Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 135

Văn bản gốc(Tây Tạng)

Trang 2 / 20 (50.000 ký tự/trang)
ི་ཕྱིར་རོ། །རྗེས་སུ་འབྲེལ་པའི་

ཕྱིར་ཞེས་བྱ་བ་ནི་གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོ་རྣམས་ལ་གཟུགས་ཀྱི་ས་བོན་རྗེས་སུ་འབྲེལ་པའི་ཕྱིར་རོ། །རབ་ཏུ་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་རྟོགས་པ་རྣམས་དམིགས་པ་ལ་རབ་ཏུ་རྟོག་པའི་ཕྱིར་རོ། །གནོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དག་ལ་ལག་པ་ལ་སོགས་
པས་ཀུན་ཏུ་རེག་པ་དང་། མྱ་ངན་ལ་སོགས་པས་ཇི་ལྟར་མཐུན་མཐུན་དུ་གནོད་པར་བྱར་རུང་བའི་ཕྱིར་ཏེ་གནོད་པར་བྱ་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །གོ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་བསྟན་པས་དོན་ལ་རྟོག་པའི་ཕྱིར་རོ། །བསགས་པ་རྣམ་པར་གཞག་པའི་ཕྱིར་ཞེས་བྱ་བ་ནི་རྡུལ་ཕྲ་མོ་
ལས་གོང་མའི་གཟུགས་ཆ་ཤས་དང་བཅས་པར་རྣམ་པར་གཞག་པའི་ཕྱིར་རོ། །ཕྱི་རོལ་དུ་བལྟས་པའི་ཕྱིར་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་གཟུགས་འདོད་པའི་ཡོན་ཏན་ལ་སྲེད་པ་ལས་བྱུང་བའི་ཕྱིར་རོ། །ནང་དུ་བལྟས་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་གཟུགས་དེ་སྙོམས་པར་
འཇུག་པའི་སེམས་ལ་སྲེད་པ་ལས་བྱུང་བའི་ཕྱིར་ཏེ། དེའི་ཕྱིར་འདི་ཡིད་ལས་བྱུང་བ་ཉིད་དུ་རིག་པར་བྱའོ། །ཡུན་རིང་བའི་ཕྱིར་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་གཟུགས་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་མུ་རྣམ་པར་གནས་པ་མེད་པའི་ཕྱིར་རོ། །ཡོངས་སུ་ཆད་པའི་ཕྱིར་ཞེས་བྱ་བ་ནི་སློབ་པའི་གཟུགས་
འཁོར་བའི་མཐར་ཕྱིན་པར་བྱེད་པའི་ཕྱིར་རོ། །དེའི་དུས་ཀྱི་ཕྱིར་ཞེས་བྱ་བ་ནི་མི་སློབ་པའི་གཟུགས་ད་ལྟར་བྱུང་བའི་སྲིད་པ་ཙམ་ཞིག་ལས་པའི་ཕྱིར་རོ། །ངེས་པར་སྟོན་པའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པའི་གཟུགས་ནི་ཀུན་ཏུ་སྟོན་པ་ཙམ་དུ་ཟད་ཀྱི་གྲུབ་པ་མེད་པའི་ཕྱིར་རོ། །ཐམས་
ཅད་ཀྱང་གཟུགས་ཅན་དག་གོ་ཞེས་བྱ་བ་ནི་གནོད་པར་བྱ་བའི་གཟུགས་ཅན་ཡིན་པའི་ཕྱིར་རོ། །ལྷག་མ་རྣམས་ནི་ཅི་རིགས་སུ་རིག་པར་བྱའོ། །ཕྱི་རོལ་དུ་བལྟས་པ་ལ་སོགས་པ་གཟུགས་ཅན་གྱི་རབ་ཏུ་དབྱེ་བ་དྲུག་ནི་ཚོར་བ་ལ་སོགས་པ་དང་ཐུན་མོང་བར་རིག་པར་བྱའོ། །ལྷག་མའི་རབ་ཏུ་དབྱེ་བ་ནི་
གཟུགས་ཅན་བཞིན་ནོ་ཞེས་བྱ་བ་ནི་གཟུགས་དེའི་བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྣམ་པ་ཐམས་ཅད་དོ། །ཐམས་ཅད་ཀྱང་བསྟན་དུ་ཡོད་པ་དག་གོ་ཞེས་བྱ་བ་ནི་བསྟན་དུ་ཡོད་པ་དང་འབྲེལ་བ་ལ་སོགས་པས་གཟུགས་ཅན་མ་ཡིན་པ་རྣམས་ཀྱང་བསྟན་དུ་ཡོད་པའི་ཕྱིར་རོ། །སྒྲིབ་པར་བྱེད་པ་དང་

བསྒྲིབ་པར་བྱ་བ་ཞེས་བྱ་བ་ལ། འགྲོ་བའི་གེགས་བྱེད་པའི་ཕྱིར་སྒྲིབ་པར་བྱེད་པ་ཞེས་དེ་ཙམ་དུ་བསྟན་པས་བསྒྲིབ་པར་བྱ་བ་ཞེས་བྱ་བའི་ཚིག་གིས་འོད་ལ་སོགས་པའི་གཟུགས་ཐོགས་པ་དང་བཅས་པར་རྣམ་པར་འཇོག་སྟེ། དེ་ནི་བསྒྲིབ་པར་བྱ་བ་ཉིད་ཡིན་གྱི། སྒྲིབ་
པར་བྱེད་པ་ནི་མ་ཡིན་ནོ། །འདི་ནི་དེའི་རིགས་ཏེ། འདི་ནི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །རྡུལ་ཕྲ་རབ་ལས་གོང་མ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་གཅིག་ཐོགས་པ་མེད་པའི་ཕྱིར་རོ། །གང་ཏིང་ངེ་འཛིན་གྱི་དབང་གིས་མ་བསྒྱུར་བའི་གཟུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དབང་བསྒྱུར་བའི་
གཟུགས་ནི་ཐོགས་པ་མེད་པའི་ཕྱིར་ཏེ། སེམས་མཉམ་པའི་ལྷ་བཞིན་ནོ། །རབ་ཏུ་འཁྲུག་པའི་གཞིའི་གནས་ནི་གནས་སམ་དམིགས་པ་གང་ལ་ཞེ་སྡང་སྐྱེ་བ་སྟེ། ཐོགས་པ་དང་བཅས་པའི་དོན་འདིས་ནི་ཐམས་ཅད་ཀྱང་ཐོགས་པ་དང་བཅས་པ་དག་གོ། །ཡང་ན་ཅི་རིགས་སུ་སྦྱར་རོ་ཞེས་བྱ་
བ་ནི་ལྷག་མ་རྣམས་སོ། །ཟག་པ་དེའི་བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཟག་པ་རྣམས་ཟག་པ་དང་བཅས་པ་ཉིད་དེ། ཟག་པའི་ངོ་བོ་ཉིད་དང་ལྡན་པའི་ཕྱིར་རོ། །ཟག་པ་དང་འབྲེལ་བའི་ཕྱིར་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་འབྱུང་བའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་། མིག་ལ་སོགས་པ་
ཟག་པ་དང་ལྡན་པ་དང་། གནས་ཡིན་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །ཟག་པས་བཅིངས་པའི་ཕྱིར་ཞེས་བྱ་བ་ནི་དེའི་དབང་གིས་དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱང་ཡང་སྲིད་པ་འགྲུབ་པར་བྱེད་པའི་ཕྱིར་རོ། །ཟག་པའི་རྗེས་སུ་འབྲེལ་བའི་ཕྱིར་ཞེས་བྱ་བ་ནི་ས་པ་གཞན་རྣམས་ཀྱང་ས་པ་གཞན་གྱི་
ཟག་པའི་གནས་ངན་ལེན་དང་ལྡན་པའི་ཕྱིར་རོ། །ཟག་པའི་རྗེས་སུ་མཐུན་པའི་ཕྱིར་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཉོན་མོངས་པའི་གནས་ངན་ལེན་དང་ལྡན་དུ་ཟིན་ཀྱང་ཟག་པ་མེད་པ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་ཏེ། སྲིད་པ་ཐམས་ཅད་ལ་རྒྱབ་ཀྱིས་བལྟས་པའི་ཕྱིར་དང་།
དེའི་གཉེན་པོ་ལ་བསྟན་པའི་ཕྱིར་རོ། །ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་དགྲ་བཅོམ་པ་རྣམས་ཀྱི་ཕུང་པོ་རྣམས་ཚེ་རབས་སྔ་མའི་ཉོན་མོངས་པ་ལས་བྱུང་བའི་ཕྱིར་རོ། །ཁམས་བཅོ་ལྔ་ནི་ཐ་མ་གསུམ་མ་གཏོགས་པའོ། །སྐྱེ་མཆེད་བཅུ་ནི་ཐ་མ་གཉིས་མ་གཏོགས་པའོ། །ཁམས་

གསུམ་དང་སྐྱེ་མཆེད་གཉིས་ཀྱི་ཕྱོགས་ནི་འཕགས་པའི་ལམ་འཁོར་དང་བཅས་པ་དང་འདུས་མ་བྱས་མ་གཏོགས་པའོ། །མཚོན་ཆ་ལེན་པ་ལ་སོགས་པ་ནི་འཐབ་པ་སྟེ། འདོད་ཆགས་ལ་སོགས་པ་ནི་རྒྱུ་ཡིན་པས་འཐབ་པའོ། །ཟག་པ་དང་བཅས་པ་ཇི་སྙེད་པ་འཐབ་པ་དང་བཅས་པའང་དེ་སྙེད་དོ་ཞེས་བྱ་
བ་ལ་སོགས་པ་ནི་དེའི་རྗེས་སུ་འབྲེལ་པར་རིག་པར་བྱའོ། །ཡང་སྲིད་པ་ལ་ལྷག་པར་ཆགས་པའི་རྒྱུ་ཉིད་དེ། རྣམ་པར་བྱང་བའི་ཆོས་ལ་ཞེ་སྡང་བས་སྲིད་པ་ལ་ལྷག་པར་ཆགས་པའི་ཕྱིར་རོ། འདོད་པའི་ཡོན་ཏན་ལྔ་ལ་ལྷག་པར་ཆགས་པའི་རྒྱུ་ཡིན་པས་ཞེན་པའོ། །ཞེ་སྡང་ཅི་འདྲ་བ་ཞིག་གིས་དེ་
ལ་ལྷག་པར་ཆགས་ཤེ་ན། མངོན་པར་འབྱུང་བ་ལ་ཞེ་སྡང་བས་སོ། །འདོད་པ་བཞིན་དུ་བྱེད་པས་མངོན་དུ་ཕྱོགས་པ་དང་རྒྱབ་ཀྱིས་ལྟ་བ་ནི་འདུས་མ་བྱས་ལ་མི་སྲིད་དེ། རྟག་པའི་ཕྱིར་རོ། །འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་པ་ནི་འདི་གཉིས་ལས་གུད་ན་མེད་པའི་ཕྱིར་རོ། །འདུས་བྱས་
དང་འདུས་མ་བྱས་ཞེས་བྱ་བ་ནི་འདི་གཉིས་སོ་ཞེས་གང་གསུངས་པ་དེ་ཇི་ལྟར་གཉིས་ཁོ་ནར་འགྱུར་ཞེ་ན། འདོད་པ་བཞིན་དུ་བྱེད་པས་མངོན་དུ་ཕྱོགས་པ་དང་རྒྱབ་ཀྱིས་ལྟ་བའི་ཕྱིར་འདུས་བྱས་ཞེས་བྱའོ། །ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་ཕྱིར་འདུས་མ་བྱས་ཞེས་བྱ་སྟེ། གཉིས་
ལས་གུད་ན་མེད་དོ། །དེ་ལྟར་སྣང་བ་ཞེས་བྱ་བ་ནི་ཁམས་གསུམ་པར་གཏོགས་པའི་རྣམ་པའོ། །དེ་བཞིན་ཉིད་ལ་སོགས་པར་སྣང་བ་ནི་གཅིག་ཏུ་མ་འདྲིས་པའི་ཕྱིར་འཇིག་རྟེན་ལས་འདས་པའོ། །ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་ཅེས་བྱ་བ་ནི་ཡང་དག་པའི་ལམ་གྱིས་བསྡུས་པ་དང་། རྗེས་ལས་
ཐོབ་པ་འཇིག་རྟེན་ལས་འདས་པར་སྣང་བ་མ་གཏོགས་པའོ། །དེ་དག་དང་འདུས་མ་བྱས་མ་གཏོགས་པའོ། །དེ་དག་དང་འདུས་མ་བྱས་མ་གཏོགས་པ་ནི་ཁམས་གསུམ་དང་སྐྱེ་མཆེད་གཉིས་ཀྱི་ཕྱོགས་སུ་བལྟ་བར་བྱའོ། །ཁམས་གསུམ་པའི་གཉེན་པོ་ཞེས་བྱ་བ་ནི་འཕགས་པའི་ལམ་མོ། །དེ་
ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་པས་འཇིག་རྟེན་ལས་འདས་པའོ། །ཕྱིན་ཅི་ལོག་ཏུ་རྣམ་པར་མི་རྟོག་པས་རྣམ་པར་མི་རྟོག་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། གཟུགས་ལ་སོགས་པ་སྤྲོས་པའི་ཆོས་ཐམས་ཅད་ཀྱི་

