Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 135

Văn bản gốc(Tây Tạng)

Trang 7 / 20 (50.000 ký tự/trang)
ང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་དང་། ངན་པ་དང་། བཟང་པོ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་
ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ་ཞེས་བྱ་བ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་གཉིས་ནི་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་ཞེས་བྱ་བའི་རྣམ་པར་ཐར་པ་དེ་ལས་འབྱུང་ངོ་། །དེ་ལྟར་
ན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ནི་རྣམ་པར་ཐར་པ་གཉིས་ཀྱིས་རིག་པར་བྱའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། །ཁ་དོག་སྔོན་པོ། །སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་ཝཱ་རཱ་ཎ་སཱིར་བྱས་
པའི་རས་ཕུན་སུམ་ཚོགས་པ་སྔོན་པོ། །ཁ་དོག་སྔོན་པོ། །སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། །ཁ་དོག་སྔོན་པོ། །སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་
མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། །ཁ་དོག་སེར་པོ། །སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་
ན་དོང་ཀའི་མེ་ཏོག་གམ། ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སེར་པོ། །ཁ་དོག་སེར་པོ། །སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་དེ་བཞིན་དུ་ནང་གི་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། །ཁ་དོག་སེར་པོ། །སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་

འབྱུང་བ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ། །ཁ་དོག་དམར་པོ།
དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་བན་དུ་ཛི་བ་ཀའི་མེ་ཏོག་གམ། ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་
དམར་པོ་ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །ནང་གཟུགས་མེད་པར་
འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་སྐར་མ་པ་ཝ་སངས་ཀྱི་མདོག་གམ། ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་
སྟོན་པ། འོད་དཀར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་
བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ་ཞེས་བྱ་བ་འདི་བཞི་ནི་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་སོ་ཞེས་བྱ་བའི་རྣམ་པར་ཐར་པ་དེ་ལས་འབྱུང་ངོ་། །དེ་ལ་རྣམ་པར་ཐར་པ་རྣམས་ཀྱིས་ནི་དམིགས་པ་ཆུང་ངུ་ལ་སོགས་པ་ལ་མོས་
པར་བྱེད་དོ། །ཟིལ་གྱིས་གནོན་པ་རྣམས་ཀྱིས་ནི་དབང་བྱེད་པའི་ཕྱིར་ཟིལ་གྱིས་གནོན་ཏེ། དེའི་ནང་དུ་འདུས་པར་བྱེད་པ་དང་། ཇི་ལྟར་འདོད་པ་བཞིན་དུ་བྱེད་པའི་ཕྱིར་རོ། །དེ་ལ་གཟུགས་ཆུང་ངུ་རྣམས་ནི་སེམས་ཅན་དུ་གཏོགས་པ་སྟེ། ཆུང་བའི་ཕྱིར་རོ། །ཆེན་པོ་ནི་སེམས་

ཅན་མ་ཡིན་པར་གཏོགས་པ་སྟེ། ཁང་པ་དང་གཞལ་མེད་ཁང་དང་། རི་ལ་སོགས་པ་རྒྱ་ཆེ་བའི་ཕྱིར་རོ། །ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་ནི་ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་ལས་བསྡུས་པ་རྣམས་སོ། །མིའི་དང་ལྷ་རྣམས་ནི་བཟང་པོ་དང་ངན་པ་རྣམས་ཏེ།
གོ་རིམས་བཞིན་ནོ། །གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཞེས་བྱ་བ་ནི་དབང་བསྒྱུར་ནས་སོ་ཞེས་བྱ་བ་ནི་ཞི་གནས་ཀྱི་ལམ་གྱིས་སོ། །མཐོང་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱིས་སོ། །དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་ཞེས་བྱ་བ་ནི་ཟིལ་གྱིས་མནན་ཏམ། ཟིལ་གྱིས་མ་མནན་ཀྱང་རུང་སྟེ། དེ་ལ་
མངོན་པའི་ང་རྒྱལ་མེད་པའི་འདུ་ཤེས་ཅན་གྱི་ཕྱིར་རོ། །སྔོན་པོ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྔོ་བ་ཉིད་ཀྱི་ཕྱིར་རོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་སྦྱར་བ་ལས་གྱུར་པའི་སྔོ་བ་ཉིད་ཀྱི་ཕྱིར་རོ། །འོད་སྔོན་པོ་འབྱུང་བ་རྣམས་ཞེས་བྱ་བ་འདི་ནི་
དེ་གཉི་ག་ལས་འོད་འབྱུང་བ་རྣམས་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་ལ་ཡང་རྒྱ་ཆེར་རིག་པར་བྱའོ། །དཔེ་གཉིས་པོ་རེ་རེ་ལ་ཡང་ལྷན་ཅིག་སྐྱེས་པ་དང་། སྦྱར་བ་ལས་བྱུང་བའི་ཁ་དོག་བརྗོད་པའི་ཕྱིར་རོ། །འདི་ལྟ་སྟེ། སྔོན་
པོ་ཞེས་བྱ་བ་ནི་མེ་ཏོག་དང་རས་གཉི་ག་ལ་མཚུངས་པར་བསྟན་པའི་ཚིག་གོ། །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་ཉིད་ཀྱི་དབང་དུ་བྱས་པ་སྟེ། དེ་ལྷན་ཅིག་སྐྱེས་པའི་སྔོན་པོ་ཡིན་པའི་ཕྱིར་རོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་རས་ཀྱི་དབང་དུ་བྱས་པ་སྟེ། དེ་ལ་སྦྱོར་བ་ལས་གྱུར་པའི་སྔོན་པོ་ཉིད་
ཡོད་པའི་ཕྱིར་རོ། །འོད་སྔོན་པོ་འབྱུང་བ་ཞེས་བྱ་བ་ནི་མེ་ཏོག་དང་རས་གཉི་གའི་དབང་དུ་བྱས་པ་སྟེ། གཉི་ག་ལ་ཡང་འོད་གསལ་བ་ཉིད་ཡོད་པའི་ཕྱིར་རོ། །དེ་ལྟར་བྱས་ན་དཔེར་ན་ཟར་མའི་མེ་ཏོག་དང་། ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་ཞེས་བྱ་བ་ལ་སོགས་པ་
བསྟན་པའི་དཔེ་ཡང་འཐད་པར་འགྱུར་རོ། །དེ་བཞིན་དུ་སེར་པོ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ལྷག་མ་ནི་རྣམ་པར་ཐར་པ་ལས་བྱུང་བ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ལ་ལྷག་མ་གང་ཞེ་ན། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་

ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་ཇི་སྐད་བསྟན་པའི་ཚུལ་བཞིན་དུ་བལྟ་བར་བྱའོ། །ཇི་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་དམིགས་པ་ལ་དབང་བསྒྱུར་ནས་ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ཟད་པར་རྒྱས་པར་བྱེད་དེ། ཀུན་དུ་མཐའ་ཡས་པ་ཁྱབ་པར་བྱེད་ཅེས་བྱ་བའི་
ཐ་ཚིག་གོ། །ཟད་པར་གྱི་སྐྱེ་མཆེད་དེ་དག་ནི་བཅུ་ཡིན་ཏེ། ཟད་པར་ས་དང་། ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་དང་། ཟད་པར་སྔོན་པོ་དང་། ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་། ཟད་པར་དཀར་པོ་དང་། ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། ཟད་
པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ལ་ས་ལ་སོགས་པ་རྣམ་པར་མི་གཞག་ན་ནི་དེས་ན་གནས་འབྱུང་བ་ཆེན་པོ་རྣམས་ལ་རྒྱུར་བྱས་པའི་གཟུགས་སྔོན་པོ་ལ་སོགས་པ་དེས་ཁྱབ་པར་བྱེད་མི་ནུས་པ་སྟེ། དེ་བས་ན་གནས་དང་བཅས་པའི་གཟུགས་ལ་ཁྱབ་པར་བྱ་བ་འབྱོར་པ་ཉིད་ཀྱི་
ཕྱིར། དེ་དག་ནི་ཟད་པར་ལ་རྣམ་པར་གཞག་པར་རིག་པར་བྱའོ། །ལྷག་མ་ནི་རྣམ་པར་ཐར་པ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའོ། །དེ་ལ་རྣམ་པར་ཐར་པ་རྣམས་ཀྱིས་ནི་རྣམ་པར་ཐར་པ་རྣམས་རྩོམ་མོ། །ཟིལ་གྱིས་
གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་སྦྱོར་རོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་ཡོངས་སུ་གྲུབ་པར་རིག་པར་བྱའོ།། །།བམ་པོ་དགུ་པ། ཉོན་མོངས་པ་མེད་པར་གནས་པ་ནི་སེམས་ཅན་གང་དག་གི་མིག་ལམ་དུ་སྣང་བར་འདོད་པ་དེ་དག་བདག་ལ་ཉོན་མོངས་པ་ཀུན་དུ་མི་འབྱུང་བའི་རྣམ་
པའི་དབང་དུ་བྱས་ནས་འདུག་བཞིན་དུ་བསམས་ནས་ཤེས་པའི་དབང་གིས་མ་འོངས་པ་ན་འབྱུང་བ་ལ་ལྟ་སྟེ། དེ་ལྟར་དེའི་དྲུང་དུ་འགྲོ་ཡང་རུང་མི་འགྲོ་ཡང་རུང་ཅི་ནས་དེར་དེ་དག་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ཕྲག་དོག་དང་། སེར་སྣ་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་
པ་དང་འཐབ་རྩོད་མི་སྐྱེད་དོ། །དེའི་ཕྱིར་ཉོན་མོངས་པ་མེད་པ་ནི་བསམ་གཏན་ལ་བརྟེན་ནས་གཞན་གྱི་ཉོན་མོངས་པ་འབྱུང་བ་རྗེས་སུ་སྲུང་བར་གནས་པ་ཡང་དག་པར་འབྱོར་པའི་ཞེས་རྒྱ་ཆེར་འབྱུང་བ་དེ་སྐད་ཅེས་བྱ་བའོ། །བསམས་ནས་ཞེས་བྱ་བ་ནི་དེ་ཐོབ་པ་གལ་ཏེ་དུས་གསུམ་པ་ལ་སོགས་པའི་ཤེས་

བྱའི་རྣམ་པ་དེ་ཉིད་ཤེས་པར་འདོད་པར་གྱུར་ན་དེ་དང་དེར་འདི་ཤེས་པར་འགྱུར་བར་བྱའོ་ཞེས་བསམས་ནས་བསམ་གཏན་ལ་སྙོམས་པར་འཇུག་ཅིང་དེ་ལས་ལངས་ནས་དེའི་སྨོན་པ་འགྲུབ་པར་འགྱུར་ཏེ། ཤེས་བྱ་དེ་ནི་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་སོ་སོ་ཡང་དག་པར་རིག་
པ་ནི་རྣམ་གྲངས་སུ་གཏོགས་པ་རྣམས་ལ་འདི་ལྟ་སྟེ། མ་རིག་པ་ལ་སོགས་པ་ལ་བརྩམས་ནས་མི་ཤེས་པ་དང་། མི་མཐོང་བ་དང་། མངོན་པར་མི་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བའོ། །དོན་སོ་སོ་
ཡང་དག་པར་རིག་པ་ནི། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དང་། དོན་གཞན་ལ་སོགས་པ་ལ་དགོངས་པ་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཞེས་རྒྱ་ཆེར་འབྱུང་བའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་ཡུལ་མིའི་སྐད་ཅེས་བྱ་བ་ནི་ཡུལ་སོ་སོ་བས་ཇི་ལྟར་རང་རང་གིས་
གཞན་དང་གཞན་མིང་གཞན་གྱི་ཐ་སྙད་འདོགས་པའོ། །ཆོས་ཀྱི་ངེས་པའི་ཚིག་ལ་ཞེས་བྱ་བ་ནི་འདི་ལྟ་སྟེ། འཇིག་པ་དང་། རབ་ཏུ་འཇིག་པས་དེའི་ཕྱིར་འཇིག་རྟེན་ཞེས་བྱ་བ་དང་གཟུགས་སུ་རུང་བས་དེའི་ཕྱིར་གཟུགས་ཞེས་བྱ་བ་ལ་སོགས་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་
རྫས་སུ་ཡོད་པའོ། །བཏགས་པའི་ཡོད་པའོ། །ཀུན་རྫོབ་ཏུ་ཡོད་པའོ། །དོན་དམ་པར་ཡོད་པའོ་ཞེས་བྱ་བ་ལ་སོགས་པ་ཆོས་རབ་ཏུ་འབྱེད་པའོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ལ་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་སྣ་ཚོགས་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ནི་འདི་ལྟ་སྟེ་གཅིག་ཏུ་
གྱུར་ནས་མང་པོར་གྱུར་ཞེས་བྱ་བ་ལ་སོགས་པའོ། །སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་པ་ཞེས་བྱ་བ་ནི་ལྷ་དང་མིའི་ལ་སོགས་པའོ། །སེམས་ཅན་གཞན་དག་གི་སེམས་ཅན་གྱི་སྤྱོད་པ་ལ་འཇུག་པ་ཡང་དག་པར་འབྱོར་པ་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པ་ལ་སོགས་པའི་སེམས་ཀྱི་རྒྱུ་
བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ནི་འདས་པའི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བརྩམས་ཏེ། མིང་དང་རིགས་དང་རུས་ལ་སོགས་པའི་རྣམ་པའི་ལོ་དྲུང་

