Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 135

Văn bản gốc(Tây Tạng)

Trang 8 / 20 (50.000 ký tự/trang)
པར་བྱའོ། །སྟོབས་དང་སྟོབས་མ་ཡིན་པའི་སྒོ་ནི་གང་དུ་ཚིག་གཅིག་མ་བརྗོད་ན་དོན་འདི་གོ་བར་མི་འགྱུར་བས་
ཚིག་སོ་སོ་ཐམས་ཅད་ཀྱིས་ནུས་པ་སྟོན་པ་སྟེ། དཔེར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཚིག་འདི་དག་གི་སོ་སོའི་ནུས་

པ་ནི་ཇི་ལྟར་གང་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དུ་བཤད་པ་བཞིན་དུ་རིག་པར་བྱའོ། །བཟླས་ཏེ་བརྗོད་པའི་སྒོ་ནི་གང་དུ་མདོའི་ཚིག་གཅིག་བཟུང་བས་རྒྱ་ཆེར་དོན་ཡང་དག་པར་སྟོན་པ་སྟེ། དཔེར་ན་ཆོས་དྲུག་དང་ལྡན་པའི་དགེ་སློང་ནི་ཁའི་དབུགས་ཀྱིས་རིའི་རྒྱལ་པོ་གངས་རི་
ཡང་འཐོར་ན་རོ་ལྟ་བུའི་མ་རིག་པ་ལྟ་སྨོས་ཀྱང་ཅི་དགོས། དྲུག་གང་ཞེ་ན། འདི་ལ་དགེ་སློང་དག་འདི་ལ་དགེ་སློང་སེམས་བསྐྱེད་པ་ལ་མཁས་པ་ཡིན་པ་ནས། ཐབས་ལ་མཁས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །མདོ་འདི་ལས་ཇི་ལྟར་ན་དགེ་སློང་སེམས་བསྐྱེད་པ་ལ་མཁས་པ་
ཡིན་ཞེ་ན། འདི་ལ་དགེ་སློང་ནི་འདོད་པ་དག་ལས་དབེན་པ་ནས་བསམ་གཏན་བཞི་པའི་བར་དུ་རྫོགས་པར་བྱས་ནས་གནས་ཏེ། དེ་ལྟར་ན་དགེ་སློང་སེམས་བསྐྱེད་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་སེམས་གནས་པ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་ཀུན་དུ་
བསྟེན་པའི་རྒྱུའི་བར་གྱིས་གང་ཉམས་པའི་ཆ་དང་མཐུན་པའི་བསམ་གཏན་དེ་གནས་པའི་ཆ་དང་མཐུན་པར་བྱེད་དེ། དེ་ལྟར་ན་དགེ་སློང་དེ་སེམས་གནས་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་དེ་སེམས་ལྡང་བར་བྱེད་པ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་ཀུན་
དུ་བསྟེན་པའི་རྒྱུས་གནས་པའི་ཆ་དང་མཐུན་པའི་བསམ་གཏན་དེ་ཁྱད་པར་དུ་གྱུར་པའི་ཆ་དང་མཐུན་པར་བྱེད་དེ། དེ་ལྟར་ན་དགེ་སློང་ལྡང་བར་བྱེད་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་འཕེལ་བར་བྱེད་པ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་དགེ་བའི་ཆོས་མ་སྐྱེས་པ་
རྣམས་ཞེས་བྱ་བ་ཡང་དག་པར་སྤང་བ་ཉིད་རྒྱ་ཆེར་བྱས་ཏེ། དེ་ལྟར་ན་དགེ་སློང་འཕེལ་བ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་འབྲི་བ་ལ་མཁས་པ་ཡིན་ཞེ་ན། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ཡང་དག་པར་སྤོང་བ་གཉིས་ཀྱིས་རྒྱ་ཆེར་བྱ་སྟེ། དེ་ལྟར་ན་དགེ་
སློང་འབྲི་བ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་ཐབས་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་མོ་ཞེས་བྱ་བ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་བཞི་རྒྱ་ཆེར་སྦྱར་ཏེ། དེ་ལྟར་ན་དགེ་སློང་ཐབས་ལ་

མཁས་པ་ཡིན་ནོ་ཞེས་འབྱུང་ངོ་། །མངོན་པར་སྒྲུབ་པའི་སྒོ་ནི་གང་དུ་ཚིག་རེ་རེ་ལ་ཡང་མུ་བཞི་ལ་སོགས་པ་སྟོན་པ་སྟེ། མུ་བཞི་པ་ལ་སོགས་པ་ལ་དེ་དག་གི་ཚིག་རེ་རེ་ལ་ཡང་གཞན་བཞི་ལ་སོགས་པས་ཐུག་པ་མེད་པར་མངོན་པར་བསྒྲུབ་པར་རིག་པར་བྱའོ། །དཔེར་ན་
སངས་རྒྱས་རྩོམ་པའི་མདོ་ལས། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྦྱོང་བར་བྱེད་པའི་ཆོས་རྣམས་ཏེ། སྟོང་པ་ཉིད་སྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་ཕན་
པ་ཉེ་བར་སྒྲུབ་པའི་སེམས་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་ཡང་དག་པར་རབ་ཏུ་སྟོན་པའོ་ཞེས་བྱ་བ་བཞི་ནི་བདག་དང་གཞན་གྱི་དོན་ལས་བརྩམས་ཏེ། བྱང་ཆུབ་ཡོངས་སུ་སྦྱོང་བའི་ཕྱིར་མི་མཐུན་པའི་ཕྱོགས་བཞིའི་གཉེན་པོར་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་
བཞི་ནི་སྙོམས་པར་འཇུག་པའི་རོ་མྱང་བ་དང་། གནོད་སེམས་དང་། ང་རྒྱལ་དང་རྙེད་པ་དང་། བཀུར་སྟི་ལ་སྲེད་པའོ། །རྣམས་གྲངས་གཞན་དུ་ན་ཆོས་དང་པོས་ནི་ཉོན་མོངས་པ་སྤོང་བའི་གཉེན་པོ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་རྒྱུ་གསུམ་གྱིས་ཐེག་པ་དམན་པ་ཡོངས་སུ་སྤང་བར་བསྟེན་
ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཉེ་བར་འཛིན་པ་དང་། ཞུགས་པ་ཡོངས་སུ་སྨིན་པར་བྱེད་པ་དང་། མ་ཞུགས་པ་འཇུག་པར་བྱེད་པས་སོ། །རྣམ་གྲངས་གཞན་དུ་ན་དང་པོས་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསྟན་ཏོ། །གསུམ་གྱིས་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་
བསྟན་ཏེ། ཉེ་བར་འཛིན་པ་དང་། ཡོངས་སུ་སྨིན་པར་བྱེད་པ་དང་། འཇུག་པ་རྣམ་པ་རེ་རེས་ཀྱང་བསོད་ནམས་ཀྱི་ཁྱད་པར་སྐྱེད་པའི་ཕྱིར་རོ། །ཡང་རྒྱུ་གཉིས་ཀྱིས་རིག་པར་བྱ་སྟེ། བསམ་པས་ནི་བྱམས་པའི་སེམས་སུའོ། །བསྒྲུབ་པས་ནི་ཐོབ་པ་དང་ལུང་ཉེ་བར་སྟོན་པར་རིག་པར་བྱའོ། །
ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་བསྒོམ་སྟེ། ནང་དུ་སེམས་སུ་རྣམ་པར་མི་རྟོག་པ་དང་། མོས་པ་ལ་རབ་ཏུ་རྣམ་པར་འབྱེད་པའི་སྟོབས་སྐྱེད་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་དང་། སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་པ་སྟེ། འདི་

དག་གིས་ནི་གང་ལ་བརྟེན་ནས་ཇི་ལྟར་བསྒོམ་པ་དེ་ཡོངས་སུ་བསྟེན་ཏོ། །གང་ལ་བརྟེན་ནས་ཤེ་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །ཇི་ལྟར་བསྒོམ་ཞེ་ན། སོ་སོའི་སྐྱེ་བོའི་ལམ་གྱིས་ཐོས་པ་དང་། བསམ་པའི་སྟོབས་སྐྱེད་པ་དང་། སློབ་པའི་ལམ་དང་མི་སློབ་པའི་ལམ་གྱིས་སོ། །བྱང་
ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་ཏེ། བྱམས་པ་བསྒོམ་པ་དང་། སྒྲུབ་པ་རྣམ་པར་མི་འཁྲུགས་པ་དང་། མཚན་མ་ལ་རྣམ་པར་མི་རྟོག་པ་དང་། སྐྱོ་བ་བཟོད་པའོ། །འདིར་ཡང་གང་ལ་བརྟེན་ནས་ཇི་
ལྟར་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་པ་དེ་ཡོངས་སུ་བསྟན་ཏོ། །གང་ལ་བརྟེན་ནས་ཤེ་ན། ཚེ་རབས་སྔ་མའི་བྱམས་པ་བསྒོམས་པ་ལས་སོ། །ཇི་ལྟར་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་ཞེ་ན། ལོག་པར་སྒྲུབ་པ་ལ་གནས་པ་རྣམས་ལ་སེམས་རྣམ་པར་མི་
འཁྲུགས་པ་དང་། གནོད་པར་བྱེད་པ་རྣམས་ལ་གནོད་པར་བྱེད་པའི་མཚན་མར་རྣམ་པར་མི་རྟོག་པ་དང་། གཞན་ལ་ཕན་པའི་དོན་དུ་རྩོལ་བ་ལ་ཡོངས་སུ་མི་སྐྱོ་བའོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་ཕན་པ་ཉེ་བར་བསྒྲུབ་པ་ཡིན་ཏེ།
བདག་ཡོངས་སུ་འཇལ་བ་དང་། ཡང་དག་པའི་གདམས་པ་ལ་འཇུག་པ་དང་། དེས་ཤིང་འགྲོགས་ན་བདེ་བ་དང་། མཆོད་པ་དང་རྙེད་པ་དང་བཀུར་སྟི་དང་། བསྙེན་བཀུར་བྱ་བ་ཉེ་བར་སྒྲུབ་པའོ། །འདིར་ཡང་གང་ལ་བརྟེན་ནས་ཇི་ལྟར་ཉེ་བར་བསྒྲུབ་པ་དེ་ཡོངས་སུ་བསྟེན་ཏོ། །གང་ལ་
བརྟེན་ནས་ཤེ་ན། ང་རྒྱལ་བཅག་པ་ལའོ། །ཇི་ལྟར་ཉེ་བར་བསྒྲུབ་ཅེ་ན། ཇི་སྐད་བསྟན་པ་རྣམ་པ་གསུམ་གྱིས་དམའ་བ་དང་མཚུངས་པ་དང་། ཁྱད་པར་དུ་འཕགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གོ་རིམས་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཟང་
ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་ཡང་དག་པར་རབ་ཏུ་སྟོན་ཏེ། བར་དུ་གཅོད་པ་ལེགས་པར་རབ་ཏུ་རྟོགས་པ་དང་། རྨོངས་པ་དང་བྱིང་བ་སེལ་བ་ལ་རབ་ཏུ་མཁས་པ་དང་། ཡིད་བདེ་བ་ཉེ་བར་སྒྲུབ་པ་དང་། མགོན་བྱེད་པའི་ཆོས་ལས་དགའ་བའོ། །འདིར་ཡང་གང་ལ་

བརྟེན་ནས་ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་པ་དེ་ཡོངས་སུ་བསྟན་ཏོ། །གང་ལ་བརྟེན་ནས་ཤེ་ན། རྙེད་པ་དང་བཀུར་སྟི་བར་དུ་གཅོད་པར་བྱེད་པ་ཉིད་དུ་ལེགས་པར་རྟོགས་པ་ལའོ། །ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེ་ན། རྨོངས་པ་རྣམས་ལ་ཡང་དག་པར་སྟོན་པ་དང་།
བག་མེད་པ་ལ་ཆགས་པ་དང་། བདག་དམན་པར་འཛིན་པས་ཞུམ་པ་རྣམས་ལ་ཡང་དག་པར་འཛིན་དུ་འཇུག་པ་དང་། ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་ཞུགས་པ་རྣམས་ལ་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། རང་བཞིན་གྱིས་ཆོས་ལ་དགའ་བས་སོ། །དེ་
ལྟར་བཞི་པ་གཞན་ནི་བཞི་པ་དང་པོའི་ཚིག་རབ་ཏུ་དབྱེ་བ་མངོན་པར་སྒྲུབ་པར་རིག་པར་བྱའོ། །རབ་ཏུ་ཕྱེ་ནས་ཀུན་ཏུ་བསྟན་པ་རྣམ་པར་ངེས་པ་ནི་ཇི་སྐད་དུ་བསྟན་པའི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ལ་གཅིག་ནས་རྟོགས་པ་ལ་སོགས་པར་ཅི་རིགས་པར་སྦྱར་རོ། །དེ་ལ་གཅིག་ནས་
རྟོགས་པ་ཞེས་བྱ་བའི་དྲི་བ་ནི་གང་གིས་ཆོས་གཅིག་ཆོས་ལྷག་མ་གཞན་རྣམས་དང་ལྷན་ཅིག་ཏུ་རེ་རེ་ནས་དྲིས་ནས་དེ་བོར་ཏེ། དེས་གཉིས་པ་ཡང་གཞན་རྣམས་དང་། ལྷན་ཅིག་ཏུ་འདྲི་བའོ། །དེ་བཞིན་དུ་རེ་རེ་ནས་ཐམས་ཅད་འདྲི་བ་སྟེ། དཔེར་ན་གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་
གཟུགས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ། གང་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་དེ་མིག་གི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་ནི་ཚིག་གོང་མ་དང་སྦྱར་བའོ། །གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་རྣ་བའི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ལ་མུ་བཞིའོ། །དེ་བཞིན་དུ་དེ་ཡིད་
ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བའི་བར་དུ་འདི་ལ་མུ་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ལ་ཆོས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ནི་ཚིག་གོང་མ་དང་སྦྱར་བར་བྱའོ། །གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་གང་ཡིན་པ་དེ་མིག་གི་སྐྱེ་མཆེད་དང་ཡང་ལྡན་ནམ། གང་མིག་
གི་སྐྱེ་མཆེད་དང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ནི་ཚིག་འོག་མ་དང་ཡང་སྦྱར་བའོ། །གང་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་དེ་རྣ་བའི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ཡང་ཚིག་འོག་མ་དང་སྦྱར་བར་བྱའོ། །དེ་བཞིན་དུ་ཆོས་ཀྱི་སྐྱེ་མཆེད་དང་ཡང་ལྡན་