གཉེན་པོ་ཡིན་པས་འཇིག་རྟེན་ལས་འདས་པའོ། །སྤྲོས་པའི་རྣམ་པར་རྟོག་པ་མེད་པས་རྣམ་པར་མི་རྟོག་པའོ། །འདུས་མ་བྱས་ནི་རྟོག་པ་ཐམས་ཅད་ཀྱི་གཞིའི་གནས་མ་ཡིན་པས་རྣམ་པར་མི་རྟོག་པའོ། །དང་པོ་བྱུང་བ་ནི་ཉིང་མཚམས་སྦྱོར་བའི་དུས་ནའོ། །རྒྱུན་གྱིས་བྱུང་བ་ནི་
དེའི་ཕྱིན་ཆད་དོ། །རྒྱས་པ་ལས་བྱུང་བ་ནི་ཉལ་བ་དང་། ཟས་དང་། ཚངས་པར་སྤྱོད་པ་དང་། སྙོམས་པར་འཇུག་པ་དང་། རྒྱས་པ་རྣམ་པ་བཞིའི་རྒྱུ་ལས་བྱུང་བའོ། །རྟེན་བྱུང་བ་ནི་ནང་གི་དབང་པོའོ། །འགྱུར་བ་བྱུང་བ་ནི་བདེ་བ་ལ་སོགས་པའི་ཚོར་བ་བྱུང་བ་ན་དེ་དང་མཐུན་པར་དབང་པོ་འགྱུར་བའོ། །
ཡོངས་སུ་སྨིན་པར་བྱུང་བ་ནི་རྒས་པའི་གནས་སྐབས་སོ། །ཉམས་པར་བྱུང་བ་ནི་བདེ་འགྲོ་ནས་ཤི་འཕོས་ཏེ་ངན་འགྲོར་སྐྱེ་བའོ། །ཁྱད་པར་དུ་བྱུང་བ་ནི་དེ་ལས་བཟློག་པའོ། །འོད་གསལ་བར་བྱུང་བ་ནི་རྩེ་བས་རབ་ཏུ་སླུ་བ་རྣམས་དང་། ཡིད་རབ་ཏུ་སུན་འབྱིན་པ་རྣམས་དང་། འཕྲུལ་དགའ་བ་
རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་དགའ་བ་མང་བ་དང་། ལོངས་སྤྱོད་པ་དང་གནས་ལ་རང་གིས་དབང་བསྒྱུར་བའི་ཕྱིར་ཏེ་ཅི་རིགས་སུ་སྦྱོར་རོ། །འོད་གསལ་བ་མ་ཡིན་པར་བྱུང་བ་ནི་དེ་ལས་གཞན་པའོ། །ཀུན་ཏུ་འགྲོ་བར་
བྱུང་བ་ནི་འགྲོ་བའི་དུས་ནའོ། །ས་བོན་དང་བཅས་པར་བྱུང་བ་ནི་དགྲ་བཅོམ་པའི་ཐ་མའི་ཕུང་པོ་མ་གཏོགས་པའོ། །ས་བོན་མ་ཡིན་པར་བྱུང་བ་ནི་ཕུང་པོ་ཐ་མ་པ་རྣམས་སོ། །གཟུགས་བརྙན་དང་དབང་འབྱོར་པ་དང་། ངེས་པར་བསྟན་པའི་ཕྱིར་བྱུང་བ་ནི་ཤེས་བྱའི་དངོས་པོ་དང་མཐུན་པ་དང་། རྣམ་
པར་ཐར་པ་ལས་གྱུར་པ་དང་། དེ་བཞིན་གཤེགས་པའི་གཟུགས་ཏེ་གོ་རིམས་བཞིན་ནོ། །གཅིག་ནས་གཅིག་ཏུ་བྱུང་བ་ནི་ཚེ་རབས་ཀྱི་རྒྱུན་ནོ། །སྐད་ཅིག་གཅིག་ནས་བྱུང་བ་ནི་འདུ་བྱེད་རྣམས་ཀྱི་མཚན་ཉིད་སྐད་ཅིག་སོ་སོའིའོ། །ཕྲད་པ་དང་བྲལ་ནས་བྱུང་བ་ནི་སྡུག་པ་དང་མི་སྡུག་པ་དང་ཕྲད་པ་དང་བྲལ་
བའི་དུས་དང་། སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བའི་དུས་ནའོ། །གནས་སྐབས་གཞན་དུ་བྱུང་བ་ནི་མེར་མེར་པོ་ལ་སོགས་པའི་གནས་སྐབས་རྣམས་དང་། ནད་ལ་སོགས་པའི་གནས་སྐབས་རྣམས་སུའོ། །འཆི་འཕོ་བ་དང་སྐྱེ་བར་བྱུང་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །

འཇིག་པ་དང་ཆགས་པར་བྱུང་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །སྔོན་གྱི་དུས་ན་བྱུང་བ་ནི་སྔོན་གྱི་དུས་ཀྱི་སྲིད་པའོ། །འཆི་བའི་དུས་ན་བྱུང་བ་ནི་འཆི་བའི་སྲིད་པའོ། །བར་དུ་བྱུང་བ་ནི་བར་མ་དོའི་སྲིད་པའོ། །ཉིང་མཚམས་སྦྱོར་བའི་དུས་ན་བྱུང་བ་ནི་སྐྱེ་བའི་སྲིད་པའོ། །གཟུགས་དང་འདུ་བྱེད་ཀྱི་ཕུང་པོའི་
ཕྱོགས་གཅིག་ཅེས་བྱ་བ་ནི་དབང་པོའི་མཚན་ཉིད་དང་མཚུངས་པར་ལྡན་པའི་མཚན་ཉིད་དེ་གོ་རིམས་བཞིན་ནོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་མཚུངས་པར་ལྡན་པའི་ངོ་བོ་ཉིད་དོ། །ཟ་བ་པོ་ནི་བདག་སྟེ་འདོད་པ་དང་མི་འདོད་པའི་ཡུལ་རྣམས་ལ་དམིགས་པར་རིག་པར་བྱའོ། །མ་
ཕྲད་པར་འཛིན་པ་ནི་མིག་དང་རྣ་བ་དང་ཡིད་དོ། །ཕྲད་ནས་འཛིན་པ་ནི་དེ་ལས་གཞན་པའི་དབང་པོའོ། །ད་ལྟར་གྱི་རང་གི་མཚན་ཉིད་སོ་སོ་བ་ཡུལ་སོ་སོར་ངེས་པ་འཛིན་པ་ནི་དབང་པོ་ལྔ་ལས་བྱུང་བའོ། །རང་དང་སྤྱིའི་མཚན་ཉིད་དུས་ཐམས་ཅད་པའི་ཡུལ་ཐམས་ཅད་འཛིན་པ་ནི་དབང་པོ་དྲུག་ལས་བྱུང་
བའོ། །རྐྱེན་ཚོགས་ནས་རྣམ་པར་ཤེས་པ་ལས་བྱུང་བའི་དབང་དུ་བྱས་ཏེ་བཏགས་ནས་འཛིན་པའི་ཉེ་བར་འདོགས་པར་རིག་པར་བྱ་བའི་ཡང་དག་པའི་དོན་དུ་ན་ཆོས་རྣམས་བྱེད་པ་མེད་པའི་ཕྱིར་རོ། །འཛིན་པ་གང་ཡིན་པ་གཟུང་བ་ཡང་དེ་ཡིན་ནོ་ཞེས་བྱ་བ་ནི་མིག་ལ་སོགས་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པས་
གཟུང་བའི་ཕྱིར་རོ། །འཛིན་པའི་སྤྱོད་ཡུལ་ཉིད་ཅེས་བསྣན་པ་ནི་སེམས་དང་སེམས་ལས་བྱུང་བ་བསལ་བའི་ཕྱིར་རོ། །ཐོས་པ་ལས་བྱུང་བ་དང་། བསམ་པ་ལས་བྱུང་བ་དང་། དེའི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པས་ཡོངས་སུ་བསྡུས་པ་ནི་ཕྱི་རོལ་ཏུ་བལྟས་པ་མ་ཡིན་པ་ཉིད་དེ། རྒྱུ་མཐུན་པའི་ཆོས་
ཀྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེའི་དབང་གིས་མྱ་ངན་ལས་འདས་པ་ལ་སོགས་པ་ལ་དམིགས་པར་བལྟའོ། །རྒྱུ་མཐུན་པའི་རྒྱུ་ལས་བྱུང་བའི་ཆོས་ནི་སངས་རྒྱས་ལ་སོགས་པས་ཐུགས་སུ་ཆུད་པའི་རྒྱུ་ལས་བྱུང་བའི་བརྟན་པར་རིག་པར་བྱའོ། །ཁམས་བཞི་ནི་སྣའི་རྣམ་པར་ཤེས་པའི་ཁམས་དང་།
ལྕེའི་རྣམ་པར་ཤེས་པའི་ཁམས་དང་། དྲིའི་ཁམས་དང་། རོའི་ཁམས་སོ། །སྐྱེ་མཆེད་གཉིས་ནི་དྲི་དང་རོའི་སྐྱེ་མཆེད་དོ། །དེ་ལས་གཞན་པ་དག་གི་ཕྱོགས་གཅིག་ནི་གང་འདོད་པའི་ཁམས་སུ་བསྡུས་པའོ། །ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་བདུན་དང་། གཟུགས་

དང་སྒྲ་དང་ཆོས་ཀྱི་ཁམས་སོ། །སྐྱེ་མཆེད་བཞི་ནི་གཟུགས་དང་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ། །རྒྱུ་དང་འབྲས་བུ་སྤྱད་ཟིན་པ་དང་ཞེས་བྱ་བ་ནི་སྐྱེས་ཟིན་པ་དང་། འགགས་ཟིན་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་བྱེད་པ་
ཡང་དག་པ་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པ་བཞིན་དུ་སེམས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་བྱེད་པའི་མཐུ་མེད་པའི་ཕྱིར་རོ། །རྒྱུ་ཡོངས་སུ་བཟུང་ནས་ཞིག་པ་ཞེས་བྱ་བ་ནི་བག་ཆགས་གཞན་ནས་ཞིག་པའི་ཕྱིར་རོ། །
འབྲས་བུ་དང་རང་གི་མཚན་ཉིད་ཡོད་པ་དང་མེད་པ་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ན་དེས་བསྐྱེད་པའི་བག་ཆགས་ཡོད་པ་དང་། དེ་འཇོག་པར་བྱེད་པའི་རྫས་མེད་པའི་ཕྱིར་རོ། །དྲན་པའི་ཀུན་ཏུ་རྟོག་པའི་མཚན་མ་ལ་སོགས་པ་ནི་མཚན་མ་ནི་དམིགས་པ་ཙམ་དུ་ཡོད་པར་རིག་པར་བྱའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་
ཅེས་བྱ་བ་ནི་མ་འོངས་པ་དང་། ད་ལྟར་བྱུང་བ་དང་། འདུས་མ་བྱས་མ་གཏོགས་པའོ། །རྒྱུ་ཡོད་ཀྱང་མ་བྱུང་བ་ཞེས་བྱ་བ་ནི་འདུས་མ་བྱས་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་ཏེ། དེ་ནི་མ་བྱུང་ལ་རྒྱུ་དང་ལྡན་པ་ཡང་མ་ཡིན་ནོ། །རང་གི་མཚན་ཉིད་མ་ཐོབ་པ་ནི། རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །རྒྱུ་དང་འབྲས་
བུ་མ་སྤྱད་པ་ནི་དེའི་ས་བོན་གྱི་བྱ་བ་མ་བྱས་པ་དང་། དེའང་མ་སྐྱེས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་སྤྱད་ཟིན་པ་དང་སྤྱད་མ་ཟིན་པ་ཞེས་བྱ་བ་ནི་ཡང་མི་འགྲུབ་པ་དང་ཡོད་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་རབ་ཏུ་གཞག་པའི་རྒྱུ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ལ་བརྟེན་ཏེ། འདས་པ་དང་མ་འོངས་པར་
བཏགས་པའི་ཕྱིར་ཏེ། གང་དེའི་གནས་སྐབས་ཐོབ་པར་འགྱུར་བ་དེ་ནི་མ་འོངས་པའོ། །གང་ཐོབ་ཟིན་པ་དེ་ནི་འདས་པའོ། །བྱེད་པ་ཉེ་བར་གནས་པས་ཀྱང་ཞེས་བྱ་བ་ནི་མིག་ལ་སོགས་པ་ནི་རྣམ་པར་ཤེས་པའི་གནས་ལ་སོགས་པར་ཡོད་པའི་ཕྱིར་རོ། །འདས་པ་ལ་སོགས་པ་བཤད་པའི་སྐབས་ཀྱིས་
འདིའང་སྟོན་ཏེ། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདས་པ་ལ་སོགས་པ་གསུམ་པོ་ཉིད་གཏམ་གྱི་གཞིར་རྣམ་པར་གཞག་གི་མྱ་ངན་ལས་འདས་པ་ནི་མ་ཡིན་ཞེ་ན། མྱ་ངན་ལས་འདའ་བ་ནི་སོ་སོ་རང་གིས་རིག་པར་བྱ་བ་དང་། བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་ཏེ། བརྗོད་པར་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ། །

བྱུང་བ་དང་འབྱུང་བ་དང་ད་ལྟར་ནི་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་རྣམས་ཀྱི་གནས་མ་ཡིན་པའི་ཕྱིར་རོ། །ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་དང་། གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་སོ། །སྐྱེ་མཆེད་བཞི་ཞེས་བྱ་བ་ནི་གཟུགས་དང་སྒྲ་
དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ། །དེ་དག་ཉིད་ལ་ཞེས་བྱ་བ་ནི་དད་པ་ལ་སོགས་པའོ། །རང་བཞིན་གྱིས་སོ་སོར་མ་བརྟགས་པར་ཞེས་བྱ་བ་ནི་རང་གི་ངང་གིས་ཏེ། དགེ་བའི་བཤེས་གཉེན་ལ་སོགས་པའི་སྟོབས་ཀྱིས་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པ་ཀུན་ཏུ་གནས་པའོ་ཞེས་བྱ་བ་ནི་སྐྱེ་བས་ཐོབ་པའི་
འདོད་པ་འབའ་ཞིག་མ་ཡིན་གྱི། དད་པ་ལ་སོགས་པ་དང་ལྷན་ཅིག་ཏུའོ། །དགེ་བ་སྒོམ་པའོ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པ་ཐམས་ཅད་དགེ་བའི་ཆོས་རྣམས་སུ་རིག་པར་བྱའོ། །མཐོ་རིས་དང་ཕྱུག་པོའི་རིགས་སུ་སྐྱེ་བ་ཡོངས་སུ་འཛིན་པ་གཉིས་ཀྱིས་ནི་མངོན་པར་མཐོ་བའི་རྒྱུ་སྟོན་ཏོ། །རྣམ་པར་
བྱང་བའི་རྗེས་སུ་མཐུན་པ་ཡོངས་སུ་འཛིན་པས་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་སྟོན་ཏོ། །རྣམ་པར་སུན་འབྱིན་པའི་གཉེན་པོ་ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་འཆད་དོ། །དེ་དག་ཀྱང་གང་ཞེ་ན། དེ་ལ་རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ཟག་པ་དང་བཅས་པའི་འདུས་བྱས་རྣམས་ལ་ཉེས་དམིགས་སུ་
ལྟ་བ་སྟེ། དེས་ནད་དང་འབྲས་ལ་སོགས་པའི་རྣམ་པས་ཉེ་བར་ལེན་པའི་ཕུང་པོ་སུན་འབྱིན་པའི་ཕྱིར་རོ། །སྤོང་བའི་གཉེན་པོ་ཞེས་བྱ་བ་ནི་སྦྱོར་བ་དང་དེ་མ་ཐག་པའི་ལམ་སྟེ། དེ་དག་གིས་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །གཞིའི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་རྣམས་ཏེ། དེ་དག་གིས་སྤོང་བའི་
ཐོབ་པ་ཀུན་ཏུ་འཛིན་པའི་ཕྱིར་རོ། །ཐག་བསྲིང་བའི་གཉེན་པོ་ཞེས་བྱ་བ་ནི་དེའི་གོང་མའི་ལམ་སྟེ། དེ་སྔར་སྤངས་པའི་ཉོན་མོངས་པ་ཐག་བསྲིང་བའི་ཕྱིར་རོ། །དེ་ལས་གཞན་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཉེས་པར་སྤྱོད་པ་ཀུན་ནས་སློང་བའོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་རང་
འཁྲུངས་མ་ཡིན་པ་གང་ཡིན་པ་དང་། རང་འཁྲུངས་ལས་ནི་ཉེས་པར་སྤྱོད་པ་ཀུན་ནས་སློང་བ་གང་ཡིན་པ་དེ་མི་དགེ་བའོ། །དེ་ལས་གཞན་པ་ནི་བསྒྲིབས་པའི་ལུང་དུ་མ་བསྟན་པར་རིག་པར་བྱའོ། །འཚེ་བ་སྔོན་དུ་བཏང་ནས་གང་དུ་ལུག་དང་མ་ཧེ་ལ་སོགས་པ་གསོད་པ་དང་། ལྟ་བ་ངན་པ་སྔོན་དུ་བཏང་ནས་བསོད་