ཤེས་ཞེས་བྱ་བའི་ཐ་ཚིག་གོ། །འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་ནི་ལྷའི་མིག་གིས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། བདེ་འགྲོར་འགྲོ་བ་དང་། ངན་འགྲོར་འགྲོ་བ་དང་། ཕྱི་མའི་མཐའ་ལས་བརྩམས་ཏེ། འཆི་འཕོ་དང་སྐྱེ་བ་མཐོང་བ་
ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །ཟག་པ་ཟད་པ་ཤེས་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ནི་ཐབས་གང་གིས་ཟག་པ་རྣམས་ཡོངས་སུ་ཟད་པ་དང་། དེ་དག་ཡོངས་སུ་ཟད་པ་གང་ཡིན་པ་དེ་ཤེས་པ་འགྲུབ་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་དང་དཔེ་བྱད་བཟང་པོ་
རྣམས་ནི་གང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པའི་གཟུགས་ཀྱི་སྐུས་འདུལ་བ་རྣམས་ལ་ཀུན་དུ་སྟོན་ཏོ། །དེ་དག་གི་དེ་དག་ནི་དེའི་རང་བཞིན་དུ་རིག་པར་བྱ་སྟེ།
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྟོན་ནུས་པ་རྣམས་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་ལ་གཞན་པ་འཁོར་གྱི་དཀྱིལ་འཁོར་དག་ཏུ་སྐྱེས་པ་རྣམས་ནི་དེ་ལས་བྱུང་བའི་རྣམ་པར་སྨིན་པའི་རང་བཞིན་དུ་
རིག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཆེན་པོ་ཐོབ་པ་རྣམས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ནི་བཞི་སྟེ། དེ་ལ་ཇི་ལྟར་བཞེད་པ་བཞིན་དུ་གནས་ལེན་པ་དང་། བཞུགས་པ་དང་། ཡོངས་སུ་གཏོང་བ་ཡང་དག་པར་འབྱོར་
པའི་ཞེས་བྱ་བ་ནི་གང་དུ་བཞེད་པ་དེར་སྐྱེ་བ་འཛིན་པ་དང་། དེར་སྐྱེས་ནས་ཀྱང་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་ཇི་སྲིད་བཞེད་པར་བཞུགས་པ་དང་། གང་གི་ཚེ་བཞེད་པ་དེའི་དུས་ན་ཚེ་དེའི་འདུ་བྱེད་འདོར་བ་སྟེ། གོ་རིམས་བཞིན་ནོ། །ཇི་ལྟར་བཞེད་པ་བཞིན་དུ་དམིགས་པའི་དབང་
དུ་མཛད་པའི་སྤྲུལ་པ་དང་སྒྱུར་བ་དང་། མཁྱེན་པ་ཡང་དག་པར་འབྱོར་པ་དང་ཞེས་བྱ་བ་ནི་སྔོན་མ་བྱུང་བའི་གཟུགས་ལ་སོགས་པ་སྤྲུལ་པ་དང་། སྔོན་བྱུང་བའི་གཟུགས་ལ་སོགས་པ་གསེར་ལ་སོགས་པར་བསྒྱུར་བ་དང་། རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་ཕྱིར་དེ་གོ་རིམས་བཞིན་ནོ། །ཇི་

ལྟར་བཞེད་པ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་ལ་དབང་སྒྱུར་བ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ལ་ཇི་ལྟར་བཞེད་པ་བཞིན་དུ་ཏིང་ངེ་འཛིན་གཞན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །ཇི་ལྟར་བཞེད་པ་བཞིན་དུ་གཟུངས་ཀྱི་སྒོ་ཀུན་དུ་འཛིན་པ་ཡང་དག་
པར་འབྱོར་པའི་ཞེས་བྱ་བ་ནི་ཡི་གེ་བཞི་བཅུ་རྩ་གཉིས་ལས་ཡི་གེ་གང་ཡང་རུང་བ་ཡིད་ལ་བྱེད་པ་ན་དེས་ཐོག་མ་ཁོ་ནར་ཆོས་ཀྱི་རྣམ་གྲངས་ཐམས་ཅད་བརྗོད་ནུས་པ་ཐོབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྟོབས་ནི་བཅུ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིར་
བྱ་བ་མཁྱེན་པའི་སྟོབས་དང་། །བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་།
ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མཁྱེན་པའི་སྟོབས་དང་། ཤི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་བསམ་གཏན་ལ་བརྟེན་ནས་རྒྱུ་དང་རྒྱུ་
མ་ཡིན་པ་རྣམ་པ་ཐམས་ཅད་དུ་མཁྱེན་པ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་མངོན་དུ་གྱུར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་བཞིན་དུ་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ལ་སོགས་པ་ལ་ཡང་རྣམ་པ་ཐམས་ཅད་དུ་དེ་མཁྱེན་པ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་མངོན་དུ་གྱུར་
པའི་ཏིང་ངེ་འཛིན་ལ་སོགས་པ་ཞེས་བྱ་བར་སྦྱར་བར་བྱའོ། །མི་འཇིགས་པ་ནི་བཞི་སྟེ། ང་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་འདི་ལ་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་དགེ་སྦྱོང་དང་། བྲམ་ཟེའམ། ལྷའམ། བདུད་དམ། །ཚངས་
པའམ། སུས་ཀྱང་ཆོས་དང་མཐུན་པར་ང་ལ་རྒོལ་བའམ། དྲོང་བར་བྱེད་པའི་མཚན་མ་མི་མཐོང་སྟེ། མཚན་མ་དེ་མི་མཐོང་བས་བདེ་བ་ཐོབ་མི་འཇིགས་པ་ཐོབ་བག་ཚ་བ་མེད་པ་ཐོབ་ནས་གནས་སོ། །ཁྱུ་མཆོག་གི་གནས་རྒྱ་ཆེན་པོར་ཞལ་གྱིས་

འཆེའོ། །ཚངས་པའི་འཁོར་ལོ་བསྐོར་རོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་གོ། །ང་ཟག་པ་ཟད་དོ་ཞེས་བྱ་བ་ལ་ཟག་པ་འདི་དག་ཡོངས་སུ་མ་ཟད་དོ། ཞེས་བྱ་བ་དང་ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་གང་དག་བསྟན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་དང་། ཡང་
ངས་ཉན་ཐོས་རྣམས་ལ་ངེས་པར་འབྱུང་བར་བྱ་བའི་ཕྱིར། འཕགས་པ་ངེས་པར་འབྱིན་པ་ངེས་པར་འབྱུང་བའི་ལམ་གང་བཤད་པ་དེ་ངེས་པར་འབྱུང་བ་མ་ཡིན་ནོ་ཞེའམ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་དང་། སྡུག་བསྔལ་གྱི་ཐ་མ་བྱེད་པར་མི་འགྱུར་རོ་ཞེས་འདི་ལ་དགེ་སྦྱོང་ངམ་
སུས་ཀྱང་ང་ལ་ཞེས་བྱ་བ་ནས་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅེས་བྱ་བའི་བར་དུ་རྒྱ་ཆེར་རེ་རེ་ལ་ཡང་བརྗོད་པར་བྱའོ། །མི་འཇིགས་པ་བཞི་པོ་འདི་དག་ནི་རང་གི་དོན་དང་གཞན་གྱི་དོན་ལས་བརྩམ་པར་རིག་པར་བྱའོ། །དེ་ལ་རང་གི་དོན་ནི་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་ཁྱད་པར་དང་། སྤངས་
པའི་ཁྱད་པར་རོ། །གཞན་གྱི་དོན་ཡང་རྣམ་པ་གཉིས་ཏེ། མི་མཐུན་པའི་ཆོས་ཡོངས་སུ་སྤང་བ་དང་། གཉེན་པོའི་ཆོས་ལ་བརྟེན་པའོ། །དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི་ཡེ་ཤེས་ཀྱི་བདག་ཉིད་དེ་རང་གི་དོན་ལ་བརྩམས་ནས་རྣམ་པ་ཐམས་ཅད་དུ་ངས་
རབ་ཏུ་དབྱེ་བའི་མཐའ་དང་བཅས་པར་ཤེས་པར་བྱ་བ་མངོན་པར་སངས་རྒྱས་སོ་ཞེས་ཞལ་གྱིས་འཆེ་བ་སྟེ། ཡང་དག་པར་རྒོལ་བ་མེད་པར་འཇིག་རྟེན་ཐམས་ཅད་དུ་འཇོག་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་གང་ཡིན་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །མི་འཇིགས་པ་ལྷག་མ་རྣམས་ཀྱང་དེ་བཞིན་དུ་
སྦྱར་བར་བྱའོ། །ཟག་པའི་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་སུ་རིག་པར་བྱའོ། །བར་དུ་གཅོད་པའི་ཆོས་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཀུན་ནས་ཉོན་མོངས་པ་ཐམས་ཅད་དུ་རིག་པར་བྱའོ། །ངེས་པར་འབྱིན་པའི་ལམ་གྱི་
རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་སྦྱོར་བ་ནས་བཟུང་སྟེ། མཐར་ཕྱིན་པའི་ལམ་གྱི་བར་དུ་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི་འདི་ལ་སྟོན་པ་ཐུགས་བརྩེ་བ་ཅན་ཐུགས་རྗེ་དང་ལྡན་པ། དོན་བཞེད་པ། ཕན་པར་བཞེད་པ། ཐུགས་རྗེ་ཅན་ཉན་ཐོས་རྣམས་ལ་དགེ་སློང་དག་འདི་ནི་ཕན་

པར་འགྱུར་བའོ། །འདི་ནི་བདེ་བར་འགྱུར་བའོ། །འདི་ནི་ཕན་པ་དང་བདེ་བར་འགྱུར་བའོ་ཞེས་ཆོས་སྟོན་པ་འདི་ལ་ཉན་ཐོས་དེ་དག་གུས་པར་ཉན་པ་དང་། རྣ་བ་གཏོད་པ་དང་། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དེ་ལ་དེ་བཞིན་
གཤེགས་པ་དགྱེས་པར་མི་འགྱུར། ཡིད་བདེ་བར་མི་འགྱུར། ཐུགས་དགའ་བ་ཡ་ཡ་པོར་མི་འགྱུར་གྱི་བཏང་སྙོམས་ཅན་དུ་དེ་བཞིན་གཤེས་པ་དེ་ལ་གནས་ཏེ། དྲན་པ་དང་ཤེས་བཞིན་དང་ལྡན་པ་འདི་ནི་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་པོ་སྟེ། གང་འཕགས་པ་བསྟེན་ནས་ཀྱང་
འཁོར་ལ་རྗེས་སུ་བསྟན་པར་འོས་པའོ། །གཞན་ཡང་སྟོན་པ་འདི་ནི་ཕན་པ་དང་བདེ་བར་འགྱུར་བའོ་ཞེས་བྱ་བའི་བར་དུ་ཆོས་སྟོན་པ་དེ་ལ་ཉོན་ཐོས་དེ་དག་གུས་པར་མི་ཉན་པ་ནས། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མི་སྒྲུབ་པའི་བར་དེ་ལ་དེ་བཞིན་གཤེགས་པ་ཀུན་ནས་མནར་སེམས་སུ་མི་
འགྱུར། མི་བཟོད་པར་མི་འགྱུར། ཐུགས་མི་ཆེས་པར་མི་འགྱུར། ཐུགས་མི་མཉེས་པར་མི་འགྱུར་གྱི་བཏང་སྙོམས་ཅན་དུ་དེ་ལ་ཞེས་བྱ་བ་རྒྱ་ཆེར་སྦྱར་ཏེ་འདི་ནི་གཉིས་པའོ། །གསུམ་པའི་བྱེ་བྲག་ནི་འདི་ཡིན་ཏེ། དེ་ལ་ཉན་ཐོས་ཁ་ཅིག་གུས་པར་ཉན་པ་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་
ཆོས་སྒྲུབ་པར་བྱེད་པ་དང་། ཁ་ཅིག་གུས་པར་མི་ཉན་པ་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མི་སྒྲུབ་པའི་བར་དེ་ལ་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར་བ་ནས་ཐུགས་མི་མཉེས་པར་མི་འགྱུར་བའི་བར་དུའོ། །དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་སྟོན་པའི་ཚོགས་ཡོངས་
སུ་སྡུད་པ་ལ་གོ་རིམས་བཞིན་དུ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། དེ་གཉི་གའི་ཀུན་ནས་ཉོན་མོངས་པ་དང་། བག་ཆགས་ཀྱི་རྣམ་པ་ཐམས་ཅད་ཀུན་དུ་མི་འབྱུང་བ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །བསྲུང་བ་མེད་པ་གསུམ་ནི་དེ་བཞིན་གཤེགས་པའི་སྐུའི་
ཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་དེ། བདག་ལ་གཞན་གྱིས་ཤེས་སུ་འོང་ངོ་ཞེས་བཅབ་པར་དགོངས་པ་མེད་པ་དང་། དེ་བཞིན་དུ་གསུང་དང་། ཐུགས་ཀྱི་ཕྲིན་ལས་ལ་ཡང་རིག་པར་བྱའོ། །དེ་དག་གི་ཐ་སྙད་