ནམ་ཞེས་ཅི་རིགས་སུ་སྦྱར་བར་བྱའོ། །གང་རྣ་བའི་སྐྱེ་མཆེད་དང་ལྡན་པ་དེ་ནི་མིག་གི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ལ་མུ་བཞིའོ། །དེ་བཞིན་དུ་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུ་ཡང་སྦྱར་བར་བྱའོ། །དེ་ལྟར་རེ་རེ་ནས་གསལ་བའི་ཚུལ་གྱིས་སྐྱེ་མཆེད་ཐམས་ཅད་ཕན་ཚུན་དུ་
སྦྱར་བར་བྱའོ། །ཚིག་གོང་མ་དང་སྦྱོར་བ་གཉིས་གཉིས་པོ་ནི་ཆོས་འགའ་ཞིག་ལ་བརྩམས་ནས་ཕན་ཚུན་དྲིས་ན་ཆོས་གོང་མ་ལ་བརྟེན་ནས་གང་ལུང་སྟོན་པ་སྟེ། དཔེར་ན་ཤེས་པ་གང་ཡིན་པ་དེ་ཤེས་བྱ་ཡང་དེའམ། ཤེས་བྱ་གང་ཡིན་པ་ཤེས་པ་ཡང་དེའམ་ཞེས་བྱ་བའི་ནི་ཚིག་གོང་
མ་དང་སྦྱོར་བ་སྟེ། ཤེས་པ་གང་ཡིན་པ་དེ་ཤེས་བྱ་ཡང་དེ་ཡིན་ནོ། །ཤེས་བྱ་ཡིན་ལ་ཤེས་པ་མ་ཡིན་པའང་ཡོད་དེ། དེ་ལས་གཞན་པའི་ཆོས་རྣམས་སོ། །ཚིག་འོག་མ་དང་སྦྱོར་བ་ནི། དེ་བཞིན་དུ་གཉིས་གཉིས་དྲིས་པ་ལ་གང་ཕྱི་མ་ལ་བརྟེན་ནས་ལུང་སྟོན་པ་སྟེ། དཔེར་ན་
གཟུང་བ་གང་ཡིན་པ་དེ་འཛིན་པའང་དེའམ། འཛིན་པ་གང་ཡིན་པ་དེ་གཟུང་བའང་དེའམ་ཞེས་བྱ་བ་ནི་ཚིག་འོག་མ་དང་སྦྱོར་བ་སྟེ། འཛིན་པ་གང་ཡིན་པ་གཟུང་བ་ཡང་དེའོ། །གཟུང་བ་ཡིན་ལ་འཛིན་པ་མ་ཡིན་པའང་ཡོད་དེ། གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་དང་
མཚུངས་པར་ལྡན་པ་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་དོ། །མུ་གཉིས་པ་ནི་གང་དུ་མུ་གཉིས་སྟོན་པ་སྟེ། དེ་ལས་གཞན་མེད་པའི་ཕྱིར་རོ། །དཔེར་ན་ཕུང་པོ་རྣམ་པར་གཞག་པ་དང་། ཁམས་རྣམ་པར་གཞག་པ་ལ་བརྟེན་ནས་བརྗོད་པ་སྟེ། ཕུང་པོའི་གྲངས་གང་ཡིན་པ་
ཁམས་ཀྱི་གྲངས་ཀྱང་དེའམ། ཁམས་ཀྱི་གྲངས་གང་ཡིན་པ་ཕུང་པོའི་གྲངས་ཀྱང་དེའམ་ཞེས་བྱ་བ་ནི་མུ་གཉིས་པ་སྟེ། ཕུང་པོའི་གྲངས་ཡིན་ལ་ཁམས་ཀྱི་གྲངས་མ་ཡིན་པའང་ཡོད་དེ་གཟུགས་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་ཕུང་པོའོ། །འདི་ལྟར་གཟུགས་ཀྱི་ཕུང་
པོའི་མཚན་ཉིད་མཐའ་དག་གམ་རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་མཐའ་དག་ཁམས་གཅིག་ཏུ་གྱུར་པ་མེད་དོ། །ཁམས་ཀྱི་གྲངས་ཡིན་ལ་ཕུང་པོའི་གྲངས་མ་ཡིན་པའང་ཡོད་དེ། ཆོས་ཀྱི་ཁམས་སོ། །མུ་གསུམ་པ་ནི་གང་དུ་མུ་གསུམ་པ་ཁོ་ན་སྟོན་པ་སྟེ། དཔེར་

ན་ཕུང་པོའི་གྲངས་གང་ཡིན་པ་སྐྱེ་མཆེད་ཀྱི་གྲངས་ཀྱང་དེའམ། སྐྱེ་མཆེད་ཀྱི་གྲངས་གང་ཡིན་པ་ཕུང་པོའི་གྲངས་ཀྱང་དེའམ་ཞེས་བྱ་བ་ནི་མུ་གསུམ་པ་སྟེ། ཕུང་པོའི་གྲངས་ཡིན་ལ་སྐྱེ་མཆེད་ཀྱི་གྲངས་མ་ཡིན་པའང་ཡོད་དེ། གཟུགས་ཀྱི་ཕུང་
པོའོ། །སྐྱེ་མཆེད་ནི་གྲངས་ཡིན་ལ་ཕུང་པོའི་གྲངས་མ་ཡིན་པའང་ཡོད་དེ། ཆོས་ཀྱི་སྐྱེ་མཆེད་དོ། ཕུང་པོའི་གྲངས་ཀྱང་ཡིན་ལ་སྐྱེ་མཆེད་ཀྱི་གྲངས་ཀྱང་ཡིན་པའང་ཡོད་དེ། རྣམ་པར་ཤེས་པའི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དོ། །གཉི་ག་མ་ཡིན་པའི་གྲངས་ནི་
ཕུང་པོ་དང་སྐྱེ་མཆེད་ལ་མེད་དོ། །མུ་བཞི་པ་ནི་གང་དུ་མུ་བཞི་སྟོན་པ་སྟེ། དཔེར་ན་མིག་གི་དབང་པོ་དང་ལྡན་པ་གང་ཡིན་པ་རྣ་བའི་དབང་པོ་དང་ལྡན་པའང་དེའམ། རྣ་བའི་དབང་པོ་དང་ལྡན་པ་གང་ཡིན་པ་མིག་གི་དབང་པོ་དང་ལྡན་པའང་དེའམ་ཞེས་བྱ་བ་ནི་མུ་བཞི་པ་
སྟེ། མུ་དང་པོ་ནི་མིག་སྐྱེས་ཤིང་མ་ཉམས་ལ་འོན་པའོ། །མུ་གཉིས་པ་ནི་རྣ་བ་སྐྱེས་ཤིང་མ་ཉམས་ལ་ལོང་བའོ། །མུ་གསུམ་པ་ནི་མིག་དང་རྣ་བ་སྐྱེས་ལ་མ་ཉམས་པའོ། །མུ་བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །དེ་དེ་བཞིན་ནོ་ཞེས་བྱ་བ་ནི་གང་དྲིས་པ་ལུང་དུ་བསྟན་པ་ལ་དེ་
བཞིན་ནོ་ཞེས་བརྗོད་པ་སྟེ། དེ་དེ་བཞིན་ནོ་ཞེས་ཁས་ལེན་ཅེས་བྱ་བའི་ཐ་ཚིག་གོ། །དཔེར་ན་གང་མི་རྟག་པ་དེ་དག་ཐམས་ཅད་འདུས་བྱས་ཡིན་ནམ། འདུས་བྱས་གང་ཡིན་པ་དེ་དག་ཐམས་ཅད་མི་རྟག་པའམ་ཞེས་དྲིས་པ་ལ་དེ་བཞིན་ནོ་ཞེས་བསྟན་པར་བྱའོ། །སྤང་བ་ནི་གང་དུ་མ་ཡིན་
ནོ་ཞེས་སྦོང་བ་སྟེ། དཔེར་ན་ཕུང་པོ་ལྔ་ལས་མ་གཏོགས་པའི་འདུ་བྱེད་རྣམས་བདེན་པ་གང་དག་གིས་བསྡུས་ཞེས་ཟེར་བ་ལ་ཕུང་པོ་ལྔ་ལས་མ་གཏོགས་པའི་འདུ་བྱེད་དག་མེད་དོ་ཞེས་སྤོང་བའོ། །ཡང་དག་པར་དྲི་བ་རྣམ་པར་ངེས་པ་ནི་རྣམ་པ་བརྒྱད་དེ། ཅི་ཞེས་བསྟན་པ་ནི་
འདི་ལྟ་སྟེ། སུ་ཞིག་མི་དམིགས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་བྱང་ཆུབ་སེམས་དཔའོ། །ཅི་མི་དམིགས་ཤེ་ན་གཟུང་བའི་མཚན་ཉིད་དང་འཛིན་པའི་མཚན་ཉིད་དོ། །གང་གིས་མི་དམིགས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །ཅིའི་ཕྱིར་

མི་དམིགས་ཤེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་བྱ་བའི་ཕྱིར་རོ། །གང་ལས་མི་དམིགས་ཤེ་ན། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་
ལ་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལས་སོ། །གང་དག་གི་མི་དམིགས་ཤེ་ན། ཆོས་ཐམས་ཅད་ཀྱིའོ། །གང་དུ་མི་དམིགས་ཤེ་ན་མོས་པས་སྤྱོད་པའི་ས་ནས་ས་བཅུ་པའི་བར་དུའོ། །རྣམ་པ་དུ་ཞིག་མི་དམིགས་ཤེ་ན། རྣམ་པ་བཅུ་གཅིག་སྟེ།
སྐྱེས་ནས་འགགས་པ་དང་། མ་སྐྱེས་པ་དང་། མངོན་དུ་གྱུར་པ་དང་། རྒྱུའི་སྟོབས་ལས་བྱུང་བ་དང་། མཛའ་བོའི་སྟོབས་ལས་བྱུང་བ་དང་། ཆོས་ཐམས་ཅད་མི་དམིགས་པ་དང་། སྟོང་པ་ཉིད་མི་དམིགས་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་བཅས་པ་དང་། ངའོ་
སྙམ་པའི་ང་རྒྱལ་མེད་པ་དང་། ཚོགས་མ་བསགས་པ་དང་། ཚོགས་བསགས་པ་སྟེ། མི་དམིགས་པ་འདི་དག་ནི་གང་ཅི་ཡང་རུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་། ནང་དང་ཕྱི་དང་། རགས་པ་དང་ཕྲ་བ་དང་། ངན་པ་དང་བཟང་པོ་དང་། རྒྱང་རིང་
བ་དང་ཐག་ཉེ་བ་ཞེས་བྱ་བ་འདི་དག་གི་གོ་རིམས་ཀྱི་ཚུལ་གྱིས་བལྟ་བར་བྱའོ། །ཅི་ཞེས་བསྟན་པ་ལ་ཇི་ལྟ་བར་གང་ཞེས་བསྟན་པ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་འདི་ལ་གང་ཞིག་མི་དམིགས་པ་དང་། གང་དང་། གང་གིས་དང་། གང་གི་ཕྱིར་དང་། གང་ལས་དང་
གང་གི་དང་། གང་དུ་མི་དམིགས་པ་དང་། ཇི་སྙེད་ཅིག་མི་དམིགས་པའོ། །ཡང་རྣམ་པར་ངེས་པའི་ལམ་བཞི་སྟེ། སུན་འབྱིན་པར་བྱེད་པ་ལ་སོགས་པའོ། །དེ་ལ་སུན་འབྱིན་པར་བྱེད་པ་ནི་གཞན་གྱི་ཕྱོགས་ཉེས་པར་སྨྲས་པ་ལ། འདི་ལེགས་པ་མ་ཡིན་ནོ་ཞེས་
སེལ་བར་བྱེད་པའོ། །སྒྲུབ་པར་བྱེད་པ་ནི་རང་གི་ཕྱོགས་ལེགས་པར་སྨྲས་པ་ལ་འདི་ནི་ལེགས་པའོ་ཞེས་འཇོག་པར་བྱེད་པའོ། །གཅོད་པར་བྱེད་པ་ནི་གཞན་དག་གི་ཐེ་ཚོམ་སྐྱེད་པའམ། མ་སྐྱེས་པ་ལ་རྣམ་པར་ངེས་པར་སྦྱིན་པར་བྱེད་པའོ། །ཁོང་དུ་ཆུད་པར་བྱེད་པ་ནི་དོན་དེ་

དང་དེ་དག་ལ་རྨོངས་པ་རྣམས་ལ་དོན་དེ་སྟོན་པར་བྱེད་པའོ། །བྱ་བ་སྒྲུབ་པ་རྣམ་པར་ངེས་པ་ནི་འཇིག་རྟེན་ཕན་ཚུན་དུ་འཚོ་བའི་ཐབས་ལ་སོགས་པའི་དགོས་པ་སྒྲུབ་པའོ། །འཇུག་པ་རྣམ་པར་ངེས་པ་ནི་ཐེག་པ་གསུམ་པོ་དག་ལས་ཐེག་པ་གང་ལ་འཇུག་པར་
བྱ་ཞིང་ཞུགས་པར་བྱ་ཞེས་རྣམ་པར་སྤྱོད་པའོ། །མོས་པར་རྣམ་པར་ངེས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཇི་ལྟར་ཐོས་པ་བཞིན་དུ་ཡིད་ཆེས་པའོ། །རིགས་པས་རྣམ་པར་ངེས་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་སྔ་ཕྱིའི་དགོངས་པ་ཡོངས་སུ་འཇལ་བའོ། །འབེལ་
པའི་གཏམ་གྱིས་རྣམ་པར་ངེས་པ་ནི་ཇི་ལྟར་ཐོས་པ་དང་བསམ་པ་རྣམས་དྲི་བ་དང་ཕྱིར་ཞིང་དྲི་བར་བྱ་བའི་ཚུལ་གྱིས་ཕན་ཚུན་ཆོས་ལ་རྫོགས་པར་ལོངས་སྤྱོད་པའོ། །རབ་ཏུ་རྟོགས་པས་རྣམ་པར་ངེས་པ་ནི་མཐོང་བའི་ལམ་སྟེ། དེས་བདེན་པ་རབ་ཏུ་རྟོགས་པའི་ཕྱིར་རོ། །རྣམ་པར་
དག་པས་རྣམ་པར་ངེས་པ་ནི་བསྒོམ་པའི་ལམ་སྟེ། དེས་ཉོན་མོང་པ་མ་ལུས་པར་རྣམ་པར་སྤོང་བའི་ཕྱིར་རོ། །མངོན་པར་བསྒྲུབ་པས་རྣམ་པར་ངེས་པ་ནི་ཁྱད་པར་ཅན་གྱི་ལམ་སྟེ། དེས་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཕྱིར་རོ། །ཚིག་རབ་ཏུ་དབྱེ་བ་རྣམ་པར་ངེས་
པ་ནི་གཉིས་པ་དང་གསུམ་པ་དང་བཞི་པ་ལ་སོགས་པའི་རྣམ་པ་མངོན་པར་སྒྲུབ་པའི་སྒོ་ནས་ཆོས་སྟོན་པ་ལ་མཐའ་ཡས་སོ། །ལྷུན་གྱིས་གྲུབ་པ་དང་རྩོལ་བ་ཙམ་གྱི་དོན་ཐམས་ཅད་འགྲུབ་པ་རྣམ་པར་ངེས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཏེ། སྔོན་གྱི་རྩོལ་བ་མེད་པར་ཡང་དོན་
ཐམས་ཅད་ལ་རྩོལ་བའི་མདོ་ལས་ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཀྱི་མཐོང་བ་འཇུག་པའི་ཕྱིར་རོ། །སྨྲ་བ་རྣམ་པར་ངེས་པ་ནི་སྨྲ་བ་དང་། སྨྲ་བའི་ཞལ་ཅེ་བ་ལ་སོགས་པ་ལ་མཁས་པ་སྟེ། དེ་ལ་སྨྲ་བ་ནི་ཚིག་ཐམས་ཅད་དོ། །རྨད་ཁྱེར་བར་སྨྲ་བ་ནི་འཇིག་རྟེན་
ན་རྣམ་པར་སྨྲ་བའོ། །རྩོད་པར་སྨྲ་བ་ནི་མི་མཐུན་པར་སྨྲ་བའོ། །ཚིག་ངན་པར་སྨྲ་བ་ནི་སྨད་པར་སྨྲ་བའོ། །མཐུན་པར་སྨྲ་བ་ནི་རྗེས་སུ་མཐུན་པར་སྨྲ་བའོ། །གདམས་པར་སྨྲ་བ་ནི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བའོ། །སྨྲ་བའི་ཞལ་ཅེ་བ་ནི་གང་དུ་སྨྲ་བར་བྱ་བ་སྟེ། འདི་ལྟ་སྟེ། རྒྱལ་པོའི་