ནམས་འདོད་པ་དང་། མཆོག་འདོད་པའི་ཕྱིར་གང་དུ་ཟས་མི་ཟ་བ་ལ་སོགས་པས་ཉོན་མོངས་པ་དེར་ལྷ་རྟེན་བྱེད་པའོ། །འཕེན་པའམ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་ནི་ངན་འགྲོའི་དབང་དུ་བྱས་པའོ། །བདེ་འགྲོར་ནི་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དེ། གང་གིས་འདིར་སྐྱེས་
ནས་དབུལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བའོ། །དགེ་བའི་བར་ཆད་བྱེད་པའི་ཆོས་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་ཚོགས་ཀྱི་ནང་དུ་འདུ་བ་ལ་སོགས་པའོ། །ཁམས་བརྒྱད་ཅེས་བྱ་བ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། དྲི་དང་། རོ་དང་རེག་བྱའི་ཁམས་སོ། །སྐྱེ་མཆེད་བརྒྱད་
ཅེས་བྱ་བ་ནི་དེ་དག་ཉིད་དོ། །སྡང་བ་ཡང་མ་ཡིན་དང་བ་ཡང་མ་ཡིན་པའི་སེམས་སུ་གྱུར་པ་ཞེས་བྱ་བས་ནི་དགེ་བ་དང་མི་དགེ་བ་ལས་བཟློག་པ་སྟོན་ཏོ། །དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་དེའི་རྣམ་པ་ཡིད་ལ་བརྗོད་པའི་སྒོ་ནས་འཇུག་པའི་ཕྱིར་རོ། །དེ་དག་ཉིད་བརྗོད་པའི་བག་ཆགས་སོ། །
ཞེས་བྱ་བ་ནི་མིང་གི་ཚོགས་ལ་སོགས་པས་ཕྱི་མ་ལ་མངོན་པར་བརྗོད་པ་འབྱུང་བར་བྱ་བའི་ཕྱིར། སེམས་ལ་བག་ཆགས་བསྒོས་པའོ། །དེ་དག་གིས་ཡོངས་སུ་ཟིན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་གང་ཀུན་ནས་སློང་བའོ་ཞེས་བྱ་བ་ནི་སྡང་བ་ཡང་མ་ཡིན། དང་བ་ཡང་
མ་ཡིན་པའི་སེམས་སུ་གྱུར་པའི་མིང་ལ་སོགས་པ་མངོན་པར་བརྗོད་པའི་རྣམ་པ་རྣམས་ཀྱིས་ཀུན་ནས་སློང་བའོ། །ཉོན་མོངས་པ་ཅན་ཡང་མ་ཡིན་དགེ་བ་ཡང་མ་ཡིན་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི། གལ་ཏེ་ཉོན་མོངས་པ་ཅན་ཡང་མ་ཡིན་ལ། དགེ་བ་ཡང་མ་ཡིན་པའི་སེམས་སུ་གྱུར་ན། དེའི་ཕྱིར་
སྤྱོད་ལམ་ལ་སོགས་པ་ལུང་དུ་མ་བསྟན་པར་འགྱུར་རོ། །གཞན་དུ་ན་དགེ་བའམ་མི་དགེ་བར་འགྱུར་ཏེ་ཅི་རིགས་སུ་སྦྱར་རོ། །འདི་ལྟ་སྟེ་སོ་སོར་བརྟགས་པ་མ་ཡིན་པ་ལ་ཞེས་བྱ་བས་ནི་དགེ་བ་ལས་བྱེ་བྲག་ཏུ་འབྱེད་དོ། །ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཞེས་བྱ་བས་ནི། མི་དགེ་བ་ལས་བྱེ་
བྲག་ཏུ་འབྱེད་དོ། །ཡོངས་སུ་འཛིན་པས་ལུང་དུ་མ་བསྟན་པ་ཞེས་བྱ་བ་ནི་བཟོའི་གནས་ལ་གོམས་པའི་བག་ཆགས་ཀྱིས་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པའི་ཕྱིར་རོ། །སོ་སོར་མ་བརྟགས་པས་སྨན་བསྟེན་པ་ཞེས་བྱ་བས་ནི་ནད་ཀྱི་གཉེན་པོས་ནད་མེད་པར་བྱ་བའི་ཕྱིར་རོ། །རྒྱུ་མཐུན་པས་ལུང་དུ་

མ་བསྟན་པ་གང་ཞེ་ན་སྤྲུལ་པའི་སེམས་དང་ལྷན་ཅིག་སྐྱེས་པའོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་གང་གིས་རྩེ་བའི་ཕྱིར་སྤྲུལ་པ་སྤྲུལ་པ་སྟེ། སེམས་ཅན་ལ་ཕན་པའི་ཕྱིར་ན་ནི་དགེ་བར་རིག་པར་བྱའོ། །བསྟན་པས་ཀྱང་དགེ་བ་ཞེས་བྱ་བ་ལ་སོགས་པས་ནི། གང་སངས་རྒྱས་ལ་སོགས་
པས་འདུལ་བའི་དོན་གྱི་དབང་གི་ཕྱིར་ཀུན་ཏུ་སྟོན་པའོ། །མི་དགེ་བར་ཇི་ལྟར་ཀུན་ཏུ་སྟོན་ཅེ་ན། ཆོམ་རྐུན་ལ་སོགས་པར་སྤྲུལ་ནས་དེ་ལས་གཞན་པའི་སེམས་ཅན་འཇིགས་པར་བྱ་བའི་ཕྱིར་ལག་པ་དང་། རྐང་པ་དང་། མགོ་གཅོད་པ་ལ་སོགས་པ་ཀུན་ཏུ་སྟོན་པའི་ཕྱིར་རོ། །འདོད་ཆགས་དང་མ་བྲལ་བ་
ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཕྱོགས་ཙམ་དང་ཡང་མི་ལྡན་པ་སྟེ། ཏིང་ངེ་འཛིན་མ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དུ་ན་ནི་མི་ལྕོགས་པ་མེད་པ་ཡང་འདོད་པ་དང་རབ་ཏུ་ལྡན་པར་འགྱུར་རོ། །ཏིང་ངེ་འཛིན་ཐོབ་མ་ཐག་ཏུ་སྤོང་བ་ལ་མངོན་པར་དགའ་བའི་མི་མཐུན་པའི་
ཕྱོགས་སུ་གྱུར་པའི་གནས་ངན་ལེན་སྤངས་བའི་ཕྱིར་འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཕྱོགས་ཡོད་པར་རིག་པར་བྱའོ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ནི་འདིར་འདོད་ཆགས་དང་མ་བྲལ་བའི་ལས་ཀྱི་དབང་གིས་གྲུབ་པའི་ཕྱིར་འདོད་པ་དང་རབ་ཏུ་ལྡན་པའོ། །སེམས་ཅན་ཐམས་
ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་གིས་འབྱུང་བ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ན་ཡང་འདོད་ཆགས་དང་མ་བྲལ་བའི་ལས་ཀྱི་ས་བོན་ཡོད་པའི་ཕྱིར་རོ། །ཁམས་བཞི་ཞེས་བྱ་བ་ནི་དྲི་དང་རོ་དང་། སྣ་དང་ལྕེའི་རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་གཉིས་
ཞེས་བྱ་བ་ནི་དྲི་དང་རོའི་སྐྱེ་མཆེད་དོ། །དེ་ལས་གཞན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ་མ་གཏོགས་པའོ། །ཁམས་བཞི་དང་སྐྱེ་མཆེད་གཉིས་མ་གཏོགས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །
དེ་ལས་གཞན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ་མ་གཏོགས་པའོ། །ཕུང་པོ་བཞི་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའོ། །ཁམས་གསུམ་ཞེས་བྱ་བ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་

པའི་ཁམས་སོ། །སྐྱེ་མཆེད་གཉིས་ཞེས་བྱ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དེ། དེ་དག་གི་ཕྱོགས་གཅིག་ནི་འདོད་པ་དང་གཟུགས་ན་སྤྱོད་པ་དང་ཟག་པ་མེད་པ་མ་གཏོགས་པའོ། །ཕྱོགས་གཅིག་ལས་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་སའི་དབང་དུ་བྱས་པ་སྟེ།
ས་བརྒྱད་པའི་བར་དུ་ཉོན་མོངས་པའི་རྣམ་པ་སྤངས་པའི་ཕྱིར་རོ། །མཐའ་དག་ལས་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་དགུ་པ་སྤངས་པའི་ཕྱིར་རོ། །ཡང་འཇིག་ཚོགས་ལས་འདོད་ཆགས་དང་བྲལ་བ་ཉིད་ཀྱི་དབང་དུ་བྱས་ནས་སློབ་པ་ནི་ཕྱོགས་གཅིག་ལས་འདོད་ཆགས་དང་བྲལ་བ་ཉིད་དོ། །མི་
སློབ་པ་ནི་མཐའ་དག་ལས་འདོད་ཆགས་དང་བྲལ་བ་ཉིད་དུ་རིག་པར་བྱའོ། །རྟོག་པས་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ། །གནོད་པའི་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་འཇིག་རྟེན་པའི་ལམ་གྱིས་སོ། །ལེགས་པར་གནོན་པའི་འདོད་ཆགས་དང་བྲལ་
བ་ཉིད་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་ཉིད་ཀྱིས་འདོད་ཆགས་དང་བྲལ་བ་ཉིད་དུ་རིག་པར་བྱའོ། །འདོད་ཆགས་དང་བྲལ་བ་ཉིད་བཅུ་ཞེས་བྱ་བ་འདི་ལ་མི་འཕྲོད་པར་འཛིན་པའི་དོན་ནི་འདོད་ཆགས་དང་བྲལ་བ་ཉིད་ཀྱི་དོན་དུ་རིག་པར་བྱའོ། །གདོན་མི་ཟ་བར་སྤོང་བའི་དོན་དུ་ནི་མ་ཡིན་
ནོ། །ཐབས་ཤིན་ཏུ་ཆེན་པོ་ཐོབ་པ་ཐབས་དམའ་བ་ལ་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་གཙོ་བོ་ལ་སོགས་པ་དང་གྲོང་དཔོན་ལ་སོགས་པ་ལྟ་བུར་རིག་པར་བྱའོ། །བྱིས་པ་རྣམས་མྱ་ངན་ལས་འདས་པ་ལ་ཞེས་བྱ་བ་ནི་དེ་ལ་ཞི་བ་ཉིད་དུ་མི་ཤེས་པ་དང་། འཇིག་ཚོགས་ལ་མངོན་པར་ཆགས་པའི་ཕྱིར་རོ། །
མཐོང་བའི་ལམ་ཐོབ་པ་ཁམས་གསུམ་པ་ལ་ཞེས་བྱ་བ་ནི་འདུ་བྱེད་སྡུག་བསྔལ་བ་ཉིད་དུ་ཡོངས་སུ་ཤེས་པ་དང་ལྡན་པ་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་ཡིད་འབྱུང་བའི་ཕྱིར་རོ། །ཐར་པ་ལ་བརྩོན་པའི་དགེ་བ་ནི་བསླབ་པར་བལྟའོ་ཞེས་བྱ་བ་ནི་ཚོགས་བསགས་པའི་གནས་སྐབས་
ནས་བཟུང་སྟེ། ཐར་པར་བྱ་བའི་ཕྱིར་བརྩོན་པར་རིག་པར་བྱའོ། །ཚོགས་བསགས་པའི་གནས་སྐབས་ནི་མངོན་པར་འགྲོ་བ་ཐར་པའི་ཆ་དང་མཐུན་པར་རིག་པར་བྱའོ། །ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་བདུན་དང་། གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་རྣམས་སོ། །

སྐྱེ་མཆེད་བཞི་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་རྣམས་སོ། །བསླབ་པའི་མཐར་ཕྱིན་པ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ནི་བསླབ་པའོ། །མཐར་ཕྱིན་པ་ནི་དགྲ་བཅོམ་པ་ཞེས་བྱ་བའི་ཐ་ཚིག་གོ། །སོ་སོའི་
སྐྱེ་བོའི་དགེ་བ་ལ་སོགས་པ་ནི་ཐར་པ་ལ་བརྩོན་པ་མ་གཏོགས་པའོ། །དེ་ནི་བསླབ་པ་ལ་སློབ་པས་སློབ་པ་ཞེས་བྱའོ། །སློབ་པའི་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་ཞེས་བྱ་བ་འདི་ལ་ཉོན་མོངས་པ་ཅན་ནི་མི་དགེ་བའོ། །ལུང་དུ་མ་བསྟན་པ་ནི་བསྒྲིབས་པའི་ལུང་དུ་མ་བསྟན་པ་སྟེ། ཇི་ལྟར་མཐུན་མཐུན་དུ་
སྦྱོར་རོ། །མི་སློབ་པའི་ལུང་དུ་མ་བསྟན་པ་ཞེས་བྱ་བ་ནི་མ་བསྒྲིབས་པའི་ལུང་དུ་མ་བསྟན་པར་རིག་པར་བྱའོ། །ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་ཏུ་བརྟགས་པ་རྣམས་ཞེས་བྱ་བ་ནི་དམ་པའི་ཆོས་མ་ཡིན་པ་ཉན་པ་ལ་སོགས་པ་སྔོན་དུ་འགྲོ་བའི་ལྟ་བ་ལྔ་པོ་དག་གོ། །ཀུན་ཏུ་བརྟགས་པ་སྨོས་པས་ནི་ལྷན་
ཅིག་སྐྱེས་པའི་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་བསལ་བའི་ཕྱིར་རོ། །མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་ཇི་ལྟ་བུ་ཞེ་ན། མངོན་པར་རྟོགས་པ་ལ་ཞུགས་པ་ཅན་ངའི་བདག་གང་ཡིན་ཞེས་སྐྲག་པ་གང་ལས་བྱུང་བའོ། །ལྟ་བའི་གནས་ཞེས་བྱ་བ་ནི་ལྟ་བ་དང་ལྷན་ཅིག་
འབྱུང་བའི་ཆོས་རྣམས་དང་དེའི་ས་བོན་ནོ། །ཐེ་ཚོམ་གྱི་གནས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ལྟ་བ་ལོག་པར་ཞུགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་ཡིན་པ་དག་ཅེས་བྱ་བ་ནི་ལྟ་བའི་སྒོ་ནས་ཞུགས་པ་དང་། དེ་ལ་དམིགས་པའི་འདོད་ཆགས་པ་གང་ཡིན་པའོ། །ཐམས་
ཅད་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་བསྒོམས་པས་སྤང་བར་བྱ་བ་དང་། ཟག་པ་མེད་པ་མ་གཏོགས་པའོ། །མཐོང་བས་སྤང་བར་བྱ་བ་ལས་བཟློག་པ་ཟག་པ་དང་བཅས་པའི་ཆོས་རྣམས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་ཏུ་བརྟགས་པ་ལས་གཞན་པའི་ཟག་པ་དང་བཅས་པའི་ཆོས་
རྣམས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཟག་པ་དང་བཅས་པ་སྨོས་པས་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱང་བསྡུ་བར་རིག་པར་བྱ་སྟེ། གནས་ངན་ལེན་གྱི་རྗེས་སུ་འབྲེལ་པ་ཡོད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ནི་ཟག་