གདགས་སུ་མེད་པར་དོགས་པ་མི་མངའ་བའི་ཕྱིར། སྟོན་པ་ཉིད་ཀྱིས་གདུལ་བའི་སྐྱེ་བོ་སྡུག་པ་ལས་བརྩམས་ཏེ། ཇི་ལྟར་བཞེད་པ་བཞིན་དུ་ཚར་བཅད་དེ་སྤ་བཀོང་ནས་གདམས་པ་དང་རྗེས་སུ་བསྟན་པ་ལ་སྦྱོར་བ་ཡང་དག་པར་འབྱོར་པར་རིག་པར་བྱའོ། །བསྙེལ་བ་མེད་པའི་ཆོས་ཉིད་ནི་གདུལ་
བའི་བྱ་བ་ཐམས་ཅད་ལས་བརྩམས་ཏེ། ཇི་ལྟ་བ་བཞིན་དུ་མཛད་པ་དང་གསུངས་པའི་རྣམ་པ་ཐམས་ཅད་མངོན་པར་བརྗོད་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །བག་ཆགས་ཡང་དག་པར་བཅོམ་པ་ནི་ཐམས་ཅད་མཁྱེན་པར་གྱུར་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་
པའི་ལྷག་མ་ཡོད་པ་སྟོན་པའི་སྐུ་དང་གསུང་གི་གཡོ་བ་ཀུན་དུ་མི་འབྱུང་བ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །ཐུགས་རྗེ་ཆེན་པོ་ནི་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ལ་དམིགས་པའི་ཐུགས་རྗེ་ལ་གནས་པ་ཡང་དག་པར་
འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅོ་བརྒྱད་དེ། འདི་ལྟ་སྟེ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། བསྙེལ་བ་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་
མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། དེ་བཞིན་གཤེགས་པའི་ལུས་
ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་
ཡེ་ཤེས་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང་། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་སོ། །དེ་དག་གི་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བ་ན་རེས་འགའ་གླང་པོ་ཆེ་

གཏུམ་པོ་དང་ལྷན་ཅིག་འགྲོ་བ་དང་། །གླང་པོ་ཆེ་གཏུམ་པོ་ཇི་ལྟ་བ་དེ་བཞིན་དུ་རྟ་གཏུམ་པོ་དང་། བ་རྡུང་ཁུས་མ་དང་། ཁྱི་ཟ་བ་དང་། ཚང་ཚིང་ཚེར་མས་འཛིངས་པ་དང་། སྦྲུལ་ལ་རྐང་པ་གཉིས་ཀས་རྫི་བ་དང་། གང་དུ་བུད་མེད་མི་རིགས་པ་སྐྱེས་པས་བོས་པའི་ཁྱིམ་
དེ་ལྟ་བུར་འཇུག་པ་དང་། དགོན་པར་ལམ་ནོར་ནས་ལམ་ལོག་པར་འགྲོ་བ་དང་། ཆོམ་རྐུན་རྣམས་དང་། རྐུན་པོ་རྣམས་དང་། སེང་གེ་དང་། སྟག་དང་། སྤྱང་ཀི་དང་ལྷན་ཅིག་འགྲོ་བ་དང་། དེ་ལྟ་བུ་དང་མཐུན་པ་ལ་སོགས་པ་དགྲ་བཅོམ་པའི་འཁྲུལ་པ་དེ་ནི་དེ་བཞིན་གཤེགས་པ་ལ་
ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ། །གཞན་ཡང་དགྲ་བཅོམ་པ་རེས་འགའ་དགོན་པ་ན་ནགས་ཁྲོད་ཆེན་པོར་རྒྱུ་བ་ན་ལམ་ནོར་ཏེ། གྲོང་སྟོང་དུ་ཕྱིན་ནས་སྒྲ་འབྱིན་པ་དང་། སྒྲ་སྒྲོགས་པ་དང་། ཀུ་ཅོ་ཆེར་འདོན་པ་དང་། བག་ཆགས་ཀྱི་ཉེས་པ་ལ་བརྟེན་ནས་ཉོན་མོངས་པ་ཅན་
གྱི་གད་མོ་རྟ་གད་སོ་སྣང་བར་དགོད་པ་དང་། འཕྱ་བ་ཉེ་བར་སྟོན་པ་དང་། དེ་ལྟ་བུ་དང་མཐུན་པ་དགྲ་བཅོམ་པའི་ཅ་ཅོ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའ་བའོ། །དེ་བཞིན་གཤེགས་པ་ལ་བསྙེལ་བ་མེད་དེ་ཉོན་མོངས་པ་མེད་པར་ཡུན་རིང་པོ་ནས་མཛད་པ་དང་
གསུངས་པ་རྗེས་སུ་དྲན་པའི་ཕྱིར་རོ། །གཞན་ཡང་དགྲ་བཅོམ་པ་ནི་སྙོམས་པར་ཞུགས་ནས་མཉམ་པར་བཞག་པར་འགྱུར་གྱི་ལངས་ནས་མཉམ་པར་བཞག་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ནི་གནས་སྐབས་ཐམས་ཅད་དུ་སེམས་མཉམ་པར་མ་བཞག་པ་མེད་དོ། །གཞན་ཡང་
དགྲ་བཅོམ་པ་ནི་ཕུང་པོ་ལ་ཤིན་ཏུ་མི་མཐུན་པའི་འདུ་ཤེས་སུ་ལྟ་ཞིང་ཕུང་པོ་མེད་པའི་མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་སུ་འགྱུར་རོ། །དེ་བཞིན་གཤེགས་པ་ལ་ནི་ཕུང་པོ་དང་མྱ་ངན་ལས་འདས་པ་ལ་ཐ་དད་པའི་འདུ་ཤེས་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་སོ་སོར་མ་བརྟགས་
པར་སེམས་ཅན་གྱི་དོན་ཡལ་བར་འདོར་རོ། །དེ་བཞིན་གཤེགས་པ་ལ་ནི་དེ་ལྟ་བུ་དང་མཐུན་པ་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ལས་བརྩམས་ཏེ། འདུན་པ་ལས་ཀྱང་མ་ཐོབ་པའི་ཡོངས་སུ་ཉམས་པས་

ཡོངས་སུ་ཉམས་སོ། །བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལས་ཀྱང་ཡོངས་སུ་ཉམས་སོ། །དེ་བཞིན་གཤེགས་པ་ལ་ནི་ཡོངས་སུ་ཉམས་པ་རྣམ་པ་འདི་དྲུག་མེད་དོ། །གཞན་ཡང་དགྲ་བཅོམ་པ་ནི་རེས་འགའ་ལུས་ཀྱི་ལས་དགེ་
བ་ལ་འཇུག །རེས་འགའ་ལུང་དུ་མ་བསྟན་པ་ལ་འཇུག་གོ། །ལུས་ཀྱི་ལས་ཇི་ལྟ་བར་ངག་གི་ལས་དང་ཡིད་ཀྱི་ལས་ཀྱང་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་ཕྲིན་ལས་གསུམ་པོ་ནི་ཡེ་ཤེས་སྔོན་དུ་འགྲོ་བ་དང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ལུང་དུ་མ་བསྟན་པའི་ལས་མེད་དོ། །
དེ་ལ་ཡེ་ཤེས་ཀུན་ནས་སློང་བའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བའོ། །ཡེ་ཤེས་དང་ལྷན་ཅིག་རྒྱུ་བའི་ཕྱིར་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །གཞན་ཡང་དགྲ་བཅོམ་པ་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་རྟོགས་པར་མི་འགྱུར་ཏེ། དེས་ན་དེའི་ཡེ་ཤེས་མཐོང་བ་ཆགས་པར་
འགྱུར་རོ། །ཐམས་ཅད་རྟོགས་པར་ཡང་མི་འགྱུར་ཏེ། དེས་ན་དེའི་ཡེ་ཤེས་མཐོང་བ་ཐོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་ཐམས་ཅད་རྟོགས་ཏེ། དེ་ལྟ་བས་ན་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་
ཅེས་བྱའོ། །དེ་ལ་འདི་དག་ལས་དང་པོ་དྲུག་ནི་སྐུ་དང་གསུངས་དང་ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་ཡོངས་སུ་དག་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་འཁྲུལ་པ་མེད་ཅེས་བྱ་བ་འདི་ནི་སྐུའི་ཕྲིན་ལས་ཡོངས་སུ་དག་པ་ལས་བརྩམས་པའོ། །ཅ་ཅོ་མེད་
ཅེས་བྱ་བ་འདི་ནི་གསུང་གི་ཕྲིན་ལས་ཡོངས་སུ་དག་པ་ལས་བརྩམས་པའོ། །བསྙེལ་བ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་ཅེས་བྱ་བ་འདི་བཞིས་ནི་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་
པའི་དབང་དུ་བྱས་པར་རིག་པར་བྱའོ། །འདུན་པ་ཉམས་པ་མེད་ཅེས་བྱ་བ་ནས། རྣམ་པར་གྲོལ་བ་ཉམས་པ་མེད་ཅེས་བྱ་བའི་བར་དུ་དྲུག་ནི་དེ་བཞིན་གཤེགས་པའི་དབང་པོ་གནས་དང་བཅས་པ་དང་། འབྲས་བུ་དང་བཅས་པ་རྣམས་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པ་ཡང་དག་པར་འབྱོར་

པའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་གནས་ནི་འདུན་པའོ། །འབྲས་བུ་ནི་རྣམ་པར་གྲོལ་བའོ། །དབང་པོ་ནི་བརྩོན་འགྲུས་ལ་སོགས་པར་རིག་པར་བྱའོ། །ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་
བ་འདི་གསུམ་ནི་ཐུན་མོང་མ་ཡིན་པའི་ཕྲིན་ལས་མཛད་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཞེས་བྱ་བ་ནས། ད་ལྟར་བྱུང་བའི་དུས་ལ་ཞེས་བྱ་བ་འདི་གསུམ་ནི་ཡེ་ཤེས་ལ་གནས་པ་ཐུན་མོང་མ་ཡིན་པ་ཡང་དག་པར་འབྱོར་
པའི་ཏིང་ངེ་འཛིན་ལ་སོགས་པའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་འབྱོར་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དང་ཁྱད་པར་གྱི་མཚན་ཉིད་དང་རབ་ཏུ་དབྱེ་བའི་མཐར་ཐུག་པ་མཁྱེན་པ་གྲུབ་ཅེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི་མངོན་
པར་སྒྲུབ་པའི་གནས་དང་། མངོན་པར་སྒྲུབ་པ་པོ་གང་ཟག་དང་། མངོན་པར་སྒྲུབ་པའི་ཐབས་ཀྱིས་ཡོངས་སུ་བསྟན་ཏོ། །མངོན་པར་སྒྲུབ་པའི་ཐབས་ནི་ཇི་ལྟར་རྣམ་པར་གཞག་པ་བཞིན་དུ་ལན་མང་དུ་ཡིད་ལ་བྱེད་པ་སྟེ། ཇི་ལྟར་བསྟན་པ་བཞིན་དུ་སེམས་མཉམ་པར་གཞག་ནས་ཡང་དང་ཡང་དེ་ལ་འཇོག་ཅེས་བྱ་བའི་ཐ་
ཚིག་གོ། །འདི་ལྟ་སྟེ་ཚད་མེད་པ་མངོན་པར་བསྒྲུབ་པར་འདོད་པ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པ་ཞེས་བྱ་བ་ལ་སོགས་པས་བསྟན་པ་བསམ་གཏན་ལ་བརྟེན་ནས་བསམས་པས་ཡིད་ལ་བྱེད་པས་མང་དུ་བྱེད་དོ། །དེ་བཞིན་དུ་མངོན་པར་ཤེས་པ་ལ་སོགས་པ་མངོན་པར་
བསྒྲུབ་པར་འདོད་པས་གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེས་བྱ་བ་ལ་སོགས་པ་རྣམ་པར་གཞག་པ་ཡིད་ལ་བྱེད་པས་མང་དུ་བྱེད་དོ་ཞེས་སྦྱར་བར་བྱའོ། །ཚད་མེད་པ་ལ་སོགས་པ་ཡོན་ཏན་འདི་དག་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བ་ལ་ཉེ་བར་གནས་པ་ནི་གང་དག་གིས་འཕགས་པ་ཅི་རིགས་
སུ་མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་པའི་ལས་བྱེད་པའོ། །གནས་པ་ལས་གྱུར་པ་ནི་མཆོག་ཏུ་ཞི་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་དམིགས་པ་མེད་པའི་ཚད་མེད་པ་ལ་སོགས་པ་གང་དག་གིས་མཐོང་བའི་ཆོས་ལ་བདེ་བར་གནས་པའོ། །དེ་ལ་ཚད་མེད་པ་རྣམས་ཀྱིས་མི་

