོད་ནམས་མྱ་ངན་འདས་པ་དང་། །ངེས་འབྱེད་ཆ་མཐུན་དགེ་རྣམས་གསུམ། །བསོད་ནམས་ཀྱི་ཆ་དང་མཐུན་པ་ནི་རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་གང་ཡིན་པའོ། །ཐར་པའི་ཆ་དང་མཐུན་པ་

ནི་གང་སྐྱེས་ན་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་སུ་ནམ་འགྱུར་བ་སྟེ། གང་ལ་འཁོར་བའི་ཉེས་དམིགས་དང་། བདག་མེད་པ་དང་། དམྱལ་བ་ལས་འདས་པའི་ཡོན་ཏན་བརྗོད་པའི་གཏམ་ཐོས་ནས་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་འཁྲུག་ཅེས་བྱེད་པ་དེ་ལ་ནི་
ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོད་པར་ཤེས་པར་བྱ་སྟེ། དབྱར་མྱུ་གུ་སྐྱེ་བ་ལས་ན་གཡུལ་གྱི་གསེབ་ན་ས་བོན་ཡོད་པར་ཤེས་པ་བཞིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་དྲོ་བར་གྱུར་པ་ལ་སོགས་པ་རྣམ་པ་བཞི་ཡིན་ཏེ། འོག་ནས་བཤད་པར་བྱའོ། །འཇིག་རྟེན་
ན་ཡིག་འབྲུ་དང་། རྒྱ་དང་། བགྲང་བ་དང་། སྙན་ངག་དང་། གྲངས་ཞེས་བྱ་བ་གང་ཡིན་པ་འདི་དག་གི་རང་བཞིན་ཅི་ཞེ་ན། རིགས་པའི་རབ་ཏུ་བཅུག་པའི་ལས། །རྣམ་གསུམ་ཀུན་སློང་བཅས་པ་ནི། །ཡིག་འབྲུ་རྒྱ་དང་གྲངས་བཅས་པའི། །སྙན་ངག་གྲངས་ཏེ་གོ་རིམས་
བཞིན། །རིགས་པས་བཅུག་པ་ཞེས་བྱ་བ་ནི་ཐབས་ཀྱི་བྱེ་བྲག་གིས་བཅུག་པའོ། །ལས་རྣམ་པ་གསུམ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ལ་རེ་ཞིག་ཡིག་འབྲུ་དང་རྒྱ་ནི་ལུས་ཀྱི་ལས་རིགས་པས་རབ་ཏུ་བཅུག་པ་ཀུན་ནས་སློང་བ་དང་བཅས་པ་ཡིན་ནོ། །བགྲང་བ་དང་། སྙན་
ངག་ནི་ངག་གི་ལས་ཏེ། དེ་ལྟར་ན་དེ་དག་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །གྲངས་ནི་ཡིད་ཀྱི་ལས་ཏེ། ཡིད་ཀྱི་ཆོས་རྣམས་སྡོམ་པར་བྱེད་པ་གང་ཡིན་པའོ། །ད་ནི་རྣམ་གྲངས་ཁ་ཅིག་བརྗོད་པར་བྱ་སྟེ། སྒྲིབ་ངན་ཁ་ན་མ་ཐོ་བཅས། །ཉོན་མོངས་ཅན་ཆོས། ཁ་ན་མ་ཐོ་བ་
དང་བཅས་པ་དང་། བསྒྲིབས་པ་དང་། ངན་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་རྣམ་གྲངས་དག་ཡིན་ནོ། །དྲི་མེད་དགེ། གྱ་ནོམ། གྱ་ནོམ་པ་ཞེས་བྱ་བ་ནི་དགེ་བ་ཟག་པ་མེད་པ་རྣམས་ཀྱི་རྣམ་གྲངས་ཡིན་ནོ། །ངན་པ་དང་གྱ་ནོམ་པ་དག་ལས་གཞན་པ་ནི་བར་མ་ཞེས་བྱ་བར་
གྲུབ་པ་ཡིན་ནོ། །འདུས་བྱས་དགེ་བསྟེན་བྱ། བསྟེན་པར་བྱ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་དགེ་བ་རྣམས་ཀྱི་རྣམ་གྲངས་ཡིན་ནོ། །ལྷག་མ་རྣམས་ནི་བསྟེན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་འདུས་མ་བྱས་བསྟེན་པར་བྱ་བ་མ་ཡིན་ཞེ་ན། གོམས་པར་བྱར་

མི་རུང་བའི་ཕྱིར་དང་། འབྲས་བུའི་དོན་དུ་བསྟེན་པར་བྱ་བ་ཡིན་ན་འབྲས་བུ་ཡང་མེད་པའི་ཕྱིར་རོ། །ཆོས་གཞན་ཐམས་ཅད་ནི་བླ་མ་དང་བཅས་པ་ཡིན་གྱི། ཐར་པ་བླ་ན་མེད་པ་ཡིན། །མྱ་ངན་ལས་འདས་པ་ལས་ཆེས་ཁྱད་པར་དུ་འཕགས་པ་ནི་མེད་ཀྱི། དེ་ནི་དགེ་བ་དང་རྟག་པ་ཡིན་
པའི་ཕྱིར་ཐམས་ཅད་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས་ལས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བཞི་པའོ།། །།ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བཤད་པ། ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་
གྱི། ཕྲ་རྒྱས་མེད་པར་ནི་སྲིད་པ་མངོན་པར་འགྲུབ་པར་མི་ནུས་པ་དེའི་ཕྱིར། སྲིད་པའི་རྩ་བ་ཕྲ་རྒྱས་ཡིན་པར་རིག་པར་བྱ་སྟེ། ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་དེ། རྩ་བ་བརྟན་པར་བྱེད་དོ། །རྒྱུད་གནས་པར་བྱེད་དོ། །ཞིང་དུ་སྒྲུབ་པར་བྱེད་དོ། །རྒྱུ་མཐུན་པར་སྒྲུབ་པར་བྱེད་
དོ། །ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར་བྱེད་དོ། །རང་གི་ཚོགས་ཡོངས་སུ་འཛིན་པར་བྱེད་དོ། །དམིགས་པ་ལ་ཀུན་དུ་རྨོངས་པར་བྱེད་དོ། །རྣམ་པར་ཤེས་པའི་རྒྱུན་འཁྲིད་པར་བྱེད་དོ། །དགེ་བའི་ཕྱོགས་ལས་གཡོ་བར་བྱེད་དོ། །ཁམས་ལས་མི་འདའ་བའི་ཚུལ་གྱིས་འཆིང་
བའི་དོན་དུ་ཁྱབ་པར་བྱེད་དོ། །ཕྲ་རྒྱས་དེ་དག་ཀྱང་དུ་ཞིག་ཅེ་ན། མདོར་བསྡུས་ན། དྲུག་དྲུག་གང་ཞེ་ན། འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ། དེ་བཞིན་ཞེས་སྨོས་པ་ནི་འདོད་ཆགས་ཀྱི་དབང་གིས་གཞན་དག་དམིགས་པ་ལས་རྒྱས་པར་གྱུར་
པ་ཉིད་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ནི་འོག་ནས་བཤད་པར་བྱའོ། །དེ་དྲུག་ཀྱང་། འདོད་ཆགས་དབྱེ་བས་བདུན་དུ་བཤད། །ཕྲ་རྒྱས་དྲུག་པོ་དེ་དག་ཀྱང་མདོ་ལས་འདོད་ཆགས་ཕྱེ་ནས་བདུན་དུ་བཤད་དེ། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། ཁོང་ཁྲོ་བའི་ཕྲ་རྒྱས་དང་།
སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། ང་རྒྱལ་གྱི་ཕྲ་རྒྱས་དང་། མ་རིག་པའི་ཕྲ་རྒྱས་དང་། ལྟ་བའི་ཕྲ་རྒྱས་དང་། ཐེ་ཚོམ་གྱི་ཕྲ་རྒྱས་སོ། །ཇི་ལྟར་ཤེས་པར་བྱ། འདོད་པའི་འདོད་ཆགས་ཉིད་ཕྲ་རྒྱས་ཡིན་པས་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་ནམ། འོན་ཏེ་འདོད་

པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན། དེ་ལས་ཅིར་འགྱུར། གལ་ཏེ་འདོད་པའི་འདོད་ཆགས་ཉིད་ཕྲ་རྒྱས་ཡིན་ན་ནི། འདི་ན་ལ་ལས་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་ཀྱི་ལས་མང་དུ་མི་གནས་ལ། འདོད་པའི་འདོད་ཆགས་ཀྱིས་ཀུན་
ནས་དཀྲིས་པ་བྱུང་ན་ཡང་ཕྱིས་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་། དེའི་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དེའི་མཐུས་ཡང་དག་པར་ཤིན་ཏུ་ཀུན་ནས་འཇོམས་ཤིང་ཕྲ་རྒྱས་དང་བཅས་པར་སྤོང་བར་བྱེད་དོ་ཞེས་གསུངས་པའི་མདོ་དང་འགལ་
ལོ། །གལ་ཏེ་དེ་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་ན་ནི་ཕྲ་རྒྱས་ལྡན་པར་མ་ཡིན་པར་ཐལ་བར་འགྱུར་བས་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི་དབང་པོ་གསུམ་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་འབྱུང་བའི་ཆོས་མངོན་པ་དང་འགལ་ལོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་
འདོད་པའི་འདོད་ཆགས་ཉིད་ཕྲ་རྒྱས་ཡིན་ཏེ། ཐེ་ཚོམ་ཉིད་ཕྲ་རྒྱས་ཡིན་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་ཟེར་རོ། །དེ་ལྟ་ན་མདོ་དང་འགལ་ལོ་ཞེས་བཤད་པ་མ་ཡིན་ནམ། འགལ་བ་མེད་དེ། ཕྲ་རྒྱས་དང་བཅས་པ་ནི་རྗེས་སུ་འབྲེལ་བ་དང་བཅས་པ་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་
རོ། །ཡང་ན་མདོ་ལས་ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཐོབ་པ་ལ་ཉེ་བར་བཏགས་པ་ཡིན་ཏེ། དཔེར་ན་མེ་སྡུག་བསྔལ་ཞེས་བྱ་བ་བཞིན་ནོ། །ཆོས་མངོན་པ་ལས་ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཉོན་མོངས་པ་ཁོ་ན་ལ་མཚན་ཉིད་པ་ཡིན་ཏེ། དེ་ལྟ་བས་ན་ཕྲ་རྒྱས་
རྣམས་ནི་མཚུངས་པར་ལྡན་པ་ཁོ་ན་ཡིན་ནོ། །འདི་ཇི་ལྟར་ཤེས་ཤེ་ན། ཕྲ་རྒྱས་རྣམས་ནི། སེམས་ནི་ཉོན་མོངས་བྱེད་ཕྱིར་དང་། །སྒྲིབ་ཕྱིར་དགེ་དང་འགལ་ཕྱིར་དང་། །གང་གི་ཕྱིར་ཕྲ་རྒྱས་རྣམས་ཀྱི་སེམས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། སྔོན་མེད་པའི་དགེ་བ་མི་སྐྱེ་བ་དང་།
སྐྱེས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་དེའི་ཕྱིར་ལྡན་པ་མ་ཡིན་ནོ། །འོན་ཏེ་ལྡན་པ་མ་ཡིན་པ་རྣམས་ཀྱིས་ཀྱང་དེ་ལྟར་འགྱུར་ན་ནི་དེ་དག་རྟག་ཏུ་ཉེ་བའི་ཕྱིར་དགེ་བ་ནམ་ཡང་དམིགས་པར་མི་འགྱུར་བ་ཞིག་ན་དམིགས་ཏེ། དེ་ལྟ་བས་ན་དགེ་བ་འང་དམིགས་པའི་ཕྱིར་ན་འདིར། ཕྲ་

རྒྱས་ལྡན་པ་མ་ཡིན་མིན། །འདི་ནི་གཏན་ཚིགས་སུ་མི་རུང་སྟེ། འདི་ལྟར་གང་ཞིག་ཕྲ་རྒྱས་ལྡན་པ་མ་ཡིན་པར་འདོད་པ་དེ་ཡང་འདི་ཐམས་ཅད་ཕྲ་རྒྱས་ཀྱིས་བྱས་པར་ནི་མི་འདོད་ཀྱི་ཉོན་མོངས་པས་བྱས་པ་ཁོ་ནར་འདོད་དོ། །མདོ་སྡེ་པ་རྣམས་ཀྱི་ཇི་ལྟ་བ་དེ་ལྟ་བུ་ནི་ལེགས་པ་ཡིན་ནོ། །མདོ་
སྡེ་པ་རྣམས་ཀྱི་ཇི་ལྟ་བུ་ཡིན་ཞེ་ན། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་ལ། དེ་རྫས་གཞན་མ་ཡིན་པའི་ཕྱིར་ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཡང་མ་ཡིན་ལ། ལྡན་པ་མ་ཡིན་པ་ཡང་མ་ཡིན་གྱི། ཉོན་མོངས་པ་ཉལ་བ་ལ་ནི་ཕྲ་རྒྱས་ཞེས་
བྱ་ལ། སད་པ་ལ་ནི་ཀུན་ནས་དཀྲིས་པ་ཞེས་བྱའོ། །དེ་ལ་ཉལ་བ་གང་ཡིན་ཞེ་ན། མངོན་སུམ་དུ་མ་གྱུར་པར་ས་བོན་གྱི་དངོས་པོས་རྗེས་སུ་འབྲེལ་ལོ། །སད་པ་གང་ཡིན་ཞེ་ན། མངོན་སུམ་དུ་འགྱུར་བའོ། །ས་བོན་གྱི་དངོས་པོ་ཞེས་བྱ་བ་འདི་ཅི་ཞེ་ན། ལུས་ཀྱི་ཉོན་མོངས་པ་
ལས་སྐྱེས་པ་ཉོན་མོངས་པ་བསྐྱེད་པའི་མཐུ་ཡིན་ཏེ། དཔེར་ན་ཉམས་སུ་མྱོང་བའི་ཤེས་པ་ལས་སྐྱེས་པ་དྲན་པ་བསྐྱེད་པའི་མཐུ་དང་། ཡང་དཔེར་ན་མྱུ་གུ་ལ་སོགས་པ་སཱ་ལུའི་འབྲས་བུ་ལས་བསྐྱེད་པའི་མཐུ་དང་འདྲའོ། །གང་ཞིག་ཉོན་མོངས་པ་རྣམས་ཀྱི་ས་བོན་གྱི་དོན་དུ་ཕྲ་རྒྱས་
ལྡན་པ་མ་ཡིན་པ་དོན་གཞན་དུ་རྟོག་པར་བྱེད་པ་དེས་ན་དྲན་པའི་ས་བོན་ཡང་དོན་གཞན་དུ་བརྟག་པར་བྱ་བར་འགྱུར་རོ། །འོ་ན་མདོ་ལས་ཉོན་མོངས་པ་ཉིད་ཕྲ་རྒྱས་སུ་གང་གསུངས་པ་དེ་ཇི་ལྟ་བུ་སྟེ། དྲུག་ཚན་དྲུག་པ་ལས་འདིའི་འདོད་པའི་འདོད་ཆགས་དེ་བདེ་བའི་ཚོར་བ་ལ་རྒྱས་
པར་འགྱུར་རོ། །རྒྱས་པར་གསུངས་སོ་ཤེ་ན། འགྱུར་རོ་ཞེས་གསུངས་པའི་ཕྱིར། དེ་ཁོ་ན་ནི་ཕྲ་རྒྱས་མ་ཡིན་ནོ། །འོ་ན་ནམ་འགྱུར་ཞེ་ན། གང་གི་ཚེ་ཉལ་བ་ན་འགྱུར་རོ། །ཡང་ན་འདི་ནི་རྒྱུ་ལས་དེ་ཉེ་བར་བཏགས་པ་ཡིན་པར་བལྟ་བར་བྱའོ། །ཞར་ལ་འོངས་པ་བཞག་ནས་
བསྟན་བཅོས་ལ་འཇུག་པར་བྱ་སྟེ། མདོ་ལས་འདོད་པའི་འདོད་ཆགས་དང་། སྲིད་པའི་འདོད་ཆགས་ཞེས་འདོད་ཆགས་ཆེ་བ་གང་ཡིན་པ། སྲིད་པའི་འདོད་ཆགས་ཞེས་བྱ་བ་འདི་ཅི་ཞེ་ན། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །གཟུགས་དང་གཟུགས་མེད་པའི་ཁམས་

ལས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཞེས་བཤད་དོ། །ཅིའི་ཕྱིར་དེ་སྐད་དུ་བཤད་ཅེ་ན། ཁ་ནི་ནང་དུ་བལྟས་ཕྱིར་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །དེ་དག་ནི་ཕལ་ཆེར་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པའི་འདོད་ཆགས་པ་ཡིན་ལ། དེ་ཡང་ཁ་
ནང་དུ་བལྟས་པ་ཡིན་ཏེ། དེ་ལྟ་བས་ན་ཁ་ཅིག་ཁམས་དེ་གཉིས་ལས་ཐར་པ་ཡིན་ནོ་སྙམ་པའི་འདུ་ཤེས་བཟློག་པའི་ཕྱིར་སྲིད་པའི་འདོད་ཆགས་ཞེས་བཤད་དོ་ཞེས་གྲག་གོ། །ལུས་ཁོ་ན་སྲིད་པ་ཡིན་ལ་སེམས་ཅན་དེ་དག་ཀྱང་སྙོམས་པར་འཇུག་པ་རྟེན་དང་བཅས་པ་རོ་མྱོང་བར་བྱེད་
པ་ན་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་ལུས་ཁོ་ན་རོ་མྱོང་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་འདོད་ཆགས་དེ་ནི་སྲིད་པའི་འདོད་ཆགས་ཞེས་བཤད་དོ། །ཡང་ཆོས་མངོན་པ་ལས་ཕྲ་རྒྱས་དྲུག་པོ་དེ་ལས་བཅུར་ཡང་འཆད་དེ། ཇི་ལྟར་བྱས་པས་ཤེ་ན། ལྟ་བ་ལྔ་སྟེ་འཇིག་
ཚོགས་དང་། །ལོག་དང་མཐར་འཛིན་ལྟ་བ་དང་། །ལྟ་བ་དང་ནི་ཚུལ་ཁྲིམས་དང་། །བརྟུལ་ཞུགས་མཆོག་ཏུ་འཛིན་དང་བཅུ། །ཕྲ་རྒྱས་དྲུག་ལས་ལྟ་བ་རྣམ་པ་ལྔར་བྱས་ན་བཅུར་འགྱུར་ཏེ། ལྟ་བའི་རང་བཞིན་ལྔ་ནི་འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་དང་།
མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ལྟ་བའི་རང་བཞིན་མ་ཡིན་པ་ལྔ་ནི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་མོ། །ཡང་ཆོས་མངོན་པ་ལས་ཕྲ་རྒྱས་
བཅུ་པོ་དེ་དག་ལས་འདོད་པ་ན་སྤྱོད་པ་སུམ་ཅུ་རྩ་དྲུག་དང་། གཟུགས་ན་སྤྱོད་པ་སུམ་ཅུ་རྩ་གཅིག་དང་། གཟུགས་མེད་པ་ན་སྤྱོད་པ་སུམ་ཅུ་རྩ་གཅིག་སྟེ། དགུ་བཅུ་རྩ་བརྒྱད་དུ་ཡང་འཆད་དོ། །ཇི་ལྟར་བྱས་པས་ཤེ་ན། ཕྲ་རྒྱས་དེ་དག་ནི་མདོར་བསྡུ་ན་ཁམས་གསུམ་པའི་
མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །དེ་ལ་རེ་ཞིག་འདོད་པའི་ཁམས་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་ནི་སུམ་ཅུ་རྩ་གཉིས་སོ། །དེ་དག་གང་ཞེ་ན། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པར། །འདོད་ན་

སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཞེས་བྱ་བ་སྨོས་ཏེ། ཕྲ་རྒྱས་བཅུར་བཤད་པ་གང་དག་ཡིན་པ་དེ་དག་འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནི་བཅུ་ཡོད་དོ། །དེ་དག་ཉིད་ལ་ཀུན་འབྱུང་འགོག་པ་མཐོང་བས་སྤང་བར་བྱ་བ་བདུན་
དང་། འགོག་པ་མཐོང་བས་སྤང་བར་བྱ་བ་བདུན་ཏེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་སོ། །ལམ་མཐོང་བས་སྤང་བར་བྱ་བ་ནི་བརྒྱད་དེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་
པར་ལྟ་བ་མ་གཏོགས་སོ། །དེ་ལྟར་ན་ཕྲ་རྒྱས་སུམ་ཅུ་རྩ་གཉིས་སོ། །དེ་དག་ནི་མཐོང་བས་སྤང་བར་བྱ་བ་དག་ཡིན་ཏེ། བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་རོ། །བཞི་ནི་བསྒོམ་པས་སྤང་བྱ་ཡིན། །འདི་ལྟ་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། མ་རིག་པ་དང་།
ང་རྒྱལ་དང་། བདེན་པ་མཐོང་བས་ཕྱིས་ལམ་གོམས་པར་བྱས་པས་སྤོང་བའི་ཕྱིར་རོ། །དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་ནི་རྣམ་པ་གཅིག་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ལ། མཐར་འཛིན་པར་ལྟ་བ་ཡང་དེ་དང་འདྲའོ། །ལོག་པར་ལྟ་བ་ནི་རྣམ་པ་བཞི་སྟེ། སྡུག་
བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བས་སྤང་བར་བྱ་བ་ཡིན་ལ། ལྟ་བ་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་ཡང་དེ་དང་འདྲའོ། །ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་དང་། ལམ་མཐོང་བས་
སྤང་བར་བྱ་བ་ཡིན་ནོ། །འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་རྣམས་ནི་རྣམ་པ་ལྔ་སྟེ། བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དེ་དག་ནི་ཅི་ལྟ་བུ་ཡིན།
བསྒོམ་པས་སྤང་བར་བྱ་བའི་བར་དུ་ནི་ཇི་ལྟ་བུ་ཡིན་ཞེ་ན། གང་དག་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་དེ་དག་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ལ་ལྷག་མ་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །དེ་དག་ལ་ལྟ་བ་ནི་བཅུ་གཉིས་ཡིན་ནོ། །ཐེ་ཚོམ་ནི་

བཞི་ཡིན་ནོ། །འདོད་ཆགས་ནི་ལྔ་ཡིན་ནོ། །ཁོང་ཁྲོ་བ་ནི་ལྔ་ཡིན་ནོ། །ང་རྒྱལ་ནི་ལྔ་ཡིན་ནོ། །མ་རིག་པ་རྣམས་ནི་ལྔ་ཡིན་ཏེ། དེ་ལྟར་ན་ཕྲ་རྒྱས་སུམ་ཅུ་རྩ་དྲུག་པོ་དེ་དག་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས།
ཁོང་ཁྲོ་བ་ལྔ་བོར་ནས་གཟུགས་ན་སྤྱོད་པའི་ཕྲ་རྒྱས་སུམ་ཅུ་རྩ་གཅིག་པོ་དེ་དག་ཉིད་ཡིན་ནོ། །གཟུགས་ཀྱི་ཁམས་ན་ཇི་ལྟ་བར་གཟུགས་མེད་པ་ཡང་དེ་དང་འདྲ། ཕྲ་རྒྱས་སུམ་ཅུ་རྩ་གཅིག་སྟེ། །དེ་ལྟར་དགུ་བཅུ་རྩ་བརྒྱད་འདོད། །དེ་ལྟར་ན་ཆོས་མངོན་པ་དག་ན་རེ་ཕྲ་རྒྱས་དྲུག་པོ་དེ་དག་
རྣམ་པ་དང་། བྱེ་བྲག་དང་ཁམས་ཀྱི་དབྱེ་བས་དགུ་བཅུ་རྩ་བརྒྱད་དུ་འདོད་དོ། ཅི་མཐོང་སྟེ་སྤང་བར་བྱ་བའི་ཆོས་ཕྲ་རྒྱས་སུ་བཤད་པ་གང་དག་ཡིན་པ་དེ་དག་ངེས་པར་མཐོང་བ་ཁོ་ནས་སྤོང་ངམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཅི་ལྟ་བུ་ཞེ་ན། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །
གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །སྲིད་པའི་རྩེ་མོའི་ས་ལས་སྐྱེས་པའི་ཕྲ་རྒྱས་གང་དག་རྗེས་སུ་ཤེས་པའི་བཟོད་པས་གཞོམ་པར་བྱ་བ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་གྱི་བསྒོམ་པས་སྤང་བར་བྱ་བ་དག་ནི་མ་ཡིན་ནོ། །ལྷག་སྐྱེས་མཐོང་དང་བསྒོམ་གཉིས་ཀྱིས། །བཟོད་
པས་གཞོམ་པར་བྱ་བ་ཞེས་བྱ་བར་སྦྱར་ཏེ། ས་ལྷག་མ་དག་ན་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་སྤང་བར་བྱ་བའི་ཕྲ་རྒྱས་ཡོད་པ་རྣམས་ནི་ཅི་རིགས་པར་འཕགས་པ་རྣམས་ཀྱིས་ནི་མཐོང་བས་སྤང་བར་བྱ་བ་ཡིན་ལ། སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་
ནོ། །བཟོད་པས་གཞོམ་མིན་བསྒོམ་ཁོ་ནས། །ས་ཐམས་ཅད་ན་ཕྲ་རྒྱས་གང་དག་ཤེས་པས་གཞོམ་པར་བྱ་བ་ཡོད་པ་དེ་དག་ནི་གཉི་གའི་ཡང་རྟག་ཏུ་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །གཞན་དག་ན་རེ་ཕྱི་རོལ་པ་རྣམས་ཀྱིས་ནི་མཐོང་བས་སྤང་བར་བྱ་བ་རྣམས་ནི་སྤོང་བ་ཁོ་ན་སྟེ།
འདི་ལྟར་ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་དང་སྔོན་གྱི་མཐའ་ལས་རྟོག་པ་སྤོང་བ་རྣམས་ལས་རྟག་པར་སྨྲ་བ་རྣམས་དང་། ལ་ལ་རྟག་པར་སྨྲ་བ་རྣམས་དང་། རྒྱུ་མེད་པ་ལས་ཀུན་དུ་འབྱུང་བར་སྨྲ་བ་འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལས་དམིགས་པའི་

ལྟ་བ་ཀུན་དུ་འབྱུང་བར་གསུངས་ཏེ། གཟུགས་ན་སྤྱོད་པའི་ཉོན་མོངས་པ་རྣམས་འདོད་པའི་ཁམས་ལ་དམིགས་པ་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེ་ལྟ་བས་ན་འདོད་པ་དང་ལྡན་པ་དེ་དག་ཁོ་ན་མ་སྤངས་པ་ཡིན་ནོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་དག་
ཀྱང་ལྟ་བ་བསྐྱེད་པ་དང་དུས་མཉམ་དུ་ཡོངས་སུ་ཉམས་པའི་ཕྱིར་ཏེ། ལྷ་སྦྱིན་བཞིན་ནོ་ཞེས་ཟེར་རོ། །ལྟ་བ་ལྔ་མིང་གི་སྒོ་ནས་བསྟན་གྱི་རང་གི་ངོ་བོའི་སྒོ་ནས་ནི་མ་བསྟན་པས་འདི་དག་གི་རང་གི་ངོ་བོ་ཅི་ཞེ་ན། བདག་དང་བདག་གི་རྟག་ཆད་དང་། །མེ་དང་སྨན་ལ་མཆོག་ལྟ་དང་། །རྒྱུ་མིན་
ལམ་མིན་དེར་ལྟ་བ། །དེ་དག་ལྟ་བ་ལྔ་ཡིན་ནོ། །བདག་གམ་བདག་གིར་ལྟ་བ་ནི། །འཇིག་ཚོགས་ལ་ལྟ་བའོ། །འཇིག་པས་ན་འཇིག་པའོ། །བསགས་པས་ན་ཚོགས་པ་སྟེ། མང་པོ་དང་ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་འཇིག་པ་ཡང་ཡིན་ལ་ཚོགས་ཀྱང་ཡིན་
པས་འཇིག་ཚོགས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །རྟག་པར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་སྤང་བའི་ཕྱིར། དེ་སྐད་དུ་བཤད་དེ། དེ་དག་ལ་བདག་ཏུ་འཛིན་པ་ནི་དེ་དག་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །འཇིག་ཚོགས་ལ་ལྟ་བས་ན་འཇིག་ཚོགས་ལ་ལྟ་བའོ། །
ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ཡིན་མོད་ཀྱི། ཅི་ནས་ཀྱང་འདི་ནི་འཇིག་ཚོགས་ལ་ལྟ་བ་ཡིན་གྱི། བདག་གམ་བདག་གི་ལ་ནི་མ་ཡིན་ནོ། །ཞེས་རྟོགས་པར་བྱ་བའི་ཕྱིར་བདག་དང་བདག་གིར་ལྟ་བ་ཁོ་ན་འཇིག་ཚོགས་ཇི་ལྟ་བར་
བཤད་དེ། ཇི་སྐད་དུ་དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་ན་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ལྟ་བ་ཁོ་ནར་ཟད་དོ་ཞེས་གསུངས་པ་ལྟ་བུའོ། །བདག་ཏུ་མངོན་པར་
འདོད་པའི་དངོས་པོ་དེ་ཉིད་ལ་རྟག་པར་ལྟ་བའམ། ཆད་པར་ལྟ་བ་ནི་མཐར་འཛིན་པར་ལྟ་བ་སྟེ། རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ། །སྡུག་བསྔལ་བ་ལ་སོགས་པའི་བདེན་པ་ཡོད་ན་མེད་དོ་ཞེས་བྱ་བ་ནི་ལོག་པར་ལྟ་བའོ། །ལོག་པར་ཞུགས་པའི་ལྟ་བ་ཐམས་