ཕོ་བྲང་ནི་གང་ན་རྒྱལ་པོ་ཉིད་བཞུགས་པའོ། །བསྐོས་པ་འདུ་བའི་ས་ནི་གང་དུ་རྒྱལ་པོས་བསྐོས་པ་རྣམས་འདུ་བའོ། །འདུས་པ་ནི་ཚོང་པ་ལ་འདུས་པ་ལ་སོགས་པའོ། །ཚད་མར་རུང་བའི་ཟླ་གྲོགས་ནི་གང་དག་གི་ཚིག་སྨྲ་བ་དང་ཕྱིར་རྒོལ་བ་གཉི་གས་མི་གཅོད་པའོ། །དགེ་སྦྱོང་དང་བྲམ་
ཟེ་ཆོས་དང་དོན་ལ་མཁས་པ་རྣམས་ནི་གང་དག་བསྟན་བཅོས་དེ་དང་དེ་དག་གི་ཚིག་དང་དོན་ལ་བློ་བྱང་བའོ། །སྨྲ་བའི་གཞི་ནི་གང་ལ་བརྟེན་ནས་སྨྲ་བར་བྱ་བ་སྟེ། འདི་ལྟ་སྟེ་སྒྲུབ་པ་དང་གྲུབ་པའོ། །དེ་ལ་ངོ་བོ་ཉིད་སྒྲུབ་པ་ནི་བདག་གི་ངོ་བོ་ཉིད་དང་། ཆོས་ཀྱི་ངོ་བོ་ཉིད་དེ་ཡོད་དོ་
ཞེའམ། མེད་དོ་ཞེས་བྱ་བའོ། །ཁྱད་པར་སྒྲུབ་པ་ནི་བདག་གི་ཁྱད་པར་དང་ཆོས་ཀྱི་ཁྱད་པར་ཏེ། ཐམས་ཅད་དུ་སོང་བའམ། ཐམས་ཅད་དུ་སོང་བ་མ་ཡིན་པའམ། རྟག་པའམ་མི་རྟག་པའི་གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་སུའོ། །དམ་བཅའ་བ་
ནི་བདག་འདོད་པ་སྒྲུབ་པའི་དོན་གཞན་ལ་གོ་བར་སྟོན་པ་ཞེས་བྱ་བ་ལ། གལ་ཏེ་སྒྲུབ་པ་མ་སྨོས་ན་བདག་གི་ཕྱོགས་གྲུབ་ཟིན་པ་ཡང་གཞན་དག་ལ་བསྟན་པར་དམ་བཅའ་བར་འགྱུར་རོ། །བདག་འདོད་པའི་དོན་མ་སྨོས་ན་ནི་གཞན་གྱི་ཕྱོགས་བསྒྲུབ་པའི་ཚིག་ཀྱང་དམ་བཅའ་
བར་འགྱུར་རོ། །གཞན་མ་སྨོས་ན་ནི་གཅིག་པུ་ཡང་ཚིག་དེ་དམ་བཅའ་བར་འགྱུར་རོ། །གལ་ཏེ་གོ་བར་མ་སྨོས་ན་ནི་ལུས་ཀྱི་དོན་དེ་བརྡ་སྤྱོད་པ་ཡང་དམ་བཅའ་བར་འགྱུར་རོ། །གལ་ཏེ་སྟོན་པ་མ་སྨོས་ན་ནི་ཉན་པ་རྣམས་ཀྱིས་དོན་དེ་མ་ཤེས་ན་ཡང་དམ་བཅའ་བར་འགྱུར་རོ། །ཇི་
ལྟར་བསྟན་པ་བཞིན་དུ་རྣམ་པར་གཞག་པ་ལ་ཉེས་པ་འདི་དག་ཐམས་ཅད་མེད་པར་འགྱུར་ཏེ། དེ་ལྟ་བས་ན་འདི་རྣམ་པར་གཞག་པར་རིག་པར་བྱའོ། །གཏན་ཚིགས་ནི་སྒྲུབ་པ་ཉིད་ལ་མ་གྲགས་པའི་དོན་ཡིད་ཆེས་པར་བྱེད་པའི་རྒྱུ་མངོན་སུམ་དུ་དམིགས་པ་དང་། མི་དམིགས་
པར་བསྙད་པའོ་ཞེས་བྱ་བ་ལ། ཡིད་ཆེས་པར་བྱེད་པའི་རྒྱུའི་དོན་འདིར་གཏན་ཚིགས་ཀྱི་དོན་ཞེས་བྱ་བར་སྟོན་ཏེ། འདི་ལྟར་མངོན་སུམ་དུ་དམིགས་པ་དང་། མ་དམིགས་པ་ཞེས་བསྟན་པ་འདིས་སྒྲུབ་པ་དེ་ཉིད་ལ་མ་གྲགས་པའི་དོན་ལ་ཡིད་ཆེས་པ་སྐྱེ་བ་སྟེ། དེས་ན་དེ་བསྙད་པའི་རྒྱུར་

གྱུར་པའི་ཕྱིར་གཏན་ཚིགས་ཞེས་བྱའོ། །མངོན་སུམ་དུ་དམིགས་པ་དང་མ་དམིགས་པ་ནི་ངོ་བོ་ཉིད་ཀྱི་ཚུལ་དང་རྟགས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །དཔེ་ནི་མཐའ་མཐོང་བ་དང་། མཐའ་མ་མཐོང་བ་མཚུངས་པར་སྦྱར་ཞིང་བསྙད་པའོ་ཞེས་བྱ་བ་ནི་
གྲགས་པའི་ཆ་དང་མ་གྲགས་པའི་ཆ་རྟོགས་པར་བྱ་བའི་ཕྱིར། བསྙད་ཅེས་བྱ་བའི་ཐ་ཚིག་གོ། །ཉེ་བར་སྦྱོར་བ་ནི་དེའི་རིགས་ཀྱི་ཆོས་ལྷག་མ་དེ་དང་འདྲ་བ་ལ་དེའི་ཆོས་སྦྱར་བའི་ཕྱིར་ཚུལ་གྱིས་མཐུན་པར་བསྙད་པའོ་ཞེས་བྱ་བ་ནི་ཇི་ལྟར་བསྒྲུབ་པའི་དོན་ཡན་ལག་གསུམ་གྱིས་བསྒྲུབས་
པ་དེ་བཞིན་དུ། ལྷག་མ་དེ་དང་འདྲ་བ་སྒྲུབ་པ་གྲུབ་པ་རྣམས་ལ་ཡང་སྒྲུབ་པའི་དོན་གྱིས་ཆོས་སྦྱར་བའི་ཕྱིར་རོ། །ཚུལ་གྱིས་མཐུན་པར་བསྙད་ཅིང་རིགས་པ་འདྲ་བར་སྟོན་པ་ནི་ཉེ་བར་སྦྱར་བར་བྱའོ། །མཇུག་སྡུད་པས་ནི་མཐར་ཕྱིན་པར་བསྙད་པའོ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་རིགས་པས་
ལེགས་པར་འཐད་པ་དེའི་ཕྱིར་དེ་ནི་དེ་བཞིན་ནོ་ཞེས་བྱ་བ་དེ་ནི་མཇུག་སྡུད་དུ་རིག་པར་བྱའོ། །དམ་བཅའ་བ་ལ་སོགས་པ་འདི་དག་གི་དཔེར་བརྗོད་པ་ཙམ་འདི་རབ་ཏུ་བསྟན་པར་བྱ་སྟེ། དཔེར་ན་རྩོད་པའི་ཕྱིར་རྒོལ་བ་དང་བཅས་པ་དེ་ལ་བདག་མེད་པར་སྨྲ་བས་བདག་མེད་དོ་ཞེས་བྱ་བའི་
ཚིག་འདི་དམ་བཅའ་བའོ། །ཕུང་པོ་ལ་བདག་ཏུ་འདོགས་པ་ལ་ཉེས་པ་རྣམ་པ་བཞི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིག་ཏེ། བདག་དེ་ལ་འདོགས་ན་ཕུང་པོའི་མཚན་ཉིད་དུའམ། ཕུང་པོ་རྣམས་ལའམ། ཕུང་པོ་རྣམས་ལས་གཞན་པའམ། ཕུང་པོ་མེད་པ་ཞིག་ཏུ་
གདགས་གྲང་ན། དེ་གལ་ཏེ་ཕུང་པོའི་མཚན་ཉིད་ཅེས་བྱར་ནི་ཕུང་པོ་དེ་དག་རང་དབང་མེད་པར་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འཇིག་པའི་ཆོས་ཅན་ཏེ། བདག་དེའི་མཚན་ཉིད་དུ་མི་འཐད་པས་ཉེས་པར་འགྱུར་རོ། །ཇི་སྟེ་ཕུང་པོ་རྣམས་ལ་འདོགས་ན་ནི་དེས་ན་ཕུང་པོ་
མི་རྟག་པ་ལ་བརྟེན་པས་བདག་མི་རྟག་པར་འགྱུར་བའི་ཕྱིར་ཉེས་པར་འགྱུར་རོ། །ཇི་སྟེ་ཕུང་པོ་དག་ལས་གཞན་དུ་འདོགས་ན་ནི་དེས་ན་བདག་ལུས་མེད་ཅིང་སྒྲིམ་མི་དགོས་པའི་ཕྱིར་ཉེས་པར་འགྱུར་རོ། །གལ་ཏེ་ཕུང་པོ་མེད་པར་འདོགས་ན་ནི། རང་བཞིན་གྱིས་གྲོལ་བ་མ་འདྲེས་

པ་ཡིན་པས་ཐར་བར་བྱ་བའི་ཕྱིར་འབད་པ་དོན་མེད་པའི་ཉེས་པར་འགྱུར་རོ། །ད་ལྟར་ལ་འདས་པ་འདོགས་པ་བཞིན་ནོ་ཞེས་བྱ་བ་ནི་དཔེའོ། །འདས་པ་དེ་ཡོད་པའི་མཚན་ཉིད་ཁོ་ནར་འདོགས་པ་ན་དེ་ལྟར་གྱི་མཚན་ཉིད་དུའམ། ད་ལྟར་བྱུང་བའམ། ད་ལྟར་བྱུང་བ་ལས་གཞན་དུའམ།
ད་ལྟར་བྱུང་བ་ལ་མི་ལྟོས་པ་ཞིག་ཏུ་གདགས་གྲང་ན། དེ་གལ་ཏེ་ད་ལྟར་གྱི་མཚན་ཉིད་དུ་འདོགས་ན་ནི་དེས་ན་ད་ལྟར་ནི་བྱུང་ལ་མ་འགགས་པ་ཡིན་པས་དེའི་མཚན་ཉིད་འདས་པ་ཡང་བྱུང་ལ་མ་འགགས་པའི་མཚན་ཉིད་ཀྱིས་ཉེས་པར་འགྱུར་རོ། །ཇི་སྟེ་ད་ལྟར་ལ་འདོགས་ན་དེས་ན་མ་
འགགས་པ་ནི་འགགས་པའི་བདག་ཉིད་དང་འབྲེལ་བར་མི་རུང་བས་ཉེས་པར་འགྱུར་རོ། །ཇི་སྟེ་ད་ལྟར་ལས་གཞན་དུ་འདོགས་ན་ནི་དེས་ན་ད་ལྟར་བོར་ན་དངོས་པོ་དེ་ཅི་ཡང་མི་དམིགས་ཏེ། དེ་ལ་དེ་འདོགས་པ་ཉེས་པར་འགྱུར་རོ། །ཇི་སྟེ་ད་ལྟར་ལ་མི་ལྟོས་ན་ནི་དེས་ན་འདུས་མ་བྱས་ཀྱང་
འདས་པར་འགྱུར་བས་ཉེས་པར་འགྱུར་རོ། །འདས་པ་དེ་ནི་མཚན་ཉིད་ཉམས་པའི་ཕྱིར་མཚན་ཉིད་ཀྱིས་མེད་པར་གྲུབ་བོ། །དེའི་ཕྱིར་ད་ལྟར་ལ་འདོགས་པ་ལ་ཉེས་པ་བཞི་གྲུབ་པ་འདིས། བདག་མེད་པ་མ་གྲུབ་པ་ཡང་ཕུང་པོ་ལ་འདོགས་པ་ལ་ཉེས་པ་རྣམ་པ་བཞི་དམིགས་པའི་ཕྱིར་
མེད་པར་རབ་ཏུ་གྲུབ་བོ། །དེ་ལྟར་བདག་ཏུ་ཕྱིན་ཅི་ལོག་པ་བཀག་ནས་རིག་པ་འདིས་རྟག་པ་ལ་སོགས་པ་ཡང་མེད་དོ་ཞེས་འདྲ་བར་སྟོན་པ་ནི་ཉེ་བར་སྦྱར་རོ། །གང་གི་ཕྱིར་དེ་དེ་ལྟར་ཡིན་པ་དེའི་ཕྱིར་ཕུང་པོ་ལྔ་ནི་མི་རྟག་པ་ནས་བདག་གི་བ་མེད་པའོ་ཞེས་བྱ་བ་ནི་མཇུག་སྡུད་དོ། །མངོན་
སུམ་ནི་རང་གི་དོན་ཡོད་ཅིང་སྣང་ལ་མ་ནོར་བའོ་ཞེས་བྱ་བ་དེ་ལ་རང་གི་དོན་ནི་འདི་ལྟ་སྟེ། མིག་གི་གཟུགས་སོ། །ཡོད་པ་སྨོས་པ་ནི་བུམ་པ་ལ་སོགས་པའི་རྫས་འཇིག་རྟེན་ན་མངོན་སུམ་དུ་གྲགས་པ་རྣམས་མངོན་སུམ་མ་ཡིན་པ་གསལ་བའི་ཕྱིར་ཏེ། བརྟགས་པ་ཙམ་གྱི་ཕྱིར་རོ། །སྣང་བ་སྨོས་
པ་ནི་བསྒྲིབ་པ་ལ་སོགས་པ་མི་དམིགས་པའི་རྒྱུ་རྣམས་ཀྱིས་མི་སྣང་བར་འགྱུར་བའི་ཡུལ་བསལ་བའི་ཕྱིར་རོ། །མ་ནོར་བ་སྨོས་པ་ནི་མགལ་མེ་བསྐོར་བ་དང་། སྒྱུ་མ་དང་། སྨིག་རྒྱུ་ལ་སོགས་པ་བསྩལ་བའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་མངོན་སུམ་གྱི་ལྷག་མ་ལ་ཡིད་ཆེས་པའོ་