མཐུན་པའི་ཕྱོགས་སྤོང་ངོ་ཞེས་བྱ་བ་ནི་གནོད་སེམས་དང་། རྣམ་པར་འཚེ་བ་དང་། མི་དགའ་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། གོ་རིམས་བཞིན་ནོ། །ཚད་མེད་པ་བཞི་པོ་འདི་དག་ནི་སྙིང་བརྩེ་བ་ཞེས་བྱ་སྟེ། འདི་དག་གིས་སེམས་ཅན་གྱི་དོན་གྱི་རྗེས་སུ་མཐུན་པར་
འཇུག་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་གནས་ན་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་གནས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ་ཡོངས་སུ་མི་སྐྱོ་སྟེ། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་
བས་བདག་ལ་མི་ལྟ་བའི་ཕྱིར་རོ། །རྣམ་པར་ཐར་པ་རྣམས་ལས་གཉིས་ཀྱིས་ནི་སྤྲུལ་པའི་ལམ་མངོན་པར་སྒྲུབ་བོ། །གསུམ་པས་ནི་དགེ་བ་སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །གཟུགས་མེད་པའི་རྣམ་པར་ཐར་པ་བཞི་ནི་ཞི་བའི་རྣམ་པར་ཐར་པ་རྣམས་ལ་མི་ཆགས་སོ། །
ཐ་མས་ནི་འཕགས་པའི་གནས་པ་མཆོག་ཏུ་རབ་ཏུ་ཞི་བའི་གནས་པས་གནས་ཏེ། དེ་ལ་དེ་ལྟར་མོས་པའི་དོན་ནི་རྣམ་པར་ཐར་པའི་དོན་དུ་རིག་པར་བྱའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པའི་ལས་ཀྱང་སྔ་མ་བཞིན་དུ་དེ་བསྟན་པའི་ཚུལ་དུ་སྦྱར་བར་བྱའོ། །ཉོན་མོངས་པ་མེད་པས་
ནི་གཞན་གྱི་སེམས་རྗེས་སུ་བསྲུང་བ་གཅེས་སུ་བྱེད་པས་ཇི་ལྟར་མཐུན་པ་བཞིན་དུ་སྨྲ་བའི་ཕྱིར་གཟུང་བའི་ཚིག་ཏུ་འགྱུར་རོ། །བསམས་ནས་ཤེས་པས་ནི་ཐམས་ཅད་ཤེས་སོ་ཞེས་གུས་པར་བྱ་བའི་ཕྱིར་འཇིག་རྟེན་ན་མང་པོས་བཀུར་བར་འགྱུར་རོ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ནི་
རྣམ་པ་སྣ་ཚོགས་མང་པོས་ཐེ་ཚོམ་གཅོད་པའི་ཕྱིར་བཤད་པས་སེམས་ཅན་རྣམས་ཀྱི་སེམས་ཚིམ་པར་མཛད་དོ། །རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དང་། འཆི་འཕོ་བ་དང་སྐྱེ་བ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་ཀྱིས་ནི་གོ་
རིམས་བཞིན་དུ་ལུས་ཀྱི་ལས་ལ་སོགས་པས་བསྟན་པ་ལ་འདུན་པར་མཛད་དོ། །ལྷའི་རྣ་བའི་མངོན་པར་ཤེས་པས་ནི་སྒྲའི་རྣམ་པ་ཐམས་ཅད་རྟོགས་ནས་ངག་གི་ལས་ཀྱིས་འདུན་པར་མཛད་པར་རིག་པར་བྱའོ། །གནས་ཡོངས་སུ་དག་པས་ནི་ཇི་ལྟར་བཞེད་པ་བཞིན་དུ་གནས་ལེན་པ་དང་། བཞུགས་

པ་དང་། ཡོངས་སུ་གཏོང་བའི་དབང་དུ་བྱས་ནས་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་ལ་སོགས་པ་གསུམ་དུ་རིག་པར་བྱའོ། །དམིགས་པ་ཡོངས་སུ་དག་པས་ནི་ཆོས་ལ་དབང་སྒྱུར་རོ། །སེམས་ཡོངས་སུ་དག་པས་ནི་ཏིང་ངེ་འཛིན་ལ་དབང་སྒྱུར་རོ། །ཡེ་ཤེས་
ཡོངས་སུ་དག་པས་ནི་དམ་པའི་ཆོས་ཡང་དག་པར་འཛིན་ཏོ། །སྟོབས་རྣམས་ཀྱི་ནང་ནས་སྟོབས་གཉིས་ཀྱིས་ནི་མངོན་པར་མཐོ་བའི་ལམ་སྟོན་ཏོ། །ལྷག་མ་རྣམས་ཀྱིས་ནི་ངེས་པར་ལེགས་པའི་ལམ་སྟོན་ཏེ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་ནི་འདི་དག་གོ། །དེ་ལ་བཅོམ་
ལྡན་འདས་ཀྱིས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་མངོན་པར་མཐོ་བ་རྒྱུ་མེད་པ་ལས་བྱུང་བ་དང་། རང་བཞིན་དང་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་ངོ་ཞེས་རྒྱུ་མེད་པ་དང་། མི་མཐུན་པ་རྒྱུར་སྨྲ་བ་དེ་སྤོང་ངོ་། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ནི་ལས་
བདག་གིས་མ་བྱས་ཀྱང་ལས་འོང་ངོ་ཞེས་མ་བྱས་པ་དང་ཕྲད་པར་སྨྲ་བ་དེ་སྤོང་ངོ་། །འདི་ལྟར་ཡང་དག་པར་མ་ནོར་བར་བདེ་འགྲོའི་ལམ་སྟོན་ཏོ། །བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ནི་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་རྣམས་
ཏེ། སེམས་ཀྱི་རྒྱུ་བ་རྣམས་རྗེས་སུ་རྟོགས་སོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་བཤད་པའི་སྣོད་དད་པ་ལ་སོགས་པའི་དབང་པོ་ཡོངས་སུ་སྨིན་པ་རྗེས་སུ་རྟོགས་སོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བསམ་པ་སྟེ། ངན་པ་དང་བཟང་པོ་ལ་མོས་
པ་རྗེས་སུ་རྟོགས་སོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བག་ལ་ཉལ་སྐྱེད་ནུས་པའི་ཉོན་མོངས་པ་རྗེས་སུ་རྟོགས་སོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི་དམིགས་པ་ཉན་ཐོས་ཀྱི་ཐེག་པའམ། ཐེག་པ་ཆེན་པོ་བསྟན་པའི་ཆོས་ཀྱིས་བསྡུས་པ་རྗེས་སུ་རྟོགས་
སོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་ནི་ཚེ་རབས་སྔ་མ་དག་ན་ཚོགས་ཡང་དག་པར་སྒྲུབ་པ་འཕགས་པའི་ལམ་གྱི་རྒྱུ་རྗེས་སུ་རྟོགས་སོ། །འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་ནི་ཕྱི་མ་ལ་འོས་སུ་འགྱུར་བ་རྗེས་སུ་རྟོགས་སོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་

ནི་འཇིག་རྟེན་ཐམས་ཅད་ནས་ངེས་པར་འབྱུང་བ་རྗེས་སུ་རྟོགས་ཏེ། གང་ལས་ཇི་ལྟ་བ་བཞིན་དུ་ཐར་པའི་ལམ་སྟོན་ཏོ། །སྟོབས་ཉིད་ནི་འདི་དག་གི་ཕུང་པོ་དང་། ཉོན་མོངས་པ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་ཚར་གཅོད་པའི་ཁྱད་པར་གྱི་ཕྱིར་རོ། །ཁྱད་པར་ནི་ཤེས་བྱའི་སྒྲིབ་
པ་སྤངས་ནས་བར་ཆད་མི་བྱེད་པ་དང་། གནས་དང་གནས་མ་ཡིན་པ་ནས་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་བར་ཐམས་ཅད་དུ་དྲི་བ་དྲིས་ན་དྲི་བ་ལུང་སྟོན་པ་ལ་ཐོགས་པ་མེད་པའི་ཕྱིར་རོ། །མི་འཇིགས་པ་རྣམས་ཀྱིས་ནི་འཁོར་གྱི་ནང་དུ་བདག་སྟོན་པ་ཡང་དག་པ་བདག་དང་གཞན་ལ་
ཕན་པར་ཞུགས་པ་ཉིད་དུ་ཡང་དག་པར་འཇོག་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནས་ལམ་གྱི་བར་ལ་རྒོལ་བའི་མུ་སྟེགས་ཅན་རྣམས་ཆོས་དང་མཐུན་པས་ཚར་གཅོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ནི་གུས་པར་ཉན་པ་ལ་སོགས་པ་ལ་རྗེས་སུ་ཆགས་པ་ལ་
སོགས་པའི་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཚོགས་ཡོངས་སུ་སྡུད་དོ། །བསྲུང་བ་མེད་པ་རྣམས་ཀྱིས་ནི་རང་གི་ཉེས་པ་བརྗོད་དུ་དོགས་ནས་བསྲུང་བ་མེད་པའི་ཕྱིར་རྒྱུན་མི་འཆད་པར་ཚོགས་ལ་འདོམས་སོ། །བསྙེལ་བ་མེད་པའི་ཆོས་ཉིད་ཀྱིས་ནི་
སེམས་ཅན་གྱི་དོན་བྱ་བ་ཉེ་བར་གནས་པ་ལ་སྐད་ཅིག་ཙམ་ཡང་བག་མེད་པས་འགལ་བར་མི་མཛད་པའི་ཕྱིར་སངས་རྒྱས་ཀྱི་མཛད་པ་མི་འདོར་རོ། །བག་ཆགས་ལེགས་པར་བཅོམ་པས་ནི་དེ་ལྟར་དགྲ་བཅོམ་པ་ལས་འཁྲུལ་པ་ལ་སོགས་པ་སྟོན་པ་ལྟ་བུ་མ་ཡིན་ཏེ། ཉོན་མོངས་པ་མེད་པས།
ཉོན་མོངས་པ་ལྟ་བུའི་སྤྱོད་པ་མི་སྟོན་ཏོ། །ཐུགས་རྗེ་ཆེན་པོས་ནི་སུ་ཉམས་པར་འགྱུར་སུ་འཕེལ་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་སོ་སོར་རྟོག་པའི་ཕྱིར་ཉིན་མཚན་ལན་དྲུག་དུ་འཇིག་རྟེན་རྣམ་པར་གཟིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྐུ་དང་གསུང་
དང་ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་ཡོངས་སུ་དག་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་བསྟན་པའི་སྐབས་བཞིན་དུ་སྦྱར་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི་ཐམས་ཅད་དུ་ཡེ་ཤེས་ཐོགས་པ་མེད་པས་སེམས་ཅན་ཐམས་ཅད་ཀྱི་ཐེ་