པ་མེད་པ་མ་གཏོགས་པའོ། །ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་སྤང་བར་བྱ་བ་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་ལམ་དང་། དེའི་རྗེས་ལ་ཐོབ་པའོ། །ཁམས་བཅུ་དང་སྐྱེ་མཆེད་བཞི་ཞེས་བྱ་བ་ནི་དེ་དང་འདུས་མ་བྱས་སོ། །ཅི་འདྲ་བའི་གཟུགས་དང་། སྒྲའི་ཁམས་
སྤང་བར་བྱ་བ་མ་ཡིན་ཞེ་ན། མི་སློབ་པའི་ལུས་དང་། ངག་གི་ལས་ཀྱི་རང་བཞིན་ནོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པར་ཞེས་བྱ་བ་ནི་འདུས་མ་བྱས་ཀྱི་མཚན་ཉིད་དོ།། །།བམ་པོ་གསུམ་པ། བདག་དང་ཆོས་རྒྱུ་མེད་པ་དང་། དབང་ཕྱུག་ལ་སོགས་
པའི་རྒྱུ་ལས་བྱུང་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་གང་གསུངས་པ་ནི་འདི་ཡོད་པས། འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །དེ་ལ་འདི་ཡོད་པས་འདི་འབྱུང་ཞེས་བྱ་བ་ནི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་ཕྱིར་ཏེ། རྐྱེན་ཡོད་ན་འབྲས་བུ་འབྱུང་བར་ཟད་ཀྱི་འབྲས་བུ་འབྱུང་བར་བྱ་བའི་ཕྱིར་རྐྱེན་ལ་གཡོ་བ་ནི་ཅི་ཡང་མེད་ཅེས་བྱ་བའི་ཐ་ཚིག་གོ། །འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ་ཞེས་བྱ་བ་ནི་མི་རྟག་པའི་རྐྱེན་ལས་བྱུང་བའི་ཕྱིར་
ཏེ། མ་བྱུང་བའི་རྒྱུ་ལས་འབྲས་བུ་འབྱུང་བ་མ་གྲུབ་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་ཏེ། གཡོ་བ་མེད་ཅིང་མི་རྟག་པ་ཡིན་དུ་ཟིན་ཀྱང་རྐྱེན་གང་ཡང་རུང་བ་ལས་འབྲས་བུ་ཐམས་ཅད་མི་འབྱུང་གི་ནུས་པའི་རྐྱེན་ལས་
འབྱུང་སྟེ་འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་བ་ནས་སྐྱེ་བ་ལས་རྒ་ཤི་འབྱུང་བའི་བར་དུའོ། །མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་རྣམ་པར་ཕྱེ་བ་གང་ཡིན་པ་དེ་དག་ནི་མདོར་བསྡུ་ན་ཡན་ལག་བཞིར་འགྱུར་ཏེ། འཕེན་པའི་ཡན་ལག་ལ་སོགས་པའོ། །འབྱུང་བ་
བསྟན་པ་ལ་ནི་འདི་དག་ཙམ་ཞིག་བསྟན་པར་བྱ་སྟེ། འདི་ལྟར་རྒྱུའི་དུས་ན་གང་གིས་འཕེན་པ་དང་། གང་འཕེན་པ་དང་། འབྲས་བུའི་དུས་ན་གང་གིས་མངོན་པར་འགྲུབ་པ་དང་། གང་མངོན་པར་འགྲུབ་པ་སྟེ། དེ་དག་ཐམས་ཅད་ནི་ཡན་ལག་འདི་རྣམས་ཀྱིས་བསྟན་པར་རིག་པར་བྱའོ། །

དེ་ལ་འཕེན་པའི་ཡན་ལག་ནི་མ་རིག་པ་དང་། འདུ་བྱེད་དང་རྣམ་པར་ཤེས་པ་སྟེ། མ་འོངས་པའི་སྐྱེ་བ་མངོན་པར་འགྲུབ་པར་འགྱུར་བར་བདེན་པ་རྣམས་མི་ཤེས་པ་སྔོན་དུ་འགྲོ་བའི་ལས་ཀྱི་བག་ཆགས་སེམས་ལ་བསྒོ་བའི་ཕྱིར་རོ། །འཕངས་པའི་ཡན་ལག་ནི་མིང་དང་གཟུགས་དང་།
སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་སྟེ། སེམས་ཀྱི་བག་ཆགས་ཀྱི་མིང་དང་གཟུགས་ལ་སོགས་པ་སྔ་མ་ལ་ཕྱི་མ་བརྟེན་ནས་རིམ་གྱིས་མངོན་པར་འགྲུབ་པར་བྱ་བའི་ཆེད་དུ་སེམས་ཀྱི་བག་ཆགས་དེ་དག་གི་ས་བོན་བརྟས་པའི་ཕྱིར་རོ། །མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་གི་སྲེད་
པ་དང་། ལེན་པ་དང་། སྲིད་པ་སྟེ། འདོད་ཆགས་ལ་སོགས་པའི་སྲིད་པ་མ་སྤངས་པའི་དབང་གིས་འདོད་པ་ལ་སོགས་པར་ལེགས་པར་སྤྱོད་པ་དང་། ཉེས་པར་སྤྱོད་པའི་རྣམ་པ་ལ་གོམས་པར་དགའ་བ་སྔོན་དུ་འགྲོ་བའི་འདུན་པ་དང་། འདོད་ཆགས་ཀྱིས་ཉེ་བར་ལེན་པ་དང་བཅས་པའི་
རྣམ་པར་ཤེས་པ་ཡོད་པར་གྱུར་ན་འཆི་བའི་དུས་ན་འབྲས་བུ་འབྱིན་པར་བྱ་བ་ལ་འདུན་པ་དང་། འདོད་ཆགས་ཀྱི་རྗེས་སུ་མཐུན་པའི་ལས་གང་ཡང་རུང་བའི་བག་ཆགས་མངོན་དུ་འགྱུར་བའི་ཕྱིར་རོ། །མངོན་པར་གྲུབ་པའི་ཡན་ལག་ནི་སྐྱེ་བ་དང་རྒ་ཤི་སྟེ། རྣམ་པ་དེས་དེ་ལས་གཞན་གྱི་བག་
ཆགས་མངོན་དུ་གྱུར་ན་ཇི་ལྟར་འཕངས་པ་བཞིན་དུ་འགྲོ་བ་དང་སྐྱེ་གནས་ལ་སོགས་པའི་བྱེ་བྲག་ཐ་དད་པའི་རིས་མཐུན་པ་གང་ཡང་རུང་བར་མིང་དང་གཟུགས་ལ་སོགས་པ་མངོན་པར་འགྲུབ་པའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་སྨོས་པ་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་གྱི་སྐབས་ཀྱིས་སྐྱོ་
བར་བྱ་བའི་ཕྱིར་རོ། །རྒ་བ་དང་འཆི་བ་ཡན་ལག་གཅིག་ཏུ་བྱ་བ་ནི་རྒ་བ་མེད་པར་ཡང་འཆི་བ་སྲིད་པའི་ཕྱིར་རོ། །མངལ་ནས་སྐྱེ་བའི་སྐྱེ་གནས་སུ་མིང་དང་གཟུགས་ལ་སོགས་པ་མེད་པར་སྐྱེ་མཆེད་དྲུག་ལ་སོགས་པ་འབྱུང་བ་ནི་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་དེ་དག་ཡན་ལག་སོ་སོར་བྱ་
བར་རིག་པར་བྱའོ། །ཡན་ལག་རྐྱེན་ཉིད་དུ་རྣམ་པར་གཞག་པ་ནི་རྐྱེན་བཞིའི་དབང་དུ་བྱས་པ་སྟེ། དེ་ལ་མ་རིག་པ་ནི་འདུ་བྱེད་རྣམས་ཀྱི་རྐྱེན་ཏེ། སྔ་ལོགས་སུ་བྱུང་བའི་བག་ཆགས་ཀྱིས་རྒྱུའི་རྐྱེན་ཏོ། །དེས་ཡོངས་སུ་བསྒོས་པའི་རྒྱུ་ལས་བྱུང་བའི་ལས་རྣམས་ཡང་སྲིད་པར་མངོན་

པར་འདུ་བྱེད་པར་ནུས་པའི་ཕྱིར་ཏེ། དེའི་ཚེ་ཀུན་ཏུ་འབྱུང་བའི་ཚུལ་ཅན་ནོ། །ཤུགས་ཀྱིས་ཞེས་བྱ་བ་ནི་དེ་མ་ཐག་པའི་རྐྱེན་ཏེ། དེའི་ཚེ་འཕེན་པའི་བྱེ་བྲག་གིས་འདུ་བྱེད་ཀྱི་རྒྱུན་གྱི་རྒྱུན་ཆགས་པར་འབྱུང་བའི་ཕྱིར་རོ། །ཡིད་ལ་བྱེད་པས་ཞེས་བྱ་བ་ནི་དམིགས་
པའི་རྐྱེན་ཏེ། རྨོངས་པའི་དུས་ན་མཆོག་ལ་སོགས་པར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་དམིགས་པའི་ཕྱིར་རོ། །ལྷན་ཅིག་བྱུང་བས་ཞེས་བྱ་བ་ནི་བདག་པོའི་རྐྱེན་ཏེ། དེའི་དབང་གིས་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་རྣམས་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་
འདུ་བྱེད་པའི་ཕྱིར་རོ། །མ་རིག་པ་ནི་སྲིད་པ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་ཅེས་བྱ་བ་ནི་དེས་བསྒྲིབས་པ་རྣམས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་བར་གྱི་མཐའ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མི་ཤེས་པའི་ཕྱིར་ཏེ། འདི་ལྟར་ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་
མ་བྱུང་བ་ཞིག་སྙམ་པ་ལ་སོགས་པ་དེ་ལྟར་ཐེ་ཚོམ་ཟ་བའོ། །འདུ་བྱེད་རྣམས་ཀྱི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་དེའི་དབང་གིས་ཡང་སྲིད་པའི་ལས་ལ་སོགས་པའི་ཕྱིར་རོ། །འདུ་བྱེད་རྣམས་ནི་ཡང་འགྲོ་བ་རྣམས་སུ་སེམས་ཅན་དག་རྣམ་པར་འབྱེད་ཅེས་བྱ་བ་ནི་ལས་ཀྱི་དབང་གིས་སེམས་
ཅན་རྣམས་འགྲོ་བ་གཞན་དུ་འགྲོ་བ་སྣ་ཚོགས་པའི་ཕྱིར་རོ། །རྣམ་པར་ཤེས་པའི་བག་ཆགས་ཀྱི་རྐྱེན་ཀྱང་ཡིན་ཞེས་བྱ་བ་ནི་ཕྱི་མ་ལ་མིང་དང་གཟུགས་ལ་སོགས་པ་འགྲུབ་པར་འགྱུར་བར་ས་བོན་གསོ་བར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་སེམས་ཅན་རྣམ་ཀྱི་ལས་ཀྱི་འཆིང་བ་འཛིན་པ་
ཞེས་བྱ་བ་ནི་འདུ་བྱེད་ཀྱིས་བསྐྱེད་པའི་བག་ཆགས་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ། །མིང་དང་གཟུགས་ཀྱི་རྐྱེན་ཀྱང་ཡིན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་ན་མིང་དང་གཟུགས་ཀྱི་ལུས་འཕེལ་བར་འགྱུར་བའི་ཕྱིར་རོ། །མིང་དང་གཟུགས་ནི་སེམས་ཅན་རྣམས་ལུས་
ལེན་དུ་འཇུག་ཅེས་བྱ་བ་ནི་དེ་གྲུབ་ན་སེམས་ཅན་རྣམས་རིས་མཐུན་པར་གཞན་ལ་བརྟེན་པའི་ཕྱིར་རོ། །མིང་དང་གཟུགས་ལ་སོགས་པ་སྐྱེ་མཆེད་དྲུག་ལ་སོགས་པའི་རྐྱེན་དུ་འགྱུར་བ་ནི་ཡན་ལག་སྔ་མ་ལ་བརྟེན་ནས་ཡན་ལག་ཕྱི་མ་འགྲུབ་པར་བལྟའོ། །སྐྱེ་མཆེད་དྲུག་ནི་སེམས་ཅན་རྣམས་