ཞེས་བྱ་བ་ལ། མངོན་སུམ་ལས་གཞན་པ་གང་ཡིན་པ་ནི་ལྷག་མཐོང་མངོན་སུམ་མ་ཡིན་པ་སྟེ། ངེས་པར་དེ་དང་ལྷན་ཅིག་གནས་པར་མཐོང་བ་ལ་སྔར་རབ་ཏུ་གྲུབ་པའོ། །མངོན་སུམ་དེ་ལ་དེ་ལྟ་བས་ན་དེ་ལས་གཞན་པ་ལྷག་མ་ལ་འདིར་ནི་འདི་དེ་དང་ལྷན་ཅིག་གནས་
པ་ཡིན་ནོ་ཞེས་ཡིད་ཆེས་པར་འགྱུར་བ་དེ་མངོན་སུམ་སྔོན་དུ་སོང་བའི་རྗེས་སུ་དཔག་པ་སྟེ། དཔེར་ན་དུ་བ་མཐོང་བ་ལ་མེ་ལྟ་བུའོ། །ཡིད་ཆེས་པའི་ལུང་ནི་དེ་གཉི་ག་དང་མི་འགལ་བར་སྟོན་པ་སྟེ། ཉེ་བར་བསྟན་པ་གང་ལ་མངོན་སུམ་དང་རྗེས་སུ་དཔག་པ་དེ་རྣམ་པ་ཐམས་ཅད་དུ་
འགལ་བ་མེད་ཅིང་འཁྲུལ་པ་མེད་པ་སྟེ། ཡིད་ཆེས་པའི་ལུང་ནི་ཡིད་ཆེས་པར་བྱེད་པའི་ཕྱིར་རོ། །སྨྲ་བའི་རྒྱན་ནི་གང་དང་ལྡན་ན་སྨྲ་བ་སྨྲ་བར་བྱེད་པའི་ཚེ་ཤིན་ཏུ་མཛེས་པའོ། །དེ་ཡང་བདག་དང་གཞན་གྱི་གཞུང་ལུགས་ཤེས་པ་ལ་སོགས་པ་སྟེ། དེ་ལ་བདག་དང་གཞན་གྱི་གཞུང་
ལུགས་ཤེས་པ་ནི་རང་གི་གྲུབ་པའི་མཐའ་དང་གཞན་གྱི་གྲུབ་པའི་མཐའ་ལས་བརྩམས་ཏེ། ཚིག་དང་དོན་སྔ་ཕྱི་རྒྱུན་ཆགས་པར་རྣམ་པར་སྟོན་པར་ལྕོགས་པའོ། །ཚིག་ཟུར་ཕྱིན་པ་ཕུན་སུམ་ཚོགས་པ་ནི་སྒྲ་སྨྲ་བ་འོག་ནས་འབྱུང་བའི་གཏམ་གྱིས་ཉེས་པ་ལས་བཟློག་པ་སྟེ། ཅལ་
ཅོལ་ལ་སོགས་པ་མེད་པའི་ཕྱིར་རོ། །མི་འཇིགས་པ་ནི་དུ་མ་བཙུན་པ་དང་མངོན་པར་ཞེན་པ་ཅན་མཁས་པ་དག་འདུས་པར་སྨྲ་ཞིང་། བག་ཚ་བ་མེད་པ་ལ་འཛེམ་པ་མེད་པའོ། །བརྟན་པ་ནི་ཕྱིར་རྒོལ་བའི་ཚིག་མཇུག་ཏུ་ཕྱིན་པར་བསྡད་ནས་ཡིད་དལ་དུ་སྨྲ་བའོ། །མཐུན་པར་བྱེད་པ་
ནི་རང་བཞིན་གྱིས་བཟང་བས་གཟུ་བོ་དང་ཕྱིར་རྒོལ་བའི་སེམས་དང་མཐུན་པའོ། །སྨྲ་བ་ཆད་པས་བཅད་པ་ནི་གང་གིས་སྨྲ་བ་ཆད་པས་བཅད་ཅེས་བྱ་བ་སྟེ། དེ་ཡང་གཏམ་རྗེས་བཅད་པ་ལ་སོགས་པའོ། །དེ་ལ་གཏམ་རྗེས་བཅད་པ་ལ་ནི་བདག་གི་ནི་མ་ལེགས་སོ། །ཁྱོད་ཀྱི་
ནི་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་རང་དང་གཞན་གྱི་སྨྲ་བའི་སྐྱོན་དང་ཡོན་ཏན་ཁས་བླང་བའོ། །གཏམ་འཕྲོ་ལུས་པ་ནི་གཞན་ནས་གཞན་དུ་བརྒྱུད་པ་ལ་སོགས་པས་བསྐལ་པའོ། །གཏམ་གྱི་ཉེས་པ་ནི་ཅལ་ཅོལ་ལ་སོགས་པའི་ཚིག་གོ། །དེ་ལ་ཅལ་ཅོལ་

ནི་གང་སྐབས་བོར་ཏེ། གཏམ་སྣ་ཚོགས་རྒྱས་པར་བྱེད་པའོ། །འཁྲུགས་པ་ནི་གང་ཁྲོས་པས་གཡེང་བ་དང་། དགའ་བས་གཡེང་བའོ། །བརྡ་ཕྲད་དུ་མི་རུང་བ་ནི་གང་ཆོས་དང་དོན་འཁོར་དང་ཕྱིར་རྒོལ་བ་རྣམས་ཀྱིས་མ་ཟིན་པའོ། །རན་པ་མ་ཡིན་པ་ནི་གང་ཚིག་ལྷག་མ་དང་ཟློས་པ་དང་
ཉུངས་པའོ། །དོན་དང་ལྡན་པ་མ་ཡིན་པ་ནི་དེ་རྣམ་པ་ལྔར་བལྟ་བར་བྱ་སྟེ། དོན་མེད་པ་དང་། དོན་དང་བྲལ་བ་དང་། རིགས་པ་དང་བྲལ་བ་དང་། སྒྲུབ་པར་མཚུངས་པ་དང་ལྟག་ཆོད་དང་ལྡན་པ་སྟེ། དོན་མི་དམིགས་པའི་ཕྱིར་རོ། །དོན་དང་མ་འབྲེལ་པའི་ཕྱིར་རོ། །མ་ངེས་པའི་
ཕྱིར་རོ། །གྲུབ་པ་ཡང་བསྒྲུབ་དགོས་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པ་དང་། ཚོགས་པར་འབྱུང་བ་མ་ཡིན་པ་དང་། སྨྲ་བ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །དུས་ཚིགས་མ་ཡིན་པར་སྨྲ་བ་ནི་གང་སྔར་སྨྲ་བར་བྱ་བ་དེ་ཕྱིས་སྨྲ་བ་དང་། ཕྱིས་སྨྲ་བར་བྱ་བ་དེ་སྔར་སྨྲ་བར་བྱའོ། །
མི་རྟག་པ་ནི་གང་དམ་བཅས་ནས་སྨོད་པ་དང་། སྨད་ནས་ཡང་དམ་འཆའ་བ་དང་། མྱུར་ཆེས་པས་ཧ་ཅང་རྟབ་རྟབ་པོར་གྱུར་ཏེ་མི་གསལ་བའོ། །ཚིག་མི་གསལ་བ་ནི་གང་སྒྲའི་མཚན་ཉིད་དང་འགལ་བ་དང་། ཕྱིར་མ་བཟླས་པར་ལེན་སྨྲས་པ་དང་། ལེགས་པར་སྦྱར་བ་ལས་བརྩམས་
ཏེ། ཐ་མལ་པས་མཐར་ཕྱུང་བ་དང་། ཐ་མལ་པ་ལས་བརྩམས་ཏེ་ལེགས་པར་སྦྱར་བས་མཐར་ཕྱུང་བའོ། །ཚིག་རྒྱུན་ཆགས་པ་མ་ཡིན་པ་ནི། གང་བར་སྐབས་སུ་ཚིག་དང་སྤོབས་པ་ཐོགས་པ་དང་རྒྱུན་ཆད་པའོ། །སྨྲ་བ་ལས་བྱུང་བ་ནི་གང་གིས་སྨྲས་པ་ལས་བྱུང་བ་སྟེ། སྨྲ་བའི་
ཡོན་ཏན་དང་ཉེས་པ་བརྟགས་ནས་མི་བྱེད་པས་འབྱུང་བ་ནི་ཆད་པའི་གནས་སུ་མི་འགྱུར་བའི་ཕྱིར་རོ། །བྱེད་པས་འབྱུང་བ་ནི་ལྕོགས་པའི་ཕྱིར་རོ། །དེ་ལ་ཕྱིར་རྒོལ་བ་སྣོད་མ་ཡིན་པ་ནི་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་གཞག་པར་མི་ནུས་པའོ། །འཁོར་ཡོན་
ཏན་མེད་པ་ནི་ཚོགས་པ་རུང་བ་མ་ཡིན་པ་དང་། མངོན་པར་ཞེན་པ་ཅན་དང་། ཕྱོགས་སུ་ལྷུང་བ་ལ་སོགས་པའོ། །བདག་ཀྱང་མི་མཁས་པ་ནི་སྨྲ་བ་ནས་སྨྲ་བའི་རྒྱན་གྱི་བར་ལ་མ་བྱང་བའོ། །དེ་ལས་བཟློག་པ་ནི་འཁོར་སྣོད་དུ་གྱུར་པ་ལ་སོགས་པར་རིག་པར་བྱའོ། །སྨྲ་བ་ལ་གཅེས་སྤྲས་

བྱེད་པའི་ཆོས་རྣམས་ནི་གང་དག་སྨྲ་བ་རྣམས་ལ་གདོན་མི་ཟ་བར་དགོས་པ་སྟེ། འདི་ལྟར་གཞན་གྱི་གཞུང་ལུགས་ལ་མཁས་པ་ནི་སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་ཏེ། དེས་གཏམ་གྱི་གཞི་ཐམས་ཅད་དུ་སྨྲ་བར་བྱེད་དོ། །ལྷག་མ་རྣམས་ནི་གོ་སླ་བས་མ་
བཤད་དོ། །དགེ་བའི་ཕྱོགས་ལ་བརྩོན་པ་ཞེས་བྱ་བ་གསུངས་ནས་ནན་ཏན་སྙིང་པོར་བྱེད་པ་ཞེས་བཀའ་སྩལ་པ་ནི་བསམ་པ་རྣམ་པར་དག་པ་བསྟན་པའི་ཕྱིར་ཏེ། རྙེད་པ་དང་བཀུར་སྟི་ལ་སོགས་པའི་རྒྱུར་ཐོས་པ་ལ་སོགས་པ་དགེ་བའི་ཕྱོགས་ལ་བརྩོན་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །
སེམས་ཅན་བསྡུས་པ་ནི་ཉན་ཐོས་ལ་སོགས་པ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་ཏེ། གཞན་ལ་ཕན་པར་སྒྲུབ་པ་ལྷུར་ལེན་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བདག་ལ་ཕན་པ་དང་། གཞན་ལ་ཕན་པར་ཞུགས་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་
ཞེས་བྱ་བ་འདི་ནི་ཚིག་འདི་དག་གི་མཚམས་སྦྱར་བར་རིག་པར་བྱའོ། །མི་རྩོད་པར་སྨྲ་བར་བྱེད་དུ་ཟིན་ཀྱང་ཐེག་པ་ཆེན་པོའི་ཆོས་ནི་རང་བཞིན་གྱིས་ཟབ་པའི་ཕྱིར་ཀུན་ཤེས་པ་དཀོན་ན་རྩོད་པས་ལྟ་སྨོས་ཀྱང་ཅི་དགོས། གང་དག་དང་ལྷན་ཅིག་ཏུ་རྩོད་པས་སྨྲ་བར་བྱ་བའི་ཕྱིར། སྨྲ་བ་དེ་དག་ཀུན་
ཤེས་པར་བྱ་བའི་བསམ་པས་ཕྱིར་སྨྲ་བ་མ་ཡིན་གྱི་སྐྱོན་གདགས་པའི་བསམ་པས་སོ། །གཟུ་བོ་གང་དག་གི་མདུན་དུ་དེ་སྨྲ་བར་བྱ་བའི་ཚོགས་དེ་དག་ཀྱང་རུང་བ་མ་ཡིན་ཞིང་བྱ་བ་མ་ཡིན་པའམ། མངོན་པར་ཞེན་པ་ཅན་དག་གོ། །སྨྲ་བར་བྱ་བ་ཐམས་ཅད་ཀྱང་ཕལ་ཆེར་ཉེས་པ་དྲུག་
དང་ལྡན་པ་ཡིན་ཏེ། འདི་ལྟར་སྨྲ་བར་བྱེད་པ་ན་ཡང་རེས་འགའ་བྱུང་རྒྱལ་དུ་ཕྱོགས་ངན་པ་ཡང་ཡོངས་སུ་བཟུང་ནས་མངོན་པར་ཞེན་པ་དང་། ཚིག་དོར་དང་ལྟག་ཆོད་དང་། ཆད་པའི་གནས་རྣམས་ལ་ཡང་སྦྱོར་བ་དང་། ཚིག་མཇུག་ཏུ་ཕྱིན་ཕྱིན་དུ་མི་སྡོད་པར་དུས་མ་ཡིན་པར་སྨྲ་
བར་རྩོམ་པ་དང་། ཕྱིར་རྒོལ་བས་ལེགས་པར་སྨྲས་ཀྱང་ཁྱད་དུ་གསོད་དེ་སྨོད་ཅེས་བྱ་བའི་ཐ་ཚིག་གོ། །ཚིག་བརླང་པོ་ཡང་སྨྲ་བ་སྟེ། དེས་ཕྱིར་རྒོལ་བ་ལ་སོགས་པའི་སེམས་འཁྲུགས་པར་བྱེད་པ་དང་བདག་ཀྱང་དེ་དག་ལ་སེམས་འཁྲུགས་པ་ཞེས་བྱ་བའི་ཉེས་པ་འདི་དྲུག་དང་ལྡན་པ་

ཡིན་ནོ། །ཉེ་བར་ཞི་བ་ནི་སྨྲ་བ་དཀོན་ནོ། །ཉེ་བར་མ་ཞི་བ་ལ་ནི་གང་གིས་གཞན་དད་པ་ཐོབ་པར་འགྱུར་བ་དང་། རྣམ་པར་གྲོལ་བའི་གནས་དང་ལྡན་པ་དང་། རང་གི་སེམས་མཉམ་པར་འཇོག་པར་འགྱུར་བ་དང་། གཞན་གྱི་སེམས་བསྲུང་བ་དང་། རང་གི་སེམས་བསྲུང་བ་གཉི་ག་དཀོན་
ནོ། །སྨྲ་བ་ཕལ་ཆེར་ནི་ཇི་ལྟར་ན་བདག་རྒྱལ་བར་འགྱུར་ཞིང་ཕ་རོལ་ཕམ་པར་འགྱུར་སྙམ་པའི་སེམས་དེ་ཀུན་དུ་འབྱུང་ངོ་། །དེ་ཡོད་ན་ཡོངས་སུ་གདུང་བའི་སྡུག་བསྔལ་གྱིས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །དེ་ཡོད་ན་བདེ་བ་ལ་གནས་པར་མི་འགྱུར་རོ། །དེའི་ཕྱིར་རྒྱུན་མི་ཆད་པར་
དགེ་བའི་ཕྱོགས་ལ་སྦྱོར་བར་མི་ནུས་སོ། །དེའི་ཕྱིར་ཁྱད་པར་ཐོབ་པར་བྱ་བ་ལ་མ་ཐོབ་པས་ཡོངས་སུ་ཉམས་པར་འགྱུར་རོ། །ཕ་དང་མ་ནི་བསད་བྱས་ཤིང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ནི་འཇིག་རྟེན་ན་གང་ཤིན་ཏུ་ཁ་ན་མ་ཐོ་བ་སྡིག་ཏོར་རྩི་བ་དེ་བརྗོད་པའི་ཡི་གེ་རྣམས་རྣམ་པར་
དག་པར་ཡོངས་སུ་བསྒྱུར་བའོ། །འཇིག་རྟེན་ན་ཤིན་ཏུ་ཁ་ན་མ་ཐོ་བར་གྲགས་པ་ནི་སྐྱེ་བོ་བླ་མ་བསད་པ་དང་། སྐྱེ་བོ་ཆེན་པོ་བསད་པའོ། །སྐྱེ་བོ་བླ་མ་དེ་ཡང་རྣམ་པ་གཉིས་ཏེ། སོ་སོར་ངེས་པ་དང་། འཇིག་རྟེན་དང་ཐུན་མོང་བའོ། །འཇིག་རྟེན་དང་ཐུན་མོང་བ་ལ་ཡང་
རྣམ་པ་གཉིས་ཏེ། ཡོངས་སུ་སྐྱོང་བར་བྱེད་པ་དང་། སྦྱིན་གནས་སོ། །དེ་ལ་སོ་སོར་ངེས་པའི་སྐྱེ་བོ་བླ་མ་ནི་ཕ་དང་མའོ། །སྐྱོང་བར་བྱེད་པ་ནི་རྒྱལ་པོའོ། །སྦྱིན་གནས་ནི་བྲམ་ཟེ་གཙང་སྦྲ་ཅན་རྣམས་ཏེ། དེ་དག་ནི་ཤིན་ཏུ་དག་པར་གྲགས་པའི་ཕྱིར་རོ། །དེ་དག་ཐམས་ཅད་བསད་ན་ནི་སྐྱེ་བོ་བླ་མ་
བསད་པ་ཞེས་བྱའོ། །སྐྱེ་བོ་ཆེན་པོ་བསད་པ་ནི་ཡུལ་འཁོར་འཁོར་དང་བཅས་བཅོམ་ནས་ཞེས་བྱ་བའོ། །འཁོར་ནི་བ་ལང་དང་། རྟ་དང་། རྔ་མོ་དང་། མ་ཧེ་ལ་སོགས་པར་རིག་པར་བྱའོ། །ཇི་ལྟར་ཡི་གེ་འདི་དག་དག་པར་ཡོངས་སུ་བསྒྱུར་ཞེ་ན། མ་ལ་སོགས་པ་བསད་པའི་ཚིག་ནི་
སྲེད་པ་ལ་སོགས་པ་སྤོང་བར་ཡོངས་སུ་བསྒྱུར་བའི་ཕྱིར་ཏེ། གོ་རིམས་བཞིན་དུ་སྲེད་པ་དང་། ལས་ཀྱི་སྲེད་པ་དང་། ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་གཉིས་དང་། སྐྱེ་མཆེད་དྲུག་སྤྱོད་ཡུལ་