ཚོམ་གཅོད་དོ། །ཐེ་ཚོམ་བཅད་པའི་ཕྱིར་དེ་དང་དེར་བསྟན་པའི་ཆོས་ཀྱི་རྣམ་གྲངས་རྣམས་ཡང་དག་པར་བསྡུས་པའི་རིམ་གྱིས་ཡང་དག་པར་བསྡུས་ནས་ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་འཇོག་གོ། །ཆོས་ཀྱི་ཚུལ་དེ་ལ་བརྟེན་ནས་སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ནི་
ཡོངས་སུ་སྨིན་པར་མཛད། ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དོ། །ཁྱད་པར་དུ་འཕགས་པའི་ལམ་ཐོབ་ནས་ལམ་དམན་པ་འདོར་བ་ནི་འདི་ལྟ་སྟེ། འབྲས་བུས་བསྡུས་པའི་ལམ་ཐོབ་པར་གྱུར་ན་འཇུག་པའི་ལམ་རྣམ་པར་འདོར་ཞེས་བྱ་སྟེ། ཡང་མངོན་དུ་མི་བྱེད་པའི་ཕྱིར་
རོ། །བསྡོམས་ཏེ་སྤོང་བ་ཡང་མངོན་སུམ་དུ་བྱེད་དོ་ཞེས་བྱ་བ་ནི་འབྲས་བུ་ཐོབ་པའི་དུས་ཏེ། དེའི་མི་མཐུན་པའི་རིགས་ཀྱི་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་མ་ལུས་པར་སྤངས་པས་གནས་གྱུར་པའི་ཁྱད་པར་ཐོབ་པའི་ཕྱིར་རོ། །རྒྱུན་ཡང་དག་པར་གཅོད་པའི་རྣམ་པར་འདོར་
བས་རྣམ་པར་སྤོང་ཞེས་བྱ་བ་ནི་གཏན་དུ་ཀུན་དུ་མི་སྤྱོད་པས་རྣམ་པར་འདོར་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟར་རྣམ་པར་སྤོང་བ་མ་ཡིན་ཏེ། དེའི་ལམ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པའི་བསམ་པ་སྔོན་དུ་བཏང་བའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་
རྣམས་ནི་དགེ་བའི་རྩ་བ་མི་ཟད་པ་དང་ཡོན་ཏན་མི་ཟད་པ་ཞེས་བྱ་སྟེ། འདི་ལྟར་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་མི་ཟད་པ་བསྟན་པ་རྣམས་ཡིན་ནོ། །འཇིག་རྟེན་རྟག་པའོ་མི་རྟག་པའོ་ཞེས་བྱ་བ་ལ་སོགས་པ་འདྲི་བ་ལ་ལུང་མི་སྟོན་པའི་དངོས་པོ་རྣམ་པར་གཞག་པ་ནི་དོན་དང་མི་ལྡན་པས་ཚུལ་
བཞིན་མ་ཡིན་པའི་ཕྱིར་རོ། །འདྲི་བ་དེ་དག་གི་འདྲི་བའི་དོན་དང་ལྡན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་འཕགས་པའི་བདེན་པ་བཞི་ལས་བརྩམས་ནས་གང་འདྲི་བ་སྟེ། འདི་ལྟར་དེ་རྒྱུ་དང་འབྲས་བུ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སེམས་པའི་ནང་དུ་གཏོགས་པའི་ཕྱིར་རོ། །
བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཀྱང་རྒྱུན་དུ་ཞུགས་པ་ལ་སོགས་པར་རྣམ་པར་མི་གཞག་པ་ནི་མི་གནས་པའི་ལམ་ཐོབ་པས་རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཤེས་བྱ་ནི་རྣམ་པ་དྲུག་སྟེ། འཁྲུལ་པ་ནས་མ་འཁྲུལ་པའི་རྒྱུ་མཐུན་པའི་བར་དུའོ། །དེ་ལ་འཁྲུལ་

པ་ནི་གཟུང་བ་དང་། འཛིན་པར་མངོན་པར་ཞེན་པའོ། །འཁྲུལ་པའི་གནས་ནི་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འདུ་བྱེད་ཀྱི་རྒྱུ་ཙམ་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པའི་བདག་ཉིད་དུ་གྱུར་པ་གང་ལ་བྱིས་པ་རྣམས་གང་མངོན་པར་ཞེན་པས་འཇུག་གོ། །མ་འཁྲུལ་པའི་གནས་ནི་
དེ་བཞིན་ཉིད་དེ། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཡང་ཡིན་ལ་མ་འཁྲུལ་པ་ཡང་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་མཐུན་པ་ཐོས་པ་ལས་བྱུང་བ་ལ་སོགས་པ་དགེ་བའི་ཆོས་རྣམས་ཏེ། ཤེས་བྱ་ལ་རྣམ་པར་རྟོག་པ་དང་། རྣམ་པར་
མི་རྟོག་པའི་ཡེ་ཤེས་དང་མཐུན་པའི་ཕྱིར་རོ། །མ་འཁྲུལ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །མ་འཁྲུལ་པའི་རྒྱུ་མཐུན་པ་ནི་འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་དགེ་བའི་ཆོས་རྣམས་སོ། །ཐབས་ལ་མཁས་པ་ནི་རྣམ་པ་བཞི་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་
པ་ནི་བསྡུ་བའི་དངོས་པོ་བཞི་སྟེ། དེ་དག་གིས་བསྡུས་ནས་དགེ་བ་རྣམས་ལ་འཛུད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་
པར་བྱེད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །མངོན་པར་ཤེས་པ་མྱུར་བ་ལ་མཁས་པས་ནི་ཉིན་མཚན་ལན་དྲུག་ཏུ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་
དང་། སངས་རྒྱས་ལ་གསོལ་བ་བཏབ་པ་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟེ། འཕགས་པ་བྱམས་པས་ཞུས་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ལམ་རྒྱུན་མི་འཆད་པའི་མཁས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པས་ཕྱིར་ཞིང་རྒྱུན་མི་འཆད་པར་གཏན་དུ་
འཇིག་རྟེན་གྱི་ཁམས་ཀུན་དུ་འདུལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་དུ་སྟོན་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་རྣམ་པ་བཅུ་སྟེ། རྩ་བའི་རྣམ་པར་རྟོག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་

ཀྱི་ས་བོན་དུ་གྱུར་པའི་ཕྱིར་རོ། །མཚན་མའི་རྣམ་པར་རྟོག་པ་ནི་ལུས་དང་གནས་དང་། ལོངས་སྤྱོད་ཀྱི་རྣམ་པར་རིག་པ་སྟེ། གཟུང་བ་དང་མཚན་མར་གྱུར་པའི་ཕྱིར་རོ། །དེ་དག་ནི་དབང་པོ་གཟུགས་ཅན་དང་སྣོད་ཀྱི་འཇིག་རྟེན་དང་གཟུགས་ལ་སོགས་པའི་ཡུལ་
གྱི་མཚན་ཉིད་དང་གོ་རིམས་བཞིན་དུ་བལྟ་བར་བྱའོ། །མཚན་མར་སྣང་བའི་རྣམ་པར་རྟོག་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་དང་ཡིད་དེ་གཟུང་བའི་མཚན་མ་ཇི་སྐད་དུ་བཤད་པའི་རྣམ་པར་གྱུར་པའི་ཕྱིར་རོ། །མཚན་མར་གྱུར་པའི་རྣམ་པར་རྟོག་པ་ནི་ཇི་སྐད་བཤད་པའི་ལུས་ལ་སོགས་པའི་
མཚན་མའི་རྣམ་པ་གཞན་དུ་བསྐྱེད་པའོ། །མཚན་མར་སྣང་བར་འགྱུར་བའི་རྣམ་པར་རྟོག་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མཚན་མར་སྣང་བ་ཇི་སྐད་དུ་བསྟན་པ་དག་བདེ་བ་ལ་སོགས་པའི་གནས་སྐབས་གཞན་དུ་བསྐྱེད་པའོ། །གཞན་གྱིས་བསྟན་པའི་རྣམ་པར་རྟོག་པ་ནི་བསྟན་
པར་བསྡུས་པའི་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱི་མཚན་ཉིད་དོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། ཉེས་པར་བཤད་པའི་ཆོས་ཀྱི་ཚུལ་གྱི་བདག་ཉིད་དང་། ལེགས་པར་བཤད་པའི་ཆོས་ཀྱི་ཚུལ་གྱི་བདག་ཉིད་དོ། །དེའི་ཕྱིར་དེའི་དབང་དུ་བྱས་པ་ཡིད་ལ་བྱེད་པས་བསྡུས་པ་ཚུལ་བཞིན་
མ་ཡིན་པའི་རྣམ་པར་རྟོག་པ་དང་། ཚུལ་བཞིན་གྱི་རྣམ་པར་རྟོག་པ་དང་། གོ་རིམས་བཞིན་དུ་རིག་པར་བྱའོ། །མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ལས་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་སུ་བསྡུས་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །རྣམ་པར་
གཡེང་བའི་རྣམ་པར་རྟོག་པ་ནི་ཚུལ་བཞིན་དང་ཚུལ་བཞིན་གྱི་རྣམ་པར་རྟོག་པ་ལས་དངོས་པོ་མེད་པ་ལ་སོགས་པ་འཛིན་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་གང་ཡིན་པའོ། །དེ་ཡང་རྣམ་པ་བཅུ་སྟེ། དངོས་པོ་མེད་པར་རྣམ་པར་རྟོག་པ་ནས་དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་བར་དུའོ། །
རྣམ་པར་རྟོག་པ་འདི་བཅུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐོག་མར་བསྟན་པའི་དབང་དུ་བྱས་པར་རིག་པར་བྱ་སྟེ། ཇི་སྐད་དུ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་། །བྱང་ཆུབ་སེམས་དཔའི་མིང་ཡང་

དག་པར་རྗེས་སུ་མི་མཐོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་། སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། མི་སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདི་ལྟར་མིང་ནི་མིང་གི་ངོ་བོ་ཉིད་ཀྱིས་སྟོང་སྟེ།
སྟོང་པ་ཉིད་ཀྱིས་ནི་སྟོང་པ་མ་ཡིན་ནོ། །གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱིས་ནི་སྟོང་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་བར་དུ་ངོ་བོ་ཉིད་ཀྱིས་ནི་སྟོང་སྟེ། སྟོང་པ་ཉིད་ཀྱིས་ནི་སྟོང་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །སྟོང་པ་ཉིད་ལས་གཟུགས་
གཞན་མ་ཡིན་ནོ། །གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཟུགས་སོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་།
བྱང་ཆུབ་ཅེས་བྱ་བ་དང་། གཟུགས་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདི་ནི་མིང་ཙམ་སྟེ། ངོ་བོ་ཉིད་ཀྱིས་མི་སྐྱེ་མི་འགག །ཀུན་ནས་ཉོན་མོངས་པ་མ་ཡིན། །རྣམ་པར་བྱང་བ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་ཡང་
དག་པར་རྗེས་སུ་མི་མཐོང་བ་ནས། རྣམ་པར་བྱང་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས། གློ་བུར་གྱི་མིང་གིས་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་
མངོན་པར་ཞེན་ཏོ། །བྱང་ཆུབ་སེམས་དཔའ་ནི་མིང་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དོ། །དེ་ལ་དངོས་པོ་མེད་པ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཡོད་པའི་སྒྲ་ནི་དངོས་པོའི་དོན་ཡིན་པའི་ཕྱིར་རོ། །དངོས་པོར་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། མི་སྤྱོད་དོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་དུ་གསུངས་ཏེ། གང་ཟག་དང་ཆོས་

ཀྱི་དངོས་པོ་བཀག་པའི་ཕྱིར་རོ། །སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོར་འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་གསུངས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་དུ་བརྟགས་པའི་ངོ་བོ་ཉིད་བཀག་པའི་ཕྱིར་རོ། །སྐུར་པ་འདེབས་པའི་རྣམ་པར་རྟོག་པའི་
གཉེན་པོར་སྟོང་པ་ཉིད་ཀྱིས་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། མིང་དེ་ཀུན་བརྟགས་པའི་ངོ་བོ་ཉིད་དེ་དང་བྲལ་བ་ཉིད་དུ་ཐམས་ཅད་དུ་ཡོད་པའི་ཕྱིར་རོ། །གཅིག་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་སྟོང་
པ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་ཏེ། ངོ་བོ་ཉིད་གཞན་མ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའོ། །ཐ་དད་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་
པ་ཡང་མ་ཡིན་ནོ། །གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཟུགས་སོ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་གསུངས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་པས། དེ་ལས་མ་གཏོགས་པར་དེ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོར་འདི་ལྟ་སྟེ།
གཟུགས་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདི་ནི་མིང་ཙམ་མོ་ཞེས་བྱ་བ་གསུངས་ཏེ། བརྗོད་པ་ལས་མ་གཏོགས་པར་བརྗོད་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཁྱད་པར་དུ་རྣམ་པར་རྟོག་པའི་གཉེན་པོར་ངོ་བོ་ཉིད་ཀྱིས་མི་སྐྱེ་ཞེས་བྱ་བ་ནས། རྣམ་པར་བྱང་བ་ཡང་ཡང་དག་
པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་དུ་གསུངས་ཏེ། སྐྱེ་བ་ལ་སོགས་པའི་ཁྱད་པར་གྱི་མཚན་ཉིད་བཀག་པའི་ཕྱིར་རོ། །མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་རྟོག་པའི་གཉེན་པོར་མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས་གློ་བུར་གྱི་མིང་གིས་རྗེས་སུ་ཐ་སྙད་
འདོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའི་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་པར་ཞེན་པ་མེད་དོ་ཞེས་བྱ་བ་གསུངས་