ལུས་རྫོགས་པར་ལེན་དུ་འཇུག་པ་ཞེས་བྱ་བ་ནི་དེ་འགྲུབ་ན་དབང་པོ་གཞན་མ་ཚང་བ་མེད་པའི་ཕྱིར་རོ། །རེག་པ་ནི་ཡུལ་གྱི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ་ཞེས་བྱ་བ་ནི་དེའི་སྒོ་ནས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་ཡུལ་རྣམ་པ་གསུམ་ལ་ལོངས་སྤྱོད་པའི་ཕྱིར་རོ། །ཚོར་བ་
ནི་སྐྱེ་བའི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ་ཞེས་བྱ་བ་ནི་དེ་ལ་བརྟེན་ནས་འདོད་པ་ལ་སོགས་པའི་ལས་ཀྱི་རྣམ་པར་སྨིན་པ་ལ་ཉེ་བར་སྤྱོད་པའི་ཕྱིར་རོ། །སྲིད་པའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་དེ་དང་ཕྲད་པ་ལ་སོགས་པར་འདོད་པའི་སྒོ་ནས་སྲེད་པ་འབྱུང་བའི་ཕྱིར་རོ། །སྲེད་པ་ནི་སེམས་
ཅན་རྣམས་ཀྱི་སྐྱེ་བ་འདྲེན་པ་ཞེས་བྱ་བ་ནི་དེའི་དབང་གིས་ཚེ་གཞན་དུ་བརྒྱུད་པ་རྒྱུན་མི་འཆད་པའི་ཕྱིར་རོ། །ལེན་པའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་རོ་མྱང་བར་འདོད་པའི་སྒོ་ནས་འདོད་པ་ལ་སོགས་པ་ལ་འདུན་པ་དང་འདོད་ཆགས་འབྱུང་བའི་ཕྱིར་རོ། །ལེན་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་སེམས་
ཅན་རྣམས་ཀྱི་རྣམ་པར་ཤེས་པ་ཉེ་བར་ལེན་པ་དང་བཅས་པར་བྱེད་ཅེས་བྱ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་བྱེ་བྲག་ཅན་དུ་ཡང་སྲིད་པའི་ཉིང་མཚམས་སྦྱོར་བར་འགྱུར་བའི་ལས་ཀྱི་བག་ཆགས་ངེས་པར་བྱེད་པའི་ཕྱིར་རོ། །སྲིད་པའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་དེའི་དབང་གིས་
འདུ་བྱེད་ཀྱི་བག་ཆགས་འབྱུང་བ་རྙེད་པའི་ཕྱིར་རོ། །སྲིད་པ་ནི་ཡང་སྲིད་པར་སེམས་ཅན་རྣམས་མངོན་དུ་ཕྱོགས་པར་བྱེད་ཅེས་བྱ་བ་ནི་དེ་མ་ཐག་ཏུ་འགྲོ་བ་གཞན་འདྲེན་པའི་ཕྱིར་རོ། །སྐྱེ་བའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་རིས་མཐུན་པ་གཞན་འབྱུང་བའི་ཕྱིར་རོ། །སྐྱེ་བ་ནི་མིང་དང་
གཟུགས་ལ་སོགས་པའི་རིམ་གྱིས་སེམས་ཅན་མངོན་པར་འགྲུབ་པར་བྱེད་པ་ནི་ཕྱི་མ་ཕྱི་མའི་གནས་སྐབས་གཞན་འདྲེན་པའི་ཕྱིར་རོ། །རྒ་ཤིའི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་ཡོད་ན་དེའི་རྒྱུས་གཞན་དུ་འགྱུར་བ་དང་། འཇིག་པ་སྲིད་པའི་ཕྱིར་རོ། །རྒ་ཤི་ནི་ཡང་དང་ཡང་ན་ཚོད་འགྱུར་
བ་དང་། སྲོག་འགྱུར་བ་ལ་སེམས་ཅན་རྣམས་སྦྱོར་བའོ་ཞེས་བྱ་བ་ནི་དར་ལ་བབ་པ་དང་། ཚེ་རྣམ་པར་འཇིག་པ་ལ་སྦྱོར་བའོ། །རྣམ་པར་ཤེས་པ་ལས་ཀྱི་ཀུན་ནས་ཉོན་མོངས་པར་བསྡུ་བ་ནི་རྣམ་པར་ཤེས་པའི་ཡན་ལག་འདུ་བྱེད་ཀྱི་བག་ཆགས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །བྱེད་པ་པོ་

མེད་པའི་དོན་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དང་བྲལ་བའི་ཕྱིར་རོ། །རྒྱུ་དང་བཅས་པ་ལས་བྱུང་བའི་དོན་ཞེས་བྱ་བ་ནི་མ་རིག་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །སེམས་ཅན་མེད་པའི་དོན་ཞེས་བྱ་བ་ནི་རང་བཞིན་གྱིས་བདག་མེད་པའི་ཕྱིར་རོ། །གཞན་གྱི་
དབང་གིས་དོན་ཞེས་བྱ་བ་ནི་རྐྱེན་ལ་རག་ལས་པའི་ཕྱིར་རོ། །གཡོ་བ་མེད་པའི་དོན་ཞེས་བྱ་བ་ནི་རྐྱེན་རྣམས་བྱེད་པ་མེད་པའི་ཕྱིར་རོ། །མི་རྟག་པའི་དོན་ཞེས་བྱ་བ་ནི་ཐེར་ཟུག་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མའི་དོན་ཞེས་བྱ་བ་ནི་སྐྱེས་པའི་དུས་ལས་ཕ་རོལ་ཏུ་མི་གནས་པའི་ཕྱིར་རོ། །རྒྱུ་དང་འབྲས་
བུའི་རྒྱུད་རྒྱུན་མི་འཆད་པའི་དོན་ཞེས་བྱ་བ་ནི་རྒྱུའི་སྐད་ཅིག་འགག་པ་དུས་མཉམ་དུ་འབྲས་བུའི་སྐད་ཅིག་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་མཐུན་པའི་དོན་ཞེས་བྱ་བ་ནི་ཐམས་ཅད་ལས་ཐམས་ཅད་མི་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་དོན་ཞེས་བྱ་བ་ནི་རྒྱུ་དུ་མ་དང་གཅིག་གི་རྣམ་པ་
ལས་འབྲས་བུའི་རྣམ་པ་གཅིག་དང་དུ་མ་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ཞེས་བྱ་བ་ནི་རྒྱུ་གཞན་ལས་འབྲས་བུ་གཞན་མི་འབྱུང་བའི་ཕྱིར་རོ། །ཡང་དོན་འདི་དག་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔས་ཟབ་པར་རིག་པར་བྱ་སྟེ། རྒྱུས་ཟབ་པ་ནི་མི་མཐུན་པའི་རྒྱུ་དང་།
རྒྱུ་མེད་པར་སྨྲ་བའི་གཉེན་པོར་དོན་གཉིས་ཀྱིས་ཟབ་བོ། །མཚན་ཉིད་ཀྱིས་ཟབ་པ་ནི་བདག་མེད་པ་ཉིད་ཀྱིས་ཏེ་དོན་གཅིག་གིས་སོ། །སྐྱེ་པས་ཟབ་པ་ནི་རྐྱེན་རྣམས་ལས་འབྲས་བུ་འབྱུང་བ་ཡང་དེས་མ་བྱས་པའི་ཕྱིར་ཏེ། དོན་གཉིས་ཀྱིས་སོ། །གནས་པས་ཟབ་པ་ནི་གནས་མེད་ཀྱང་གནས་པར་སྣང་བའི་ཕྱིར་
ཏེ། དོན་གཉིས་ཀྱིས་སོ། །འབྱུང་བས་ཟབ་པ་ནི་རྒྱུ་ལས་འབྲས་བུ་འབྱུང་བ་རྣམ་པར་ཤེས་པར་དཀའ་བའི་ཕྱིར་ཏེ། དོན་བཞིས་ཟབ་པའོ། །བྱེད་པ་པོ་མེད་ཀྱང་ལས་དང་བྱེད་པ་དང་། དེའི་འབྲས་བུ་ལ་སྤྱོད་པ་ཡོད་དེ། འདི་ནི་འདིར་ལས་དང་འབྲས་བུ་ཆུད་མི་ཟ་བར་རིག་པར་བྱའོ། །ཆོས་ནི་བདག་
ཉིད་ཀྱིས་མ་བྱས་པ་སྟེ། གང་གིས་བྱེད་པ་དེ་མ་སྐྱེས་ཏེ་མེད་པའི་ཕྱིར་རོ། །གཞན་གྱིས་ཀྱང་མ་བྱས་ཏེ་རྐྱེན་རྣམས་བྱེད་པ་པོ་མ་ཡིན་པའི་ཕྱིར་རོ། །གཉིས་ཀས་ཀྱང་མ་བྱས་ཏེ། རྒྱུ་དེ་གཉིས་ཀྱིས་མ་བྱས་པའི་ཕྱིར་རོ། །རང་གིས་བྱེད་པ་དང་། གཞན་གྱིས་བྱེད་པ་དང་། རྒྱུ་མེད་པ་ལས་བྱུང་བ་ཡང་མ་

ཡིན་ནོ་ཞེས་བྱ་བ་ནི་རྐྱེན་རྣམས་འབྲས་བུ་སྐྱེད་ནུས་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་བདག་ཉིད་ཀྱིས་མ་བྱས་པ་ནི་རྐྱེན་ལ་ལྟོས་པའི་ཕྱིར་རོ། །གཞན་གྱིས་མ་བྱས་པ་ནི་རྐྱེན་ཡོད་དུ་ཟིན་ཀྱང་ས་བོན་མེད་པ་ནི་མི་སྐྱེ་བའི་ཕྱིར་རོ། །གཉི་གས་མ་བྱས་པ་ནི་དེ་གཉི་ག་ལ་གཡོ་བ་མེད་པའི་ཕྱིར་རོ། །རྒྱུ་མེད་
པ་ལས་བྱུང་བ་ཡང་མ་ཡིན་པ་ནི་ས་བོན་དང་རྐྱེན་རྣམས་ལ་ནུས་པ་ཡོད་པའི་ཕྱིར་རོ། །གཞན་ཡང་། རང་གི་ས་བོན་ལས་ཏེ་གཞན་ལས་མིན། །དེ་ལ་ལྟོས་ཕྱིར་བདག་གིས་བྱས་མ་ཡིན། །གཡོ་བ་མེད་ཕྱིར་གཉིས་ཀྱིས་མ་བྱས་ལ། །དེ་ནི་ནུས་པས་རྒྱུ་མེད་བྱུང་མ་ཡིན། །བདག་ལས་མ་ཡིན་
གཞན་ལས་མ་ཡིན་ཞེས་བྱ་བས། མུ་རྣམ་པ་གཉིས་སྤོང་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པར་འགྱུར་ན། གང་དུ་མུ་བཞི་ཆར་སྤོང་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་འདི་མཆོག་ཏུ་ཟབ་པར་རིག་པར་བྱའོ། །རྣམ་པར་ཤེས་པ་འབྱུང་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་མིག་དང་གཟུགས་ལ་
བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་བ་ཞེས་བྱ་བ་ལ་སོགས་པའོ། །འཆི་འཕོ་བ་དང་སྐྱེ་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་བྱས་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཕྱིའི་ལོ་ཏོག་འབྱུང་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ས་བོན་ལ་བརྟེན་
ནས་མྱུ་གུ། མྱུ་གུ་ལ་བརྟེན་ནས་སྡོང་བུ་སྟེ། དེ་བཞིན་དུ་སྦུ་གུ་དང་འདབ་མ་དང་། །མེ་ཏོག་དང་འབྲས་བུ་རྣམས་ཀྱང་སྦྱར་བར་རིག་པར་བྱའོ། །འཇིག་པ་དང་ཆགས་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་ལ་བརྟེན་ནས་ས་ཆེན་པོ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །
ཟས་ཀྱིས་བརྟེན་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཟས་བཞི་ལ་བརྟེན་ནས་སེམས་ཅན་རྣམས་ཁམས་གསུམ་ན་གནས་པའི་ཕྱིར་རོ། །འདོད་དང་མི་འདོད་པའི་འགྲོ་བ་རྣམ་པར་འབྱེད་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ལ་བརྟེན་ནས་བདེ་འགྲོ་དང་ངན་འགྲོར་འགྲོ་བའི་ཕྱིར་རོ། །རྣམ་
པར་དག་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་ལ་བརྟེན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བ་ནས་མཐོང་བ་དང་བསྒོམ་པའི་ལམ་གྱི་རིམ་གྱིས་དགྲ་བཅོམ་པ་ཐོབ་པའི་བར་དང་། གཞན་གྱི་སྒྲ་ལ་བརྟེན་ནས་ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཡང་དག་པའི་ལྟ་བ་དང་གང་

ཟག་པ་ཐམས་ཅད་ཟད་པའི་བར་དུའོ། །མཐུ་སྟོབས་ཀྱིས་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཐོབ་པ་ལ་བརྟེན་ནས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་འབྱུང་བའི་ཕྱིར་རོ། །དེ་ལྟར་རབ་ཏུ་དབྱེ་བ་འདི་དག་གིས་འདུ་བྱེད་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱ་ཆེར་རྟོགས་
པར་བྱའོ། །ཀུན་ནས་ཉོན་མོངས་པའི་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་ཞེས་བྱ་བ་ནི་འབྱུང་བའི་རིམ་པའི་དབང་དུ་བྱས་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ལུགས་དང་མཐུན་པར་སྟོན་ཏོ། །རྒ་ཤི་དང་རྒ་ཤི་ཀུན་འབྱུང་བ་དང་། རྒ་ཤི་འགོག་པ་
དང་། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་ནི། བདེན་པ་རྣམ་པར་གཞག་པའི་དབང་དུ་བྱས་པ་སྟེ། ལུགས་དང་མི་མཐུན་པ་བསྟན་པར་རིག་པར་བྱའོ། །དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་བྱང་བའི་ལུགས་དང་མཐུན་པ་སྟོན་ཏོ། །གང་
མེད་ན་རྒ་ཤི་མི་འབྱུང་བ་དང་། གང་འགགས་ན་རྒ་ཤི་འགགས་པ་ཞེས་བྱ་བ་ནི་ལུགས་དང་མི་མཐུན་པ་སྟོན་ཏོ། །རྒྱུའི་རྐྱེན་གང་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་དང་། དགེ་བའི་བག་ཆགས་སོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་འདུ་བྱེད་རྣམས་དང་གོ་རིམས་བཞིན་ནོ། །ཀུན་
གཞི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། རྣམ་པར་སྨིན་པ་དང་། མངོན་པར་འདུ་བྱེད་པ་ལས་བྱུང་བའོ། །དེ་ལ་རྣམ་པར་སྨིན་པ་ནི་སྐྱེ་བས་འཐོབ་པ་རྣམས་ཀྱི་རྒྱུའི་རྐྱེན་ཏོ། །མངོན་པར་འདུ་བྱེད་པ་ལས་བྱུང་བ་ནི་སྦྱོར་བ་ལས་བྱུང་བ་རྣམས་ཀྱི་སྟེ། ཕྱི་མ་ལ་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་རྒྱུའི་རྐྱེན་
དུ་བལྟ་བར་བྱའོ། །མངོན་པར་འདུ་བྱེད་པ་ལས་བྱུང་བའི་ཀུན་གཞི་རྣམ་པར་ཤེས་པ་ནི། ཚེ་དེའི་འཇུག་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་བག་ཆགས་བསྒོས་པར་རིག་པར་བྱའོ། །དགེ་བའི་བག་ཆགས་ནི་ཐར་པའི་ཆ་དང་མཐུན་པ་རྣམས་ཀྱི་བག་ཆགས་སུ་བལྟ་བར་བྱ་སྟེ། དེ་དག་ནི་
འཇིག་རྟེན་ལས་འདས་པ་ཐོབ་པའི་རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་དེའི་བག་ཆགས་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རྒྱུ་ཉིད་དུ་རིག་པར་བྱའོ། །ཡང་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་རྒྱུ་དྲུག་པོ་དག་རྒྱུའི་རྐྱེན་དུ་སྟོན་ཏོ། །དེ་ལ་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་ནི་བྱེད་པའི་རྒྱུར་རྣམ་པར་