དང་བཅས་པའི་དབང་དུ་བྱས་ནས། མ་ལ་སོགས་པར་བལྟ་བར་བྱ་སྟེ། དེ་དང་འདྲ་བའི་ཕྱིར་རོ། །དེ་ལ་སྲེད་པ་ནི་མངོན་པར་གྲུབ་པའི་རྒྱུའོ། །ལས་ཀྱི་སྲིད་པ་ནི་སྐྱེ་བའི་རྒྱུ་སྟེ། དེ་ནི་བསྒོམ་པའི་བག་ཆགས་སྐྱེད་པའི་ཚུལ་གྱིས་ཕ་ལྟ་བུར་བལྟ་བར་བྱའོ། །
རྒྱུ་འདི་གཉིས་ལས་ནི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་འབྱུང་ངོ་། །དེ་དེ་ལྟར་བྱུང་ན་ཐར་པ་འདོད་དུ་ཟིན་ཀྱང་མཆོག་ཏུ་དག་པར་ཡིད་ཆེས་པར་བྱེད་པའི་མཆོག་ཏུ་འཛིན་པ་གཉིས་ཐར་པ་ཐོབ་པ་ལ་གེགས་བྱེད་དོ། །འདི་གཉིས་གཙང་སྦྲ་ཅན་དང་འདྲ་བ་ནི་འདི་ལྟ་བུར་རིག་
པར་བྱ་སྟེ། འདི་ལྟར་མཆོག་དང་འདག་པར་མངོན་པར་ཞེན་པའོ། །རྣམ་པར་ཤེས་པ་དེའི་གནས་དང་དམིགས་པའི་དངོས་པོས་སྐྱེ་མཆེད་དྲུག་སྤྱོད་ཡུལ་དང་བཅས་པར་རིག་པར་བྱའོ། །ཡིད་མི་ཆེས་དང་བྱས་མི་གཟོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ནི། དོན་ངན་པ་བརྗོད་པའི་ཡི་གེ་
རྣམས་མཆོག་གི་དོན་དུ་ཡོངས་སུ་བསྒྱུར་བའོ། །འཇིག་རྟེན་ན་ངན་པ་རྣམ་པ་བཞི་སྟེ། ཡིད་ཀྱི་ལས་ངན་པ་དང་། ལུས་ཀྱི་ལས་ངན་པ་དང་། ངག་གི་ལས་ངན་པ་དང་། ལོངས་སྤྱོད་ངན་པའོ། །ཡིད་ཀྱི་ལས་ངན་པ་ཡང་རྣམ་པ་གཉིས་ཏེ། དགེ་བ་ལ་འཇུག་པ་དང་། མི་མཐུན་པས་ཡིད་མི་
ཆེས་པ་སྟེ། །འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་ཡིད་མི་ཆེས་པས། སྦྱིན་པ་ལ་སོགས་པ་ལ་མི་སྦྱོར་བའི་ཕྱིར་རོ། །མི་དགེ་བ་ལ་འཇུག་པ་དང་། མཐུན་པས་བྱས་པ་མི་གཟོ་བ་སྟེ། སྔོན་ཕན་བཏགས་པ་ལ་མི་ལྟ་བར་མ་གསོད་པ་ལ་སོགས་པས་ཉེས་པར་སྤྱོད་པ་ལ་ཡང་མི་འདོགས་པའི་ཕྱིར་
རོ། །ལུས་ཀྱི་ལས་ངན་པ་ནི་ཁྱིམ་འབིགས་པའི་རྐུན་པོ་སྟེ། འཚོ་བ་ཤིན་ཏུ་སྨད་པའི་ཕྱིར་རོ། །ངག་གི་ལས་ངན་པ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་ལྷུར་ལེན་པ་སྟེ། དེ་ལྟ་བུ་དང་ལྡན་པ་ནི་ཚོགས་པ་ལ་སོགས་པའི་ནང་དུ་འཇུག་ཏུ་མི་རུང་བའི་ཕྱིར་རོ། །ལོངས་སྤྱོད་ངན་པ་ནི། ཁྱི་དང་།
བྱ་རོག་དང་། ཡི་དགས་ལ་སོགས་པ་སྟེ། སྐྱུགས་པ་ཟ་བའི་ཕྱིར་རོ། །ཇི་ལྟར་ཡི་གེ་འདི་དག་མཆོག་གི་དོན་དུ་ཡོངས་སུ་བསྒྱུར་ཞེ་ན། ཡིད་མི་ཆེས་པ་ལ་སོགས་པའི་ཚིག་རྣམས་ནི་དགྲ་བཅོམ་པར་ཡོངས་སུ་བསྒྱུར་བའི་ཕྱིར་རོ། །དེ་ལ་ཡིད་མི་ཆེས་པ་ནི་རྣམ་པར་གྲོལ་བའི་

ཡེ་ཤེས་མཐོང་བ་དང་ལྡན་པས་རང་གི་ཡིད་ཆེས་པའི་ཕྱིར་རོ། །བྱས་པ་མི་གཟོ་བ་ནི་འདུས་མ་བྱས་པ་མྱ་ངན་ལས་འདས་པ་ཤེས་པའི་ཕྱིར་རོ། །ཁྱིམ་འབིགས་པར་བྱེད་པ་ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་རྒྱུ་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །གོ་སྐབས་བཅོམ་ཞེས་བྱ་བ་ནི། ཕྱི་མ་ལ་འགྲོ་
བ་ཐམས་ཅད་དུ་སྡུག་བསྔལ་མངོན་པར་མི་འགྲུབ་པའི་ཕྱིར་རོ། །སྐྱུགས་པ་ཟ་བ་ནི་མཐོང་བའི་ཆོས་ལ་ཡོ་བྱད་ཀྱི་སྟོབས་ཀྱིས་ལུས་འཛིན་ཀྱང་ལོངས་སྤྱོད་དང་སྲོག་ལ་རེ་བ་མེད་པའི་ཕྱིར་རོ། །སྙིང་པོ་མེད་ལ་སྙིང་པོར་ཤེས། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིའི་དོན་སྔ་མ་བཞིན་དུ་བཤད་པར་
བྱའོ། །འདིའི་ལུས་ནི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལ་བརྟེན་ནས་མཐོང་བ་དང་། བསྒོམ་པའི་ལམ་གཉིས་ཀྱིས་བྱང་ཆུབ་ཆེན་པོ་ལ་རེག་པའོ། །སེར་སྣའི་ཆོས་ཉིད་འཕེལ་བར་བྱེད་པ་ནི་བག་ཆགས་དང་བཅས་པའི་སེམས་སེར་སྣའི་བག་ལ་ཉལ་སྤངས་པས་དེའི་དེ་བཞིན་ཉིད་གནས་གྱུར་
པ་མངོན་དུ་བྱེད་པའི་ཕྱིར་རོ། །སྦྱིན་པས་ཡོངས་སུ་སྐྱོ་བ་ནི་ཡུན་རིང་པོར་སྦྱིན་པའི་རྒྱུ་མཆོག་ཏུ་བྱ་དཀའ་བས་ངལ་བར་བྱ་བ་ཁས་བླངས་པའི་ཕྱིར་རོ། །སློང་བ་ལ་ཚིག་པ་ཟ་བ་ནི་རང་གིས་ལེན་པར་འདོད་པས་སློང་བ་དང་མི་མཐུན་པའི་ཕྱིར་རོ། །རེས་འགའ་ནི་ཅི་ཡང་སྦྱིན་པར་མི་བྱེད་
པ་ནི་དངོས་པོ་ཐམས་ཅད་རྟག་ཏུ་སྦྱིན་པའི་ཕྱིར་རོ། །སྦྱིན་པ་ལས་རིང་དུ་གྱུར་པ་ནི་ཉེ་བ་ལ་སྦྱིན་པ་ལ་སོགས་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཚངས་པར་སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་ལམ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །འཁྲིག་པ་ལས་གཞན་དུ་
འཁྲིག་པས་ངེས་པར་འབྱུང་བ་མི་འཚོལ་བ་ནི་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་སྤོང་བའི་ཕྱིར་རོ། །དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི། དེའི་དེ་བཞིན་ཉིད་རབ་ཏུ་རྟོགས་པར་རིག་པར་བྱའོ། །འཁྲིག་པ་སྤོང་བ་ལ་གཡེང་བ་ནི་མི་ཚངས་པར་
སྤྱོད་པ་སྤོང་བའི་ཐབས་ལ་རྟོག་པའི་ཕྱིར་རོ། །འཁྲིག་པའི་འདོད་ཆགས་སྐྱེས་པ་དང་དུ་ལེན་པ་ནི། འདོད་པ་ལ་འདོད་ཆགས་ནང་དུ་སྐྱེས་པ་ཕྱི་རོལ་དུ་སྤོང་བའི་ཕྱིར་རོ། །འཁྲིག་པའི་གཉེན་པོའི་ཆོས་ཀྱིས་སྐྲག་པ་ནི་དེའི་གཉེན་པོའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་བསྒྲལ་བའི་

དོན་དུ་རྩོལ་བའི་ཕྱིར་རོ། །རྒྱུན་མི་འཆད་པར་གཉིས་ཀྱིས་གཉིས་སྦྱོར་བ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་གཉིས་ལ་སྙོམས་པར་འཇུག་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་ཀྱིས་
འབྲས་བུ་དང་རྒྱུའི་བྱེ་བྲག་གིས་བདེན་པ་བཞིའི་བདག་ཉིད་དུ་གྱུར་པའི་དོན་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །བསྟན་བཅོས་འདི་ཅིའི་ཕྱིར་ཆོས་མངོན་པ་ཀུན་ལས་བཏུས་པ་ཞེས་བྱ་བར་མིང་བཏགས་ཤེ་ན། ངེས་པའི་ཚིག་གི་
ཚུལ་གྱིས་རྟོགས་ནས་བསྡུས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ཁོ་ན་ཉིད་མངོན་པར་རྟོགས་ཤིང་ཁོང་དུ་ཆུད་ནས་མདོར་བསྡུས་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་ལས་བཏུས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་མངོན་པའི་མདོ་རྣམས་ལས་ཏེ། བསམ་པའི་གནས་ཐམས་ཅད་བསྡུས་པའི་
ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པར་མཐོ་བའི་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་སངས་རྒྱས་ཉིད་ཀྱི་བར་དུ་ཐོབ་པར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ། སློབ་དཔོན་ཆེན་པོ་རྒྱལ་བའི་སྲས་ཀྱིས་མཛད་པ་
རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ས་མུཙྪ་ཡ་བྱཱ་ཁྱཱ་ནཱ་མ། བོད་སྐད་དུ། མངོན་པ་
ཆོས་ཀུན་ནས་བཏུས་པའི་རྣམ་པར་བཤད་པ་ཞེས་བྱ་བ། འཕགས་པ་གསུང་གི་དབང་པོ་ལ་ཕྱག་འཚལ་ལོ། །རྟོགས་པ་ངེས་གནས་དྲི་མེད་དོན། །གང་སྤྱོད་རྒྱ་མཚོའི་ཕ་རོལ་གཤེགས། །ཆོས་ཀུན་དབང་ཕྱུག་བསམ་མི་ཁྱབ། །འདུལ་བའི་ཐབས་ཀྱིས་འདྲེན་པ་ཅན། གཞལ་མེད་ལེགས་གྱུར་
ཡོན་ཏན་ནི། །རང་དང་གཞན་དོན་གཉིས་ལ་བརྟེན། །སངས་རྒྱས་ཆོས་དང་འཕགས་པ་ཡི། །ཚོགས་ལའང་དེ་ཕྱིར་ཕྱག་འཚལ་ལོ། །མདོ་སྡེ་རྣམ་པར་བཤད་པའི་ཚིག །བསྟན་བཅོས་གང་གིས་ཡང་དག་བསྡུ། །རྣམ་པར་དབྱེ་བ་རྣམས་ཀྱང་སྟེ། །རྟོགས་པར་དཀའ་རྣམས་ཡང་དག་དགྲོལ། །

ཚིགས་སུ་བཅད་པ་འདི་དག་གིས་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་རྒྱ་ཆེར་བཤད་པ་རྣམས་ཉེ་བར་བསྡུས་ཏེ་ཕྱག་མཛད་པ་དང་། མདོ་སྡེའི་རྣམ་པར་བཤད་པ་བྱེད་པ་པོར་མཛད་དེ། ཇི་ལྟར་འབྱུང་བ་དང་གང་མཛད་པ་རྣམས་བསྟན་བཅོས་གཞན་གྱི་གནས་དེ་རྣམས་ཀུན་ནས་བཏུས་པའི་ཕྱིར་རོ། །
དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་ལ་སོགས་པའི་ཆོས་བསྟན་པ་ཀུན་ལ་བརྟེན་པ་དང་། སློབ་དཔོན་རང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་བཞིན་དེའི་སྟོབས་ཀྱིས་དེ་མ་ཐག་པར་བསྟོད་པ་ལ་རབ་ཏུ་
ཞུགས་ཏེ། དེའི་རྣམ་པ་འདིར་བསྟན་པས་འཕགས་པ་སློབ་པའི་སྡེ་ལ་གནས་ཤིང་ཕྱིར་མི་ལྡོག་པའི་ཆོས་ཀྱི་དབྱིངས་ཀྱི་གནས་ཉིད་ཀྱི་རྒྱུ་མཐུན་པའི་ཕྱིར་རོ། །མདོ་སྡེའི་རྣམ་བཤད་མཛད་པ་དག་གིས་བཅོམ་ལྡན་འདས་ཀྱི་ཆེ་བའི་ཡོན་ཏན་གྱི་ཆོས་གཅིག་བསྟན་ནའང་། བློ་ཆུང་བ་རྣམས་
ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རྟོགས་པ་ལ་བརྟེན་ནས་རྗེས་སུ་འཇུག་ཅིང་བསྟན་བཅོས་ལ་སྤྱོད་པའི་ཕྱིར་རོ། །དེ་ལ་དང་པོའི་ཚིགས་སུ་བཅད་པ་གཉིས་པོ་དེ་དག་གིས་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དོན་དྲུག་ཡོངས་སུ་བསྟན་ཏེ། རང་གི་ངོ་བོ་དང་།
རྒྱུ་དང་། འབྲས་བུ་དང་། ཕྲིན་ལས་དང་། སྦྱོར་བ་དང་། འཇུག་པ་རྣམས་སོ། །དེ་ལ་རེ་ཞིག །རྟོགས་པ་ངེས་གནས་དྲི་མེད་དོན། །ཞེས་བྱ་བ་འདིས་ནི་རང་གི་ངོ་བོ་ཡོངས་སུ་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་གནས་པ་ལ་ཡོངས་སུ་ཞུགས་པའི་མཚན་
ཉིད་ཀྱི་ཕྱིར་རོ། །གང་སྤྱོད་རྒྱ་མཚོའི་ཕ་རོལ་གཤེགས། །ཞེས་པ་འདིས་ནི་རྒྱུའི་དོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུའི་སྤྱོད་པ་རྣམ་པ་ཐམས་ཅད་པ་མཐའ་ཡས་པ་དུས་བསྐལ་པ་གྲངས་མེད་པར་ཡོངས་སུ་གོམས་པའི་རྒྱུས་ངེས་པར་འབྱུང་
བའི་ཕྱིར་རོ། །ཆོས་ཀུན་དབང་ཕྱུག་ཅེས་པ་འདིས་ནི་འབྲས་བུའི་དོན་ཏེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མཐའ་ཡས་པ་བཅོམ་པའི་ཕྱིར་དང་ཡོན་ཏན་བླ་ན་མེད་པར་གྱུར་པའི་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ན་ཆོས་ཀུན་ལ་དབང་སྒྱུར་བའི་