ཅད་ལོག་པར་ལྟ་བ་ཡིན་པ་ལས་མར་དྲང་བ་བཞིན་དུ་ཧ་ཅང་ཚབས་ཆེན་པོ་དང་ལྡན་པའི་ཕྱིར་གཅིག་ཁོ་ན་བཤད་དེ། འདི་ནི་སྐུར་པ་འདེབས་པར་བྱེད་པ་ཡིན་ལ། གཞན་དག་ནི་སྒྲོ་འདོགས་པར་བྱེད་པ་ཡིན་ནོ། །དམན་པ་ལ་མཆོག་ཏུ་འཛིན་པར་ལྟ་བ་ནི་ལྟ་
བ་མཆོག་ཏུ་འཛིན་པའོ། །དམན་པ་ཡང་ཅི་ཞིག་ཡིན་ཞེ་ན། ཟག་པ་དང་བཅས་པ་ཐམས་ཅད་དེ། འཕགས་པ་རྣམས་ཀྱིས་སྤང་བའི་ཕྱིར་རོ། །དེ་ལ་མཆོག་ཏུ་འཛིན་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཡིན་ཏེ། ལྟ་བ་ལ་སོགས་པ་མཆོག་ཏུ་འཛིན་པ་ཞེས་བརྗོད་པར་བྱ་བའི་རིགས་
པ་ལ་སོགས་པའི་སྒྲ་མི་མངོན་པར་བྱེད་དོ། །རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་དང་། ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡིན་ཏེ། འདི་ལྟ་སྟེ། དབང་ཕྱུག་ཆེན་པོའམ། སྐྱེ་དགུའི་བདག་པོའམ། གཞན་ཡང་རུང་སྟེ། འཇིག་
རྟེན་རྣམས་ཀྱི་རྒྱུ་མ་ཡིན་ན་དེ་ལ་ཡང་རྒྱུར་ལྟ་བ་དང་། མེ་དང་ཆུར་འཇུག་པ་ལ་སོགས་པ་མཐོ་རིས་ཀྱི་རྒྱུ་མ་ཡིན་ན་དེ་དག་ལ་ཡང་རྒྱུར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་དང་། གྲངས་ཅན་དང་རྣལ་འབྱོར་གྱི་ཤེས་པ་ལ་སོགས་པ་ཐར་པའི་ལམ་མ་ཡིན་ན་དེ་དག་ལ་
ཡང་ལམ་དུ་ལྟ་བ་ལྟ་བུ་སྟེ། འདིར་ཡང་སོགས་པའི་སྒྲ་མི་མངོན་པར་བྱས་སོ་ཞེས་གྲག་གོ། །དེ་ལྟར་ན་དེ་དག་ནི་ལྟ་བ་ལྔ་ཡིན་པར་རིག་པར་བྱའོ། །གལ་ཏེ་རྒྱུ་ཡིན་པ་ལས་རྒྱུར་ལྟ་བ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡིན་ན། ཅིའི་ཕྱིར་ཀུན་འབྱུང་བས་
མཐོང་བས་སྤང་བར་བྱ་བ་མ་ཡིན་ཞེ་ན། གང་ལ་ལ་དབང་ཕྱུག་གམ། སྐྱེ་དགུའི་བདག་པོ་ལ་རྒྱུར་ལྟ་བ་དེ་ནི་དེ་ལ་རྟག་པ་གཅིག་པུ་དང་བདག་དང་བྱེད་པ་པོར་མངོན་པར་ཞེན་ནས་ལྟ་སྟེ། དེ་ལྟ་བས་ན་འདི་ལྟར། དབང་ཕྱུག་སོགས་རྒྱུར་མངོན་ཞེན་པ། དེ་ནི་རྟག་བདག་ཕྱིན་ཅི་ལོག་
པ་ཡིས། །རབ་ཏུ་འཇུག་པས་དེ་ཕྱིར་དེ། །སྡུག་བསྔལ་མཐོང་བས་སྤང་བྱ་ཉིད། །དེ་དག་ལ་རྟག་པ་དང་། བདག་ཏུ་འཛིན་པ་དེ་གཉིས་ནི་སྡུག་བསྔལ་མཐོང་བ་ཁོ་ནས་སྤོང་བར་འགྱུར་ཏེ། དེ་ལྟ་བས་ན་དེས་བྱས་པ་རྒྱུར་མངོན་པར་ཞེན་པ་ཡང་དེ་ཉིད་ཀྱིས་སྤོང་བར་འགྱུར་རོ། །

འོ་ན་གང་མེ་དང་ཆུར་འཇུག་པ་ལ་སོགས་པས་མཐོ་རིས་སུ་སྐྱེ་བའམ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་འདག་པར་ལྟ་བ་ཇི་ལྟ་བུ་ཡིན། དེ་ཡང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ཏེ། བསྟན་བཅོས་ལས་འདི་སྐད་དུ། གང་དག་སྐྱེས་བུ་གང་ཟག་གང་ཞིག་བ་ལང་གི་ཚུལ་
ཁྲིམས་དང་། རི་དགས་ཀྱི་ཚུལ་ཁྲིམས་དང་བྱ་གག་གི་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པ་སྟེ། དེས་དག་པར་འགྱུར། གྲོལ་བར་འགྱུར། ངེས་པར་འབྱུང་བར་འགྱུར། བདེ་བ་དང་སྡུག་བསྔལ་ལས་རྣམ་པར་འདའ་བར་འགྱུར་ཞིང་བདེ་བ་དང་སྡུག་བསྔལ་ལས་རྣམ་
པར་འདས་པ་ཡང་རྗེས་སུ་འཐོབ་པར་འགྱུར་རོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་དུ་སྨྲ་བ་ནི་རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཡིད་ཆེས་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ཅིའི་ཕྱིར་
སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན། སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་རོ། །ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་ཧ་ཅང་ཐལ་བར་འགྱུར་རོ། །ཡང་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་
པ་ལ་མཐོང་བས་སྤང་བར་བྱ་བ་གཞན་ཇི་ལྟ་བུ་ཞིག་ཡོད། ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་གང་ཡིན་པའོ། །དེ་ཡང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །ཡང་གང་ལ་ལམ་ལ་དམིགས་པ་ལོག་པར་ལྟ་བའམ། ཐེ་ཚོམ་ཡོད་པ་དེ་ཐར་པའི་ལམ་མེད་དོ་
ཞེས་ལྟ་བའམ། ཐེ་ཚོམ་ཟ་བ་ན་ཇི་ལྟར་དཔེ་དག་པར་ཡིད་ཆེས་པར་འགྱུར། འོན་ཏེ་ཐར་པའི་ལམ་གཞན་མཆོག་ཏུ་བཟུང་ནས་འདི་ནི་ཐར་པ་ཡིན་གྱི་ལམ་ནི་མེད་དོ་ཞེས་སྨྲའོ་ཞེ་ན། དེ་ཡང་གཞན་དེ་ཁོ་ནས་དག་པར་ཡིད་ཆེས་ཀྱི་ལོག་པར་ལྟ་བ་དེ་ནི་མ་ཡིན་པས་དེའི་དེ་ཡང་ལམ་
མཐོང་བས་སྤང་བར་བྱ་བ་ལ་དམིགས་པར་མི་འགྲུབ་བོ། །ཡང་གང་ཞིག་ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པའི་ལོག་པར་ལྟ་བས་ཡང་དག་པར་ཡིད་ཆེས་པར་འགྱུར་བ་དེ་ཡང་། ཅིའི་ཕྱིར་དེ་དག་མཐོང་བས་སྤང་བར་བྱ་བ་མ་ཡིན། དེ་ལྟ་བས་ན་དོན་