གཞག་གོ། །ཚིག་ལྷག་མ་རྣམས་ནི་གོ་རིམས་བཞིན་དུ་ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པ་དང་། སྐལ་བ་མཉམ་པ་དང་། ཀུན་ཏུ་འགྲོ་བ་དང་། རྣམ་པར་སྨིན་པའི་རྒྱུ་རྣམས་སུ་རྣམ་པར་གཞག་པར་རིག་པར་བྱའོ། །རྒྱུའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་བྱེད་པའི་རྒྱུ་རྣམ་པར་གཞག་པའི་
ཕྱིར་རྒྱུ་ཐམས་ཅད་ནི་བྱེད་པའི་རྒྱུའི་ནང་དུ་འདུས་པར་རིག་པར་བྱའོ། །གྲོགས་ལ་སོགས་པ་ནི་བྱེ་བྲག་བསྟན་པའི་ཕྱིར་སོ་སོར་རྣམ་པར་གཞག་གོ། །བྱེད་པའི་རྒྱུའི་རབ་ཏུ་དབྱེ་བ་ལ། རྣམ་པར་ཤེས་པའི་ཚོགས་ལ་སོགས་གང་བསྟན་པ་དེ་ནི་དཔེ་ཙམ་དུ་བལྟ་བར་བྱའོ། །ཕྱོགས་འདིས་ནི་དེ་
ལྟ་བུའི་རང་བཞིན་ཅན་གཞན་ལ་ཡང་མངོན་པར་བརྟག་པར་བྱ་བའི་ཕྱིར་རོ། །དེ་ལ་འབྱུང་བའི་བྱེད་རྒྱུ་ནི་དེ་ལས་འབྲས་བུ་མ་བྱུང་བ་འབྱུང་བའི་ཕྱིར་རོ། །གནས་པའི་བྱེད་རྒྱུ་ནི་སྐྱེས་པའི་རྒྱུད་རྒྱུན་མི་འཆད་པར་བྱེད་པའི་ཕྱིར་རོ། །རྟེན་པའི་བྱེད་རྒྱུ་ནི་ལྟུང་བའི་གེགས་བྱེད་པའི་ཕྱིར་རོ། །གསལ་བའི་
བྱེད་རྒྱུ་ནི་སྒྲིབ་པ་བསལ་བར་བྱེད་པའི་ཕྱིར་རོ། །འགྱུར་བའི་བྱེད་རྒྱུ་ནི་རྒྱུད་གཞན་དུ་འགྱུར་བར་བྱེད་པའི་ཕྱིར་རོ། །འབྲལ་བའི་བྱེད་རྒྱུ་ནི་འབྲེལ་བ་གཉིས་སུ་གཅོད་པའི་ཕྱིར་རོ། །བསྒྱུར་བའི་བྱེད་རྒྱུ་ནི་དེའི་ཆ་ཤས་ཡུལ་གཞན་དུ་འཕོ་བར་བྱེད་པའི་ཕྱིར་རོ། །ཡིད་ཆེས་པའི་བྱེད་རྒྱུ་ནི་དེས་
ལྐོག་ཏུ་གྱུར་པ་རྗེས་སུ་དཔག་པའི་ཕྱིར་རོ། །ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ནི་དེས་ཡང་དག་པར་ངེས་པར་བྱེད་པའི་ཕྱིར་རོ། །ཐོབ་པའི་བྱེད་རྒྱུ་ནི་དེས་ཐོབ་པར་བྱེད་པའི་རྒྱུའི་ཕྱིར་རོ། །ཐ་སྙད་ཀྱི་བྱེད་རྒྱུ་ནི་མིང་ཇི་ལྟ་བ་བཞིན་དུ་མཚན་མར་འཛིན་པས་མངོན་པར་ཞེན་ནས་རྗེས་སུ་ཐ་སྙད་འདོགས་
པའི་ཕྱིར་རོ། །ལྟོས་པའི་བྱེད་རྒྱུ་ནི་གཞན་དུ་འདོད་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །འཕེན་པའི་བྱེད་རྒྱུ་ནི་དེའི་རྒྱུ་ལས་བྱུང་བ་གནས་སྐབས་གཞན་དུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འབྱུང་བས་འཕེན་པའི་ཕྱིར་རོ། །མངོན་པར་འགྲུབ་པའི་བྱེད་རྒྱུ་ནི་དེ་མ་ཐག་ཏུ་འབྱུང་བ་བསྐྱེད་པ་ཡིན་པའི་ཕྱིར་རོ། །
ཡོངས་སུ་འཛིན་པའི་བྱེད་རྒྱུ་ནི་རང་གི་ས་བོན་ལས་བྱུང་བ་སྟོབས་བསྐྱེད་པའི་ཕྱིར་རོ། །ཆུད་པར་བྱེད་པའི་བྱེད་རྒྱུ་ནི་དེའི་རྗེས་སུ་མཐུན་པས་འགྲུབ་པའི་ཕྱིར་རོ། །སོ་སོར་ངེས་པའི་བྱེད་རྒྱུ་ནི་རང་བཞིན་ཐ་དད་པས་འབྲས་བུ་གཞན་དང་གཞན་འབྱུང་བའི་ཕྱིར་རོ། །ལྷན་ཅིག་བྱེད་པའི་བྱེད་རྒྱུ་ནི་རང་གི་འབྲས་

བུ་འགྲུབ་པར་བྱེད་པ་ལ་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ། །མི་མཐུན་པའི་བྱེད་རྒྱུ་ནི་གེགས་བྱེད་པའི་ཕྱིར་རོ། །མི་མཐུན་པ་མ་ཡིན་པའི་བྱེད་རྒྱུ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །འདི་ལྟ་སྟེ་འབྱུང་བ་རྣམས་དང་། འབྱུང་བ་ལས་གྱུར་པའོ་ཞེས་བྱ་བ་ནི་ཇི་ལྟར་མཐུན་མཐུན་དུ་སྦྱར་
གྱི་ཚོགས་པ་ཐམས་ཅད་དང་། གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པ་ལ་འབྱུང་བ་ཆེན་པོ་བཞི་པོ་དག་གདོན་མི་ཟ་བར་འབྱུང་བ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ན་གང་ཡོད་པ་དེ་ནི་དེ་དང་ལྷན་ཅིག་འབྱུང་སྟེ། གང་ཡང་རུང་བ་ཞིག་མེད་ན་ནི་མ་ཡིན་ནོ། །དེ་ལྟར་ན་གྲོགས་སུ་ངེས་པས་ལྷན་ཅིག་འབྱུང་
བའི་རྒྱུར་རྣམ་པར་གཞག་གོ། །འབྱུང་བ་དག་དང་འབྱུང་བ་ལས་གྱུར་པ་ཞེས་བྱ་བས་དེ་ནི་དཔེར་བརྗོད་པ་ཙམ་དུ་ཟད་པར་རིག་པར་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་གང་ཡང་རུང་བ་ཞིག་མེད་ན་མི་འབྱུང་བར་ངེས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་མཚུངས་པར་ལྡན་པའི་རྒྱུ་ལོགས་ཤིག་ཏུ་
གཞག་ཏུ་མེད་པར་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ལྷན་ཅིག་འབྱུང་བའི་རྒྱུའི་ནང་དུ་འདུས་པའི་ཕྱིར་རོ། །དེ་ལྟར་ཡིན་དུ་ཟིན་ཀྱང་དོན་གཞན་གྱིས་མཚུངས་པར་ལྡན་པའི་རྒྱུར་འགྱུར་ཏེ། ཆོས་གང་དག་ལྷན་ཅིག་འབྱུང་བས་དམིགས་པ་མཐུན་པར་རྟོགས་ཀྱི་གང་ཡང་རུང་བ་ཞིག་མ་ཚང་
ན་མ་ཡིན་པ་སྟེ། འདི་ལྟ་སྟེ་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །སྔོན་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་བསྒོམས་པ་རྣམས་ཞེས་བྱ་བ་ནི་སྔོན་གོམས་པར་བྱས་པ་རྣམས་ཏེ། སྔོན་ཀུན་ཏུ་སྤྱད་ཅེས་བྱ་བའི་ཐ་ཚིག་གོ། །ཕྱི་མའི་མཐའ་གོང་ནས་གོང་དུ་ཤིན་ཏུ་རྒྱས་པ་དང་
མཆོག་ཏུ་རྒྱས་པར་འབྱུང་བ་གང་ཡིན་པའོ་ཞེས་བྱ་བ་ནི་དེ་དག་གི་ས་བོན་ཡོངས་སུ་གསོས་པ་རྣམས་ཏེ། དེའི་རྒྱུ་ལས་བྱུང་བ་རྣམས་མ་འོངས་པའི་དུས་ན་ཁྱད་པར་ཅན་དུ་འབྱུང་བར་བལྟའོ། །དེ་ལྟར་ན་སྐལ་བ་མཉམ་པའི་རྒྱུ་འདི་ནི་འདྲ་བ་རྣམས་ཀྱི་རྒྱས་པར་བྱེད་པའི་རྒྱུར་རྣམ་པར་གཞག་གོ། །ཀུན་ཏུ་འགྲོ་
བའི་རྒྱུ་ནི་འདྲ་བ་རྒྱས་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གང་ཡང་རུང་བ་གོམས་པར་བྱས་པས་ཞེ་སྡང་ལ་སོགས་པའི་རྒྱུན་རྒྱས་པར་བསྟན་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་དམ་དུ་འཆིང་བར་བྱེད་པས་ན་ཐར་པ་ཐོབ་པའི་བར་དུ་གཅོད་པའི་ཕྱིར་རྣམ་པར་གཞག་

པར་རིག་པར་བྱའོ། །རྣམ་པར་སྨིན་པའི་རྒྱུ་ནི་ཕྱི་མ་ལ་གཅིག་ཏུ་མི་འདྲ་བ་མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་ལུས་སུ་བསྡུས་པ་སྟེ། རྣམ་པར་སྨིན་པ་འཕེན་པའི་ཕྱིར་ཡོངས་སུ་འཛིན་པའི་དོན་གྱིས་རྣམ་པར་གཞག་གོ། །དགེ་བ་ཟག་པ་དང་བཅས་པ་སྨོས་པ་ནི་ཟག་པ་མེད་པ་རྣམས་ཀྱི་སྐྱེ་བ་དང་མི་མཐུན་པས་
འཕེན་པ་མ་ཡིན་པའི་ཕྱིར་རོ། །རྒྱུན་མི་འཆད་པར་བར་ཆད་མེད་པ་ཞེས་བྱ་བ་ནི་གདོན་མི་ཟ་བར་སྐད་ཅིག་གི་བར་ཆད་མེད་པ་མ་ཡིན་གྱི་སེམས་གཞན་གྱི་བར་ཆད་མེད་པ་ཡང་འདིར་བར་ཆད་མེད་པར་བལྟ་བར་བྱ་སྟེ། གཞན་དུ་ན་སྙོམས་པར་འཇུག་པའི་སེམས་ནི་སེམས་མེད་པ་ལ་སྙོམས་པར་
འཇུག་པ་ལས་ལངས་པའི་སེམས་ཀྱི་དེ་མ་ཐག་པའི་རྐྱེན་དུ་ནི་མི་འགྱུར་བའི་རིགས་ན་འགྱུར་བས་དེའི་ཕྱིར་རྒྱུད་གཅིག་ལ་ཕྱི་མའི་སེམས་དང་། སྔ་མའི་སེམས་ཀྱི་བར་དུ་སེམས་གཞན་གྱིས་བར་དུ་མ་ཆོད་པ་ནི་དེ་མ་ཐག་པའི་རྐྱེན་ཏོ། །སེམས་ལ་ཇི་ལྟ་བར་སེམས་ལས་བྱུང་བ་རྣམས་ཀྱང་དེ་བཞིན་དུ་
རིག་པར་བྱའོ། །མཐུན་པ་དང་མི་མཐུན་པ་ལས་སེམས་དང་སེམས་ལས་བྱུང་བ་འབྱུང་བའི་དེ་མ་ཐག་པས་ཀྱང་ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བའི་དགེ་བ་རྣམས་ནི་མཐུན་པ་དགེ་བ་རྣམས་དང་། མི་མཐུན་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ་
ཐག་པའི་རྐྱེན་ཏོ། །དེ་བཞིན་ཏུ་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱང་རང་དང་གཞན་གྱི་རྣམ་པ་རྣམས་དང་སྦྱར་བར་བྱའོ། །དེ་བཞིན་དུ་འདོད་པ་ན་སྤྱོད་པ་རྣམས་ནི་འདོད་པ་ན་སྤྱོད་པ་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་
དེ་མ་ཐག་པའི་རྐྱེན་ཏོ། །དེ་བཞིན་དུ་གཟུགས་ན་སྤྱོད་པ་ལ་སོགས་པ་ཡང་སོ་སོར་གཟུགས་ན་སྤྱོད་པ་ལ་སོགས་པ་དང་། འདོད་པ་ན་སྤྱོད་པ་ལ་སོགས་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་ཏོ་ཞེས་སྦྱར་བར་བྱའོ། །ཅི་སེམས་ཅན་ཐམས་ཅད་ཀྱི་དེ་མ་ཐག་ཏུ་སེམས་ཐམས་ཅད་འབྱུང་
ངམ། འོན་ཏེ་ངེས་པ་ཡོད་ཅེ་ན། ངེས་པ་ཡོད་ཅེས་བྱ་སྟེ་སེམས་འདིའི་འོག་ཏུ་སེམས་འདི་དང་འདི་འབྱུང་ངོ་ཞེས་བརྗོད་ན་ནི་བརྗོད་པ་མང་བར་འགྱུར་རོ། །དེ་ལྟ་བས་ན་སྤྱིར་སེམས་འབྱུང་བའི་མཚན་ཉིད་ཙམ་རྣམ་པར་གཞག་གོ། །འདི་ལྟར་སྟོབས་བཅུས་སེམས་འབྱུང་བར་རིག་པར་བྱ་སྟེ། འདྲིས་