ཕྱིར་རོ། །བསམ་མི་ཁྱབ། འདུལ་བའི་ཐབས་ཀྱིས་འདྲེན་པ་ཅན། །ཞེས་པ་འདིས་ནི་ཕྲིན་ལས་ཀྱི་དོན་ཏེ། ཀུན་ཤེས་པས་འདས་པའི་ཡུལ་ཀུན་བརྗོད་པ་དང་། རྫུ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལ་སོགས་པ་དཔག་ཏུ་མེད་པ་འདུལ་བའི་ཐབས་ཀྱིས་བཏུལ་
ཏེ། སེམས་ཅན་གྱི་སེམས་ཀྱི་ཁམས་ཡོངས་སུ་དག་པར་འདུལ་བའི་ཕྱིར་རོ། །གཞལ་མེད་ལེགས་གྱུར་ཡོན་ཏན་ནི། །ཞེས་པ་འདིས་ནི་སྦྱོར་བའི་དོན་ཏེ། རྟོག་པ་དང་དཔྱོད་པ་ལས་ཤིན་ཏུ་འདས་པ་ཡོངས་སུ་ཕན་པའི་རྣམ་པ་མ་ལུས་པས་དཀའ་བ་སྤྱོད་པའི་ངེས་པར་འབྱུང་བ་དང་། བླ་ན་
མེད་པའི་སྙིང་རྗེ་ཆེན་པོ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པའི་ཆོས་དཀོན་མཆོག་ལ་སྦྱོར་བའི་ཕྱིར་རོ། །རང་དང་གཞན་དོན་གཉིས་ལ་བརྟེན། །ཞེས་པ་འདིས་ནི་འཇུག་པའི་དོན་ཏེ། རང་དང་གཞན་གྱི་དོན་གཉིས་ལ་གནས་པའི་མཚན་ཉིད་ཀྱི་ཕྱིར་དང་། ལོངས་སྤྱོད་
རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པའི་སྐུ་རྣམས་ཇི་ལྟར་རིགས་པར་རང་དོན་གཙོ་ཆེ་བ་ལ་བརྟེན་པ་དང་། མཐའ་ཡས་པའི་གཞན་དོན་གཙོ་ཆེ་བ་ཉིད་ལ་བརྟེན་པའོ། །བརྟེན་ཞེས་པ་ནི་སྐུ་སྟོན་ཞེས་པའི་དོན་ཏེ། གཉིས་ལ་བརྟེན་ཞེས་པ་ནི་གཙོ་
ཆེར་སྤྱད་པར་བྱ་བ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་རྣམས་ཀྱི་རང་དོན་གཙོ་ཆེ་བ་སྟེ། འཁོར་གྱི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དེས་ཡོངས་སུ་དགྱེས་པར་ཟབ་མོའི་ཆོས་ཀྱི་ལོངས་སྤྱོད་སོ་སོར་རྗེས་སུ་མྱོང་བའི་ཕྱིར་རོ། གཞན་དོན་གཙོ་ཆེ་བ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
ཐམས་ཅད་དུ་སོ་སོ་ཇི་ལྟ་བར་རང་ཉིད་བཟོའི་ལས་ལ་སོགས་པའི་སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་བྱ་བ་ཀུན་བསྒྲུབ་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱི་སྐུ་དེ་བཞིན་གཤེགས་པ་ཀུན་དང་ཐུན་མོང་བ་ཤིན་ཏུ་ཕྲ་བའི་སྒྲིབ་པ་ཐམས་ཅད་དེ་བཞིན་ཉིད་ཀྱི་གནས་སུ་ཡོངས་སུ་སྒྱུར་བའི་མཚན་ཉིད་ཆོས་
ཀྱི་སྐུ་རང་དོན་གཙོ་ཆེ་བ་མ་ཐོབ་པ་ཐོབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུའི་དབྱེ་བ་རྣམ་པ་གསུམ་ལ་འཇུག་པར་བྱེད་དོ། །བསྟོད་པ་འདི་ཉིད་ཀྱིས་ཆོས་དང་། དགེ་འདུན་གྱི་ཡོན་ཏན་ཀྱང་བཤད་པར་རིག་པར་བྱ་སྟེ། རང་གི་ངོ་བོ་དང་། རྒྱུ་དང་། འབྲས་བུའི་

དོན་བཟུང་ནས་ཆོས་དཀོན་མཆོག་གིའོ། །དེ་སློབ་པ་དང་། མི་སློབ་པའི་ངེས་པར་འབྱུང་བའི་ཕྱིར་དགེ་འདུན་དཀོན་མཆོག་གིའོ། །སློབ་མ་རྣམས་ཀྱིས་རྟོགས་སླ་བའི་དོན་དུ་བསྟན་བཅོས་ཀྱི་ལུས་རྣམ་པར་གཞག་པའང་མཛད་དེ། དུ་དང་ཅིའི་ཕྱིར་ཉེར་ལེན་རྣམས། །མཚན་ཉིད་དེ་ཡི་གནས་
རྣམས་ཏེ། །གོ་རིམས་དོན་དང་དཔེར་དབྱེ་དང་། །བསྡུས་པ་ལ་སོགས་བཞི་པོ་ནི། །བསྡུས་པས་སྦྱོར་དང་ལྡན་དེ་ཉིད། །རྣམ་པར་ངེས་དང་དབྱེ་བ་བཞི། །བདེན་དང་ཆོས་ཐོབ་ཡང་དག་གཏམ། །རྣམ་པར་ངེས་པའི་དབྱེ་བ་སྟེ། །ཀུན་ནས་བཏུས་པའི་སྤྱི་སྡོམ་མོ། །ཅིའི་ཕྱིར་བསྟན་བཅོས་
འདི་བརྩམས་ཤེ་ན། །ཕུང་པོ་ལ་སོགས་པ་ལས་བརྩམས་ཏེ། དུ་དང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསམ་པའི་གནས་རྣམས་ལ་མཁས་པར་བྱ་བའི་ཕྱིར་བརྩམས་སོ། །འདི་ལྟར་མཁས་པ་འདིས་ནི་ཕན་ཡོན་རྣམ་པ་གཉིས་ཐོབ་སྟེ། ཡིད་ལ་བྱེད་པའི་ཕན་ཡོན་དང་། ཡང་དག་པའི་གཏམ་
གཏན་ལ་འབེབས་པའི་ཕན་ཡོན་ནོ། །དེ་ལ་ཡིད་ལ་བྱེད་པའི་ཕན་ཡོན་ནི། ཞི་གནས་ཀྱི་རྗེས་སུ་མཐུན་པ་དང་། ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པར་རིག་པར་བྱའོ། །ཞི་གནས་ཀྱི་རྗེས་སུ་མཐུན་པ་ནི། གནས་འདི་དག་ལའང་མཁས་པར་བྱས་པ་ན། ཐེ་ཚོམ་མེད་པས་ཇི་ལྟར་དམིགས་
པ་ལ་སེམས་རྩེ་གཅིག་པའི་ཚུལ་གྱིས་བདེ་བར་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པ་ནི། རྣམ་པ་མང་པོར་ཤེས་བྱ་ཡོངས་སུ་བརྟགས་པས། ཤེས་རབ་ཁྱད་ཞུགས་པར་འགྲོ་བའི་ཕྱིར་རོ། །ཡང་དག་པའི་གཏམ་གཏན་ལ་འབེབས་པའི་
ཕན་ཡོན་ནི། གནས་འདི་དག་ལ་མཁས་པས་འདྲི་བ་ཐམས་ཅད་ལུང་སྟོན་པའི་མཐུ་དང་ལྡན་པས་མི་འཇིགས་པ་ཐོབ་པར་བལྟའོ། །ཕུང་པོ་རྣམས་ནི་དུ། ཁམས་རྣམས་ནི་དུ། སྐྱེ་མཆེད་རྣམས་ནི་དུ། ཕུང་པོ་རྣམས་ནི་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་
ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །ཁམས་རྣམས་ནི་བཅོ་བརྒྱད་དེ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་

པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་།
ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་རྣམས་ནི་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་
དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དོ། །ཅིའི་ཕྱིར་ཕུང་པོ་རྣམ་པ་ལྔ་ཁོ་ན། བདག་གི་དངོས་པོ་རྣམ་པ་ལྔ་འབྱུང་བ་ཉེ་བར་ལེན་པའི་ཕྱིར་ཏེ། བདག་གི་དངོས་པོ་ལུས་ཡོངས་སུ་གཟུང་བ་དང་བཅས་
པ་འབྱུང་བ་ཉེ་བར་ལེན་པའི་ཕྱིར་དང་། བདག་གི་དངོས་པོ་ཉེ་བར་ལོངས་སྤྱོད་པ་འབྱུང་བ་ཉེ་བར་ལེན་པའི་ཕྱིར་དང་། བདག་གི་དངོས་པོ་ཐ་སྙད་འབྱུང་བ་ཉེ་བར་ལེན་པའི་ཕྱིར་དང་། བདག་གི་དངོས་པོ་ཆོས་དང་ཆོས་མ་ཡིན་པར་འབྱུང་བ་ཉེ་བར་ལེན་པའི་ཕྱིར་དང་། བདག་གི་དངོས་པོ་
དེ་རྣམས་ཀྱི་རྟེན་འབྱུང་བ་ཉེ་བར་ལེན་པའི་ཕྱིར་རོ། །བདག་གི་དངོས་པོ་རྣམ་པ་ལྔ་འབྱུང་བ་ཉེ་བར་ལེན་པའི་ཕྱིར་ཏེ་ཞེས་བྱ་བ་འདི་ལ་རྣམ་པ་བཞི་ནི་བདག་གི་གནས་ཡིན་པས་བདག་གི་དངོས་པོའོ། །ལྔ་པ་ནི་བདག་གི་མཚན་ཉིད་ཁོ་ན་སྟེ། རྟེན་ཡིན་པས་བདག་གི་དངོས་པོར་རིག་པར་
བྱའོ། །ལུས་ཡོངས་སུ་གཟུང་བ་དང་བཅས་པས་ནི་ཕྱི་དང་ནང་གི་གཟུགས་ཀྱི་ཕུང་པོ་བསྡུས་པར་རིག་པར་བྱའོ། །ཚོར་བ་ལ་སོགས་པ་ནི་ཉེ་བར་ལོངས་སྤྱོད་པ་ལ་སོགས་པ་ཉིད་དེ། དེ་དག་གི་མཚན་ཉིད་སྟོན་པར་ཤེས་པར་བྱའོ། །དེ་དག་གི་རྟེན་ནི་བདག་གི་དངོས་པོ་རྣམ་པར་ཤེས་པ་
སྟེ། ལུས་ཡོངས་སུ་གཟུང་བ་དང་བཅས་པ་ལ་སོགས་པ་དེ་དག་གི་རྟེན་ནི་དེ་དག་གི་མཚན་ཉིད་དེ་དངོས་པོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འཇིག་རྟེན་ན་ཕལ་ཆེས་རྣམ་པར་ཤེས་པ་ལ་ནི་བདག་ཏུ་འཛིན་ལ། ལྷག་མ་རྣམས་ལ་ནི་བདག་གིར་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཁམས་རྣམས་

བཅོ་བརྒྱད་ཁོ་ན། ལུས་དང་ཡོངས་སུ་གཟུང་བ་རྣམས་ཀྱིས་འདས་པ་དང་། ད་ལྟར་གྱི་ཉེ་བར་སྤྱོད་པ་རྣམ་པ་དྲུག་འཛིན་པ་ཉེ་བར་ལེན་པའི་ཕྱིར་རོ། །ལུས་དང་ཡོངས་སུ་གཟུང་བ་དག་གིས་ཞེས་བྱ་བ་ནི། མིག་ལ་སོགས་པའི་དབང་པོ་དྲུག་གིས་དང་། གཟུགས་ལ་སོགས་པའི་ཡུལ་དྲུག་
གིས་སོ། །འདས་པ་དང་ད་ལྟར་གྱི་ཉེ་བར་སྤྱོད་པ་རྣམ་པ་དྲུག་ནི་རྣམ་པར་ཤེས་པ་དྲུག་སྟེ། དེ་འཛིན་པ་ནི་རྟེན་དང་དམིགས་པའི་དངོས་པོར་འཛིན་ཏོ། །དབང་པོ་དང་ཡུལ་རྣམས་ཏེ། བཅུ་གཉིས་ནི་དེ་ལྟར་དེ་འཛིན་པའི་ཕྱིར་ཁམས་ཉིད་དོ། །རྣམ་པར་ཤེས་པ་རྣམས་ནི་ཡང་ཉེ་བར་ལོངས་སྤྱོད་པའི་
མཚན་ཉིད་འཛིན་པའི་ཕྱིར་ཁམས་ཉིད་དུ་རིག་པར་བྱའོ། །ཇི་ལྟར་འདས་པ་དང་ད་ལྟར་བྱུང་བའི་དམིགས་པ་ལ་སོགས་པ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་འཛིན་པ་ཅན་ནི་མ་འོངས་པ་ཉིད་དོ། །ཅིའི་ཕྱིར་སྐྱེ་མཆེད་རྣམས་བཅུ་གཉིས་ཁོ་ན། ལུས་དང་ཡོངས་སུ་གཟུང་བ་གཉིས་ཉིད་ཀྱིས་མ་འོངས་
པའི་ཉེར་སྤྱོད་རྣམ་པ་དྲུག་གི་སྒོ་ཉེ་བར་ལེན་པའི་ཕྱིར་རོ། །སྐྱེ་བའི་སྒོ་ཙམ་ཡིན་པའི་ཕྱིར། དབང་པོ་དང་དོན་ཙམ་གཟུང་བས་སྐྱེ་མཆེད་བཅུ་གཉིས་ཁོ་ན་རྣམ་པར་གཞག་པ་ཡིན་ཏེ། ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་རྣམ་པར་ཤེས་པ་དྲུག་གི་སྐྱེ་མཆེད་ནི་མེད་པའི་ཕྱིར་རོ། །ཅིའི་
ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བརྗོད། ཉེ་བར་ལེན་པར་སྦྱོར་བས་དེས་ན་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བརྗོད་དོ། །ཉེ་བར་ལེན་པའི་རྣམ་པ་གང་འདིར་འདུན་པ་དང་། འདོད་ཆགས་ཉིད་ཉེ་བར་ལེན་པ་སྟེ། མ་འོངས་པ་དང་ད་ལྟར་གྱི་ཕུང་པོ་མངོན་པར་འགྲུབ་པ་དང་། ཡོངས་
སུ་མི་གཏོང་བར་ཉེ་བར་ལེན་པའི་ཕྱིར་ཏེ། མ་འོངས་པ་ལ་འདོད་པ་དང་ད་ལྟར་ལ་ལྷག་པར་ཆགས་པའི་ཕྱིར། ཉེ་བར་ལེན་པ་ནི་འདུན་པ་དང་འདོད་ཆགས་ཏེ། དེ་ལ་འདུན་པ་ནི་འདོད་པའོ། །འདོད་ཆགས་ནི་ལྷག་པར་ཆགས་པའོ། །འདུན་པས་ནི་མ་འོངས་པའི་ལུས་འདོད་པའི་
སྒོ་ནས་ལེན་ཏེ། དེས་མ་འོངས་པའི་ཕུང་པོ་རྣམས་མངོན་པར་འགྲུབ་བོ། །འདོད་ཆགས་ཀྱིས་ནི་ད་ལྟར་གྱི་ལུས་ལ་ལྷག་པར་ཆགས་པའི་སྒོ་ནས་ལེན་ཏེ། དེས་ན་ལྟ་བའི་ཕུང་པོ་རྣམས་ཡོངས་སུ་མི་བཏོང་ངོ་། །དེ་བས་ན་དེ་གཉི་ག་ལ་ཉེ་བར་ལེན་པ་ཞེས་བརྗོད་པར་བྱའོ། །རྒྱུ་གང་