འདི་ནི་རྟག་པར་བྱ་བ་ཡིན་ནོ། །བདག་རྟག་ཕྱིན་ཅི་ལོག་པ་ཡིས། །ཞེས་གང་བཤད་པ། ཅི་ཕྱིན་ཅི་ལོག་དེ་གཉིས་ཁོ་ནར་ཟད་དམ་ཞེ་ན། ཕྱིན་ཅི་ལོག་ནི་བཞི་སྟེ། མི་རྟག་པ་ལ་རྟག་པ་དང་། སྡུག་བསྔལ་བ་ལ་བདེ་བ་དང་། མི་གཙང་བ་ལ་གཙང་བ་དང་།
བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པའོ། །ཡང་ཕྱིན་ཅི་ལོག་བཞི་ཚན་འདིའི་རང་བཞིན་ཅི་ཞེ་ན། ལྟ་བ་གསུམ་ལས་ཕྱིན་ཅི་ལོག །བཞི་ཚན། མཐར་འཛིན་པར་ལྟ་བ་ལས་རྟག་པར་ལྟ་བ་ནི། རྟག་པར་ནི་ཕྱིན་ཅི་ལོག་གོ། །ལྟ་བ་མཆོག་ཏུ་འཛིན་པ་ལས་ནི་བདེ་བ་དང་གཙང་
བར་ཕྱིན་ཅི་ལོག་གོ། །འཇིག་ཚོགས་སུ་ལྟ་བ་ལས་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་གོ། །གཞན་དག་ན་རེ་ཐམས་ཅད་ཡིན་ནོ་ཞེས་ཟེར་རོ། །ཅི་ལྟར་ན་བདག་གིར་ལྟ་བ་ཕྱིན་ཅི་ལོག་མ་ཡིན། ཅི་ལྟར་ན་ཕྱིན་ཅི་ལོག་མ་ཡིན། ཕྱིན་ཅི་ལོག་གི་མདོ་ལས་མི་འབྱུང་བའི་ཕྱིར་རོ། །དེ་ལས་
ནི་བདག་ཁོ་ན་དབང་བྱེད་པར་ལྟ་བ་ན། བདག་གིར་ལྟ་བར་འགྱུར་བར་བཤད་པ་ཡིན་པས། བདག་ཏུ་ལྟ་བ་འདི་ཉིད་སྒོ་གཉིས་པ་ཅན་ཡིན་ནོ། །འོན་ཏེ་བདག་ཅེས་བྱ་བ་འདི་ལས་བདག་གི་ཞེས་བྱ་བ་ལྟ་བ་གཞན་ཞིག་ཡིན་ན་ནི་བདག་གིས་ཞེས་བྱ་བ་དང་། བདག་གི་ཕྱིར་ཞེས་
བྱ་བ་འདིར་ཡང་འགྱུར་རོ། །ཅིའི་ཕྱིར་ཉོན་མོངས་པ་གཞན་དག་ཕྱིན་ཅི་ལོག་མ་ཡིན་ཞེ་ན། འདི་ལྟར་རྒྱུ་གསུམ་གྱིས་རྟེན་ཕྱིན་ཅི་ལོག་རྣམ་པར་བཞག་སྟེ། གསུམ་གང་ཞེ་ན། ཕྱིན་ཅི་ལོག་ཕྱིར་དང་། ངེས་རྟོག་ཕྱིར་དང་སྒྲོ་འདོགས་ཕྱིར། །དམིགས་པ་ལ་གཅིག་ཏུ་ཕྱིན་ཅི་
ལོག་པའི་ཕྱིར་དང་། ངེས་པར་རྟོག་པའི་ཕྱིར་དང་། སྒྲོ་འདོགས་པའི་ཕྱིར་ཏེ། ཆད་པར་ལྟ་བ་དང་། ལོག་པར་ལྟ་བ་ནི་མེད་པའི་སྒོར་ཞུགས་པའི་ཕྱིར་དང་སྒྲོ་འདོགས་པར་བྱེད་པ་མ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་དེ་ཙམ་ཞིག་གིས། འདག་
པར་དམིགས་པའི་ཕྱིར་གཅིག་ཏུ་ཕྱིན་ཅི་ལོག་པ་མ་ཡིན་ནོ། །ཉོན་མོངས་པ་གཞན་དག་ནི་ངེས་པར་རྟོག་པར་བྱེད་པ་མ་ཡིན་པས་དེའི་ཕྱིར་ཕྱིན་ཅི་ལོག་དག་མ་ཡིན་ནོ། །འོ་ན་མདོ་ལས་མི་རྟག་པ་ལ་རྟག་གོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་

དང་། ལྟ་བ་ཕྱིན་ཅི་ལོག་པ་ཞེས་གང་གསུངས་པ་ཇི་ལྟ་བུ་ཞེ་ན། འདིར་ནི་ལྟ་བ་ཁོ་ན་ཕྱིན་ཅི་ལོག་ཡིན་ལ། སེམས་དང་འདུ་ཤེས་དེའི་དབང་གིས་ལྟ་བ་ཕྱིན་ཅི་ལོག་གི་དབང་གིས་དེ་དང་མཚུངས་པར་ལྡན་པ་འདུ་ཤེས་དང་། སེམས་ཕྱིན་ཅི་ལོག་ཏུ་བཤད་དོ། །ཚོར་བ་ལ་སོགས་པ་
ཡང་ཅིའི་ཕྱིར་མ་བཤད་ཅེ་ན། འཇིག་རྟེན་ན་གྲགས་པའི་ཕྱིར་ཏེ། འཇིག་རྟེན་ན་ནི་འདུ་ཤེས་ཕྱིན་ཅི་ལོག །སེམས་ཕྱིན་ཅི་ལོག་ཅེས་གྲགས་ཀྱི་ཚོར་བ་ཕྱིན་ཅི་ལོག་ཅེས་ནི་མ་གྲགས་སོ། །ཕྱིན་ཅི་ལོག་དེ་དག་ཐམས་ཅད་ཀྱང་། རྒྱུན་དུ་ཞུགས་པས་སྤང་བ་ཡིན་ཏེ། ལྟ་བ་མཚུངས་
པར་ལྡན་པ་དང་བཅས་པ་རྣམས་ནི་མཐོང་བས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །སྡེ་པ་གཞན་དག་ན་རེ་མི་རྟག་པ་ལ་རྟག་གོ་སྙམ་པའི་འདུ་ཤེས་དང་། སེམས་དང་། ལྟ་བ་ཕྱིན་ཅི་ལོག་གསུམ་ནས་དེ་བཞིན་དུ་བདག་མེད་པ་ལ་བདག་གོ་སྙམ་པའི་བར་གསུམ་སྟེ། ཕྱིན་ཅི་ལོག་ནི་
བཅུ་གཉིས་ཡིན་ནོ། །དེ་ལ་བརྒྱད་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །སྡུག་བསྔལ་བ་དང་། མི་གཙང་བ་ལ་འདུ་ཤེས་དང་། སེམས་ཕྱིན་ཅི་ལོག་པ་བཞི་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །དེ་ལྟ་མ་ཡིན་ན་བདེ་བ་དང་། གཙང་བའི་འདུ་ཤེས་དག་མིད་པར་ཇི་ལྟར་ན།
འཕགས་པ་འདོད་ཆགས་དང་མ་བྲལ་བ་ལ་འདོད་པའི་འདོད་ཆགས་སྐྱེས་པར་འགྱུར་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་མི་འདོད་དེ་གལ་ཏེ་འཕགས་པ་ལ་བདེ་བ་དང་གཙང་བའི་འདུ་ཤེས་དང་། སེམས་ཀུན་དུ་འབྱུང་བ་དང་། དེ་དག་གི་ཕྱིན་ཅི་ལོག་དག་ཏུ་འདོད་ན་ནི།
སེམས་ཅན་གྱི་འདུ་ཤེས་དང་། སེམས་ཀུན་དུ་འབྱུང་བས་དེ་དག་གི་ཕྱིན་ཅི་ལོག་དག་ཏུ་ཡང་ཅིའི་ཕྱིར་མི་འདོད། བུད་མེད་དང་བདག་ལ་སེམས་ཅན་དུ་འདུ་ཤེས་པ་མེད་པར་མི་འདོད་པའི་འདོད་ཆགས་སྐྱེ་བར་རིགས་པ་མ་ཡིན་ནོ། །མདོ་ལས་ཀྱང་འདི་ལྟར་འཕགས་པའི་ཉན་ཐོས་
ཐོས་པ་དང་ལྡན་པ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། དེའི་ཚེ་དེའི་མི་རྟག་པ་ལ་རྟག་གོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་

སྤོང་བར་བྱེད་དོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །དེ་ལྟ་བས་ན་ལྟ་བས་ཀུན་ནས་བསླང་བའི་འདུ་ཤེས་དང་། སེམས་ཁོ་ན་ཕྱིན་ཅི་ལོག་ཡིན་གྱི་གཞན་དག་ནི་མ་ཡིན་ཏེ། དེའི་དུས་སུ་འཁྲུལ་པ་ཙམ་ཡིན་པའི་ཕྱིར་མགལ་མེའི་འཁོར་ལོ་དང་། རི་མོའི་གནོད་
སྦྱིན་ལ་འཁྲུལ་པ་བཞིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་འོ་ན་གནས་བརྟན་ཀུན་དགའ་བོས། འཕགས་པ་ངག་གི་དབང་ཕྱུག་གི་དབང་དུ་བྱས་ནས། འདུ་ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་གདུང་། །ཞེས་གང་སྨྲས་པ་ཇི་ལྟ་བུ། དེའི་ཕྱིར་སློབ་པས་འདུ་
ཤེས་དང་། སེམས་ཕྱིན་ཅི་ལོག་བརྒྱད་པོ་ཐམས་ཅད་མ་སྤངས་པ་ཁོ་ནའོ། །དེ་དག་ཀྱང་འཕགས་པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པས་སྤང་བར་འགྱུར་གྱི། དེ་མེད་པར་ནི་མ་ཡིན་ནོ་ཞེས་ཐབས་ཡང་དག་པར་བསྟན་པ་ཡིན་པའི་ཕྱིར་མདོ་དང་འགལ་བ་མེད་དོ་
ཞེས་ཟེར་རོ། །ཡང་ཇི་ལྟ་བའི་ཕྲ་རྒྱས་ཁོ་ན་ལ་དབྱེ་བ་ཡོད་ཀྱི་གཞན་ལ་མེད་དམ་ཞེ་ན། ང་རྒྱལ་ལ་ཡང་ཡོད་དེ། ཇི་ལྟ་ཞེ་ན། ང་རྒྱལ་བདུན། ཞེས་བྱ་བ་སྨོས་ཏེ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་
ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །བྱེ་བྲག་མེད་པར་སེམས་ཁེངས་པ་ལ་ང་རྒྱལ་ཞེས་བཤད་དོ། །དེ་ལ་འཇུག་པའི་བྱེ་བྲག་ལས་ནི་རྣམ་པ་བདུན་ཡིན་ཏེ། ཆུང་ངུ་བས་བདག་ཁྱད་པར་དུ་འཕགས་པའམ། མཉམ་པ་དང་མཉམ་མོ་སྙམ་དུ་སེམས་
ཁེངས་པ་ནི་ང་རྒྱལ་ལོ། །མཉམ་པ་བས་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ནི་ལྷག་པའི་ང་རྒྱལ་ལོ། །ཁྱད་པར་དུ་འཕགས་པ་བས་ཀྱང་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་གམ་བདག་གིས་སེམས་པ་ནི་ངའོ་སྙམ་པའི་
ང་རྒྱལ་ལོ། །ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་པ་ནི་མངོན་པའི་ང་རྒྱལ་ལོ། །ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་དམན་ནོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་