ཏེ། དོན་ཇི་ལྟ་བ་བཞིན་དུ་མིང་དུ་མི་མཐོང་ན་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ཉིད་ནི་རྣམ་པ་གསུམ་སྟེ། ཆོག་པར་འཛིན་པའི་རྣམ་པར་མི་རྟོག་པ་ལ་སོགས་པའོ། །དེ་ལ་སོ་སོའི་སྐྱེ་བོ་རྣམས་ནི་གང་མི་རྟག་པ་ཉིད་ལ་སོགས་པ་ཆོས་ཉིད་འགའ་ཞིག་ལས་བརྩམས་
ནས་སེམས་པ་མཐར་ཁྲིད་དེ། འདི་ནི་དེ་བཞིན་ནོ་ཞེས་ངེས་པར་འབྱེད་ཅིང་ཡོངས་སུ་ཚིམ་པ་ཐོབ་པར་བྱེད་པར་འགྱུར་ཏེ། དེ་དག་གི་དེ་ནི་ཆོག་པར་འཛིན་པའི་རྣམ་པར་རྟོག་པ་ཉིད་ཅེས་བྱ་སྟེ། དེ་ལ་མི་རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་བཅད་པའི་ཕྱིར་རོ། །ཉན་
ཐོས་རྣམས་ནི་ཕུང་པོ་རྣམས་ལ་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་གི་གཉེན་པོར་ཇི་ལྟ་བ་བཞིན་དུ་གཟུགས་ལ་སོགས་པ་ལ་ཆོས་ཙམ་དུ་ཡོངས་སུ་བརྟགས་པས་འཇིག་རྟེན་ལས་འདས་པའི་ཤེས་པས་བདག་མེད་པར་རྟོགས་ཏེ། དེའི་ཕྱིར་དེ་དག་གི་ནི་དེ་ཕྱིན་ཅི་མ་ལོག་པའི་རྣམ་པར་མི་
རྟོག་པ་ཉིད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་གཟུགས་ལ་སོགས་པ་ཆོས་ཙམ་དེ་ཡང་སྤྲོས་པར་རིག་ནས་ཆོས་ཐམས་ཅད་ཀྱི་མཚན་མ་རྣམ་པར་བཤིག་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་ཏུ་ཞི་བས་དེ་བཞིན་ཉིད་ཐམས་ཅད་དུ་འགྲོ་བ་རྟོགས་ཏེ། དེའི་ཕྱིར་དེ་དག་
གི་དེ་ནི་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བྱའོ། །ཇི་ལྟར་ན་དེ་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཞེས་བྱ་ཞེ་ན་གལ་ཏེ་ཡིད་ལ་བྱེད་པ་མེད་པས་དེ་སྐད་བྱ་ན་ནི། དེས་ན་གཉིད་ཀྱིས་ལོག་པ་དང་། ར་རོ་བ་ལ་སོགས་པ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེ་དག་
ལ་ཆོས་ཀྱི་མཚན་མ་ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ། །ཇི་སྟེ་ཡང་དག་པར་འདས་པས་དེ་སྐད་བྱ་ན་ནི་དེས་ན་བསམ་གཏན་གཉིས་པ་ལ་སོགས་པ་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། རྟོག་པ་དང་དཔྱོད་པའི་རྣམ་པར་རྟོག་པ་རྣམས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །དེའི་
ཕྱིར་ན་རྣམ་པར་རྟོག་པའི་ལུས་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའོ་ཞེས་བྱ་བ་ནི་འདི་དང་འགལ་ལོ། །ཇི་སྟེ་རྣམ་པར་ཞི་བས་དེ་སྐད་བྱ་ན་ནི། དེས་ན་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེར་སེམས་དང་

སེམས་ལས་བྱུང་བའི་རྣམ་པར་རྟོག་པ་རྣམ་པར་ཞི་བའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་མེད་པར་འགྱུར་རོ། །ཇི་སྟེ་ངོ་བོ་ཉིད་ཀྱིས་དེ་སྐད་བྱ་ན་ནི། དེས་ན་གཟུགས་ཀྱང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཇི་སྟེ་
དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པས་དེ་སྐད་བྱ་ན་ནི། དེས་རྣམ་པར་རྟོག་པ་དང་བཅས་པ་ཉིད་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། འདི་ནི་རྣམ་པར་མི་རྟོག་པའོ་ཞེས་མངོན་པར་འདུ་བྱེད་པ་འདི་ནི་མཚན་མ་ལ་རྣམ་པར་རྟོག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པ་
དེ་དག་གིས་རྣམ་པར་མི་རྟོག་པ་ཉིད་དུ་མི་བལྟ་སྟེ། འོན་ཀྱང་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པ་ཉིད་དུ་བལྟའོ། །ཇི་ལྟར་ཞེ་ན་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྗེས་སུ་མཐུན་པ་ཉིད་ཀྱི་གདམས་པ་ལ་བརྟེན་ནས། ཆོས་ཐམས་ཅད་ཀྱི་མཚན་མ་ནི་རང་བཞིན་གྱིས་ཡོངས་
སུ་མ་གྲུབ་པར་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་དེ་ལ་གོམས་པའི་སྟོབས་བསྐྱེད་པས་སོ་སོ་རང་གིས་མངོན་པར་འདུ་བྱེད་པ་མེད་པ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་སྤྲོས་པ་མེད་པའི་ཆོས་ཀྱི་དབྱིངས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སེམས་མཉམ་པར་འཇོག་སྟེ། དེ་ནི་དེའི་སྤྲོས་པ་མེད་
པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དབང་པོ་རྣོན་པོ་ཞེས་སྔར་བཤད་ན། དེ་ཇི་ལྟར་དུས་དུས་སུ་དབང་པོ་རྣམས་སྦྱང་བར་བྱ་ཞེ་ན། རང་གི་རིགས་ཀྱི་དབང་པོ་རྟུལ་པོ་ལ་སོགས་པ་རྣམ་པ་གསུམ་གྱིས་གོང་ནས་གོང་དུ་མངོན་པར་བསྒྲུབས་
པས་དེ་སྦྱར་བར་རིག་པར་བྱའོ། །གཞན་དུ་ན་དབང་པོ་རྣོན་པོའི་རིགས་རྣམས་ཀྱི་དབང་པོ་རྣམས་རྣམ་པ་གཅིག་ཏུ་གྱུར་ན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོར་གྱུར་པའི་ཁྱད་པར་མི་དམིགས་པར་འགྱུར་ན། དེ་ཡང་དམིགས་པ་དེའི་ཕྱིར་ཇི་སྐད་བཤད་པ་དེ་གྲུབ་བོ།། །།
བམ་པོ་བཅུ་པ་སྟེ་ཐ་མའོ། །འབེལ་བའི་གཏམ་གྱི་རྣམ་པར་ངེས་པ་བདུན་ལ་དོན་རྣམ་པར་ངེས་པ་ནི་ངོ་བོ་ཉིད་ཀྱི་དོན་ལ་སོགས་པ་དོན་དྲུག་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་ངོ་བོ་ཉིད་ཀྱི་དོན་ནི་ངོ་བོ་ཉིད་གསུམ་སྟེ། ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་

སུ་གྲུབ་པའོ། །རྒྱུའི་དོན་ནི་རྒྱུ་གསུམ་སྟེ། སྐྱེ་བའི་རྒྱུ་ནི་འདི་ལྟ་སྟེ། རྒྱུ་དང་། དེ་མ་ཐག་པ་དང་། དམིགས་པ་དང་། བདག་པོའི་རྐྱེན་རྣམས་ཏེ། དེ་ལ་འདུས་བྱས་ཐམས་ཅད་གྲུབ་པའི་ཕྱིར་རོ། །འབྱུང་བའི་རྒྱུ་ནི་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་ཀུན་འབྱུང་
བར་འགྱུར་བ་དང་། འགག་པར་འགྱུར་རོ་ཞེས་བྱ་བའི་བར་འདིས་མཐར་གྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འབྱུང་བའི་ཕྱིར་རོ། །འགྲུབ་པའི་རྒྱུ་ནི་མངོན་སུམ་དུ་དམིགས་པ་དང་མི་དམིགས་པ་མཚུངས་པ་སྲོ་བསྙད་པས་བསྡུས་པས་ཏེ། དེས་བསྒྲུབ་པར་མ་གྲགས་པའི་དོན་སྒྲུབ་
པའི་ཕྱིར་རོ། །འབྲས་བུའི་དོན་ནི་འབྲས་བུ་ལྔ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི་འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་འདི་ལྟ་སྟེ། སྔར་སྐྱེས་པའི་དགེ་བ་ལ་སོགས་པའི་ཆོས་རྣམས་ཀྱི་དེའི་རྒྱུ་ལས་བྱུང་བ་དགེ་བ་ལ་སོགས་པ་ཆོས་ཕྱི་མ་རྣམས་སོ། །བདག་
པོའི་འབྲས་བུ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་གིས་སྣོད་ཀྱི་འཇིག་རྟེན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་འདི་ལྟ་སྟེ། ལོ་ཏོག་ལ་སོགས་པའོ། །བྲལ་བའི་འབྲས་བུ་ནི་འཕགས་པའི་ལམ་གྱི་བག་ལ་ཉལ་ལེགས་པར་བཅོམ་པའོ། །ལས་ཀྱི་དོན་ནི་འདི་
ལྟ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་བསྟན་པའོ། །ལྡན་པའི་དོན་ནི་རྣམ་པ་ལྔ་སྟེ། མང་པོ་ལས་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། ཁང་པའི་ཤིང་དང་ཕ་གུ་ལ་སོགས་པའོ། །རྗེས་སུ་འཆིང་བ་ལས་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། བག་ལ་ཉལ་བ་ལ་སོགས་པའི་རྒྱུ་སྟེ། འདི་ལྟར་དེ་ཡོད་
ན་ཀུན་དུ་མི་སྤྱོད་ཀྱང་ཉོན་མོངས་པ་སོགས་པ་དང་ལྡན་པ་ཞེས་བྱའོ། །འབྲེལ་པར་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། རང་གི་སྐྱེ་བོ་རྣམས་ཕན་ཚུན་འབྲེལ་པའོ། །གནས་སྐབས་ལས་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། ཕན་འདོགས་པ་ལ་སོགས་པའི་སེམས་ཀྱི་རྒྱུད་ཀྱི་གནས་སྐབས་
ཏེ། །འདི་ལྟར་དེའི་འཕྲལ་དུ་བདེ་བ་དང་ལྡན་པ་ནས། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་བར་དུ་ལྡན་པ་ཞེས་བྱའོ། །འགྱུར་བ་ལས་གྱུར་པའི་ལྡན་པ་ནི་འདི་ལྟ་སྟེ། གློ་བུར་གྱི་ཉེ་བའི་ཉོན་མོངས་པ་ལ་སོགས་པ་མངོན་དུ་གྱུར་པ་སྟེ། འདི་ལྟ་སྟེ། དེ་ཡོད་ན་འདོད་

ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པ་དང་ལྡན་པ་ཞེས་བྱའོ། །འཇུག་པའི་དོན་ནི་འཇུག་པ་ལྔ་སྟེ། མཚན་ཉིད་ལ་འཇུག་པ་ནི་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་གསུམ་སྟེ། དེ་དག་གི་རྣམ་པར་འབྱུང་བའི་ཕྱིར་རོ། །རྟེན་ལ་འཇུག་པ་ནི་
རྟེན་ལ་གནས་པར་བྱ་བ་གནས་པ་སྟེ། འདི་ལྟར་ས་ལ་སེམས་ཅན་རྣམས་སོ། །ཕྱིན་ཅི་ལོག་གི་འཇུག་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པར་འཇུག་པའི་ཕྱིར་རོ། །ཕྱིན་ཅི་ལོག་མ་ཡིན་པའི་འཇུག་པ་ནི་འཕགས་པའི་ལམ་སྟེ། དེ་ཕྱིན་ཅི་མ་
ལོག་པར་འཇུག་པའི་ཕྱིར་རོ། །རབ་ཏུ་དབྱེ་བའི་འཇུག་པ་ནི་ཆོས་རྣམས་ཀྱི་རྣམ་པ་ཐ་དད་པ་གང་ཡིན་པ་སྟེ། འདི་ལྟར་འདུ་བྱེད་ཐམས་ཅད་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་དང་ནང་དང་ཕྱི་ལ་སོགས་པའི་རྣམ་པར་འཇུག་པའི་ཕྱིར་རོ། །རྣམ་པར་བཤད་པ་རྣམ་པར་
ངེས་པ་ནི་གང་གིས་མདོ་སྡེ་རྣམས་ཀྱི་དོན་སྟོན་པ་སྟེ། དེ་ཡང་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ལ་སོགས་པ་དོན་དྲུག་པོ་དག་མདོ་སྡེ་སོ་སོར་ཇི་ལྟར་མཐུན་མཐུན་དུ་སྟོན་པའི་ཕྱིར་རོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཕུང་པོ་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་
བའི་དོན་ནི་མི་རྟག་པ་ཉིད་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་རྒྱུ་ནི་ཚུལ་ཁྲིམས་དང་དབང་པོའི་སྒོ་བསྡམས་པ་ལ་སོགས་པའོ། །ཡོངས་སུ་ཤེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །ཡོངས་སུ་ཤེས་པའི་འབྲས་བུ་ནི་རྣམ་པར་གྲོལ་བའོ། །དེ་རབ་ཏུ་ཤེས་པ་ནི་
རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །ཡང་རྣམ་པར་བཤད་པའི་སྒོ་བཅུ་བཞི་སྟེ། རྣམ་པར་བཤད་པ་བསྡུ་བའི་སྒོ་ནི་གང་ན་མདོ་སྡེ་འབྱུང་བའི་དགོས་པ་དང་། ཚིག་གི་དོན་དང་། མཚམས་སྦྱར་བ་དང་། དགོངས་པ་དང་། བརྒལ་བ་དང་། ལན་བརྗོད་པའོ། །དངོས་པོ་
བསྡུ་བའི་སྒོ་ནི་གང་ན་མདོ་སྡེ་བསླབ་པ་དང་། འཕགས་པའི་བདེན་པ་དང་། དངོས་པོ་ལ་སོགས་པར་སྟོན་པ་སྟེ། འདི་ལྟ་སྟེ། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པའོ། །ཞེས་

བྱ་བའི་ཚིགས་སུ་བཅད་པ་བསླབ་པ་གསུམ་གྱི་དབང་དུ་བྱས་པ་ལ་སོགས་པའོ། །ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་ནི་གང་དུ་ཚིག་གཅིག་གིས་བསྟན་པ་ལ་ལྷག་མ་རྣམས་ཀྱིས་བཤད་དོ་ཞེས་རབ་ཏུ་སྟོན་པ་སྟེ། དཔེར་ན་དལ་འབྱོར་ཕུན་སུམ་ཚོགས་པ་བཅུ་གཉིས་བསྟན་པ་ལས་
བདག་ཕུན་སུམ་ཚོགས་པ་དང་། གཞན་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཚིག་འདི་གཉིས་གོ་རིམས་བཞིན་དུ་ཚིག་འོག་མ་ལྔ་ལྔས་བཤད་པ་ལྟ་བུ་སྟེ། འདི་ལྟ་སྟེ་མི་ཉིད་དང་། ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་རྣམས་མ་ཚང་བ་མེད་པ་དང་། ལས་ཀྱི་མཐའ་སྨིན་པར་མ་གྱུར་པ་དང་།
གནས་སུ་གྱུར་པ་ལ་དད་པ་དང་། སངས་རྒྱས་རྣམས་འབྱུང་བ་དང་། དམ་པའི་ཆོས་སྟོན་པ་དང་། བསྟན་པའི་ཆོས་རྣམས་གནས་པ་དང་། གནས་པའི་ཆོས་རྣམས་ཀྱི་རྗེས་སུ་འཇུག་པ་དང་། གཞན་ལ་སྙིང་བརྩེ་བའོ། །གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་སྒོ་ནི་གོང་དུ་འོག་མ་ནི་
གོང་མ་ལ་མངོན་པར་བསྒྲུབ་པའི་གནས་ཡིན་པའི་ཕྱིར་ཆོས་དེ་དག་ནི་དེ་ལྟར་བསྟན་ཏོ་ཞེས་སྟོན་པའོ། །དཔེར་ན་དབང་པོ་ལྔ་པོ་རྣམས་ཏེ་འདི་ལྟར་དད་ན་བརྩོན་འགྲུས་བརྩོམ་མོ། །བརྩོན་འགྲུས་བརྩམས་ན་དྲན་པ་ཉེ་བར་གནས་སོ། །དྲན་པ་ཉེ་བར་གནས་ན་སེམས་མཉམ་པར་འཇོག་གོ། །སེམས་
མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱའོ། །སྤོང་བའི་སྒོ་ནི་འདི་ལས་བརྩམས་ནས་འདི་སྤོང་བར་སྟོན་པ་སྟེ། འདི་ལྟ་སྟེ། སྟེའུ་ཡུ་ལྟ་བུའི་མདོ་ལས་ཟག་པ་ཟད་པ་ལས་བརྩམས་ནས་འདི་ལས་ཕྱི་རོལ་པ་དང་། ཆོས་འདི་བ་ཐོས་པ་དང་སེམས་པ་ཙམ་གྱིས་
ཆོག་པར་འཛིན་པ་དང་། བསྒོམ་པས་ཡོངས་སུ་ཡི་ཆད་པ་དང་། ཚོགས་ཡོངས་སུ་མ་རྫོགས་པའོ། །དགེ་སློང་དག་ང་ནི་ཤེས་བཞིན་མཐོང་བཞིན་དུ་ཟག་པ་རྣམས་ཟད་པར་སྨྲའོ་ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་གི་དུམ་བུས་དང་པོའི་གང་ཟག་སྤངས་སོ། །སྒོམ་པར་སྦྱོར་བ་ལ་
བརྩོན་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྤངས་སོ། །སྟེ་ཡུའི་དཔེས་ནི་གསུམ་པ་སྤངས་སོ། །གྲུའི་དཔེས་ནི་བཞི་པ་སྤངས་སོ། །ཡི་གེ་ཡོངས་སུ་སྒྱུར་བའི་སྒོ་ནི་གང་དུ་དོན་གཞན་ལ་རབ་ཏུ་གྲུབ་པའི་ཡི་གེ་རྣམས་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། དཔེར་ན་མི་གང་མ་དད་བྱས་

མི་གཟ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྟ་བུའོ། །ཆུད་ཟ་བ་དང་ཆུད་མི་ཟ་བའི་སྒོ་ནི་གང་དུ་རབ་ཏུ་ཆུད་ཟ་བ་དང་། རབ་ཏུ་ཆུད་མི་ཟ་བ་དང་། དེ་གཉི་གའི་ཐབས་དང་། དེ་གཉི་གའི་རབ་ཏུ་དབྱེ་བ་སྟོན་པ་སྟེ། དཔེར་ན་ལེགས་པར་སྐྱེས་ཀྱི་མདོ་ལས་
རབ་ཏུ་ཆུད་ཟ་བ་ནི་ཕྱི་དང་ནང་གི་རྫས་ལ་ལྷག་པར་ཆགས་པའོ། །དེ་ལ་ཕྱིའི་རྫས་ནི་ཁྱིམ་དང་ཆུང་མ་ལ་སོགས་པའི་མཚན་ཉིད་དོ། །ནང་གི་རྫས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་དོ། །རབ་ཏུ་ཆུད་མི་ཟ་བ་ནི་དེ་གཉི་ག་ལ་ལྷག་པར་ཆགས་པ་དང་བྲལ་བའོ། །རབ་ཏུ་ཆུད་ཟ་བའི་
ཐབས་ནི་རབ་ཏུ་མི་འབྱུང་བ་དང་། རབ་ཏུ་བྱུང་ནས་ཀྱང་ཟག་པ་ཟད་པར་བྱ་བ་ལ་བག་མི་བྱེད་པའོ། །དེ་ལས་བཟློག་པ་ནི་ཆུད་མི་ཟ་བའི་ཐབས་སུ་བལྟ་བར་བྱའོ། །དེ་ལ་ཀྱེ་མ་རིགས་ཀྱི་བུ་ལེགས་པར་སྐྱེས་འདི་ནི་གཉིས་ཀྱིས་མཛེས་ཏེ། གང་སྐྲ་དང་ཁ་སྤུ་བྲེགས་ནས་རབ་ཏུ་བྱུང་བའི་
བར་དང་། གང་ཟག་པ་ཟད་ནས་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་འདིས་ཆུད་མི་ཟ་བ་དང་། དེའི་ཐབས་ཉེ་བར་བསྟན་པས་དེ་ལས་བཟློག་པའི་མཚན་ཉིད་ཆུད་ཟ་བ་དང་དེའི་ཐབས་བསྟན་པར་འགྱུར་རོ། །ཆུད་མི་ཟ་བར་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པའི་དབྱངས་ཀྱིས་རབ་ཏུ་བསྟན་པ། དགེ་
སློང་འདི་ནི་མཛེས་པ་སྟེ། །ཉེ་བར་ཞི་ཞིང་ཟག་པ་ཟད། །ཅེས་བྱ་བའོ། །དེ་ལྟར་རབ་ཏུ་བྱུང་བ་དང་ཟག་པ་ཟད་པ་ཡོངས་སུ་བསྟན་ཏོ། །ཟག་པ་ཟད་པ་དེ་ཡང་། འདོད་ཆགས་བྲལ་ཞིང་བྲལ་བ་སྟེ། །ཉེར་ལེན་མེད་པས་མྱ་ངན་འདས། །བདུད་ཀྱི་སྡེ་ནི་ཕམ་བྱས་ནས། །ལུས་ཀྱི་ཐ་མ་
འཛིན་པ་ཡིན། །ཞེས་བྱ་བ་སྟེ། འདིས་ནི་འཇིག་རྟེན་པའི་ལམ་ལ་འདོད་ཆགས་དང་བྲལ་ནས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་སྤངས་པ་དང་། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ཡང་སྤངས་པ་དང་། ནང་གི་རྫས་ཡོངས་སུ་སྤངས་པར་
ཡང་བསྟན་པའོ། །རྒྱུ་དང་འབྲས་བུ་ཟད་པའི་སྐབས་ཡིན་པས་ཀྱང་འདི་བསྟན་པར་བལྟའོ། །འདི་ལས་བཟློག་པ་ནི་རབ་ཏུ་ཆུད་ཟ་བའི་བར་དུ་དབྱེ་བ་བསྙད་པར་བལྟ་བར་བྱའོ། །གང་ཟག་རྣམ་པར་གཞག་པའི་སྒོ་ནི་གང་དུ་གང་ཟག་འདི་སྙེད་ཀྱི་དབང་དུ་བྱས་ནས་འདི་གསུངས་སོ་ཞེས་བྱ་