གིས་ཁམས་དང་སྐྱེ་མཆེད་རྣམས་ཉེ་བར་ལེན་པ་དང་བཅས་པའི་ཆོས་ཞེས་བརྗོད། དེ་ལ་ཕུང་པོ་ལྟར་བཤད་དོ་ཞེས་བྱ་བ་ནི་ཉེ་བར་ལེན་པ་དང་ལྡན་པ་རྣམས་ཏེ། དེའི་ཕྱིར་ཉེ་བར་ལེན་པ་དང་བཅས་པའི་ཆོས་རྣམས་ཞེས་རིག་པར་བྱའོ། །གཟུགས་རྣམས་ཀྱི་ཕུང་པོའི་
མཚན་ཉིད་རྣམས་གང་གཟུགས་ཀྱི་མཚན་ཉིད་རྣམ་པ་གཉིས་ཀྱི་ཚུལ་ཏེ། རེག་པས་གཟུགས་དང་ཡུལ་སྤྱད་པའི་གཟུགས་སོ། །རེག་པ་གཟུགས་གང་ལགས་པས་ཀུན་དུ་རེག་ན་རེག་པ་གཟུགས་ཏེ། བོང་བས་ཀུན་དུ་རེག་པའམ། དབྱིག་པས་ཀུན་དུ་རེག་པའམ། མཚོན་ཆས་ཀུན་
དུ་རེག་པའམ། གྲང་བའམ། ཚ་བའམ། བཀྲེས་པའམ། སྐོམ་པའམ། སྦྲང་བུའམ། ཤ་སྦྲང་ངམ། རླུང་ངམ། གདུང་བའམ། སྡིག་སྦྲུལ་གྱིས་ཀུན་དུ་རེག་པ་རེག་ན་གཟུགས་སོ། །རེག་པས་གཟུགས་ནི་གཟུགས་རྣམས་ལ་རེག་ན་དངོས་པོ་གཞན་དུ་འགྱུར་བར་རིག་པར་བྱའོ། ཡུལ་དཔྱད་པ་གང་
གང་ཡུལ་འདི་དང་འདིའོ། །གཟུགས་འདི་ཉིད་དང་འདི་ལྟ་བུ་ཞེས་མཉམ་པར་བཞག་པའམ། མཉམ་པར་མ་བཞག་པའི་ཡིད་རྟོག་པ་དང་ལྡན་པས་སྣ་ཚོགས་སུ་བྱེད་པའོ། །གང་ཡུལ་ལ་ཞེས་བྱ་བ་ནི་མངོན་དུ་གྱུར་པའི་ཕྱོགས་ལའོ། །འདི་དང་འདིའོ་ཞེས་བྱ་བ་ནི། ཀེང་རུས་ཀྱི་རིགས་
ལ་སོགས་པ་ཤེས་བྱའི་དངོས་པོ་དང་འདྲ་བའི་གཟུགས་བརྙན་ནོ། །འདི་ཉིད་དང་འདི་ལྟ་བུ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གོ། །སྣ་ཚོགས་སུ་བྱེད་ཅེས་བྱ་བ་ནི་དེ་ལྟར་འདུ་ཤེས་སོ། །ཚོར་བ་རྣམས་ཀྱི་མཚན་ཉིད་རྣམས་གང་། རྗེས་སུ་མྱོང་བའི་མཚན་ཉིད་དེ། གང་རྗེས་
སུ་མྱོང་བའི་ངོ་བོས་དགེ་བའམ། མི་དགེ་བ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སོ་སོའི་རྗེས་སུ་མྱོང་བའོ། །ལས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བདེ་བ་རྗེས་སུ་མྱོང་བའོ། །ལས་མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་སྡུག་བསྔལ་རྗེས་སུ་མྱོང་བའོ། །
གཉིས་ཀའི་འབྲས་བུ་རྣམ་པར་སྨིན་པས་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་རྗེས་སུ་མྱོང་བ་སྟེ། འདི་ལྟར་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ལེན་པའི་རྣམ་པར་ཤེས་པ་ནི་རྟག་ཏུ་བཏང་སྙོམས་ཉིད་དང་མཚུངས་པར་ལྡན་པ་ཡིན་ཏེ། བཏང་སྙོམས་དེ་ཉིད་རྣམ་པར་སྨིན་པའོ། །བདེ་

བ་དང་སྡུག་བསྔལ་བ་ནི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར། རྣམ་པར་སྨིན་པ་ཞེས་ཉེ་བར་བཏགས་སོ། །འདུ་ཤེས་ཀྱི་མཚན་ཉིད་རྣམས་གང་རབ་ཏུ་ཤེས་པས་མཚན་ཉིད་དེ། མཚན་མར་འཛིན་པའམ། བཀྲ་བར་བྱེད་པའི་ངོ་བོས་གང་ཇི་ལྟར་མཐོང་བ་དང་། ཐོས་པ་དང་། ཞེན་པ་དང་། རྣམ་པར་
ཤེས་པའི་དོན་རྣམས་ཀྱི་ཐ་སྙད་དོ། །མཐོང་བ་དང་ཐོས་པ་དང་། ཞེན་པ་དང་། རྣམ་པར་ཤེས་པའི་དོན་རྣམས་ལ་ཞེས་བྱ་བ་ལ་མཐོང་བ་ལ་ནི་གང་མིག་གིས་མྱོང་བའོ། །ཐོས་པ་ནི་གང་རྣ་བས་མྱོང་བའོ་ཞེས་པ་ནི་གང་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་རོ་ཞེས་བདག་ཉིད་ཀྱིས་མངོན་པར་རྟོགས་པའོ། །
རྣམ་པར་ཤེས་པ་ནི་གང་སོ་སོ་རང་གིས་མྱོང་བའོ། །ཐ་སྙད་འདོགས་པ་ཞེས་བྱ་བ་ནི་མངོན་པར་བརྗོད་པ་རྣམས་ཀྱིས་གོ་བར་བྱེད་ཅེས་བྱ་བའི་དོན་ཏོ། །འདུ་བྱེད་རྣམས་ཀྱི་མཚན་ཉིད་རྣམས་གང་། མངོན་པར་འདུ་བྱེད་པའི་མཚན་ཉིད་རྣམས་ཏེ། གང་སེམས་ཀྱི་མངོན་པར་འདུ་བྱེད་པའི་ངོ་
བོས་དགེ་བའམ། མི་དགེ་བའམ། ལུང་དུ་མ་བྱས་པའམ། གནས་སྐབས་སྣ་ཚོགས་རྣམས་སུ་སེམས་འཇུག་གོ། །གནས་སྐབས་སྣ་ཚོགས་རྣམས་སུ་ནི་བདེ་བ་ལ་སོགས་པའི་གནས་སྐབས་རྣམས་སུའོ། །རྣམ་པར་ཤེས་པ་རྣམས་ཀྱི་མཚན་ཉིད་རྣམས་གང་། རྣམ་པར་ཤེས་པས་
མཚན་ཉིད་དེ། གང་རྣམ་པར་ཤེས་པའི་ངོ་བོས་གཟུགས་རྣམས་ཀྱང་རྣམ་པར་ཤེས་པ་དང་། སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས་དང་། ཆོས་རྣམས་ཀྱང་རྣམ་པར་ཤེས་པའོ། །མིག་གི་ཁམས་ཀྱི་མཚན་ཉིད་གང་། གང་མིག་རྣམས་ལ་གཟུགས་
རྣམས་མཐོང་བ་ཅན་དང་། བལྟ་བ་སྟེ། གང་དེའི་ས་བོན་ཉེ་བར་བསགས་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་རབ་ཏུ་ལེན་པ་དེ་མིག་གི་ཁམས་ཀྱི་མཚན་ཉིད་རྣམས་སོ། །གང་གིས་མིག་རྣམས་ལ་གཟུགས་རྣམས་མཐོང་བ་ཅན་དང་། བལྟ་བ་སྟེ་ཞེས་བྱ་བ་ནི་འདས་པའི་རྣམ་པར་ཤེས་པ་
ཉེ་བར་སྤྱོད་པ་འཛིན་པ་ཉིད་ཀྱིས་ཁམས་ཉིད་དུ་བསྟན་ཏོ། །བལྟ་བ་ཞེས་བྱ་བ་ནི་ད་ལྟར་གྱི་རྣམ་པར་ཤེས་པ་ཉེ་བར་སྤྱོད་པ་འཛིན་པ་ཉིད་ཀྱིས་སོ། །མིག་གི་ས་བོན་ཉེ་བར་བསགས་པ་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་གང་ཡིན་ཡང་ཁམས་ཏེ། གང་ལས་ཕྱི་མ་ལ་མིག་འགྲུབ་

པའོ། །རྣམ་པར་སྨིན་པའང་ཁམས་ཏེ། གང་ལས་གྲུབ་ཟིན་པའོ། །ས་བོན་རྣམ་པ་དེ་གཉི་ག་ཡང་མིག་གི་རྒྱུ་ཡིན་པས་མིག་གི་ཁམས་ཞེས་བརྗོད་པར་བྱའོ། །མིག་གི་ཁམས་ཇི་ལྟ་བར། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ཁམས་
ཀྱང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་གང་། མིག་གང་རྣམས་ལ་གཟུགས་རྣམས་མཐོང་བ་དང་ལྡན་པ་དང་མཐོང་བ་རྣམས་ཏེ། གང་དེ་ལ་མིག་གི་ཁམས་དབང་བ་དེ་གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་དོ། །མིག་གི་ཁམས་ནི་གཟུགས་ལ་དབང་བྱེད་པ་སྟེ། དབང་པོའི་
དབང་གིས་ཕྱི་རོལ་གྱི་ཡུལ་འགྲུབ་པའི་ཕྱིར་ཏེ། རང་གི་རྟེན་དང་དམིགས་པའི་བྱེ་བྲག་ཅན་ནོ། །གཟུགས་ཀྱི་ཁམས་ཇི་ལྟ་བར་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་ཁམས་ཀྱི་མཚན་ཉིད་ཀྱང་དེ་བཞིན་ནོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་གང་། རྟེན་མིག་
གིས་དམིགས་པ་གཟུགས་ཀྱིས་སོ་སོར་སྣང་བའི་རྣམ་པར་ཤེས་པ་སྟེ། གང་དེའི་ས་བོན་ཉེ་བར་བསགས་པ་དང་། རྣམ་པར་སྨིན་པ་ལེན་པའི་རྣམ་པར་ཤེས་པ་དེ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་
ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཀྱང་ངོ་། །སྐྱེ་མཆེད་ཀྱི་མཚན་ཉིད་གང་། དེ་ཁམས་བཞིན་བལྟ་བར་བྱ་སྟེ། དེ་ཡང་ཇི་ལྟར་རིགས་པར་ཁམས་བཞིན་བལྟ་བར་བྱའོ། །དེ་ཡང་ཇི་ལྟར་རིགས་པར་ཞེས་པ་ནི་མིག་གང་གིས་གཟུགས་རྣམས་མཐོང་བར་འགྱུར་བ་དང་།
གང་དེའི་ས་བོན་ཞེས་བྱ་བ་ལ་སོགས་པ་ཡང་སྦྱར་རོ། །གཟུགས་ཀྱི་ཕུང་པོའི་རྣམ་པར་གནས་པ་གང་། གཟུགས་གང་ཅུང་ཟད་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པའོ། །འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་
པའི་ཞེས་བྱ་བ་ལ། ཉེ་བར་བླངས་པའི་གཟུགས་ཇི་ལྟ་བུ་ཞེ་ན། སྐྱེད་པ་དང་། རྗེས་སུ་འགྱུར་བ་དང་། གནས་པར་བྱེད་པ་དང་། གནོད་པ་དང་། འཕེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འབྱུང་བ་རྣམས་ཀྱིས་ཉེ་བར་བླངས་པའི་གཟུགས་ལ་ནི། རྒྱུ་རྣམ་པ་ལྔའི་དབང་

དུ་བྱས་ནས་བསྐྱེད་པ་ལ་སོགས་པ་ཉིད་རྒྱུ་ཡིན་ཏེ། བསྐྱེད་པའི་རྒྱུ་ཉིད་ནི་དེ་དག་མེད་ན་དེ་མི་འབྱུང་བའི་ཕྱིར་རོ། །རྗེས་སུ་འགྱུར་བའི་རྒྱུ་ཉིད་ནི་འབྱུང་བ་རྣམས་གྱུར་ན་དེ་ལ་གནས་པ་ཉེ་བར་བླངས་པའི་གཟུགས་རྣམས་མི་གནས་པར་འགྱུར་བའི་ཕྱིར་རོ། །གནས་པར་བྱེད་པའི་
རྒྱུ་ཉིད་ནི་མཚུངས་པར་འབྱུང་བའི་དུས་ན་འབྱུང་བ་རྣམས་ཀྱིས་ཉེ་བར་བླངས་པའི་གཟུགས་ཀྱི་རྒྱུན་རྒྱུན་མི་འཆད་པའི་ཚུལ་དུ་འཛིན་པའི་ཕྱིར་རོ། །གནོད་པའི་རྒྱུ་ཉིད་ནི་འབྱུང་བ་རྣམས་བསལ་ན་ཉེ་བར་བླངས་པའི་གཟུགས་ལ་སོ་སོར་ཡུལ་གནོད་པའི་མཐུ་མེད་པའི་ཕྱིར་རོ། །འཕེལ་
བར་བྱེད་པའི་རྒྱུ་ཉིད་ནི་འཕེལ་བའི་དུས་ན་འབྱུང་བ་རྣམས་ཀྱིས་ཉེ་བར་བླངས་པའི་གཟུགས་ཡོངས་སུ་རྒྱས་པར་བྱེད་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་རྣམས་གང་། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ། །སའི་ཁམས་གང་།
སྲ་བ་ཉིད་དོ། །ཆུའི་ཁམས་གང་། གཤེར་བ་ཉིད་དོ། །མེའི་ཁམས་གང་། དྲོ་བ་ཉིད་དོ། །རླུང་གི་ཁམས་གང་། ཡང་ཞིང་གཡོ་བ་ཉིད་དོ། །ཉེ་བར་བླངས་པའི་གཟུགས་གང་། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་
ཀྱི་དབང་པོ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཕྱོགས་གཅིག་དང་། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སོ། །མིག་གི་དབང་པོ་གང་། འབྱུང་བ་ཆེན་པོ་བཞི་རྣམས་ཀྱི་ཉེ་བར་བླངས་པ་མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །རྣ་བའི་དབང་པོ་གང་།
འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་རྣ་བའི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །སྣའི་དབང་པོ་གང་། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་སྣའི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །ལྕེའི་དབང་པོ་གང་། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་
བླངས་པ་ལྕེའི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །ལུས་ཀྱི་དབང་པོ་གང་། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །གཟུགས་གང་། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་གང་མིག་གི་དབང་