སྙམ་པ་ནི་ལོག་པའི་ང་རྒྱལ་ལོ། །འོ་ན་བསྟན་བཅོས་ལས་ང་རྒྱལ་རྣམ་པ་དགུ་སྟེ། བདག་མཆོག་ཡིན་ནོ་སྙམ་པ་ང་རྒྱལ་གྱི་རྣམ་པ་དང་། བདག་དང་འདྲའོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་དང་། བདག་དམན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་དང་བདག་པས་མཆོག་ཡོད་དོ། །བདག་དང་མཉམ་
པ་ཡོད་དོ། །བདག་པས་དམན་པ་ཡོད་དོ། །བདག་པས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་པས་དམན་པ་མེད་དོ་སྙམ་པ་ང་རྒྱལ་གྱི་རྣམ་པ་ཞེས་གང་བཤད་པ་ཇི་ལྟ་བུ་ཞེ་ན། རྣམ་པ་དགུ་པོ་དེ་དག་ནི་གསུམ་པོ་འདི་དག་ཉིད་ལས་བྱུང་བ་སྟེ། གསུམ་གང་
ལས་ཤེ་ན། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དག་ལས་སོ། །དེ་ལ་དང་པོའི་གསུམ་ནི་ལྟ་བ་ལ་བརྟེན་པའི་ང་རྒྱལ་གསུམ་སྟེ། ལྷག་པའི་ང་རྒྱལ་དང་། ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་རྣམས་སོ། །གཉིས་པའི་གསུམ་ནི་ཅུང་ཟད་
སྙམ་པའི་ང་རྒྱལ་དང་། ང་རྒྱལ་དང་། ལྷག་པའི་ང་རྒྱལ་རྣམས་སོ། །གསུམ་པའི་གསུམ་ནི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་རྣམས་སོ། །རེ་ཞིག་ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་དམན་ནོ་སྙམ་པ་ནི་སེམས་ཁེངས་པའི་
གནས་ཡིན་པའི་ཕྱིར་ཅུང་ཟད་སྙམ་པའི་ང་རྒྱལ་དུ་རིགས་ན། བདག་པས་དམན་པ་མེད་དོ་སྙམ་པ་འདི་ལ་གོ་ཁེངས་པའི་གནས་ཅི་ཞིག་ཡོད་ཅེ་ན། གང་ཞིག་མངོན་པར་འདོད་པའི་སེམས་ཅན་གྱི་ཚོགས་དམ་པའི་ནང་ན་བདག་ཉིད་དམན་ཡང་ཐ་གིའོ་སྙམ་དུ་སེམས་པ་དེ་ལྟ་བུ་
དེ་ཡོད་དོ། །གཞན་ཡང་འདི་ནི་ཡེ་ཤེས་ལ་འཇུག་པ་ལས་བཤད་པའི་ལུགས་ཡིན་གྱི་རབ་ཏུ་བྱེད་པ་ལས་བསྟན་པ་ཡོངས་སུ་བཟུང་སྟེ། བདག་མཆོག་ཡིན་ནོ་སྙམ་པ་འདི་ནི་དམན་པ་དང་། མཉམ་པ་དང་། ཁྱད་པར་དུ་འཕགས་པ་ལ་ལྟོས་ནས་ང་རྒྱལ་ཡང་ཡིན་ལ། ལྷག་
པའི་ང་རྒྱལ་ཡང་ཡིན། ང་རྒྱལ་ལས་ཀྱང་ང་རྒྱལ་ཡང་ཡིན་ནོ། །ཡང་ན་ང་རྒྱལ་བདུན་པོ་འདི་དག་ཅི་ཞིག་གིས་སྤང་བར་བྱ་བ་ཡིན་ཞེ་ན། སྨྲས་པ། མཐོང་དང་བསྒོམ་པས་ཟད་བྱ་བ། །དེ་དག་ནི་མཐོང་བ་དང་བསྒོམ་པ་དག་གིས་ཟད་པར་བྱ་བ་སྟེ། དེ་ནས་འདི་སྐད་དུ་ཐམས་ཅད་

མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཅི་འཕགས་པ་རྣམས་བསྒོམ་པས་སྤང་བར་བྱ་བ་མ་སྤངས་པ་གང་ཡིན་པ་དེ་ཀུན་དུ་སྤྱོད་དམ་ཞེ་ན། ངེས་པ་མེད་དེ་འདི་ལྟར་བསྒོམ་པས་སྤང་བར་བྱ་བ་ནི། གསོད་སོགས་ཀུན་ནས་
དཀྲིས་པའོ། །ཉོན་མོངས་པ་ཀུན་ནས་དཀྲིས་པ་གང་གི་ཆེད་དུ་བསམས་ཏེ། སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་པ་ནས་བརྫུན་དུ་སྨྲ་བར་བྱེད་པའི་བར་དེ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ་བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་འཇིག་སྲེད། འཇིག་
པའི་སྲེད་པ་ཡང་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །འཇིག་པའི་སྲེད་པ་ཞེས་བྱ་བའི་ཆོས་འདི་ཅི་ཞིག་ཡིན་ཞེ་ན། ཁམས་གསུམ་པའི་མི་རྟག་པ་སྟེ། དེ་ལ་དོན་དུ་གཉེར་བ་ནི་འཇིག་པའི་སྲེད་པའོ། །དེ་བཞིན་ཞེས་བྱ་བའི་སྒྲས་ནི་སྐྱེ་བའི་སྲེད་པའི་ཕྱོགས་བདག་ནི་གླང་པོ་ཆེའི་རྒྱལ་པོ་
ས་སྲུང་གི་བུར་གྱུར་ཀྱང་ཅི་མ་རུང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཟུང་ངོ་། །བསྒོམ་པས་སྤང་བར་བྱ་བ་ནི་ང་རྒྱལ་གྱི་རྣམ་པ་རྣམས་ཀྱང་ཡོད་དོ་ཞེས་བཤད་ལ། ངའོ་སྙམ་པའི་ང་རྒྱལ་ཡང་ཡོད་མོད་ཀྱི། འཕགས་པ་ལ། རྣམ་སོགས་ངའོ་སྙམ་མི་འབྱུང་། །སོགས་པ་སྨོས་པས་ནི་འཇིག་པའི་སྲེད་
པའི་བར་དུ་བཟུང་ངོ་། །ཅིའི་ཕྱིར་དེ་དག་མ་སྤངས་ཀྱང་མི་འབྱུང་ཞེ་ན། ལྟ་བས་རྒྱས་པར་འགྱུར་ཕྱིར་རོ། །ང་རྒྱལ་གྱི་རྣམ་པ་རྣམས་དང་། ངའོ་སྙམ་པའི་ང་རྒྱལ་ནི་འཇིག་ཚོགས་ལ་ལྟ་བས་རྒྱས་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་རྐེད་པ་བཅག་པའི་ཕྱིར་ཡང་ལྡང་བར་མི་ནུས་སོ། །གསོད་པ་ལ་
སོགས་པའི་ཀུན་ནས་དཀྲིས་པ་ནི་ལོག་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །འཇིག་པའི་སྲེད་པ་ནི་ཆད་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །སྐྱེ་བའི་སྲིད་པའི་ཕྱོགས་ནི་རྟག་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །མི་དགེ་བའི་འགྱོད་པའམ་མ་ཡིན་ནོ། །འགྱོད་པ་མི་དགེ་
བ་ཡང་བསྒོམ་པས་སྤང་བར་བྱ་བ་ཡིན་ན་འཕགས་པ་ལ་ནི་མི་འབྱུང་སྟེ། དེ་ཐེ་ཚོམ་གྱིས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་རོ། །ཡང་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་དུ་ནི་ཀུན་དུ་འགྲོ་བ་དག་ཡིན། དུ་ནི་ཀུན་དུ་འགྲོ་བ་མ་ཡིན་ཞེ་ན། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་

བཞིན་ཐེ་ཚོམ་དང་། གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་དུ་འགྲོ། །སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་རྣམས་དང་། ཐེ་ཚོམ་དང་། དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་དང་། སྡུག་བསྔལ་བ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་མ་རིག་པ་མ་
འདྲེས་པ་ཁོ་ན་སྟེ། དེ་ལྟར་ན་ལྟ་བ་བདུན་དང་། ཐེ་ཚོམ་གཉིས་དང་། མ་རིག་པ་གཉིས་དང་། ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ནི་རང་གི་ཁམས་མཐའ་དག་ལ་དམིགས་པའི་ཕྱིར། སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་ཡིན་ནོ། །ཅི་རེ་ཞིག་རིམ་གྱིས་སམ་འོན་ཏེ་ཅིག་ཅར་ཡང་དམིགས།
གལ་ཏེ་རིམ་གྱིས་ན་ནི་གཞན་དག་ལ་ཡང་ཐལ་བར་འགྱུར་རོ། །འོན་ཏེ་ཅིག་ཅར་རོ་ཞེ་ན་ནི། སུ་ཞིག་འདོད་པའི་ཁམས་མཐའ་དག་གིས་འདག་པར་ཡིད་ཆེས་པར་འགྱུར་བའམ། མཐའ་དག་རྒྱུ་མ་ཡིན་པ་ལས་རྒྱུར་ཡིད་ཆེས་པར་འགྱུར། མཐའ་དག་ལ་ནི་ཅིག་ཅར་དུ་དམིགས་སོ་ཞེས་ནི་
མི་ཟེར་རོ། །འོན་ཀྱང་རྣམ་པ་ལྔ་པོ་ཐམས་ཅད་ཀྱང་ཅིག་ཅར་དུ་དམིགས་སོ། །དེ་ལྟ་ན་ཡང་གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་བདག་ལ་སྲེད་པ་ཡོད་ལ། གང་ལ་མཆོག་དང་དག་པར་ལྟ་བ་ཡོད་པ་དེ་ལ་དེའི་དོན་དུ་གཉེར་བ་ཡོད་ཅིང་། དེས་ཀྱང་ང་རྒྱལ་དུ་འགྱུར་བས་སྲེད་པ་དང་ང་རྒྱལ་
དག་ཀྱང་རུང་ཀུན་དུ་འགྲོ་བ་ཡིན་པར་འགྱུར་རོ། །དེ་ལྟ་ཡིན་ན་དེ་གཉི་ག་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ལ་དམིགས་པའི་ཕྱིར་ཅི་ཞིག་གིས་སྤང་བར་བྱ་བ་ཡིན་ཞེ་ན། འདྲེན་མ་ལ་དམིགས་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །ཡང་ན་ལྟ་བའི་སྟོབས་བསྐྱེད་པས་བཅུ་པ་
ཅན་ཉིད་ཡིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཉོན་མོངས་པ་འདི་གཉིས་རང་གི་མཚན་ཉིད་པ་ཡིན་གྱི་ཉོན་མོངས་པ་སྤྱི་པ་འདི་ནི་མ་ཡིན་ཏེ། དེ་ལྟ་བས་ན་ཀུན་ཏུ་འགྲོ་བ་དག་མ་ཡིན་ནོ་ཞེས་ཟེར་རོ། །ཡང་སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་
བ་དག་ཏུ་ཕྲ་རྒྱས་བཅུ་གཅིག་བཤད་པ་གང་དག་ཡིན་པ་དེ་དག་ལས་དགུ་གང་དུ་དམིགས། ལྟ་བ་གཉིས་པོ་མ་གཏོགས་སོ། །འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་ལས་མ་གཏོགས་པ་ཕྲ་རྒྱས་གཞན་དགུ་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དག་ཡིན་ནོ། །རེས་