པའི་སྟོབས་དང་། འདུན་པའི་སྟོབས་དང་། སྦྱོར་བའི་སྟོབས་དང་། སྙོམས་པར་འཇུག་པའི་སྟོབས་དང་། འཕེན་པའི་སྟོབས་དང་། རྒྱུའི་སྟོབས་དང་། ཡུལ་གྱི་སྟོབས་དང་། དྲན་པའི་སྟོབས་དང་། ཡིད་ལ་བྱེད་པའི་སྟོབས་དང་། ཉིང་མཚམས་སྦྱོར་བའི་སྟོབས་
ཀྱིས་སོ། །འདྲིས་པའི་སྟོབས་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་། ཆེན་པོའོ། །སྙོམས་པར་འཇུག་པ་དང་གནས་པ་དང་། ལྡང་བའི་རྒྱུ་རྣམས་མི་མངོན་པའི་ཕྱིར་ཆུང་ངུའོ། །མངོན་པར་ལེགས་པར་མ་འདྲིས་པའི་ཕྱིར་འབྲིང་ངོ་། །ལེགས་པར་འདྲིས་པའི་ཕྱིར་ཆེན་པོའོ། །དེ་ལ་
འདྲིས་པ་ཆུང་ངུའི་སྟོབས་ཀྱིས་ནི་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་མཐར་གྱིས་སྙོམས་པར་འཇུག་པར་རིག་པར་བྱའོ། །འབྲིང་གིས་ནི་གཅིག་གིས་བར་དུ་གཅོད་པའི་ཚུལ་གྱིས་ཐོད་རྒལ་དུ་སྙོམས་པར་འཇུག་གོ། །ཆེན་པོས་ནི་ཇི་ལྟར་འདོད་པའམ་ཐམས་ཅད་ལ་ཐོད་རྒལ་དུ་ཞུགས་
ནས་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པར་རིག་པར་བྱའོ། །འདུན་པའི་སྟོབས་ཀྱིས་ནི་བསམ་གཏན་གཉིས་པ་ཐོབ་པ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ལ། གལ་ཏེ་འདོད་ན་བསམ་གཏན་གཉིས་པའི་ས་པ་ལས་ལྡང་བའི་སེམས་མངོན་དུ་བྱེད་དོ། །
གཞན་དུ་འདོད་ན་ཡང་འདོད་པ་ན་སྤྱོད་པ་དགེ་བའམ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་མངོན་དུ་བྱེད་དོ། །དེ་བཞིན་དུ་གཞན་ལའང་རྒྱ་ཆེར་སྦྱར་བར་བྱའོ། །སྦྱོར་བའི་སྟོབས་ཀྱིས་ནི་འདོད་པ་ན་སྤྱོད་པའི་དགེ་བ་ཉིད་ཀྱི་མཇུག་ཐོགས་སུ་ཐོག་མ་ཁོ་ནར་གཟུགས་ན་སྤྱོད་པའི་སེམས་འབྱུང་ངོ་། །མི་
ལྕོགས་པ་མེད་པའི་དགེ་བའི་མཇུག་ཐོགས་སུ་དངོས་གཞིའོ། །དངོས་གཞིའི་མཇུག་ཐོགས་སུ་བསམ་གཏན་གཉིས་པའི་ཉེར་བསྡོགས་ཞེས་བྱ་བ་ལ་སོགས་པ་ནས་རྒྱ་ཆེར་སྲིད་པའི་རྩེ་མོའི་བར་དུ་རིག་པར་བྱའོ། །སྙོམས་པར་འཇུག་པའི་སྟོབས་ཀྱིས་ནི་དག་པ་ལ་སྙོམས་པར་འཇུག་པའི་སེམས་
རེས་འགའ་ནི་དག་པ་པ་གཉིས་སྐྱེའོ། །རེས་འགའ་ནི་ཉོན་མོངས་པ་ཅན་ནོ། །འཕེན་པའི་སྟོབས་ཀྱིས་ནི་ཏིང་ངེ་འཛིན་ལས་ལངས་ནས་རྒྱུ་བ་ན་ཇི་སྲིད་དུ་དེ་དང་མི་མཐུན་པ་ཉོན་མོངས་པ་ཀུན་ཏུ་འབྱུང་བས་ཡོངས་སུ་ཉམས་པར་མ་གྱུར་པ་དེ་སྲིད་དུ་མཉམ་པར་གཞག་པའི་ས་པའི་སེམས་དང་། མཉམ་

པར་མ་བཞག་པའི་སྐད་ཅིག་འདྲེན་མར་རྗེས་སུ་འཇུག་གོ། །དེ་དང་མི་མཐུན་པ་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་ནི་རྒྱུ་ལ་སོགས་པའི་སྟོབས་བཞིས་ཀུན་ཏུ་འབྱུང་བར་རིག་པར་བྱའོ། །དེ་ལ་རྒྱུའི་སྟོབས་ཀྱིས་ནི་གལ་ཏེ་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བའི་སྒྲིབ་པ་སྔོན་བསགས་པར་
གྱུར་པའོ། །ཡུལ་གྱི་སྟོབས་ཀྱིས་ནི་གལ་ཏེ་འདོད་ཆགས་ལ་སོགས་པ་འབྱུང་བ་དང་མཐུན་པ། སྡུག་པ་ལ་སོགས་པའི་མཚན་མའི་སྟོབས་ཤས་ཆེ་བའི་ཡུལ་སྣང་བར་འགྱུར་བའོ། །དྲན་པའི་སྟོབས་ཀྱིས་ནི་གལ་ཏེ་དྲན་པའི་ཀུན་ཏུ་རྟོག་པ་དག་གིས་འདས་པའི་ཡུལ་ལ་འཕོ་བར་བྱེད་པའོ། །ཡིད་ལ་བྱེད་པའི་
སྟོབས་ཀྱིས་ནི་གལ་ཏེ་སྤྱོད་པའི་ཡིད་ལ་བྱེད་པས་སྡུག་པའི་མཚན་མ་གང་ཡང་རུང་བ་ཡིད་ལ་བྱེད་པའོ། །ཉིང་མཚམས་སྦྱོར་བའི་སྟོབས་ཀྱིས་ནི། འཆི་བའི་སེམས་རྣམ་པ་དགུ་སྟེ་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ཁམས་གསུམ་དུ་སོ་སོར་འདོད་པ་དང་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་དག་
གོ། །དེ་ལ་འདོད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དེ་ཉིད་དུ་ཉིང་མཚམས་སྦྱོར་བའི་འདོད་པ་ན་སྤྱོད་པའི་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ནི་འཆི་འཕོ་བའི་སེམས་སུ་རིག་པར་བྱའོ། །གཟུགས་དང་གཟུགས་མེད་པའི་ཁམས་སུ་ཉིང་མཚམས་སྦྱོར་བའི་སེམས་ནི་གཟུགས་དང་གཟུགས་
མེད་པ་ན་སྤྱོད་པའི་འཆི་བའི་སེམས་སུ་རིག་པར་བྱའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་དེ་ཉིད་དང་། གཞན་དུ་སྐྱེས་པའི་སེམས་ཀྱང་དྲུག་ཏུ་སྦྱར་བར་བྱའོ། །ལུས་ལ་སྲེད་པ་དེ་ནི་ལྷན་ཅིག་སྐྱེས་པ་དང་། དམིགས་པ་ལ་མི་སྤྱོད་པ་དང་། བསྒྲིབས་པའི་ལུང་དུ་མ་བསྟན་
པའོ། །ལུས་དང་ལྷན་ཅིག་སྐྱེས་པ་འདི་ནི་དམིགས་པ་ནི་རྣམ་པ་ཡོངས་སུ་མི་གཅོད་པར་རིག་པར་བྱ་སྟེ། དེའི་དབང་གིས་དེ་མ་ཐག་ཏུ་སོ་སོའི་སྐྱེ་བོ་རྣམས་ནི་བར་མ་དོའི་སྲིད་པར་ཉིང་མཚམས་སྦྱོར་རོ། །འཕགས་པ་འདོད་ཆགས་དང་མ་བྲལ་བ་རྣམས་ནི་འཆི་བའི་དུས་ན་ཇི་ཙམ་དུ་འདུ་ཤེས་མི་གསལ་བའི་
གནས་སྐབས་སུ་མ་གྱུར་པ་དེ་སྲིད་དུ་སྲེད་པ་དེ་ཀུན་ཏུ་འབྱུང་ངོ་། །དེ་དག་ནི་ཡོངས་སུ་རྟོགས་ནས་གཉེན་པོས་ཚར་གཅོད་དོ། །འཕགས་པ་འདོད་ཆགས་དང་བྲལ་བ་རྣམས་ནི་མ་སྤོངས་སུ་ཟིན་ཀྱང་གཉེན་པོའི་སྟོབས་ཆེ་བས་དེ་ཀུན་ཏུ་མི་འབྱུང་ངོ་། །དེའི་བག་ལ་ཉལ་གྱི་དབང་གིས་ནི་དེ་དག་ཉིང་མཚམས་

སྦྱོར་རོ། །བར་མ་དོའི་སྲིད་པའི་ཉིང་མཚམས་སྦྱོར་བའི་སྐད་ཅིག་ནི་རྟག་ཏུ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཉིད་དེ། རྣམ་པར་སྨིན་པའི་ཕྱིར་རོ། །དེའི་འོག་ཏུ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། འཆི་འཕོ་བའི་སེམས་མ་གཏོགས་སོ། །
བར་མ་དོའི་སྲིད་པའི་འཆི་འཕོ་བའི་སེམས་ནི་རྟག་ཏུ་ཉོན་མོངས་པ་ཅན་ཏེ། འཆི་འཕོ་བའི་སྲིད་པ་བཞིན་ནོ། །སྐྱེ་བའི་ཉིང་མཚམས་སྦྱོར་བ་ནི་རྟག་ཏུ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་རྣམས་ཀྱི་འཆི་བའི་སེམས་ལ་སོགས་པ་ནི་
ཐམས་ཅད་ཀྱང་གཅིག་ཏུ་དགེ་བར་རིག་པར་བྱའོ། །དེ་མ་ཐག་པའི་རྐྱེན་གྱི་སྐབས་རྫོགས་སོ།། །།ཡུལ་ཡོངས་སུ་ཆད་པའི་དམིགས་པ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ཚོགས་ལྔ་པོ་དག་གི་དམིགས་པ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་ཡུལ་སོ་སོར་ངེས་པའི་ཕྱིར་རོ། །
ཡུལ་ཡོངས་སུ་མ་ཆད་པའི་དམིགས་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་སྟེ། ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །ཡུལ་ལ་བཀྲ་བར་འཛིན་པ་མེད་པའི་དམིགས་པ་ཞེས་བྱ་བ་ནི་མིང་ལ་མ་བྱང་བ་རྣམས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་སྟེ། མིང་
དང་ཡི་གེར་བྱེད་མི་ནུས་པའི་ཕྱིར་རོ། །ཡུལ་ལ་བཀྲ་བར་འཛིན་པའི་དམིགས་པ་ཞེས་བྱ་བ་ནི། དེ་ལས་བཟློག་པར་རིག་པར་བྱའོ། །དངོས་པོ་དང་བཅས་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི་ལྟ་བ་དང་། ང་རྒྱལ་དང་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་མ་གཏོགས་པར་དེ་ལས་གཞན་པ་
དག་གི་དམིགས་པའོ། །དངོས་པོ་མེད་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི་མ་གཏོགས་པ་རྣམས་ཀྱི་དམིགས་པ་སྟེ། བདག་གཞི་ཡིན་པའི་ཕྱིར་རོ། །དངོས་པོའི་དམིགས་པ་ཞེས་བྱ་བ་ནི། ཟག་པ་མེད་པ་ལ་དམིགས་པ་དང་། སྐལ་བ་མི་མཉམ་པའི་ཁམས་དང་། སའི་ཀུན་ཏུ་འགྲོ་བ་
རྣམས་དང་། མ་འོངས་པའི་དམིགས་པ་གཞི་གཏན་ལ་ཕེབས་པ་མེད་པ་མ་གཏོགས་པར་དེ་ལས་གཞན་པ་དག་གི་དམིགས་པའོ། །ཀུན་ཏུ་བརྟགས་པའི་དམིགས་པ་ཞེས་བྱ་བ་ནི་མ་གཏོགས་པ་རྣམས་ཀྱི་དམིགས་པ་སྟེ། རང་གི་ཀུན་བརྟགས་པ་ཙམ་ལ་དམིགས་པའི་ཕྱིར་རོ། །ཕྱིན་ཅི་

ལོག་གི་དམིགས་པ་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་རྣམ་པར་བྱུང་བ་རྣམས་ཀྱི་དམིགས་པའོ། །ཕྱིན་ཅི་མ་ལོག་པའི་དམིགས་པ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རྣམ་པར་འབྱུང་བ་རྣམས་ཀྱི་དམིགས་པའོ། །ཐོགས་པ་དང་བཅས་པའི་དམིགས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་མ་སྤངས་པ་
རྣམས་ཀྱི་དམིགས་པའོ། །ཐོགས་པ་མེད་པའི་དམིགས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་སྤོངས་པ་རྣམས་ཀྱི་དམིགས་པའོ། །དམིགས་པའི་རྐྱེན་གྱི་རྣམ་པར་ངེས་པ་ནི་མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་། བཞག་པ་དང་། ཡོངས་སུ་ཤེས་པ་དང་སྤངས་པས་ཀྱང་དམིགས་པ་རྣམ་པར་གཞག་
པར་རིག་པར་བྱའོ། །མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། དོན་གང་དེར་སྣང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འབྱུང་བའི་རྒྱུ་དང་། དེ་དག་བྱུང་ནས་ཀྱང་དོན་དེ་ལ་མངོན་པར་ཞེན་པ་དང་། ཐ་སྙད་འདོགས་པ་དང་། སོ་སོ་རང་གིས་རིག་པར་འགྱུར་བ་ནི་དམིགས་པའི་མཚན་ཉིད་
དོ། །རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། མེད་པའི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་ཕྱིན་ཅི་ལོག་པ་རྣམས་ཀྱི་དམིགས་པ་དང་། འདས་པ་དང་། མ་འོངས་པ་དང་། རྨི་ལམ་དང་། གཟུགས་བརྙན་དང་། སྒྱུ་མ་ལ་སོགས་པའི་དམིགས་པའོ། །ཡོད་པའི་དམིགས་པ་ནི་དེ་
ལས་གཞན་པ་དག་གི་དམིགས་པའོ། །དམིགས་པ་མེད་པའི་དམིགས་པ་ནི་གཟུགས་དང་། སེམས་དང་ལྡན་པ་མ་ཡིན་པ་དང་། འདུས་མ་བྱས་སོ། །དམིགས་པ་དང་བཅས་པའི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཡང་དག་པ་ཉིད་ཀྱི་
དམིགས་པ་ནི་འདི་ལྟ་སྟེ་དགེ་བའོ། །ལོག་པ་ཉིད་ཀྱི་དམིགས་པ་ནི་འདི་ལྟ་སྟེ་ཉོན་མོངས་པ་ཅན་ནོ། །ཡང་དག་པ་ཉིད་ཀྱང་མ་ཡིན་ལ་ལོག་པ་ཉིད་ཀྱང་མ་ཡིན་པའི་དམིགས་པ་ནི་འདི་ལྟ་སྟེ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པའོ། །ཚུལ་བཞིན་གྱི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་
ལས་བྱུང་བའི་དགེ་བ་རྣམས་ཀྱི་དམིགས་པའོ། །ཚུལ་བཞིན་མ་ཡིན་པའི་དམིགས་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཅན་རྣམས་ཀྱི་དམིགས་པའོ། །ཚུལ་བཞིན་ཡང་མ་ཡིན་ལ་ཚུལ་བཞིན་མ་ཡིན་པ་ཡང་མ་ཡིན་པའི་དམིགས་པ་ནི་དེ་དག་མ་གཏོགས་པ་རྣམས་ཀྱི་དམིགས་པའོ། །འདྲ་བའི་དམིགས་པ་