པོའི་སྤྱོད་ཡུལ་གྱི་དོན་ཏེ། ཇི་ལྟར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། རིང་བ་དང་། ཐུང་བ་དང་། ལྷམ་པ་དང་། ཟླུམ་པོ་དང་། རྡུལ་ཕྲན་དང་། རགས་པ་དང་། ཕྱལ་ལེ་བ་དང་། ཕྱལ་ལེ་བ་མ་ཡིན་པ་དང་། མཐོ་བ་དང་། དམའ་བ་དང་།
གྲིབ་མ་དང་། ཉི་མ་དང་། སྣང་བ་དང་། མུན་པ་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། མངོན་པར་གསལ་བ་དང་། རྣམ་པར་རིག་བྱེད་དང་། ནམ་མཁའ་ཁ་དོག་གཅིག་པའོ། །དེ་ཡང་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། དེ་གཉི་གའི་བར་ན་གནས་
པ་དང་། ཁ་དོག་དང་འདྲ་བའོ། །སྔོན་པོ་ལ་སོགས་པ་གཟུགས་རྣམ་པ་ཉི་ཤུ་རྩ་ལྔ་ནི་མཚན་ཉིད་དང་། དབྱིབས་དང་། ཕན་གནོད་དང་། ཕྱེད་པའི་རྟེན་དང་། བྱེད་པའི་མཚན་ཉིད་དང་། རྒྱན་དང་། རྣམ་པ་དྲུག་གི་རྣམ་པར་གཞག་པར་རིག་པར་བྱ་སྟེ། བཞི་དང་བཅུ་དང་བརྒྱད་
དང་། གཅིག་དང་གཅིག་གི་གོ་རིམས་བཞིན་ནོ། །དེ་ལ་མངོན་པར་གསལ་བ་ཞེས་བྱ་བ་ནི། དེ་ལས་གཞན་པ་ཐོགས་པར་བྱེད་པའི་རིག་བྱ་དང་བྲལ་བའི་ཕྱོགས་གང་ཡིན་པའི་དམིགས་པའོ། །ནམ་མཁའ་ཞེས་བྱ་བ་ནི་གང་སྟེང་ན་སྔོན་པོར་སྣང་བའོ། །སྒྲ་གང་འབྱུང་བ་ཆེན་པོ་བཞི་རྣམས་
ཀྱིས་ཉེ་བར་བླངས་པ་རྣ་བའི་དབང་པོའི་གཟུང་བའི་དོན་གང་ཡིད་དུ་འོང་བའམ། ཡིད་དུ་མི་འོང་བའམ། གཉི་ག་མིན་པའམ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་སམ། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་སམ། དེ་གཉི་གའམ། འཇིག་རྟེན་པས་རབ་ཏུ་རྟོགས་པའམ། གྲུབ་པས་བསྟན་པའམ།
ཡོངས་སུ་བརྟགས་པའམ། འཕགས་པའི་ཐ་སྙད་དམ། འཕགས་མིན་གྱི་ཐ་སྙད་དོ། །སྒྲ་ནི་མཚན་ཉིད་དང་། ཕན་གནོད་དང་། རྒྱུས་རབ་ཏུ་དབྱེ་བ་དང་། བཤད་པས་རབ་ཏུ་དབྱེ་བ་དང་། ཐ་སྙད་ཀྱིས་རབ་ཏུ་དབྱེ་བའི་རྣམ་པར་གཞག་གོ། །མཚན་ཉིད་ནི་རྣ་བའི་དབང་པོའི་གཟུང་བའི་དོན་གང་ཡིན་
པའོ། །བཤད་པའི་རབ་ཏུ་དབྱེ་བ་ནི། འཇིག་རྟེན་པས་རབ་ཏུ་རྟོགས་པ་ལ་སོགས་པ་གསུམ་མོ། །ལྷག་མ་ནི་ཇི་ལྟར་མཐུན་མཐན་དུ་རིག་པར་བྱའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི། འདི་ལྟ་སྟེ། ངག་ལ་སོགས་པའི་སྒྲའོ། །མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་

ལས་བྱུང་བ་ནི། འདི་ལྟ་སྟེ་ཤིང་ལ་སོགས་པའི་སྒྲའོ། དེ་གཉིས་ཀ་ནི་འདི་ལྟ་སྟེ། ལག་པ་དང་རྫ་རྔ་ལ་སོགས་པའི་སྒྲའོ། །འཇིག་རྟེན་པས་རབ་ཏུ་རྟོགས་པ་ནི་འཇིག་རྟེན་པའི་སྐད་ཀྱིས་བསྡུས་པའོ། །གྲུབ་པས་བསྟན་པ་ནི་འཕགས་པ་རྣམས་ཀྱིས་བསྟན་པའོ། །ཡོངས་སུ་བརྟགས་
པ་ནི་མུ་སྟེགས་ཅན་རྣམས་ཀྱིས་བསྟན་པའོ། །འཕགས་པའི་ཐ་སྙད་དམ། འཕགས་མིན་གྱི་ཐ་སྙད་ནི་མཐོང་བ་ལ་སོགས་པའི་ཐ་སྙད་བརྒྱད་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །དྲི་གང་། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་སྣའི་དབང་པོའི་གཟུང་བའི་དོན་
གང་། དྲི་བཟང་བའམ། དྲི་ང་བའམ། དྲི་མཉམ་པའམ། ལྷན་སྐྱེས་ལས་སམ། སྦྱར་བ་ལས་སམ། གྱུར་པ་ལས་སོ། །དྲི་ནི་མཚན་ཉིད་དང་། ཕན་གནོད་དང་། རབ་ཏུ་དབྱེ་བ་རྣམ་པར་གཞག་གོ། །ལྷན་སྐྱེས་ཀྱི་དྲི་ནི་ཙན་དན་ལ་སོགས་པ་རྣམས་སོ། །སྦྱར་བ་ནི་བདུག་སྤོས་སྦྱར་
བ་རྣམས་ཀྱིའོ། །གྱུར་པ་ནི་ཤིང་ཏོག་སྨིན་པ་ལ་སོགས་པ་རྣམས་ཀྱིའོ། །རོ་གང་། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་ལྕེའི་དབང་པོའི་གཟུང་བའི་དོན་གང་དེ་ཡང་ཁ་བའམ། སྐྱུར་བའམ། ཚ་བའམ། བསྐ་བའམ། ལན་ཚྭའམ། མངར་བའམ། ཡིད་དུ་འོང་
བའམ། ཡིད་དུ་མི་འོང་བའམ། དེ་གཉིས་ཀ་ལས་རྣམ་པར་གྲོལ་བའམ། ལྷན་སྐྱེས་སམ། སྦྱར་བ་ལས་སམ། གྱུར་པ་ལས་སོ། །རོའི་རྣམ་པར་གཞག་པ་རྣམས་ནི་དྲི་ལྟར་རིག་པར་བྱའོ། །རེག་བྱའི་ཕྱོགས་གཅིག་གང་། ལུས་ཀྱི་དབང་པོའི་གཟུང་བའི་དོན་གང་འབྱུང་བ་ཆེན་
པོ་རྣམས་ཀྱིས་ཉེ་བར་བླངས་པ་འཇམ་པ་ཉིད་དམ། རྩུབ་པ་ཉིད་དམ། ཡང་བ་ཉིད་དམ། ལྕི་བ་ཉིད་དམ། མཉེན་པ་ཉིད་དམ། ལྷོད་པ་ཉིད་དམ། ལྷོད་མིན་ཉིད་དམ། གྲང་བའམ། བཀྲེས་པའམ། སྐོམ་པའམ། ཚིམ་པའམ། སྟོབས་སམ། སྟོབས་ངན་ནམ། བརྒྱལ་བའམ།
གཡའ་བའམ། འགྲེད་པའམ། ན་བའམ། རྒ་བའམ། འཆི་བའམ། ངལ་བའམ། ངལ་སོས་པའམ། སྤུངས་ཆེ་བའོ། །རེག་བྱའི་ཕྱོགས་གཅིག་ནི། ཀུན་དུ་མནབས་པ་དང་། ཀུན་དུ་གཞལ་བ་དང་། རེག་པ་དང་། ཀུན་དུ་གནོད་པ་དང་། འདུས་པ་དང་། ཁམས་

སྙོམས་མ་སྙོམས་ཀྱི་རྣམ་པར་གཞག་གོ། །ཆུ་དང་རླུང་འདུས་ན་གྲང་ངོ་། །ཆུ་དང་ས་འདུས་ན་འགྲེད་དོ། །ཁམས་སྙོམས་ན་ངལ་སོས་པ་དང་། སྟོབས་དང་སྤུངས་ཆེ་བར་འགྱུར་ཏེ། སྤུངས་ཆེ་བ་ནི་མི་འཇིགས་པར་རིག་པར་བྱའོ། །ཚིམ་པ་ནི་གཉི་གའོ། །
བཀྲེས་པ་ལ་སོགས་པའི་ལྷག་མ་རྣམས་ནི་ཁམས་མ་སྙོམས་པར་རིག་པར་བྱའོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་གང་། དེ་ནི་རྣམ་པ་ལྔར་བལྟ་སྟེ། མངོན་པར་བསྡུས་པ་ཅན་ནམ། མངོན་པར་གསལ་བ་ཅན་ནམ། ཡང་དག་པར་བླངས་པ་ཅན་ནམ། ཡོངས་སུ་བརྟགས་པ་ཅན་
ནམ། དབང་འབྱོར་པ་ཅན་ནོ། །མངོན་པར་བསྡུས་པ་ཅན་ནི་རྡུལ་ཕྲ་རབ་ཀྱི་གཟུགས་སོ། །མངོན་པར་གསལ་བ་ཅན་ནི་དེ་ཉིད་དེ་ལས་གཞན་པ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའོ། །ཡང་དག་པར་བླངས་པ་ཅན་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཡོངས་སུ་བརྟགས་པ་ཅན་
ནི་གཟུགས་བརྙན་གྱི་གཟུགས་སོ། །དབང་འབྱོར་པ་ཅན་ནི་རྣམ་པར་ཐར་པ་ལ་བསམ་གཏན་པའི་སྤྱོད་ཡུལ་གྱི་གཟུགས་གང་ཡིན་པའོ། །ཚོར་བའི་ཕུང་པོའི་རྣམ་པར་གནས་པ་གང་ཚོར་བའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའི་བདེ་བའམ། སྡུག་
བསྔལ་ལམ། སྡུག་བསྔལ་དང་བདེ་བའང་མིན་པའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའི་བདེ་བའམ། སྡུག་བསྔལ་ལམ། སྡུག་བསྔལ་དང་བདེ་བའང་མིན་པ་སྟེ། བདེ་བ་ལུས་ཀྱིས་སམ། སྡུག་བསྔལ་ལུས་ཀྱིས་
སམ། སྡུག་བསྔལ་དང་བདེ་བའང་མིན་པ་ལུས་ཀྱིས་སམ། བདེ་བ་སེམས་ཀྱིས་སམ། སྡུག་བསྔལ་སེམས་ཀྱིས་སམ། སྡུག་བསྔལ་དང་བདེ་བའང་མིན་པར་སེམས་ཀྱིས་སམ། བདེ་བ་དུག་བཅས་སམ། སྡུག་བསྔལ་ལམ་སྡུག་བསྔལ་དང་བདེ་བའང་མིན་པར་དུག་བཅས་སམ།
བདེ་བ་དུག་མེད་དམ། སྡུག་བསྔལ་ལམ། སྡུག་བསྔལ་དང་བདེ་བའང་མིན་པ་དུག་མེད་དམ། བདེ་བ་ཞེན་པ་བརྟེན་པའམ། སྡུག་བསྔལ་ལམ། སྡུག་བསྔལ་དང་བདེ་བའང་མིན་པ་ཞེན་པ་བརྟེན་པའམ། བདེ་བ་མངོན་པར་འབྱུང་བ་བརྟེན་པའམ། སྡུག་བསྔལ་ལམ། སྡུག་

བསྔལ་དང་བདེ་བའང་མིན་པ་མངོན་པར་འབྱུང་བ་བརྟེན་པའང་རུང་ངོ་། །ལུས་ཀྱི་གང་། རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་ལྡན་ནོ། །སེམས་ཀྱི་གང་། ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་ནོ། །དུག་བཅས་གང་། ལུས་ལ་སྲེད་པ་དང་མཚུངས་ལྡན་ནོ། །དུག་མེད་
གང་། དེའི་སྲེད་པ་དང་མི་ལྡན་པའོ། །ཞེན་པ་བརྟེན་པ་གང་། འདོད་པའི་ཡོན་ཏན་ལྔ་ལ་སྲེད་པ་དང་མཚུངས་ལྡན་ནོ། །མངོན་པར་འབྱུང་བ་ལ་བརྟེན་པ་གང་། དེ་དང་མི་ལྡན་པའོ། །ཚོར་བའི་ཕུང་པོ་ནི་གནས་དང་། རང་གི་ངོ་བོ་ཉིད་དང་། གནས་སྡོམ་པ་དང་། ཀུན་ནས་ཉོན་
མོངས་པ་དང་། རྣམ་པར་བྱང་བས་རྣམ་པར་གཞག་གོ། །དེ་ལ་གཟུགས་ཀྱི་གནས་སྡོམ་པས་ནི། ལུས་ཀྱི་ཚོར་བ་རྣམ་པར་གཞག་གོ། །གཟུགས་མེད་པའི་གནས་སྡོམ་པས་ནི་སེམས་ཀྱི་ཚོར་བ་རྣམ་པར་གཞག་གོ། །ཀུན་ནས་ཉོན་མོངས་པས་ནི་དུག་དང་བཅས་པ་ལ་སོགས་པ་
རྣམས་ཀྱིའོ། །རྣམ་པར་བྱང་བས་ནི་དུག་མེད་པ་ལ་སོགས་པ་རྣམས་ཀྱི་རྣམ་པར་གཞག་པར་རིག་པར་བྱའོ། །དེའི་སྲེད་པ་དང་མི་ལྡན་པ་ནི་ཉོན་མོངས་པ་རྣམས་མཚུངས་པར་ལྡན་པ་མ་ཡིན་པར་རིག་པར་བྱའོ། །འདུ་ཤེས་ཀྱི་ཕུང་པོའི་རྣམ་པར་ཤེས་པ་གང་། འདུ་ཤེས་ཀྱི་
ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་ཏེ། གང་གི་མཚན་མ་དང་བཅས་པའི་ཡང་དག་པ་ཤེས་ཤིང་མཚན་མ་མེད་པ་དང་། ཆུང་ངུ་དང་། ཆེན་པོར་གྱུར་
པ་དང་། ཚད་མེད་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱང་ཡང་དག་པར་ཤེས་པའོ། །མཚན་མ་དང་བཅས་པའི་འདུ་ཤེས་གང་། གང་གིས་ཐ་སྙད་ལ་མི་མཁས་པ་དང་། མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་ཞུགས་པས་རྣམ་པར་གནས་པ་དང་། སྲིད་པའི་རྩེ་མོ་ལ་
སྙོམས་པར་ཞུགས་པའི་འདུ་ཤེས་མ་གཏོགས་པ་གང་། དེ་ལས་གཞན་པའི་འདུ་ཤེས་སོ། །མཚན་མ་མེད་པའི་འདུ་ཤེས་གང་། འདུ་ཤེས་གང་མ་གཏོགས་པའོ། །ཆུང་ངུའི་འདུ་ཤེས་གང་། གང་གིས་འདོད་པའི་ཁམས་ཤེས་པའོ། །ཆེན་པོར་གྱུར་པའི་འདུ་ཤེས་གང་། གང་གིས་གཟུགས་

ཀྱི་ཁམས་ཤེས་པའོ། །ཚད་མེད་པའི་འདུ་ཤེས་གང་། གང་གིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཤེས་པའོ། །ཅི་ཡང་མེད་པའི་འདུ་ཤེས་གང་། གང་གིས་ཅི་ཡང་མེད་པའི་སྐྱེ་མཆེད་ཤེས་པའོ། །ཐ་སྙད་
ལ་མི་མཁས་པ་ནི་སྐད་མ་བསླབས་པས་ནི་གཟུགས་ལ་འདུ་ཤེས་ནི་འབྱུང་ན་གཟུགས་སྙམ་དུ་མི་ཤེས་པ་སྟེ། དེའི་ཕྱིར་མཚན་མ་མེད་པའི་འདུ་ཤེས་ཞེས་བྱའོ། །མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་ཞུགས་པ་ནི། གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་མཚན་
མ་མེད་པའི་མྱ་ངན་ལས་འདས་པ་ལ་འདུ་ཤེས་པ་ནི་མཚན་མ་མེད་པའི་འདུ་ཤེས་སོ། །སྲིད་པའི་རྩེ་མོ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་ནི་མི་གསལ་བས་དམིགས་པ་ལ་མཚན་མར་མི་བྱེད་པའི་ཕྱིར་མཚན་མ་མ