འགའ་ནི་སྐལ་བ་མི་མཉམ་པའི་ཁམས་གཅིག་ལ་དམིགས་སོ། །རེས་འགའ་ནི་གཉིས་ལ་དམིགས་ཏེ། འདོད་པ་དང་ལྡན་པ་གཟུགས་དང་ལྡན་པ་ལ་དམིགས་པ་རྣམས་ལ། གཟུགས་མེད་པ་དང་ལྡན་པ་ལ་དམིགས་པ་རྣམས་དང་། འདོད་པ་དང་ལྡན་པ་
གཟུགས་མེད་པ་དང་ལྡན་པ་ལ་དམིགས་པའི་ཕྲ་རྒྱས་གང་དག་ཡིན་པ་ཞེས་འབྱུང་བའི་ཕྱིར་རོ། །གང་གི་ཚེ་འདོད་པའི་ཁམས་ན་གནས་པ་ཚངས་པ་ལ་སེམས་ཅན་དུ་ལྟ་བ་དང་། རྟག་པར་ལྟ་བ་སྐྱེད་པར་བྱེད་པ་དེའི་ཚེ་ཇི་ལྟར་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་སྐལ་བ་མི་མཉམ་
པའི་ཁམས་ལ་དམིགས་པ་དག་མ་ཡིན་ཞེ་ན། བདག་དང་བདག་གིར་མི་འཛིན་པའི་ཕྱིར་དང་། མཐར་འཛིན་པར་ལྟ་བ་ཡང་དེས་ཀུན་ནས་བསླང་བའི་ཕྱིར་རོ། །འོ་ན་འདི་ལྟ་བ་གང་ཞིག་ཡིན་ཞེ་ན། ཆོས་མངོན་པ་པ་རྣམས་ན་རེ་འདི་ནི་ལྟ་བ་མ་ཡིན་གྱི་འདི་ནི་ལོག་པའི་ཤེས་པ་
ཡིན་ནོ་ཞེས་ཟེར་རོ། །ཡང་དེ་ལ་དམིགས་པ་གཞན་དག་ནི་ལྟ་བ་ཡིན་གྱི་འདི་ནི་ལྟ་བ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། གྲུབ་པའི་མཐའ་ནི་ཚད་མར་བྱ་དགོས་སོ། །ཡང་ཅི་ཕྲ་རྒྱས་ཁོ་ན་ཀུན་དུ་འགྲོ་བ་དག་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། དེ་དག་དང་ནི་ལྷན་ཅིག་གང་། །
འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས། །ཆོས་གཞན་ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་དང་། ལྷན་ཅིག་འབྱུང་བ་གང་དག་ཡིན་པ་དེ་དག་ཀྱང་ཀུན་དུ་འགྲོ་བ་ཡིན་ནོ། །ཐོབ་པ་རྣམས་ནི་འབྲས་བུ་དུ་མའི་ཕྱིར་དེ་ལྟ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕྲ་རྒྱས་ཀུན་དུ་འགྲོ་བ་དག་ཡིན་ལ་ཕྲ་རྒྱས་
ཀུན་དུ་འགྲོ་བའི་རྒྱུས་རྒྱུ་མ་ཡིན་པ་དག་ཀྱང་ཡོད་ཅེས་བྱ་བ་མུ་བཞིར་བྱ་སྟེ། མུ་དང་པོ་འདི་མ་འོངས་པའི་ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་སོ། །གཉིས་པ་ནི་འདས་པ་དང་ད་ལྟར་བྱུང་བའི་ལྷན་ཅིག་འབྱུང་བ་རྣམས་སོ། །གསུམ་པ་དང་། བཞི་པ་དག་ནི་སྦྱར་བར་བྱའོ། །ཕྲ་རྒྱས་
དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་དུ་ནི་ཟག་པ་དང་བཅས་པ་ལ་དམིགས་པ་དག་ཡིན་ནོ། །དུ་ནི་ཟག་པ་མེད་པ་ལ་དམིགས་པ་དག་ཡིན་ཞེ་ན། འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང་། །ལྡན་དང་འབའ་ཞིག་མ་རིག་པ། །དྲུག་ནི་ཟག་མེད་སྤྱོད་ཡུལ་

ཅན། །འགོག་པ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་གསུམ་པོ་ལོག་པར་ལྟ་བ་དང་། ཐེ་ཚོམ་དང་། དེ་དག་དང་། མཚུངས་པར་ལྡན་པ་དང་མ་འདྲེས་པའི་མ་རིག་པ་དང་། ལམ་མཐོང་བས་སྤང་བར་བྱ་བ་ཡང་གསུམ་པོ་དེ་དག་ཉིད་དེ། དེ་ལྟར་ན་དྲུག་པོ་དེ་དག་ནི་ཟག་པ་མེད་པ་ལ་དམིགས་
པ་དག་ཡིན་ནོ། །ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་དག་ལ་དམིགས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དེ་ལ་ཡང་། རང་གི་ས་པའི་འགོག་པ་དང་། །ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ས་དྲུག་ས་དགུའི་ལམ་ནི་དེའི། །སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །འགོག་པ་ལ་དམིགས་
པ་ལོག་པར་ལྟ་བ་ལ་སོགས་པའི་དམིགས་པ་ནི་རང་གི་ས་པའི་འགོག་པ་ཁོ་ན་ཡིན་ཏེ། འདོད་པ་ན་སྤྱོད་པ་རྣམས་ཀྱི་ཡང་འདོད་པའི་ཁམས་ཀྱི་ཁོ་ན་ཡིན་ལ། སྲིད་པའི་རྩེ་མོའི་ས་པ་རྣམས་ཀྱི་བར་དུ་ཡང་སྲིད་པའི་རྩེ་མོའི་ཁོ་ན་ཡིན་ནོ། །ལམ་ལ་དམིགས་པ་འདོད་པ་ན་སྤྱོད་པ་རྣམས་ཀྱི་
དམིགས་པ་ནི་ས་དྲུག་གི་ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཡིན་ཏེ། གང་ཡང་གཟུགས་དང་གཟུགས་མེད་པའི་གཉེན་པོ་ཡང་ཡིན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ས་བརྒྱད་པོ་རྣམས་ཀྱི་དམིགས་པ་ཡང་ས་དགུ་པའི་རྗེས་སུ་ཤེས་པའི་ཕྱོགས་
དང་མཐུན་པའི་ལམ་ཐམས་ཅད་ཡིན་ཏེ། ལམ་ནི་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དག་ཀྱང་ཕན་ཚུན་རྒྱུ་ཡིན་མོད་ཀྱི་རྗེས་སུ་ཤེས་པ་འདོད་པའི་ཁམས་ཀྱི་གཉེན་པོ་ནི་མ་ཡིན་པས་ལམ་ལ་དམིགས་པས་འདོད་པ་ན་སྤྱོད་པ་རྣམས་རྗེས་སུ་ཤེས་པའི་
ཕྱོགས་དང་མཐུན་པའི་ལམ་ལ་ནི་མི་དམིགས་སོ། །འོ་ན་ནི་ཆོས་ཤེས་པ་གཟུགས་དང་གཟུགས་མེད་པའི་གཉེན་པོ་ཡིན་པ་ཉིད་ཀྱི་ཕྱིར་ལམ་ལ་དམིགས་པ་དེའི་ས་པ་རྣམས་ཀྱི་དམིགས་པར་འགྱུར་རོ་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་བ་ལ་ཆོས་ཤེས་པ་དག་དེ་དག་གི་གཉེན་པོ་མ་ཡིན་པའི་
ཕྱིར་དང་མཐའ་དག་ཀྱང་གཉེན་པོ་མ་ཡིན་ལ། མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་གཟུགས་དང་གཟུགས་མེད་པ་མཐའ་དག་གི་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དང་པོ་མེད་པའི་ཕྱིར་དང་། དང་པོ་རྣམས་ཀྱི་མ་ཡིན་པའི་ཕྱིར་དམིགས་པ་མ་ཡིན་ནོ། །ཡང་