ནི་འདི་ལྟ་སྟེ། དགེ་བ་ལ་སོགས་པ་རྣམས་ཀྱི་དགེ་བ་ལ་སོགས་པ་དང་། རང་གི་ས་པ་རྣམས་ཀྱི་རང་གི་ས་པ་དང་། ཟག་པ་དང་བཅས་པ་རྣམས་ཀྱི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་ཀྱི་ཟག་པ་མེད་པའོ། །མི་མཐུན་པའི་དམིགས་པ་ནི་འདི་ལྟ་སྟེ། དགེ་བ་ལ་
སོགས་པ་རྣམས་ཀྱི་མི་དགེ་བ་ལ་སོགས་པ་དང་། ས་གཞན་པ་རྣམས་ཀྱི་ས་གཞན་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་ཀྱི་ཟག་པ་མེད་པ་དང་། ཟག་པ་དང་བཅས་པའོ། །སྣ་ཚོགས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྟོག་པ་དང་བཅས་དཔྱོད་པ་
དང་བཅས་པ་རྣམས་ཀྱི་དམིགས་པའོ། །གཅིག་པུའི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་མི་རྟོག་མི་དཔྱོད་པ་རྣམས་ཀྱི་དམིགས་པའོ། །འབྲལ་བའི་དམིགས་པ་ནི་འདི་ལྟ་སྟེ། འདུ་ཤེས་མེད་པ་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་། ནམ་མཁའ་དང་
རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དམིགས་པའོ། །འབྲལ་བ་ནི་མེད་པར་འགྱུར་བའོ། །གཞན་དུ་ན་འབྲལ་བ་ཆེན་པོ་ཉིད་ལ་བྱའོ། །བསྡུས་པ་ཕྲ་བའི་དམིགས་པ་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ། །མཐར་ཕྱིན་པའི་ཕྲ་བའི་དམིགས་པ་ནི་འདི་ལྟ་སྟེ། འདུ་ཤེས་མེད་
འདུ་ཤེས་མེད་མིན་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ། །ཉོན་མོངས་པའི་དམིགས་པ་ནི་དེས་དམིགས་པར་བྱེད་པའི་ཕྱིར་དམིགས་པ་ཞེས་བྱའོ། །མདོ་སྡེའི་ཚིག་ལ་ཡོད་པའི་ཆོས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། གཙུག་ལག་རྣམས་ཀྱི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་
ཚོགས་རྣམས་སོ། དོན་གྱི་དམིགས་པ་ནི་དེ་ལ་བརྟེན་པ་བརྗོད་པར་བྱ་བའི་དོན་གང་ཡིན་པའོ། །ཆུང་ངུའི་དམིགས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའོ། །རྒྱ་ཆེན་པོའི་དམིགས་པ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའོ། །མཚན་མའི་དམིགས་པ་ནི་འདི་ལྟ་སྟེ། ཞི་གནས་དང་། རབ་ཏུ་འཛིན་
པ་དང་། བཏང་སྙོམས་ཀྱི་མཚན་མ་རྣམས་སོ། །མཚན་མ་མེད་པའི་དམིགས་པ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པ་དང་། སྲིད་པའི་རྩེ་མོའོ། །དེ་ཁོ་ནའི་དམིགས་པ་ནི་འདི་ལྟ་སྟེ། །དེ་བཞིན་ཉིད་དང་། རྣམ་པ་བཅུ་དྲུག་པོ་དག་གི་དམིགས་པའི་བདེན་པ་རྣམས་སོ། །གནས་པར་བྱ་བའི་

དམིགས་པ་ནི་འདི་ལྟ་སྟེ། འགོག་པའི་སྙོམས་པར་འཇུག་པ་ལ་སྦྱོར་བ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པའོ། །དབང་བསྒྱུར་བའི་དམིགས་པ་ནི་འདི་ལྟ་སྟེ། རྣམ་པར་ཐར་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་ཡོན་ཏན་རྣམས་ཀྱི་དམིགས་པའོ། །
སྐད་ཅིག་པའི་དམིགས་པ་ནི་འདི་ལྟ་སྟེ། མི་སློབ་པ་རྣམས་ཀྱི་ཚེ་དེ་ཉིད་དོ། །རྗེས་སུ་འབྲང་བ་རྣམས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པའོ། །གཞན་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་དུ་རྣམ་པར་གཞག་པའི་ཕྱིར་དམིགས་པ་ཡོངས་སུ་མ་གྲུབ་
པས་སོ། །རྣམ་པ་བཞིས་ཡོངས་སུ་མ་གྲུབ་པའི་དམིགས་པར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་དང་། དམིགས་པ་མེད་པའི་རྣམ་པར་ཤེས་པ་དམིགས་པ་དང་། བསྒྲིབས་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང་། ཤེས་པ་གསུམ་གྱི་རྗེས་སུ་མཐུན་པར་འགྱུར་བས་
སོ། །དེའི་ཕྱིར་འཛིན་པ་ཡང་ཡོངས་སུ་མ་གྲུབ་པའོ། །ཤེས་པ་རྣམ་པ་གསུམ་ནི་དབང་གི་ཤེས་པ་དང་། ལྷག་མཐོང་གི་ཤེས་པ་དང་། རྣམ་པར་མི་རྟོག་པའི་ཤེས་པའོ། །དེ་ལ་རྣམ་པ་བཞིའི་དཔེར་བརྗོད་པ་ནི། །ཡི་དགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །
དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །འདས་སོགས་དེ་བཞིན་རྨི་ལམ་དང་། །གཟུགས་བརྙན་རྣམ་པ་གཉིས་པོ་ཡང་། །མེད་ཕྱིར་དམིགས་པ་མེད་པའི་ཕྱིར། །དེ་ནི་དམིགས་པར་རུང་མ་ཡིན། དོན་ནི་དོན་དུ་གྲུབ་གྱུར་ན། །མི་རྟོག་ཡེ་ཤེས་མེད་པར་
འགྱུར། །ཤེས་པ་རྟོག་པ་མེད་མི་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དབང་ཐོབ་དང་། །རྣལ་འབྱོར་པ་ལ་འདི་ལྟར་ཡང་། །མོས་པའི་དབང་གིས་ས་ལ་སོགས། །དངོས་པོ་དེ་ལྟར་དམིགས་པར་འགྱུར། །འདི་ལ་
རྣམ་པར་འབྱེད་གྲུབ་དང་། །བློ་ལྡན་ཞི་བ་ཐོབ་པ་ཡི། །ཆོས་ཀུན་ཡིད་ལ་བྱེད་པ་ལ། །དེ་ལྟར་དོན་ནི་སྣང་བའི་ཕྱིར། །མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང་། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཡོངས་སུ་ཤེས་པས་ཇི་ལྟ་བུ་ཞེ་ན། མཚན་ཉིད་

དང་། རབ་ཏུ་དབྱེ་བ་དང་། གཞག་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ། །སྤོང་བས་ཇི་ལྟ་བུ་ཞེ་ན། ཉན་ཐོས་དང་ཐེག་པ་ཆེན་པོས་གནས་གྱུར་པ་སྟེ། ཉན་ཐོས་ཀྱི་ཐེག་པས་གནས་གྱུར་པས་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་
དམིགས་པ་དག་ལས་རྣམ་པར་ཐར་གྱི། དེ་དག་ལ་དབང་འབྱོར་པ་ཐོབ་པ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོས་གནས་གྱུར་པ་ནི་གཉིས་པའོ། །དམིགས་པའི་རྐྱེན་གཞུང་ཇི་ལྟ་བ་བཞིན་དུ་རྣམ་པར་ངེས་པ་རྫོགས་སོ།། །།རྟེན་ལ་དབང་བྱེད་པ་ཞེས་བྱ་བ་ལ་རླུང་གི་དཀྱིལ་འཁོར་ལ་
སོགས་པ་ནི་ཆུའི་དཀྱིལ་འཁོར་ལ་སོགས་པ་ལ་རྟེན་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་གྱིའོ། །འབྱུང་བ་རྣམས་ནི་འབྱུང་བ་ལས་གྱུར་པ་རྣམས་ཀྱིའོ། །དབང་པོ་རྣམས་ནི་རྣམ་པར་ཤེས་པ་རྣམས་ཀྱིའོ་ཞེས་བྱ་བ་ལ་སོགས་པའོ། །འཕེན་པ་ལ་
དབང་བྱེད་པ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ནི་སྣོད་ཀྱི་འཇིག་རྟེན་འཕེན་པ་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །སྔོན་གྱི་ཟག་པ་དང་བཅས་པའི་ལས་རྣམས་ནི་རྣམ་པར་སྨིན་པའིའོ་ཞེས་བྱ་བ་ལ་སོགས་པའོ། །ལྷན་ཅིག་འབྱུང་བ་ལ་དབང་བྱེད་པ་ཞེས་བྱ་བ་ལ། སེམས་ནི་
སེམས་ལས་བྱུང་བ་རྣམས་ཀྱི་ལྷན་ཅིག་འབྱུང་བ་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །ཡིད་ལ་བྱེད་པ་ནི་སེམས་ཀྱིའོ། །རེག་པ་ནི་ཚོར་བའོ་ཞེས་བྱ་བ་ལ་སོགས་པའོ། །འདི་མན་ཆད་ནི་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་དབང་དུ་བྱས་ཏེ། བདག་པོར་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་
ཡུལ་ལ་དབང་བྱེད་པ་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་རྣམས་ཏེ། དེའི་དབང་གིས་གཟུགས་ལ་སོགས་པ་མངོན་པར་འགྲུབ་པའི་ཕྱིར་རོ། །སྐྱེ་བར་དབང་བྱེད་པ་ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་སྟེ། དེའི་དབང་གིས་མངལ་དུ་འཇུག་པའི་ཕྱིར་རོ། །གནས་
པར་དབང་བྱེད་པ་ཞེས་བྱ་བ་ནི་སྲོག་གི་དབང་པོ་སྟེ། དེའི་དབང་གིས་རིས་མཐུན་པར་གནས་པའི་ཕྱིར་རོ། །འབྲས་བུ་ལ་ཉེ་བར་སྤྱོད་པར་དབང་བྱེད་པ་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ཏེ། དེའི་

དབང་གིས་སྡུག་པ་དང་མི་སྡུག་པའི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བའི་ཕྱིར་རོ། །འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་ཏེ། དེ་དག་གིས་ཉོན་མོངས་པ་རྣམ་
པར་གནོན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ལ་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་དག་གིས་བག་ལ་ཉལ་ལེགས་པར་
བཅོམ་པའི་ཕྱིར་རོ། །རྣམ་པར་ཤེས་པ་དང་མ་བྲལ་ཞིང་དེ་དང་འདྲ་བའི་དབང་པོ་ཡུལ་ལ་རྒྱུན་དུ་འབྱུང་བ་ཞེས་བྱ་བ་ནི་བརྟེན་པ་མཚུངས་པར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་དང་ལྡན་ཞིང་རྣམ་པར་ཤེས་པ་དང་འདྲ་བའི་དབང་པོ་ཡུལ་རྣམས་ལ་རྒྱུན་དུ་འབྱུང་ཞིང་རྣམ་པར་ཤེས་པ་འབྱུང་བ་དང་འདྲ་
བའི་ཕྱིར་དབང་པོ་དེ་ནི་བརྟེན་པ་དང་མཚུངས་པ་ཞེས་བྱའོ། །རྣམ་པར་ཤེས་པ་དང་བྲལ་ཞིང་རང་དང་འདྲ་བ་རྒྱུན་དུ་འབྱུང་བས་ཞེས་བྱ་བ་ནི་དེ་དག་དང་མཚུངས་པ་སྟེ། རྣམ་པར་ཤེས་པ་དང་མི་ལྡན་པའི་དབང་པོ་བདག་ཉིད་དང་འདྲ་བ་ནི་རྒྱུན་དུ་འབྱུང་ཞིང་དབང་པོའི་མཚན་ཉིད་དང་འདྲ་བའི་ཕྱིར་དེ་དང་
མཚུངས་པར་རིག་པར་བྱའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་མིག་ལ་སོགས་པ་དབང་པོ་ལྔའི་མཚན་ཉིད་དོ། །གཟུག་ཅན་གྱི་ཁམས་དང་སྐྱེ་མཆེད་ལྔའོ་ཞེས་བྱ་བ་ནི་མིག་ལ་སོགས་པ་ཉིད་དོ། །ཚོར་བ་འབྱུང་བའི་གནས་ཀྱི་གཟུགས་ཀྱི་ཞེས་བྱ་བ་ནི་གཟུགས་གང་ལ་བརྟེན་
ནས་ཚོར་བ་འབྱུང་བ་དེ་ཟིན་པ་ཞེས་བྱའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་གནས་དང་བཅས་པའི་དབང་པོས་བསྡུས་པའོ། །ཁམས་དང་སྐྱེ་མཆེད་གཟུགས་ཅན་ལྔ། །ཞེས་བྱ་བ་ནི་མིག་ལ་སོགས་པའོ། །བཞིའི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་གཟུགས་དང་། དྲི་དང་།
རོ་དང་། རེག་བྱ་དབང་པོ་ལས་གཞན་དུ་མ་གྱུར་པའོ། །ཡུལ་ལ་འཛིན་པར་དབང་བྱེད་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་དྲུག་སྟེ། དེའི་དབང་གིས་གཟུགས་ལ་སོགས་པའི་དམིགས་པ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་འབྱུང་བའི་ཕྱིར་རོ། །རིགས་ཀྱི་རྒྱུད་ལ་དབང་བྱེད་པ་ཞེས་

བྱ་བ་ནི་ཕོ་དང་མོའི་དབང་པོ་སྟེ། དེ་ལས་བུ་དང་ཚ་བོ་ལ་སོགས་པའི་རིགས་འབྱུང་བའི་ཕྱིར་རོ། །ལྷག་མ་ནི་བདག་པོའི་རྐྱེན་ཇི་སྐད་བསྟན་པ་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་།
ལུས་དང་། ཡིད་དང་། ཕོ་དང་མོའི་དབང་པོའི་མཚན་ཉིད་དོ། །འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་སྲོག་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོའི་མཚན་ཉིད་དོ། །ཁམས་བཅུ་གཉིས་ཞེས་བྱ་བ་ནི་དབང་པོ་དང་། རྣམ་པར་
ཤེས་པའི་ཁམས་རྣམས་སོ། །སྐྱེ་མཆེད་དྲུག་ཅེས་བྱ་བ་ནི་ནང་གི་རྣམས་སོ། །ཆོས་ཀྱི་ཁམས་དང་། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་སྲོག་གི་དབང་པོ་དང་། བདེ་བ་ལ་སོགས་པ་དང་དད་པ་ལ་སོགས་པ་ལྔ་ལྔའོ། །སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་གྱི་བདག་ཉིད་ཡིན་ཏེ། རང་
གི་མཚན་ཉིད་ཁོ་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །དེ་ལས་འབྱུང་བའི་རྒྱུར་གྱུར་པ་དབང་པོ་དང་། དོན་རྣམས་དང་དེ་དང་མཚུངས་པར་ལྡན་པ་རྣམས་ནི་སྡུག་བསྔལ་མྱོང་བར་བྱེད་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བལྟའོ། །བདེ་བའི་ཚོར་བ་དང་། དེ་མྱོང་བར་བྱེད་པའི་ཆོས་རྣམས་འགྱུར་
བས་ཡིད་མི་བདེ་བ་འབྱུང་བའི་ཕྱིར་དེ་འགྱུར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དོ། །དེ་ལ་ཡང་རྗེས་སུ་ཆགས་པས་ས