བར་སྟོན་པ་སྟེ། དཔེར་ན་ཆུ་ལས་གྱུར་པ་ལྟ་བུའི་མདོ་ལས་བྱུང་བ་ལྟ་བུ་སྟེ། དེ་ནི་གང་ཟག་གཉིས་དང་གསུམ་དང་བཞིར་རབ་ཏུ་དབྱེ་བའི་དབང་དུ་མཛད་ནས་གསུངས་ཏེ། སོ་སོའི་སྐྱེ་བོ་དང་བདེན་པ་མཐོང་བའོ། །སོ་སོའི་སྐྱེ་བོ་ནི་གསུམ་དུ་རབ་ཏུ་ཕྱེ་ནས་བསྙད་པར་བལྟ་བར་བྱ་སྟེ། དཀར་
པོ་མ་ཡིན་པ་དང་། ཅུང་ཟད་དཀར་བ་དང་། ཆེར་དཀར་བའོ། །བདེན་པ་མཐོང་བ་ནི་བཞིར་རབ་ཏུ་དབྱེ་སྟེ། འབྲས་བུ་ལ་གནས་པ་བཞི་སྟེ། གསུམ་ནི་སློབ་པའོ། །གཅིག་ནི་མི་སློབ་པའོ། །རབ་ཏུ་དབྱེ་བ་རྣམ་པར་གཞག་པའི་སྒོ་ནི་གང་དུ་མུ་བཞི་ལ་སོགས་པ་དྲི་བ་རྣམས་ཀྱི་དོན་བརྗོད་པ་སྟེ། དཔེར་
ནི་མི་རྟག་པའི་མདོ་ལས་གང་གིས་འདི་ལེགས་པར་མཐོང་བ་དེས་གཟུགས་ཐམས་ཅད་མཐོང་ངམ། གང་གིས་གཟུགས་ཐམས་ཅད་མཐོང་བ་དེས་ཐམས་ཅད་ལེགས་པར་མཐོང་ངམ་ཞེས་བྱ་བ་མུ་བཞིའོ། །མུ་དང་པོ་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞི་ལ་རྟག་པ་དང་གཙང་བ་དང་། བདེ་བ་དང་བདག་
ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་མ་བཏགས་པར་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་ཡང་དག་པར་རྗེས་སུ་བལྟ་བའོ། །མུ་གཉིས་པ་ནི་གཟུགས་ལ་རྟག་པ་དང་གཙང་བ་དང་བདེ་བ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་དང་། ཡོངས་སུ་སྤང་བར་བྱ་བ་མ་ཡིན་པར་
ཡང་དག་པར་རྗེས་སུ་བལྟ་བའོ། །མུ་གསུམ་པ་ནི་གཟུགས་ལ་རྟག་པ་དང་གཙང་བ་དང་བདེ་བ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་མ་བཏགས་པར་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་སྤང་བར་བྱ་བ་ཡང་དག་པར་རྗེས་སུ་བལྟ་བའོ། །མུ་བཞི་པ་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞི་ལ་རྟག་པ་དང་
གཙང་བ་དང་བདེ་བ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་དང་། སྤང་བར་བྱ་བ་མ་ཡིན་པར་ཡང་དག་པར་རྗེས་སུ་བལྟ་བའོ། །གཟུགས་ལ་མུ་བཞི་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པ་ཐམས་ཅད་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །གང་བྱ་བ་
བྱས་པ་དེ་ཐམས་ཅད་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ཡིན་ནམ། གང་འདི་ལས་སྲིད་པ་གཞན་མི་ཤེས་པ་དེ་ཐམས་ཅད་བྱ་བ་བྱས་པ་ཡིན་ནམ་ཞེས་བྱ་བའི་བར་དུའོ། །སྨྲས་པ། མུ་བཞི་སྟེ། མུ་དང་པོ་ནི་ཇི་སྲིད་འཚོའི་བར་དུ་ལེགས་པར་སྤྱད་པ་སྤྱོད་པའི་སོ་སོའི་སྐྱེ་བོའིའོ། །གཉིས་

པ་ནི་ཆད་པར་ལྟ་བ་ལ་སོགས་པའོ། །གསུམ་པ་ནི་མི་སློབ་པའིའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའིའོ་ཞེས་འབྱུང་བ་ལྟ་བུའོ། །ཚུལ་གྱི་སྒོ་ནི་གང་དུ་ཚུལ་དྲུག་གི་ས་བོན་བརྗོད་པ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། འཐོབ་པའི་ཚུལ་དང་། བཤད་པའི་ཚུལ་དང་།
མཐའ་གཉིས་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་གྱིས་སོ། །ཚུལ་དྲུག་པོ་འདི་དག་ལས་ཚུལ་གོང་མ་གསུམ་ནི་ཚུལ་འོག་མ་གསུམ་གྱིས་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། དཔེར་ན་རོ་མྱང་བའི་མདོ་ལས་དགེ་སློང་དག་གཟུགས་ལ་རོ་མྱོང་བ་ཡོད་དོ་ཞེས་
བྱ་བ་ལ་སོགས་པས་ནི་སྐུར་པ་འདེབས་པའི་མཐའ་དང་། སྒྲོ་འདོགས་པའི་མཐའ་སྤངས་ནས་དེ་ཁོ་ནའི་དོན་གྱི་ཚུལ་སྟོན་ཏོ། །རོ་མྱང་བ་དང་ཉེས་དམིགས་དང་། ངེས་པར་འབྱུང་བ་ཡོད་དོ་ཞེས་བྱ་བ་འདིས་ནི་སྐུར་པ་འདེབས་པའི་མཐའ་སྤངས་སོ། །གཟུགས་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་
འདིས་ནི་སྒྲོ་འདོགས་པའི་མཐའ་སྤངས་ཏེ། ཕུང་པོ་ཙམ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཟད་ཀྱི་བདག་ནི་མེད་དོ་ཞེས་རབ་ཏུ་བསྟན་ཏོ། །དགེ་སློང་དག་ངས་ཇི་ཙམ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ནང་དུ་འདུ་
ཤེས་སོ་ཞེས་བྱ་བ་འདིས་ནི་འཐོབ་པའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཡོངས་སུ་བསྟན་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ཐོབ་པར་སྟོན་པའི་ཕྱིར་རོ། །མདོ་འདི་ཐམས་ཅད་ནི་བཤད་པའི་ཚུལ་གྱིས་སོ། །དེ་ཡང་དགོངས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱ་སྟེ། ཡོངས་སུ་ཤེས་པར་
བྱ་བའི་དངོས་པོ་དང་། ཡོངས་སུ་ཤེས་པར་བྱ་བའི་དོན་དང་། ཡོངས་སུ་ཤེས་པ་དང་། ཡོངས་སུ་ཤེས་པར་བྱ་བའི་འབྲས་བུ་དང་། དེ་རབ་ཏུ་ཤེས་པ་ལ་དགོངས་ནས་མདོ་དེ་དག་བཤད་དོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་གཟུགས་ལ་སོགས་པའོ། །ཡོངས་སུ་ཤེས་
པར་བྱ་བའི་དོན་ནི་རོ་མྱང་བ་ལ་སོགས་པ་སྟེ། རྣམ་པ་དེས་གཟུགས་ལ་སོགས་པའི་དངོས་པོ་དེ་ཡོངས་སུ་ཤེས་པའི་ཕྱིར་རོ། ཡོངས་སུ་ཤེས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་དེ་ལྟར་གསུམ་དུ་བསྒྱུར་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་པའོ། ཡོངས་སུ་ཤེས་པའི་

འབྲས་བུ་ནི་ལྷ་དང་བཅས་པའི་འཇིག་རྟེན་འདི་ལས་ཞེས་བྱ་བ་ནས། ལྷ་དང་མི་དང་བཅས་པ་ཞེས་བྱ་བའི་བར་ལས་གྲོལ་བ་ནས་རྣམ་པར་རབ་ཏུ་གྲོལ་ཞེས་བྱ་བའི་བར་དུའོ། །དེ་རབ་ཏུ་ཤེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ནང་དུ་ཤེས་སོ་ཞེས་བྱ་བའོ། །ཡོངས་
སུ་ཤེས་པ་ལ་སོགས་པའི་སྒོ་ནི་གང་དུ་དེ་ཁོ་ནའི་མཚན་ཉིད་ལས་བརྩམས་ནས་ཡོངས་སུ་ཤེས་པའི་མཚན་ཉིད་དང་། སྤོང་བའི་མཚན་ཉིད་དང་། མངོན་སུམ་དུ་བྱེད་པའི་མཚན་ཉིད་དང་བསྒོམ་པའི་མཚན་ཉིད་དང་། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་འདི་དག་གི་རྣམ་པའི་རབ་ཏུ་དབྱེ་བའི་མཚན་ཉིད་
དང་། གནས་དང་གནས་པར་འབྲེལ་བའི་མཚན་ཉིད་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་དང་། རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་དང་། ཡོངས་སུ་མ་ཤེས་པ་ལ་སོགས་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པ་ལ་ཉེས་དམིགས་དང་ཕན་ཡོན་
གྱི་མཚན་ཉིད་ཀྱིས་དོན་སྟོན་པ་སྟེ། དཔེར་ན་རོ་མྱང་བའི་མདོ་དེ་ཉིད་ལས་འབྱུང་བ། དེ་ལ་དེ་ཁོ་ནའི་མཚན་ཉིད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔས་བསྡུས་པ་སྡུག་བསྔལ་གྱི་བདེན་པའོ། །ཡོངས་སུ་ཤེས་པའི་མཚན་ཉིད་ནི་རོ་མྱང་བ་ལ་སོགས་པས་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་
སོ། །སྤང་བའི་མཚན་ཉིད་དང་མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་འཇིག་རྟེན་ཐམས་ཅད་ལས་རྣམ་པར་གྲོལ་བ་སྟེ། སྒྲིབ་པ་སྤོང་བ་དང་གནས་གྱུར་པ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །བསྒོམ་པའི་མཚན་ཉིད་ནི་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ལེན་མང་དུ་གནས་པའོ། །རྣམ་
པར་རབ་ཏུ་དབྱེ་བའི་མཚན་ཉིད་ནི་དེ་ཁོ་ནའི་མཚན་ཉིད་རྣམ་པ་ལྔའི་དབྱེ་བ་སྟེ། གཟུགས་ནས་རྣམ་པར་ཤེས་པའི་བར་དུའོ། །ཡོངས་སུ་ཤེས་པའི་མཚན་ཉིད་ནི་རྣམ་པ་གསུམ་དུ་རབ་ཏུ་དབྱེ་སྟེ། རོ་མྱང་བ་ལ་རོ་མྱང་བ་དང་། ཉེས་དམིགས་ལ་ཉེས་དམིགས་དང་། ངེས་པར་འབྱུང་བའི་བར་ལ་
ངེས་པར་འབྱུང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྤོང་བའི་མཚན་ཉིད་དང་མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་རྣམ་པ་གཉིས་སུ་དབྱེ་སྟེ། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། སྡུག་བསྔལ་ལས་རྣམ་པར་གྲོལ་བའོ། །དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་

བྱ་བ་ནས། ལྷ་དང་མིར་བཅས་པའི་སྐྱེ་དགུའི་བར་ལས་གྲོལ་བ་ནི་ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པའི་ཕྱིར་རོ། །དེ་བས་ན་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར་ངེས་པར་འབྱུང་བ་ཞེས་གསུངས་ཏེ། འདི་ལྟར་མདོ་གཞན་ལས་ངེས་པར་འབྱུང་བ་གང་ཞེ་ན། གང་འདིར་འདུན་པ་
དང་འདོད་ཆགས་འདུལ་བ་དང་། འདུན་པ་དང་འདོད་ཆགས་སྤང་བ་དང་། འདུན་པ་དང་འདོད་ཆགས་ལས་ཡང་དག་པར་འདའ་བའོ་ཞེས་གསུངས་སོ། །དེ་ལྟར་མ་འོངས་པའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་དང་བྲལ་ན་སྡུག་བསྔལ་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་
རོ་ཞེས་བྱེ་བྲག་ཏུ་བྱ་བའི་ཕྱིར་བྲལ་བ་དང་། རྣམ་པར་གྲོལ་བ་ཞེས་བྱ་བ་གསུངས་སོ། །བསྒོམ་པའི་མཚན་ཉིད་ནི་རྣམ་པ་གཉིས་སུ་རབ་ཏུ་དབྱེ་སྟེ། མཐོང་བའི་ལམ་དང་། བསྒོམ་པའི་ལམ་མོ། །དེ་ལ་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ཞེས་བྱ་བ་ནི། མཐོང་བའི་ལམ་སྟོན་ཏོ། །ལེན་
མང་དུ་གནས་པར་འགྱུར་རོ་ཞེས་བྱ་བ་འདི་ནི་བསྒོམ་པའི་ལམ་སྟོན་ཏོ། །གནས་དང་གནས་པར་འབྲེལ་བའི་མཚན་ཉིད་ནི། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་འོག་མ་གོང་མའི་གནས་ཡིན་པར་སྟོན་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་མཚན་ཉིད་ནི་དེ་ལྟར་གསུམ་
དུ་བསྒྱུར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་ཤེས་པའོ། །རྗེས་སུ་མཐུན་པའི་མཚན་ཉིད་ནི་གཟུགས་ལ་སོགས་པ་འདི་དག་ཇི་ལྟར་གནས་པ་བཞིན་དུ་ཉེས་དམིགས་ལ་སོགས་པར་རྣམ་པར་དཔྱོད་པའོ། །ཡོངས་སུ་མི་ཤེས་པ་ལ་སོགས་པ་ལ་ཉེས་དམིགས་ཀྱི་མཚན་ཉིད་ནི་མི་
གྲོལ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་བར་དུའོ། །དེ་ལས་བཟློག་པ་ནི་ཕན་ཡོན་གྱི་མཚན་ཉིད་དུ་རིག་