ཅིའི་ཕྱིར་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དག་ཟག་པ་མེད་པ་ལ་དམིགས་པ་དག་ཏུ་མི་འདོད་ཅེ་ན། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །འདོད་ཆགས་ནི་སྤང་
བར་བྱ་བ་ཡིན་ན་གལ་ཏེ་ཟག་པ་མེད་པ་ལ་དམིགས་པ་ཡིན་ན་གོ་སྤང་བར་བྱ་བ་མ་ཡིན་པར་འགྱུར་ཏེ། དགེ་བའི་ཆོས་ལ་འདུན་པ་བཞིན་ནོ། །གནོད་མི་བྱེད་ཕྱིར་ཞེ་སྡང་མིན། །གནོད་པར་བྱེད་པའི་དངོས་པོ་ལ་ནི་ཁོང་ཁྲོ་བ་སྐྱེ་ན་འགོག་པ་དང་ལམ་དག་ནི་དེ་ལྟ་མ་ཡིན་ནོ། །ཞི་དང་དག་དང་
མཆོག་གྱུར་ཕྱིར། །ང་རྒྱལ་མ་ཡིན་མཆོག་འཛིན་མིན། །འགོག་པ་དང་ལམ་དག་ནི་ཞི་བ་ཡིན་པའི་ཕྱིར་དེ་དག་གིས་ཁེངས་པར་འགྱུར་བ་འོངས་པ་ཡང་མ་ཡིན་ལ། ཡང་དག་པའི་དོན་དུ་དག་པ་ཡིན་པའི་ཕྱིར་དེ་གཉིས་ལ་དག་པར་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་
འཛིན་པ་ཡང་མ་ཡིན་ནོ། །དམན་པ་ལ་མཆོག་ཏུ་འཛིན་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཡིན་ན་དེ་གཉིས་ནི་མཆོག་ཀྱང་ཡིན་ཏེ། དེ་ལྟ་བས་ན་དེ་དག་གི་དམིགས་པ་ཟག་པ་མེད་པ་ཡིན་པར་རིགས་པ་མ་ཡིན་ནོ། །ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་དུ་ནི་དམིགས་པའི་སྒོ་ནས་རྒྱས་པར་
འགྱུར། དུ་ནི་མཚུངས་པར་ལྡན་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་ཞེ་ན། ཕྲ་རྒྱས་ཀུན་དུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཀུན་འགྲོ་མ་ཡིན་རང་རིས་སོ། །ཕྲ་རྒྱས་གང་དག་ཀུན་དུ་འགྲོ་བ་དེ་དག་ནི་དམིགས་པའི་སྒོ་ནས་རང་གི་ས་
པའི་རྣམ་པ་ལྔ་པོ་ཐམས་ཅད་ལ་ཡང་རྒྱས་པར་འགྱུར་རོ། །ཐམས་ཅད་དུ་ནི་འགྲོ་བ་མ་ཡིན་པ་རྣམས་ནི་དམིགས་པའི་སྒོ་ནས་རང་གི་སར་རང་གི་རིས་ཁོ་ན་ལ་རྒྱས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། འདི་ལྟ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་སྡུག་
བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ཁོ་ན་ལ་རྒྱས་པར་འགྱུར་ལ། དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱང་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ལ་རྒྱས་པའི་བར་དུ་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །སྤྱིར་བཏང་བར་བྱས་ནས་དམིགས་ཀྱིས་སྟོན་པར་བྱེད་དེ། ཟག་མེད་གོང་མའི་ཡུལ་

ཅན་མིན། །ཟག་པ་མེད་པ་ལ་དམིགས་པའི་ཕྲ་རྒྱས་རྣམས་ནི་དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་བ་ཁོ་ན་ཡིན་ལ། ས་གོང་མ་ལ་དམིགས་པ་རྣམས་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དག་གི་དམིགས་པའི་དངོས་པོ་ནི། བདག་གིར་མ་བྱས་གཉེན་པོའི་ཕྱིར། །དངོས་པོ་
གང་ཞིག་བདག་ཏུ་ལྟ་བ་དང་སྲེད་པ་དག་གིས་བདག་གིར་བྱས་པ་དེ་ལ་ཕྲ་རྒྱས་གཞན་དག་ཀྱང་རྒྱས་པར་འགྱུར་བར་ནུས་ཏེ། སྣམ་བུ་གཤེར་བ་ལ་རྡུལ་ཆགས་པ་བཞིན་ནོ། །ཟག་པ་མེད་པ་ཡང་དེ་ལྟ་མ་ཡིན་ལ། ས་འོག་མ་ལ་ཡང་མ་ཡིན་པས་དེའི་ཕྱིར་དེ་དག་ལ་དམིགས་པ་
རྣམས་ནི་དེ་དག་ལ་རྒྱས་པར་མི་འགྱུར་རོ། །གང་ཞིག་འདི་ན་གནས་པ་ལས་དེ་དོན་དུ་གཉེར་བར་བྱེད་པ་དེ་ནི་མི་དགེ་བའི་ཆོས་ལ་འདུན་པ་ཡིན་ནོ། །མྱ་ངན་ལས་འདས་པ་དང་ལམ་ནི་དེ་དག་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པ་ཡིན་ལ། ས་གོང་མ་ཡང་འོག་མ་
རྣམས་ཀྱི་གཉེན་པོ་ཡིན་པས་དེའི་ཕྱིར་ཡང་དེ་དག་ཏུ་གནས་མི་མཐོང་སྟེ། རྡོ་བསྲེག་པ་ལ་རྐང་མཐིལ་དག་གི་གནས་མི་མཐོང་བ་བཞིན་ནོ། །གཞན་དག་ན་རེ་ཕྲ་རྒྱས་ཀྱི་དོན་ནི་རྗེས་སུ་མཐུན་པའི་དོན་ཡིན་ན་དེ་དག་ནི་དེ་རྣམས་ཀྱི་རྗེས་སུ་མཐུན་པ་མ་ཡིན་ཏེ། རླུང་ནད་ཅན་ལ་ཁ་ཟས་རྩུབ་
པོ་རྒྱས་པར་མི་འགྱུར་བ་བཞིན་ནོ་ཞེས་ཟེར་རོ། །དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་གང་ཡིན་པ་དེ་ནི་བཤད་ཟིན་ཏོ། །གང་ཞིག་གང་དང་མཚུངས་ལྡན་པ། །དེ་ནི་དེར་མཚུངས་ལྡན་སྒོ་ནས། །རྒྱས་པར་འགྱུར་ཞེས་བྱ་བར་སྦྱར་ཏེ། ཕྲ་རྒྱས་གང་ཞིག་ཆོས་གང་དང་མཚུངས་པར་ལྡན་པ་དེ་ནི་དེར་
མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ནི་ཞེས་བྱ་བའི་སྒྲ་ནི་ཇི་སྲིད་དུ་མ་སྤངས་པ་ཞེས་བྱ་བ་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཟག་པ་མེད་པ་ལ་དམིགས་པ་དེག་ཀྱང་མ་ཡིན་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དག་ཀྱང་མ་ཡིན་ལ། ཕྲ་རྒྱས་དེ་དག་ཀྱང་མཚུངས་པར་ལྡན་
པའི་སྒོ་ནས་རྒྱས་པར་འགྱུར་གྱི་དམིགས་པའི་སྒོ་ནས་ནི་མ་ཡིན་པའི་ཕྲ་རྒྱས་དག་ལྟ་ཡོད་དམ་ཞེ་ན། ཡོད་དེ། སྐལ་བ་མི་མཉམ་པའི་ས་ལ་ཀུན་དུ་འགྲོ་བའི་ཕྲ་རྒྱས་རྣམས་སོ། །ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་དུ་ནི་མི་དགེ་བ་ཡིན། དུ་ནི་ལུང་དུ་མ་བསྟན་པ་ཡིན་ཞེ་ན།

གོང་མ་ཐམས་ཅད་ལུང་མ་བསྟན། །རེ་ཞིག་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཐམས་ཅད་ནི་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །ཆོས་ཉོན་མོངས་པ་ཅན་རྣམས་ཀྱི་རྣམ་པར་སྨིན་པ་ནི་སྡུག་བསྔལ་ཡིན་ན་དེ་ཡང་དེ་གཉིས་ན་མེད་དེ། ཕ་རོལ་པོ་ལ་ཡང་གནོད་པའི་རྒྱུ་མེད་
པའི་ཕྱིར་རོ། །འདོད་ན་འཇིག་ཚོགས་ལྟ་བ་དང་། །མཐར་འཛིན་ལྷན་ཅིག་མ་རིག་པ། །འདོད་པའི་ཁམས་ན་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་ལུང་དུ་མ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྦྱིན་པ་ལ་སོགས་
པ་དང་མི་འགལ་བའི་ཕྱིར་དང་། བདག་འཇིག་རྟེན་ཕ་རོལ་དུ་བདེ་བར་འགྱུར་བར་བྱའོ་ཞེས་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད་དོ། །ཆད་པར་ལྟ་བ་ཡང་ཐར་པའི་རྗེས་སུ་མཐུན་པ་དག་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་
ན་ནི་འདི་ལྟ་སྟེ། བདག་མེད་པར་གྱུར་ཅིག །བདག་གི་མེད་པར་གྱུར་ཅིག །བདག་འབྱུང་བར་མ་གྱུར་ཅིག །བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་བྱ་བའི་ལྟ་བ་འདི་མཆོག་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་ལྟ་བ་འདི་གཉིས་ནི་རང་གི་རྫས་ལ་ཀུན་དུ་རྨོངས་པའི་ཕྱིར་དང་། ཕ་རོལ་
པོ་ལ་གནོད་པའི་རྣམ་པར་ཞུགས་པ་མ་ཡིན་པའི་ཕྱིར་རོ། །མཐོ་རིས་ལ་སྲེད་པ་དང་། ངའོ་སྙམ་པའི་ང་རྒྱལ་དག་ཀྱང་དེ་ལྟར་ཐལ་བར་འགྱུར་རོ། །སྔོན་གྱི་སློབ་དཔོན་རྣམས་ན་རེ། ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་རི་དགས་དང་བྱ་རྣམས་ལ་ཡང་ཡོད་པ་གང་ཡིན་པ་ནི་ལུང་དུ་
མ་བསྟན་པ་ཡིན་ནོ། །རྣམ་པར་བརྟག་པ་ནི་མི་དགེ་བ་