Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 135
Văn bản gốc(Tây Tạng)
Trang 6 / 20 (50.000 ký tự/trang)
འ་བ་ཡིན་གྱི་སྦྱིན་པ་དེས་རྗེས་སུ་གཟུང་བའི་སེམས་ ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའ་དགའ་བའི་བསམ་པའོ། །གང་དག་ལ་དེ་ལྟར་སྦྱིན་པས་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས་དཔས་མཐོང་གི །བདག་ གིས་ནི་མ་ཡིན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་ དེ་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཡངས་པ་མངོན་པར་འདུ་བྱས་ཀྱང་ལེན་དུ་ཕན་འདོགས་པའམ། རྣམ་པར་སྨིན་པ་འདོད་པ་མེད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་གོས་པ་མེད་པའི་བསམ་པའོ། །བྱང་ ཆུབ་སེམས་དཔའ་སྦྱིན་པའི་ཕུང་པོ་ཡངས་པའི་རྣམ་པར་སྨིན་པ་དེ་ལྟ་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི། བདག་ལ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །རྣམ་པ་ འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པའོ། །དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་ལ་བྱང་ཆུབ་སེམས་དཔའི་མི་ངོམས་པའི་བསམ་པ་ནི། གང་བྱང་ ཆུབ་སེམས་དཔའ་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ཅིང་ཚེའི་ཚད་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ལ་རྒྱུན་དུ་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་པར་གྱུར་ཅིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་བ་ན་སྤྱོད་ལམ་བཞི་བྱེད་ཀྱང་སྐད་ཅིག་གཅིག་ ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། སྐད་ཅིག་གཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་ཞིང་རྣམ་གྲངས་འདིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྙེད་པ་དང་། ཤེས་རབ་ཀྱི་བར་གྱི་ཕུང་པོ་ཇི་སྙེད་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནས་ཤེས་རབ་ཀྱི་བར་གྱི་ཕུང་པོ་དེ་བསྒོམ་ཡང་བྱང་ཆུབ་སེམས་དཔའི་མི་ངོམས་པ་ཉིད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་སྟེ། བྱང་ ཆུབ་སེམས་དཔའི་བསམ་པ་རྣམ་པ་འདི་ལྟ་བུ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་མི་ངོམས་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉམས་པར་མི་བྱེད་ཅིང་། རྒྱུན་མི་གཅོད་པའི་བསམ་པ་རྣམ་པ་འདི་ལྟ་བུ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའ་ཡངས་པའི་བསམ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་དེས་སེམས་ཅན་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་རབ་ཏུ་ དགའ་བ་ཡིན་གྱི། རྗེས་སུ་བཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་དགའ་བའི་བསམ་པའོ། །ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པས། གང་དག་ལ་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས་དཔས་མཐོང་གི་བདག་གིས་ནི་མ་ཡིན་ནོ། །དེ་དག་ནི་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་སྟོན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ། བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་ནི་ འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བྱུང་བའི་བསོད་ནམས་ཡངས་པ་མངོན་པར་འདུས་བྱས་ཀྱང་། དེ་ལ་ལན་དུ་ཕན་འདོགས་པའམ་རྣམ་པར་སྨིན་པ་ལས་འདོད་པ་མེད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་གོས་པ་མེད་པའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་རྣམ་པར་སྨིན་པ་དེ་ལྟ་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི་བདག་ལ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་ སུ་བསྔོའོ། །རྣམ་པ་དེ་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པའོ། །ཐབས་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་གང་ཞེ་ན། རྣམ་པ་གསུམ་སྟེ། སོ་སོར་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འཁོར་གསུམ་ཡོངས་སུ་དག་པ་སྟེ། ཐབས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར་འགྲུབ་པའི་ཕྱིར་རོ། །དབང་འབྱོར་པ་ལ་གནས་ཏེ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་རྣམ་པ་གསུམ་སྟེ། ལུས་ལ་དབང་འབྱོར་པ་དང་། སྤྱོད་ པ་ལ་དབང་འབྱོར་པ་དང་། བཤད་པ་ལ་དབང་འབྱོར་པའོ། །ལུས་ལ་དབང་འབྱོར་པ་ནི་དེ་བཞིན་གཤེགས་པའི་སྐུ་གཉིས་སུ་བལྟ་བར་བྱ་སྟེ། རང་བཞིན་དང་ལོངས་སྤྱོད་རྫོགས་པའོ། །དེ་ལ་སྤྱོད་པ་ལ་དབང་འབྱོར་པ་ནི་སྤྲུལ་པའི་སྐུར་བལྟ་བར་བྱ་སྟེ། དེས་སེམས་ཅན་ཐམས་ཅད་ ལ་སྤྱོད་པ་རྣམ་པ་ཐམས་ཅད་ཀུན་ཏུ་སྟོན་ཏོ། །བཤད་པ་ལ་དབང་འབྱོར་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པ་ཐམས་ཅད་དུ་བཤད་པ་ལ་ཐོགས་པ་མེད་པའོ། །རབ་ཏུ་དབྱེ་བ་ནི་སྟོན་པ་བཅོ་བརྒྱད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་དབྱེ་བར་བལྟ་བར་བྱའོ། །རྟོན་པ་བཅོ་བརྒྱད་ནི་ལུས་རྟོན་ པ་དང་། སེམས་རྟོན་པ་དང་། དགེ་བ་རྟོན་པ་དང་། བདེ་འགྲོ་རྟོན་པ་དང་། བྱང་ཆུབ་རྟོན་པ་དང་། སྙིང་རྗེ་རྟོན་པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བ་རྟོན་པ་དང་། དམན་པའི་སེམས་ཡོངས་སུ་དོར་བ་རྟོན་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་རྟོན་པ་དང་། དགེ་བའི་རྩ་བ་ལ་ སྦྱོར་བ་རྟོན་པ་དང་། དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་རྟོན་པ་དང་། །དགེ་བའི་རྩ་བ་མི་ཟད་པ་རྟོན་པ་དང་། དགེ་བའི་རྩ་བ་ལ་ཡོངས་སུ་མི་སྐྱོ་བ་རྟོན་པ་དང་། བསམ་པའི་དོན་ཐམས་ཅད་འབྱོར་པ་རྟོན་པ་དང་། ཚོགས་སྡུད་པ་རྟོན་པ་དང་། ས་ལ་འཇུག་པ་རྟོན་པ་དང་། སངས་ རྒྱས་ཀྱི་ཆོས་ཡང་དག་པར་སྒྲུབ་པ་རྟོན་པ་དང་། སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་རྟོན་པ་སྟེ། སྦྱིན་པ་ལ་སོགས་པ་རྣམ་པ་གསུམ་གསུམ་དུ་ཐ་དད་པས། གསུམ་གསུམ་གྱི་གོ་རིམས་བཞིན་དུ་བསྡུས་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་རྣམ་པ་གསུམ་ནི་ཟང་ཟིང་གི་སྦྱིན་པ་དང་། མི་ འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ། །ཚུལ་ཁྲིམས་རྣམ་པ་གསུམ་ནི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །བཟོད་པ་རྣམ་པ་གསུམ་ནི། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །བརྩོན་འགྲུས་རྣམ་པ་གསུམ་ནི། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སོ། །བསམ་གཏན་རྣམ་པ་གསུམ་ནི་མཐོང་བའི་ཆོས་ལ་ བདེ་བར་གནས་པར་བྱ་བའི་བསམ་གཏན་དང་། མངོན་པར་ཤེས་པ་མངོན་པར་སྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ཤེས་རབ་རྣམ་པ་གསུམ་ནི་ཀུན་རྫོབ་ལ་དམིགས་པ་དང་། དོན་དམ་པ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་ ལ་དམིགས་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་ལུས་རྟོན་པ་སྟེ། བཟའ་བ་དང་བཏུང་བ་ལ་ལ་སོགས་པའི་ཡོ་བྱད་རྣམས་ཀྱིས་ལེན་པའི་ལུས་ལ་ཕན་འདོགས་པའི་ཕྱིར་རོ། །མི་འཇིགས་པའི་སྦྱིན་པ་ནི་སེམས་རྟོན་པ་སྟེ། ཡིད་མི་བདེ་བའི་བྱེ་བྲག་དང་བྲལ་བར་བྱ་བའི་ཕྱིར་ སེམས་ཀྱི་དབུགས་འབྱིན་པ་ཉེ་བར་བསྒྲུབ་པའི་ཕྱིར་རོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དམན་པའི་སེམས་ནི་བྱང་ཆུབ་སེམས་དཔའ་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་བས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཏེ། དེ་ཡོངས་སུ་འདོར་བ་རྟོན་པ་ནི་ སྡུག་བསྔལ་དང་དུ་ལེན་པའི་བཟོད་པར་རིག་པར་བྱའོ། །དགེ་བའི་རྩ་བ་མི་ཟད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱ་བ་ལྷག་པར་བྱེད་པས་འཁོར་བ་ཇི་སྲིད་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མི་གཏོང་བ་སྟེ། དེ་རྟོན་པ་ ནི་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སུ་རིག་པར་བྱའོ། །ཚོགས་སྡུད་པ་ནི་ཐོབ་པ་ལ་བརྟེན་ནས་འདུལ་བ་རྣམས་སེམས་མཉམ་པར་མ་བཞག་པ་མཉམ་པར་གཞག་པར་བྱ་བ་དང་། སེམས་མཉམ་པར་བཞག་པ་རྣམ་པར་ཐར་པར་བྱ་བའི་ཕྱིར་གདམས་པ་དང་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་ པ་སྟེ། དེ་རྟོན་པ་ནི་སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ས་ལ་འཇུག་པ་ནི་ཆོས་ལ་མོས་པ་སྔོན་དུ་བཏང་བའི་བཤད་པ་གང་གིས་ཚོགས་ཡོངས་སུ་རྫོགས་པར་བྱས་ནས། རབ་ཏུ་དགའ་བའི་ས་ལ་འཇུག་པ་སྟེ། དེ་རྟོན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པའོ། །ལྷག་མ་ནི་ ལེགས་པར་སྦྱོར་བའི་ཕྱིར་སྦྱར་བར་མ་བྱས་སོ། །ཡང་རབ་ཏུ་དབྱེ་བ་ནི་སྦྱིན་པ་བདུན་ཏེ། རྩ་བའི་སྦྱིན་པ་ནི་རིགས་ཀྱི་གནས་སྐབས་པའི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རིགས་ཙམ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ། །བླངས་པའི་སྦྱིན་པ་ནི་སེམས་བསྐྱེད་པའི་ གནས་སྐབས་པའི་སྟེ། སྨོན་ལམ་ཡང་དག་པར་བླངས་པ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ། །རྗེས་སུ་འཛིན་པའི་སྦྱིན་པ་ནི་བདག་དང་གཞན་གྱི་དོན་སྒྲུབ་པའི་གནས་སྐབས་པའོ། །འཛིན་པ་ངན་པ་མེད་པའི་སྦྱིན་པ་ནི་དེ་ཁོ་ནའི་དོན་ལ་ཡོངས་སུ་རྟོགས་པའི་གནས་སྐབས་པ་སྟེ། སྦྱིན་བདག་ལ་ སོགས་པར་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་འཛིན་པ་ངན་པ་མེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་མེད་པའི་སྦྱིན་པ་ནི་མཐུའི་གནས་སྐབས་པ་སྟེ། ཕྱི་རོལ་གྱི་ཡོ་བྱད་ཡོངས་སུ་འཛིན་པ་མེད་པར་ཡང་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱིས་ནམ་མཁའ་ལ་ལག་པ་བརྐྱང་ ནས་ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེ་ལ་སོགས་པའི་ཆར་འབེབས་པའོ། །སོ་སོར་རིག་པའི་སྦྱིན་པ་ནི་ཡོངས་སུ་སྨིན་པའི་གནས་སྐབས་པའི་སྟེ། སྦྱིན་པ་འདུལ་བ་ཇི་ལྟ་བ་བཞིན་དུ་མཐུན་པར་སྦྱིན་པའི་ཕྱིར་རོ། །སྦྱིན་པ་ཆེན་པོ་ནི་བྱང་ཆུབ་མཆོག་གི་གནས་སྐབས་པའི་སྟེ། བླ་ན་མེད་པའི་ཕྱིར་རོ། ། དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་ཅི་རིགས་སུ་སྦྱར་བར་རིག་པར་བྱའོ། །བསྡུས་པ་ནི་སྦྱིན་པ་ལ་སོགས་པས་བྱང་ཆུབ་སེམས་དཔའི་ས་བསྡུས་པའི་ཕྱིར་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རིགས་བསྡུས་པ་འདི་ནི་དཔེ་ཙམ་མོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་རིགས་ཀྱི་རྟགས་ ཀྱིས་བསྡུས་པར་ཤེས་པར་བྱའོ། །སེམས་བསྐྱེད་པས་བསྡུས་པ་ནི་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པས་བསྡུས་པའི་ཕྱིར་རོ། །སེམས་བསྐྱེད་པ་ནི་རྣམ་པ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང་། ཁྱད་པར་དུ་འཕགས་པའོ། །དེ་ལ་ཁྱད་པར་ཅན་མ་ཡིན་པ་ནི་ཀྱེ་ མའོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཤིག་སྙམ་པའོ། །ཁྱད་པར་དུ་འཕགས་པ་དེ་ནི་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཤིག་སྙམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །ཁྱད་ པར་དུ་འཕགས་པའི་སེམས་བསྐྱེད་པ་འདིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྡུས་པར་རིག་པར་བྱ་སྟེ། དེ་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །བདག་དང་གཞན་གྱི་དོན་བསྡུས་པ་ལས་གང་སྦྱིན་པས་ཕྱུག་པོ་ཡོངས་སུ་འཛིན་པ་འདི་ནི་བདག་གི་དོན་ཏོ། །གང་གཞན་ལ་ཡོ་བྱད་ཉེ་བར་སྒྲུབ་ པས་རྗེས་སུ་འཛིན་པ་འདི་ནི་གཞན་གྱི་དོན་ཏོ། །ལྷག་མ་རྣམས་ཀྱིས་བསྡུས་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དོན་དམ་པས་བསྡུས་པ་ཆོས་ཀྱི་དབྱིངས་ལས་བརྩམས་པ་ནི་དེ་བཞིན་ཉིད་སྦྱིན་པ་ལ་སོགས་པ་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་ལས་བརྩམས་པ་ ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣོད་དུ་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཡོངས་སུ་འཛིན་པ་ལས་བརྩམས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ལས་བརྩམས་པ་ནི་ལྔ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ མཚན་ཉིད་ལས་བརྩམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོན་དམ་པ་ནི་སྦྱིན་པ་ལ་སོགས་པས་བསྡུས་པར་རིག་པར་བྱའོ། །དཔེ་བརྗོད་པ་འདིས་བསྡུས་པ་ལ་ལྷག་མ་རྣམས་བརྟག་པར་བྱའོ། ། མི་མཐུན་པའི་ཕྱོགས་ནི་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁྲོ་བ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་སྟེ་སྦྱིན་པ་ལ་སོགས་པ་དང་གོ་རིམས་བཞིན་ནོ། །ཡང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསྡུས་པའི་དགེ་བའི་ཆོས་ཇི་སྙེད་པ་དེ་ དག་གི་མི་མཐུན་པའི་ཕྱོགས་གང་ཡིན་པ་དང་། ཤེས་བྱའི་སྒྲིབ་པ་གང་ཡིན་པ་དེ་ཡང་དེ་དག་གི་མི་མཐུན་པའི་ཕྱོགས་སུ་རིག་པར་བྱའོ། །ཕན་ཡོན་ནི་འབྲས་བུ་རྣམ་པ་ལྔའི་གནས་སྐབས་སུ་དཔག་ཏུ་མེད་པར་རིག་པར་བྱའོ། །འདི་ལྟ་སྟེ། ཇི་ལྟར་འདི་དག་གི་རང་གི་མི་མཐུན་པའི་ཕྱོགས་སྤོང་ བ་བྲལ་བའི་འབྲས་བུ་དང་། མཐོང་བའི་ཆོས་ལ་བདག་དང་གཞན་རྗེས་སུ་འཛིན་པ་སྐྱེས་བུ་བྱེད་པའི་འབྲས་བུ་དང་། ཕྱི་མ་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་མཆོག་དམ་པ་འབྱུང་བ་རྒྱུ་མཐུན་པའི་འབྲས་བུ་དང་། བྱང་ཆུབ་ཆེན་པོ་དབང་གི་འབྲས་བུ་དང་། ལོངས་སྤྱོད་ཆེན་པོ་དང་། བདེ་འགྲོར་འགྲོ་བ་དང་། ཁོན་མེད་པ་དང་། དབྱེ་བ་མེད་པ་དང་། བདེ་བ་དང་ཡིད་བདེ་བ་མང་བ་དང་། སེམས་ལ་དབང་བ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེ་བར་གྲགས་པ་ནི་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུར་རིག་པར་བྱའོ། །གཅིག་ ལ་གཅིག་རྣམ་པར་ངེས་པ་ནི་རྣམ་པ་གསུམ་སྟེ། སྦྱོར་བ་ལས་གྱུར་པ་དང་། རབ་ཏུ་དབྱེ་བ་ལས་གྱུར་པ་དང་། རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པའོ། །དེ་ལ་སྦྱོར་བ་ལས་གྱུར་པ་ནི་སྦྱིན་པ་ལ་སྦྱོར་བར་ཐམས་ཅད་འདུས་པར་དམིགས་ཏེ། འདི་ལྟ་སྟེ། ནང་དང་ཕྱིའི་དངོས་པོ་ཡོངས་ སུ་གཏོང་བའི་སྦྱིན་པ་ལ་སྦྱོར་བའོ། །དེ་ལ་གང་ཡོངས་སུ་བཏང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱམས་པའི་སེམས་དང་ལྡན་པའི་ཕྱིར་གང་གཞན་ལ་ཀུན་ནས་མནར་སེམས་པ་དང་གནོད་པ་དང་རྣམ་པར་འཚེ་བ་སྡོམ་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་ གང་ཉེ་བར་སྐོར་བ་དང་། ཕོངས་པ་དང་། སྐྱོ་བ་ལ་ཇི་མི་སྙམ་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་ཕྱིར་ཞིང་སེམས་སྤྲོ་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་སེམས་རྩེ་གཅིག་པ་ཉིད་དེ་དགེ་བ་ལས་སེམས་ཕྱི་རོལ་ཏུ་མི་འཕྲོ་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པའོ། །དེ་ཉིད་ལ་རྒྱུ་དང་འབྲས་བུ་ཇི་ལྟ་བ་བཞིན་དུ་ལེགས་པར་བཟུང་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་ཅི་རིགས་སུ་སྦྱར་བར་བྱ་སྟེ། མི་འཇིགས་པའི་སྦྱིན་པ་ནི་ཐམས་ཅད་དུ་ཡང་སྦྱིན་པ་ཡིན་ པའི་ཕྱིར་རོ། །དེ་ཡང་རབ་ཏུ་དབྱེ་བ་ལས་གྱུར་པ་ནི་ངོ་བོ་ཉིད་ཀྱིས་རབ་ཏུ་དབྱེ་བ་དང་། རྗེས་སུ་བྱེད་པས་རབ་ཏུ་དབྱེ་བ་དང་། རྗེས་སུ་སྦྱོར་བས་རབ་ཏུ་དབྱེ་བ་དང་། སྐྱེད་པས་རབ་ཏུ་དབྱེ་བའོ། །དེ་ལ་སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་ནི་རྣམ་པར་གཏོང་བ་དང་། སྡོམ་པ་དང་། ཇི་མི་སྙམ་པ་དང་། མངོན་པར་སྤྲོ་བ་དང་། སེམས་གནས་པ་དང་། རབ་ཏུ་རྣམ་པར་འབྱེད་པ་སྟེ། གོ་རིམས་བཞིན་ནོ། །དེ་ལ་སྦྱིན་པ་ལ་སོགས་པའི་རྗེས་སུ་བྱེད་པ་ནི་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ན། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་རྗེས་སུ་འཇུག་པ་སྟེ་སྔ་མ་བཞིན་ནོ། །དེ་ལ་སྦྱིན་པ་ལ་སོགས་ པའི་རྗེས་སུ་སྦྱོར་བ་ནི་འཛིན་དུ་འཇུག་པ་དང་། བསྔགས་པ་བརྗོད་པ་དང་། རབ་ཏུ་དགའ་བའོ། །དེ་ལ་སྦྱིན་པ་ལ་སོགས་པ་སྐྱེད་པ་ནི་གཞན་གྱི་སེམས་གྱི་རྒྱུད་ལ་འཇོག་པའོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟང་ཟིང་གི་སྦྱིན་པའོ། །དེ་མ་ཡིན་པ་གཞན་ལྔ་ནི་མི་འཇིགས་པའི་སྦྱིན་པའོ། ། ཐམས་ཅད་ནི་དམ་པའི་ཆོས་ཀྱི་སྦྱིན་པ་སྟེ། གཞན་གྱི་སེམས་ཀྱི་རྒྱུད་ལ་སྐྱེས་པའི་ཕྱིར་རོ། །དེ་ལ་རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པ་ནི་གཅིག་ནས་རྟོགས་པ་ལ་སོགས་པ་སྟེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་དེ་ཡིན་ནམ། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་དེ་ཡིན་ནམ་ཞེ་ན། ཚིག་འོག་མ་དང་སྦྱར་བ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་དེའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ཡང་ ཡོད་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚིག་འོག་མ་དང་སྦྱོར་བ་རྣམས་དང་སྦྱར་བར་བྱའོ། །སྦྱིན་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ ནམ། ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པ་ཡིན་ནམ་ཞེ་ན། མུ་གསུམ་དུ་འགྱུར་ཏེ། སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ནི། གང་བྱང་ཆུབ་ཆེན་པོར་ཡོངས་སུ་མ་བསྔོས་པའི་སྦྱིན་པའོ། །སྦྱིན་པའང་ཡིན་ལ་ཕ་རོལ་ཏུ་ཕྱིན་པའང་ཡིན་པ་ཡོད་ དེ། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་སྦྱིན་པ་རྣམས་སོ། །སྦྱིན་པ་ཡང་མ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་མ་ཡིན་པ་ཡོད་དེ། སྔར་བཤད་པ་མ་གཏོགས་པའི་ཆོས་རྣམས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བརྩམས་ཏེ། རེ་རེ་ལ་ཡང་མུ་གསུམ་གསུམ་དུ་སྦྱར་ བར་བྱའོ། །སྦྱིན་པ་ལ་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བའི་བསོད་ནམས་སྐྱེད་དམ་ཞེ་ན། མུ་བཞིར་འགྱུར་ཏེ། མུ་དང་པོ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་མ་བསྔོས་པའི་སྦྱིན་པ་སྤྱོད་པའོ། །མུ་གཉིས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡང་ དག་པར་འཛིན་དུ་འཇུག་པ་དང་། བསྔགས་པ་བརྗོད་པ་དང་། ཡིད་རབ་ཏུ་དགའ་བའོ། །མུ་གསུམ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་སྦྱིན་པའོ། །མུ་བཞི་པ་ནི་རྣམ་པ་འདི་དག་མ་གཏོགས་པས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བརྩམས་ཏེ། རེ་རེ་ལ་ཡང་ མུ་བཞི་བཞིར་སྦྱར་བར་བྱའོ། །ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང་ཟབ་པར་ཡང་བསྟན་པ་ནི་དེའི་འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་མཆོག་ཏུ་རྒྱ་ཆེ་བ་དང་ཟབ་པའི་ཕྱིར་འབྲས་བུ་དང་མཐུན་པར་རྒྱུ་བསྟེན་པར་བལྟའོ། །ཁ་ཅིག་དེ་ལ་མི་མོས་པ་དང་སྐྲག་པ་ནི་བྱང་ཆུབ་སེམས་དཔའི་རིགས་དང་ མི་ལྡན་པ་དང་། རང་བཞིན་གྱིས་སེམས་དམན་པའི་ཕྱིར་རོ། །དེའི་རིགས་སུ་གྱུར་དུ་ཟིན་ཀྱང་བྱང་ཆུབ་ཆེན་པོ་ལས་བརྩམས་ཏེ། སྨོན་ལམ་ལ་སོགས་པའི་དགེ་བའི་རྩ་བ་མ་བསྐྱེད་པའི་ཕྱིར་རོ། །དགེ་བའི་རྩ་བ་བསྐྱེད་དུ་ཟིན་ཀྱང་ཐེག་པ་ཆེན་པོ་སྤོང་བའི་སེམས་ཅན་གྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། ། ཁ་ཅིག་མོས་ཀྱང་ངེས་པར་འབྱུང་བར་མི་འགྱུར་བ་ནི་ངེས་པའི་དོན་གྱི་མདོ་སྡེ་མ་བརྩལ་ཏེ། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་དང་། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བྱ་བའི་ཚིག་གིས་མཚན་ཉིད་ཐམས་ཅད་ ཀྱིས་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པའོ། །དེ་བཞིན་དུ་གཞན་ལ་ཡང་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ནི་ཐེག་པ་ཆེན་པོ་ལས་ངེས་པར་མི་འབྱུང་བར་རིག་པར་བྱ་སྟེ། ཐེག་པ་ཆེན་པོ་ལ་ནི་དགོངས་པ་སྣ་ཚོགས་ཀྱིས་གསུངས་པའི་ཕྱིར་རོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ ཀྱིས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རྣམས་རྣམ་པར་འབྱེད་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་པོ་དག་གང་ཞེ་ན། མཚན་མར་ལྟ་བ་ནས་མངོན་པའི་ང་རྒྱལ་ གྱི་བར་དུ་ལྟ་བའོ། །དེ་ལ་ཐེག་པ་ཆེན་པོ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པའི་སྒྲར་དམིགས་ཤིང་ཐོས་ནས། དགོངས་པ་དེ་ལ་མི་མཁས་པ་དག་འདིའི་དོན་ལ་སྒྲ་ཇི་བཞིན་དུ་མོས་ནས་འདི་ནི་དངོས་པོ་མེད་པ་ཉིད་དུ་བསྟན་ཏོ་ཞེས་ཆོས་ཐམས་ཅད་ མ་སྐྱེས་པ་ཉིད་དུ་མེད་པ་ལ་སོགས་པའི་མཚན་མར་མངོན་པར་ཞེན་པ་ནི་དེ་དག་གི་མཚན་མར་ལྟ་བ་ཡིན་ནོ། །དེ་དག་ཉིད་མེད་པ་ལ་སོགས་པའི་མཚན་མར་མངོན་པར་ཞེན་ནས་ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་ལ་སྐུར་པ་ འདེབས་པའོ། །དེ་ལ་འདི་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ་གང་གཟུགས་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་བརྗོད་པས་བརྟགས་པ་ཙམ་དུ་ཟད་ནས་ཡང་དག་པ་མ་ཡིན་པ་ལུས་མེད་པའི་དོན་གང་ལ་བྱིས་པ་རྣམས་ཀྱིས་གཟུགས་ལ་སོགས་པའི་མཚན་ཉིད་དུ་སྒྲོ་བཏགས་ ནས་ཡོངས་སུ་རྟོག་པའོ། །དེ་ལ་འདི་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ། གང་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཙམ་དེ་ཉིད་དོ། །དེ་ལ་འདི་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། གང་ཞེ་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་དེ་བཞིན་ཉིད་དོ། །དེ་ལ་སྐུར་པ་འདེབས་པའི་རྣམ་པ་འདིས་ལྟ་བ་ གསུམ་དུ་འགྱུར་ཏེ། བཏགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། ཀུན་དུ་རྟོག་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བའོ། །དེ་ལྟར་དེ་དག་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ལ་སྐུར་པ་འདེབས་པས་ན། སྐུར་པ་འདེབས་པའི་ལྟ་བ་དེ་ གཞག་པའི་ཕྱིར་རིགས་པ་འགའ་ཞིག་ཡོངས་སུ་འཛིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་གང་དག་བརྗོད་དུ་མེད་པའི་ཆོས་ཉིད་སྟོན་པ་དེ་དག་ཐམས་ཅད་ཀྱང་རང་གི་ལྟ་བ་དང་མཐུན་པར་ཡོངས་སུ་གྲུབ་པ་དེ་དག་ནི་ལྟ་བ་གཉིས་སུ་འགྱུར་ཏེ། །ཡོངས་སུ་འཛིན་པའི་ ལྟ་བ་དང་། སྒྱུར་བའི་ལྟ་བའོ། །དེ་དག་ཡང་ལྟ་བ་འདི་འདྲ་བར་འགྱུར་ཏེ། ལྟ་བ་འདི་ལྟ་བུ་ལ་བརྟེན་ནས་དགེ་བའམ་མི་དགེ་བ་ཡང་རུང་སྤྱད་ན་ཁ་ན་མ་ཐོ་བ་མེད་པ་དང་སྐྱོན་མེད་པར་འགྱུར་ཞིང་དེ་ཐམས་ཅད་དགེ་བར་འགྱུར་བ་དང་། སྔོན་བསགས་པའི་སྒྲིབ་པ་ལས་དེ་འབྱུང་བར་འགྱུར་ བར་འཛིན་པ་དེ་ལྟ་བུ་དེ་དག་གི་ལྟ་བ་གཉིས་ཏེ། ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་། ངེས་པར་འབྱུང་བར་ལྟ་བའོ། །དེ་དག་ལྟ་བ་དེ་ལྟ་བུ་ལ་མངོན་པར་ཞེན་པས་ལྟ་བ་དེ་ལས་བཟློག་པའི་ཕུང་པོ་ལ་སོགས་པའི་ཆོས་རྣམ་པར་འཇོག་པ་ཉན་ཐོས་ཀྱི་སྡེ་སྣོད་ཁྱད་དུ་གསོད་པ་དང་། གང་དག་ སྐུར་པ་འདེབས་པར་ལྟ་བ་དེ་ལ་མི་མོས་པ་ཉན་ཐོས་ཀྱི་ཐེག་པ་པ་དེ་དག་ལ་རབ་ཏུ་སྡང་བའི་ལྟ་བ་འདི་གཉིས་ཏེ། དབང་ཟ་བའི་ལྟ་བ་དང་། རབ་ཏུ་འཁྲུག་པའི་ལྟ་བའོ། །རང་གི་ལྟ་བའི་ཚུལ་དུ་ན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཇི་ལྟ་བ་བཞིན་དུ་ རྣམ་པར་གཞག་པ་ཡིན་ནོ་སྙམ་ནས། དེའི་མཚན་ཉིད་མ་ཡིན་པ་ལ་དེའི་མཚན་ཉིད་དུ་འདུ་ཤེས་པ་ནི་དེ་དག་གི་མཚན་ཉིད་ཕྱིན་ཅི་ལོག་ཏུ་རྣམ་པར་འཇོག་ཅིང་འདི་སྙམ་དུ་ཡང་སེམས་ཏེ། གང་དག་ཆོས་ཉིད་འདི་ལྟ་བུ་ལ་འཇུག་པ་དང་འཛུད་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་ པོ་དཔག་ཏུ་མེད་པ་སྐྱེད་དོ་སྙམ་པ་ལ་དེ་ལྟ་བུའི་ལྟ་བ་འདི་གཉིས་ཏེ། ཕྱིན་ཅི་ལོག་ཏུ་ལྟ་བ་དང་། འཕེལ་བའི་ལྟ་བའོ། །གང་གི་ཚེ་དེ་དག་ལྟ་བ་དེ་ལས་བརྩམས་ཏེ་གཞན་དག་གིས་དྲིས་པ་དེའི་ཚེ་བདག་ནི་ཅི་ཡང་ཁས་ལེན་པར་མི་འདོད་ཀྱི། ཚིག་དོར་དང་ལྟག་ཆོད་ཀྱིས་གཞན་ལ་འདྲི་བའི་ལྟ་ བ་འདི་གཉིས་ཏེ། ཁས་མི་ལེན་པའི་ལྟ་བ་དང་། ངན་གཡོའི་ལྟ་བའོ། །དེ་དག་ཡང་འདི་ལྟ་བུའི་ང་རྒྱལ་ཅན་དུ་འགྱུར་རོ། །གང་དག་དེ་ལྟར་སྒྲུབ་པ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་པ་དང་། རིམ་གྲོ་བྱེད་པར་འཛིན་པ་དེ་དག་གི་ལྟ་བ་ནི་བཀུར་སྟིའི་ལྟ་བའོ། ། ཕྱིན་ཅི་ལོག་མ་ཡིན་པའི་ཆོས་ཉིད་ལ་མཁས་པ་དག་གིས་ལྟ་བ་དེ་དང་འབྱེད་ཅིང་ལེགས་པར་འཐད་པ་དང་། རབ་ཏུ་གྲགས་པའི་རིགས་པས་ཡིད་ཆེས་པར་བྱེད་པ་ན་ཡང་ལྟ་བ་དེ་ཇི་ལྟར་ཡང་ཡོངས་སུ་མི་འདོར་ཏེ་འདི་ཉིད་བདེན་གྱི་གཞན་ནི་ལོག་པའོ་སྙམ་པ་དེ་དག་ནི་རྨོངས་པ་བརྟན་པའི་ ལྟ་བའོ། །ལྟ་བ་ཇི་སྐད་དུ་བསྟན་པ་དེ་དག་གི་བག་ཆགས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་ནི་རྩ་བའི་ལྟ་བའོ། །ལྟ་བ་བཅུ་བདུན་པོ་དེ་དག་ཉིད་ཀྱི་སྐྱོན་བརྗོད་པའི་སྒོ་ནས་ཡང་བཤད་པར་བྱ་སྟེ། འདི་ལྟ་སྟེ། མཚན་མར་ལྟ་བ་ནི་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ཞེས་བྱ་སྟེ། མེད་པ་ལ་སོགས་ པའི་མཚན་མ་ལ་མངོན་པར་ཞེན་པ་ཉིད་དུ་གྱུར་ཀྱང་། མཚན་མ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་དོ་སྙམ་པའི་འདུ་ཤེས་ཅན་དུ་གྱུར་པའི་ཕྱིར་རོ། །བརྟགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། ཀུན་དུ་རྟོག་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང་། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་ ནི་སྦྱོར་བ་སེལ་བའི་ལྟ་བ་སྟེ། ཐམས་ཅད་ལ་སྐུར་པ་འདེབས་པའི་ལྟ་བ་ནི་འབད་པ་མཐུ་མེད་པའི་འདུ་ཤེས་ཅན་དུ་འགྱུར་བའི་ཕྱིར་རོ། །ཡོངས་སུ་འཛིན་པའི་ལྟ་བ་དང་། སྒྱུར་བའི་ལྟ་བ་ནི་ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་སྟེ། ཐབས་མ་ཡིན་པ་ལ་སྦྱོར་བ་ནི་དེའི་འབྲས་བུ་མི་འཐོབ་པའི་ ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་། ངེས་པར་འབྱུང་བའི་ལྟ་བ་ནི་སྒྲིབ་པ་སོགས་པའི་ལྟ་བ་སྟེ། ལོག་པར་སྒྲུབ་པའི་སྒྲུབ་པ་ཟད་མི་སྲིད་པའི་ཕྱིར་རོ། །དབང་ཟ་བའི་ལྟ་བ་དང་། རབ་ཏུ་འཁྲུག་པའི་ལྟ་བ་ནི་བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་སྟེ། དམ་པའི་ཆོས་དང་ ཚངས་པ་མཚུངས་པར་སྤྱོད་པ་ལ་ལོག་པར་སྒྲུབ་པའི་སྒོ་ནས་སྨས་པ་ཆེན་པོ་འཐོབ་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་ལྟ་བ་དང་། འཕེལ་བའི་ལྟ་བ་ནི་འབྲས་བུ་མེད་པའི་ལྟ་བ་སྟེ། ཡང་དག་པ་མ་ཡིན་པའི་ཆོས་ཉིད་རྣམ་པར་འཇོག་པ་འཛིན་པ་དང་། འཛིན་དུ་འཇུག་པ་ལ་ཁྱད་པར་མི་འཐོབ་ པའི་ཕྱིར་རོ། །ཁས་མི་ལེན་པའི་ལྟ་བ་དང་། ངན་གཡོའི་ལྟ་བ་ནི་ཆད་པས་བཅད་པའི་ལྟ་བ་སྟེ། རིགས་པ་མ་ཡིན་པས་རྒོལ་ན་རྒྱལ་མི་སྲིད་པའི་ཕྱིར་རོ། །བཀུར་སྟིའི་ལྟ་བ་ནི་སྐུར་པ་འདེབས་པའི་ལྟ་བ་སྟེ། དེ་མི་གསུང་བ་ལ་དེ་སྒྲོ་འདོགས་པའི་ཕྱིར་རོ། །རྨོངས་པ་བརྟན་པའི་ ལྟ་བ་ནི་བསྙད་པ་མ་ཡིན་པའི་ལྟ་བ་སྟེ། ལོག་པ་ལ་མངོན་པར་ཞེན་པ་དང་། འབེལ་བའི་གཏམ་བྱ་བ་བཀག་པའི་ཕྱིར་ཏེ། དོན་མེད་པའི་ཕྱིར་རོ། །རྩ་བའི་ལྟ་བ་ནི་ལྟ་བ་ཆེན་པོ་སྟེ། དེ་ལས་ཕྱི་མ་ལ་ལྟ་བར་གྱུར་པ་ཐམས་ཅད་ཤིན་ཏུ་བརྟས་པ་རྒྱས་པར་འགྱུར་ པའི་ཕྱིར་རོ། །ལྟ་བ་ཉི་ཤུ་རྩ་བདུན་པོ་ཐམས་ཅད་ནི་མངོན་པའི་ང་རྒྱལ་གྱི་ལྟ་བ་སྟེ། ཡང་དག་པ་མ་ཡིན་པའི་མངོན་པའི་ང་རྒྱལ་གྱིས་སློང་བའི་ཕྱིར་རོ། །དེའི་ཕྱིར་མདོ་སྡེ་དེ་ཉིད་ལས་དེའི་འོག་ཏུ་འདི་དག་གི་བཅུ་བདུན་ཡིན་ཡང་བཅུར་འགྱུར་རོ། །བཅུ་ཡིན་ཡང་བཅུ་བདུན་དུ་ འགྱུར་རོ། །ཉི་ཤུ་རྩ་བདུན་ཡིན་ཡང་གཅིག་ཏུ་འགྱུར་རོ། །གཅིག་ཡིན་ཡང་ཉི་ཤུ་རྩ་བདུན་དུ་འགྱུར་རོ་ཞེས་གསུངས་སོ།། །།བམ་པོ་བརྒྱད་པ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྟེ། འདི་ལྟར་འདི་དག་ནི་བདག་ཉིད་ཀྱིས་འབྱུང་བ་མེད་ཀྱི། རྐྱེན་ལ་ལྟོས་ནས་འབྱུང་ བ་བཀག་པ་ནི་མ་ཡིན་ནོ། །ངོ་བོ་ཉིད་གང་དུ་དེ་དག་སྔར་བྱུང་བའི་ངོ་བོ་ཉིད་དེར་ཡང་དེ་དག་གིས་བསྐྱེད་མི་ནུས་པས་ངོ་བོ་ཉིད་མེད་པའོ། །ཐོབ་ལ་མ་ཉམས་པ་དང་ད་ལྟར་བྱུང་བ་རྣམས་ཀྱང་རང་གི་ངོ་བོ་ལ་མི་གནས་པས་ངོ་བོ་ཉིད་མེད་པའོ། །བདེན་པ་མ་མཐོང་བ་རྣམས་ཀྱིས་ཆོས་རྣམས་ཀྱི་ ངོ་བོ་ཉིད་དེ་མཚན་ཉིད་མངོན་པར་བརྗོད་པ་སྤྲོས་པའི་བག་ཆགས་ཀྱི་སྒོ་ནས་ཇི་ལྟར་བཟུང་བ་བཞིན་དུ་བྱིས་པས་བཟུང་བ་དང་མཐུན་པའི་ངོ་བོ་ཉིད་དེ་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པའོ། །ཡང་ཆོས་ཐམས་ཅད་ཅེས་བྱ་བ་ནི་ངོ་བོ་ཉིད་གསུམ་སྟེ། དེ་ལ་ཀུན་བརྟགས་ཀྱི་ངོ་བོ་ཉིད་ནི་རང་གི་ མཚན་ཉིད་ཀྱིས་མེད་པ་སྟེ། དེའི་ཕྱིར་རང་གི་མཚན་ཉིད་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པའོ། །གཞན་གྱི་དབང་ནི་རྐྱེན་ལ་ལྟོས་པའི་ཕྱིར་བདག་ཉིད་ཀྱིས་འབྱུང་བ་མེད་པ་སྟེ། དེའི་ཕྱིར་རང་གིས་འབྱུང་བ་མེད་པས་ན་སྐྱེ་བ་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པའོ། །ཡོངས་སུ་གྲུབ་པ་ནི་རྣམ་ པར་དག་པའི་དམིགས་པ་ཡིན་པ་དང་གཞན་གྱི་དབང་དང་ཀུན་བརྟགས་པའི་མཚན་ཉིད་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དོན་དམ་པ་ཡིན་ལ་ངོ་བོ་ཉིད་མེད་པས་རབ་ཏུ་ཕྱེ་བ་སྟེ། དོན་དམ་པ་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པའོ། །དེ་ལྟར་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་ལྟའི། རྣམ་པ་ ཐམས་ཅད་དུ་མཚན་ཉིད་མེད་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །ཡང་ཐེག་པ་ཆེན་པོ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཐམས་ཅད་ནི་མདོར་ན་བཞིར་འགྱུར་ཏེ། འདི་ལྟ་སྟེ། མཉམ་པ་ཉིད་ལ་དགོངས་པ་ནི་ང་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ ཏོ་ཞེས་གང་གསུངས་པ་སྟེ། ཆོས་ཀྱི་སྐུ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །དུས་གཞན་ལ་དགོངས་པ་ནི་གང་དག་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྨོན་ལམ་འདེབས་པ་སྟེ། དེ་དག་དེར་སྐྱེ་བར་འགྱུར་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་བ་ཙམ་གྱིས་ ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་བོ་ཞེས་གང་གསུངས་པ་སྟེ། དུས་གཞན་ནའོ་ཞེས་དགོངས་པའོ། །དོན་གཞན་ལ་དགོངས་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། །མ་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་སྟེ། སྒྲ་ཇི་བཞིན་མ་ཡིན་པའི་ ཕྱིར་རོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་གང་ལ་ལ་ནས་བསྔགས་པའི་དགེ་བའི་རྩ་བ་དེ་ཉིད་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལ་ལ་ལ་སྨོད་དོ། །དེ་བཞིན་དུ་འདོད་ཆགས་ལ་སྤྱོད་པ་ལ་ནི་སངས་རྒྱས་ཀྱི་ཞིང་གི་རྣམ་པར་འབྱོར་པ་བསྔགས་སོ། །ང་རྒྱལ་ལ་སྤྱོད་པ་ལ་ནི་སངས་རྒྱས་ ཁ་ཅིག་གིས་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་སོ། །འགྱོད་པས་བསྒྲིབས་པ་ལ་ནི་གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་མཐོ་རིས་སུ་ཉེ་བར་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །མ་ངེས་པའི་རིགས་ཅན་ལ་ནི་ཉན་ཐོས་ ཉིད་ཀྱི་བསམ་པ་དོར་བའི་ཕྱིར་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་ཉིད་དུ་ལུང་སྟོན་ཅིང་ཐེག་པ་ནི་གཅིག་སྟེ་གཉིས་སུ་མེད་དོ་ཞེས་སྟོན་ཏོ། ཡང་ལྡེམ་པོར་དགོངས་པ་ཐམས་ཅད་ནི་མདོར་ན་གཞུག་པ་ལ་ལྡེམ་པོར་དགོངས་པ་ལ་སོགས་པ་བཞིར་འགྱུར་རོ། །དེ་ལ་གཞུག་པ་ལ་ལྡེམ་པོར་ དགོངས་པ་ནི་ཉན་ཐོས་རྣམས་ལ་བལྟ་བར་བྱ་སྟེ། བསྟན་པ་ལ་གཞུག་པའི་དོན་དུ་མི་<སྐག་སྐྲག་>པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་ཡོད་པ་སྐད་དུ་བསྟན་པའི་ཕྱིར་རོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་ཀུན་བརྟགས་ལ་སོགས་པ་ངོ་བོ་ཉིད་གསུམ་ལ་བལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ ཉིད་མེད་པ་དང་། མ་སྐྱེས་པ་ལ་སོགས་པ་བསྟན་པའི་ཕྱིར་རོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་ཉེས་པ་རྣམས་འདུལ་བར་བལྟ་སྟེ། དཔེར་ན་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་མཆོག་ཡང་དག་པར་བཤད་པ་ལྟ་བུའོ། །སྒྲིབ་པ་བརྒྱད་ནི། སངས་རྒྱས་དང་ནི་ཆོས་ལ་ བརྙས་པ་དང་། །ཞེས་རྒྱ་ཆེར་འབྱུང་བ་སྟེ། དེའི་དཔེར་བརྗོད་པ་ནི་ཅི་རིགས་སུ་དགོངས་པ་བཞི་བསྟན་པར་བལྟའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་བརྗོད་པ་ཟབ་པ་ལ་བལྟ་བར་བྱ་སྟེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་ཀུན་ནས་ རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་འདི་ལ་ལྡེམ་པོར་དགོངས་པ་ནི་འདི་ཡིན་ཏེ། རྣམ་པར་མི་གཡེང་བ་ལ་གང་དག་སྙིང་པོར་བློ་འབྱུང་བ་དང་མཆོག་ཏུ་བློ་འབྱུང་བའོ། །རྣམ་པར་གཡེང་བ་ནི་སེམས་རྣམ་པར་འཕྲོ་བའོ། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས་ཞེས་བྱ་བ་ནི། རྟག་པ་ དང་། བདེ་བ་དང་། གཙང་བ་དང་། བདག་ལས་བཟློག་པ་སྟེ། མི་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་ལ་ཤིན་ཏུ་གནས་པ་ཡོངས་སུ་མི་ཉམས་པའི་ཕྱིར་རོ། །ཉོན་མོངས་ཀུན་ནས་རབ་ཉོན་མོངས། །ཞེས་བྱ་བ་ནི་ཡུན་རིང་པོར་དཀའ་བ་བྱེད་པའི་རྩོལ་བས་ཤིན་ཏུ་ཡོངས་སུ་ཉོན་མོངས་པར་གྱུར་པའོ། །ཤིན་ ཏུ་རྒྱས་པ་ལ་བྱང་ཆུབ་སེམས་དཔའ་ཆོས་ལ་ཏིང་ངེ་འཛིན་དུ་མཁས་པར་བསྟན་པ་ནི་ཞི་གནས་ཀྱི་ཕན་ཡོན་དང་། ལྷག་མཐོང་གི་ཕན་ཡོན་དང་། དེ་གཉི་གའི་ཕན་ཡོན་གྱི་དབང་དུ་བྱས་པར་རིག་པར་བྱའོ། །དེ་ལ་ཞི་གནས་ཀྱི་ཕན་ཡོན་ནི་རྣམ་པ་གཉིས་ཏེ། སྐད་ཅིག་སྐད་ཅིག་ལ་ཁྱད་པར་དུ་ འགྲོ་བའི་ཤིན་ཏུ་སྦྱངས་པས་རྒྱུན་མི་འཆད་པར་ལུས་ལ་ཁྱབ་པའི་ཕྱིར་སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་གནས་ཐམས་ཅད་འཇིག་པར་བྱེད་པ་དང་། བསྟན་པའི་ཆོས་ཐམས་ཅད་ཁྱད་པར་མེད་པས་རོ་གཅིག་པར་མོས་ཏེ། མཉམ་པར་འཇོག་པས་ཕུང་པོ་ལ་སོགས་པའི་དོན་གྱི་རྣམ་པ་ཐ་དད་པའི་ འདུ་ཤེས་དང་བྲལ་བས་མདོ་ལ་སོགས་པའི་ཆོས་ཀྱི་དགའ་བ་ལས་དགའ་བ་ཐོབ་པའོ། །ལྷག་མཐོང་གི་ཕན་ཡོན་ཡང་རྣམ་པ་གཉིས་ཏེ། ཇི་ལྟར་རབ་ཏུ་རྣམ་པར་ཕྱེ་བའི་ཆོས་རྒྱུན་མི་འཆད་པར་མི་བརྗེད་པས་སོ་སོར་དྲན་པ་ཙམ་གྱི་སྒོ་ནས་མདོ་ལ་སོགས་པའི་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བའི་ རྣམ་པ་ཡོངས་སུ་མ་ཆད་པ་ཚད་མེད་པ་དང་། གནས་འགྱུར་བའི་སྔ་རྟགས་སུ་གྱུར་པ་རྣམ་པར་མི་རྟོག་པ་མངོན་པར་འདུས་མ་བྱས་པའི་མཚན་མ་རྣམས་ཀུན་དུ་འབྱུང་བའོ། །དེ་གཉི་གའི་ཕན་ཡོན་ནི་ཆོས་ཀྱི་སྐུ་ཤེས་བྱའི་སྒྲིབ་པ་སྤངས་པ་གནས་གྱུར་པས་བསྡུས་པས་ས་བཅུ་པ་ལ་ཡོངས་སུ་རྫོགས་པར་བྱ་བ་ དང་། དེ་བཞིན་གཤེགས་པའི་ས་ལ་ཡོངས་སུ་བསྒྲུབ་པའི་ཕྱིར་གོང་མ་བས་ཀྱང་ཆེས་གོང་མའི་རྒྱུ་མཐུན་པའི་བག་ཆགས་བསྐྱེད་པའི་ཚུལ་གྱིས་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ། །ཆོས་ཀྱི་སྐུའི་རྒྱུ་མཐུན་པར་འདྲ་བ་ལ་ཅིའི་ཕྱིར་ཤིན་ཏུ་རྒྱས་པའི་ཆོས་ལ་བདུག་པ་དང་། ཕྱེ་མ་ལ་སོགས་པས་མཆོད་ པར་འོས་ཀྱི། ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་ནི་དེ་ལྟ་མ་ཡིན་ཞེ་ན། ཤིན་ཏུ་རྒྱས་པའི་ཆོས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་གཞིར་གྱུར་པའི་ཕྱིར་ཏེ། དོན་ཆེ་བས་བསོད་ནམས་བླ་ན་མེད་ཅིང་དཔག་ཏུ་མེད་པ་སྐྱེད་པའི་གནས་སུ་གྱུར་པའི་ཕྱིར་རོ། །ཐོབ་པ་རྣམ་པར་ངེས་པ་ནི་ཐོབ་ པར་བྱེད་པའི་གང་ཟག་རྣམ་པར་གཞག་པ་དང་། མངོན་པར་རྟོགས་པ་རྣམ་པར་གཞག་པར་ལྟ་བའོ། །གང་ཟག་རྫས་སུ་མེད་ཀྱང་རྣམ་པ་བཞིས་གང་ཟག་རྣམ་པར་གཞག་སྟེ། འདི་ལྟ་སྟེ། སླ་བར་ཐ་སྙད་གདགས་པའི་ཕྱིར་ནི་གཟུགས་ལ་སོགས་པ་རྣམ་པ་མང་པོ་མཚན་ཉིད་དང་མིང་ཐ་དད་པ་ མང་པོ་རྣམས་གཅིག་ཏུ་བསྡུས་ཏེ། སེམས་ཅན་ཞེས་བརྟགས་ནས་སོ་ཞེས་བྱ་བ་ལ་སོགས་པ་ཚེགས་མེད་པ་ཉིད་དུ་ཐ་སྙད་འདོགས་པའི་ཕྱིར་རོ། །འཇིག་རྟེན་པ་དང་མཐུན་པར་བྱ་བའི་ཕྱིར་ནི་འཇིག་རྟེན་ན་ཆོས་ཙམ་གྱི་མིང་རྣམས་ཀྱི་ཐ་སྙད་ཐམས་ཅད་མ་གྲགས་ཀྱི་ཕལ་ཆེར་སེམས་ཅན་གྱི་མིང་ གིས་སོ། །དེ་བས་ན་འཕགས་པ་རྣམས་ཀྱིས་ཀྱང་གདོན་མི་ཟ་བར་འཇིག་རྟེན་དང་མཐུན་པའི་ཐ་སྙད་རྣམས་ཀྱིས་དེ་དང་མཐུན་པར་བྱའོ། །མི་སྐྲག་པར་བྱ་བའི་ཕྱིར་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ལ་མི་མཁས་པ་གློ་བུར་དུ་ཐོག་མར་རྣམ་པ་ཐམས་ཅད་དུ་སེམས་ཅན་མེད་པ་ཐོས་པ་ན་ སྐྲག་པར་འགྱུར་བའི་ཕྱིར་རོ། །བདག་དང་གཞན་དག་གི་ཉེས་པ་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་བརྗོད་པའི་ཕྱིར་ན་གཞན་དུ་སེམས་ཅན་དུ་བཏགས་པ་མེད་པར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་ཙམ་བསྟན་ན་ཆེ་གེ་མོ་ཞིག་གི་སེམས་ཀྱི་རྒྱུད་ལ་ཉེས་ པ་འདི་རྣམས་སྤངས་སོ། །ཡོན་ཏན་འདི་རྣམས་སྐྱེས་སོ་ཞེས་ཤེས་པར་མི་ནུས་པའི་ཕྱིར་རོ། །གང་ཟག་རྣམ་པར་གཞག་པ་ནི་སྤྱོད་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བདུན་ཏེ། དེ་ལ་འདོད་ཆགས་ལ་སྤྱོད་པ་ནི། འདོད་ཆགས་ཀྱི་ཤས་ཆེ་ཞིང་རྒྱུན་རིང་བ་སྟེ། ཆགས་པར་འགྱུར་བའི་དངོས་པོ་ངན་པ་ལ་ཡང་འདོད་ཆགས་ཆེར་འབྱུང་བ་དང་། བྱུང་ནས་ཀྱང་ཡུན་རིང་དུ་རྗེས་སུ་འབྲེལ་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལ་སྤྱོད་པའི་བར་དུ་ཡང་དེ་བཞིན་ཏེ། རང་གི་དངོས་པོ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །ཆ་མཉམ་པ་ལ་སྤྱོད་པ་ནི། །ཉོན་མོངས་པ་རང་ བཞིན་དུ་གནས་པ་སྟེ། ཉོན་མོངས་པ་ཤས་ཆེ་བ་དང་། ཤས་ཆུང་བ་རྣམ་པར་སྤངས་ནས་མཉམ་པའི་གནས་སྐབས་ཞེས་བྱ་བའི་ཐ་ཚིག་སྟེ། དངོས་པོ་ཇི་ལྟ་བ་དང་མཐུན་པར་ཉོན་མོངས་པ་ཀུན་དུ་འབྱུང་བའི་ཕྱིར་རོ། །ཉོན་མོངས་པ་ཆུང་ངུ་ནི་ཉོན་མོངས་པ་ཤིན་ཏུ་སྲབ་པའི་རང་བཞིན་དུ་གནས་པ་ སྟེ། ཉོན་མོངས་པ་རང་བཞིན་དུ་གནས་པའི་མཚན་ཉིད་བསྟན་པ་དག་ནས། ཉོན་མོངས་པ་ཆེས་སྲབ་པ་ཡོད་པ་དེ་ནི་ཉོན་མོངས་པའི་རང་བཞིན་དུ་གནས་པས་སྲབ་པ་སྟེ། སྔོན་གཉེན་པོ་ཆེན་པོ་གོམས་པར་བྱ་བའི་དབང་གིས་དངོས་པོ་ཤས་ཆེ་བ་ལ་ཡང་རང་བཞིན་གྱིས་ཉོན་མོངས་པ་ཆུང་ངུས་ཀུན་དུ་ འབྱུང་བའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་ཐེག་པ་ནི་རིགས་དང་། དབང་པོ་དང་། སྨོན་ལམ་དང་། བསམ་པ་དང་། དམིགས་པ་དང་། སྒྲུབ་པ་དང་། འབྲས་བུའི་རབ་ཏུ་དབྱེ་བའི་དབང་གིས་བསྟན་པར་རིག་པར་བྱའོ། །འདིའི་དབང་པོ་རྟུལ་པོ་ཉིད་ནི་རང་སངས་རྒྱས་དང་བྱང་ཆུབ་ སེམས་དཔའི་དབང་པོ་ལས་ལྟོས་པའོ། །གཞན་དུ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ལ་སོགས་པ་དབང་པོ་རྣོན་པོ་ཡིན་ནོ་ཞེས་བྱ་བ་དང་འགལ་བར་འགྱུར་རོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་བསྐྱེད་པ་དང་། སྔོན་འབྲས་བུ་མ་ཐོབ་པ་ནི་བསེ་རུ་ལྟ་བུར་གྱུར་ཏེ་གཅིག་པུར་གནས་པའོ། །དེ་ ལས་གཞན་པའི་རང་རྒྱལ་བ་ནི་ཚོགས་དང་སྤྱོད་པའོ། །ལུང་བསྟན་པ་ཡང་ཐོབ་ཅེས་བྱ་བ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ། །ཚོགས་མ་བསགས་པ་ལ་སོགས་པ་ནི་ཐར་པའི་ཆ་དང་མཐུན་པ་རྣམས་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆུང་ངུ་དང་། འབྲིང་དང་ཆེན་པོ་རྣམས་ཀྱི་ངེས་པར་འབྱེད་པའི་ཕྱོགས་དང་བདེན་པ་མངོན་པར་རྟོགས་པ་སྐྱེད་པའོ། །དེ་ཡང་ངེས་པ་དང་མ་ངེས་པ་དང་། ཚེ་རབས་དེ་ཉིད་ཀྱི་དུས་དང་ལྡན་པའི་ཕྱིར་གོ་རིམས་བཞིན་དུ་རིག་པར་བྱའོ། །འདི་ལ་བདེན་པའི་དབང་དུ་བྱས་པའི་ཆོས་ལ་མོས་པ་དང་། དད་པའི་མཚན་ཉིད་ཀྱི་ ཐར་པའི་ཆ་དང་མཐུན་པ་རྣམས་ཏེ། དེ་ཉིད་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པའི་མཚན་ཉིད་ཀྱིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་དད་པ་མཆོག་ཡིན་པ་དང་། ཤེས་རབ་མཆོག་ཡིན་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ནི་རང་བཞིན་གྱིས་སྐད་ཅིག་པ་ སྟེ་ཞེས་བྱ་བ་ནི་རྒྱུན་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །བག་ཆགས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་བྱེད་པའི་དགེ་བའི་རྩ་བ་སྔར་བསྐྱེད་པའང་སྐྱེད་མི་དགོས་པའི་ཕྱིར་རོ། །ཐར་པའི་ཆ་དང་མཐུན་པ་ཆུང་ངུའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེའོ། །ཡང་ཐར་པའི་ཆ་དང་མཐུན་པ་བཞི་སྟེ། སྐབས་སུ་གཏོགས་པ་དང་། མོས་པ་ལས་གྱུར་པ་དང་། ལྷག་པར་འདོད་པ་ལས་གྱུར་པ་ དང་། ཐོབ་པ་ལས་གྱུར་པའོ། །དགེ་བའི་ཕྱོགས་ལ་འདུན་པ་ནས་ཉེ་བར་བཟུང་སྟེ། ཐར་པའི་ཆ་མཐུན་དུ་བྱ་བ་ཇི་སྙེད་པ་དེ་ནི་སྐབས་སུ་གཏོགས་པའོ། །དེ་དང་རབ་ཏུ་ལྡན་པའི་བསྟན་པ་ལ་མོས་པ་དང་ལྡན་པ་གང་ཡིན་པ་དེ་ནི་མོས་པ་ལས་གྱུར་པའོ། །དགའ་བ་དང་དད་པ་དང་ལྡན་པ་ཐར་པ་ལ་ དམིགས་པའི་ཡིད་ལ་བྱེད་པ་མང་བ་གང་ཡིན་པ་དེ་ནི་ལྷག་པར་འདོད་པ་ལས་གྱུར་པའོ། །ཚེ་འདི་ཉིད་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེད་པར་ངེས་པ་གང་ཡིན་པ་དེ་ནི་ཐོབ་པ་ལས་གྱུར་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་རྣམ་པ་དྲུག་སྟེ། རྗེས་སུ་མཐུན་པ་དང་། ཁྱད་པར་བ་དང་། རབ་ཏུ་རྟོགས་པ་དང་། གཞན་དུ་ཡོངས་སུ་སྒྱུར་བ་དང་། སྐྱེ་བ་གཅིག་པ་དང་། སྟན་གཅིག་པའོ། །དེ་ལ་གང་བདེན་པ་ལ་དམིགས་པའི་རྣམ་པའི་དགེ་བའི་རྩ་བ་དང་པོ་ཉིད་དུ་ཆུང་ངུ་འབྱུང་བ་དེ་ནི་རྗེས་སུ་མཐུན་པ་པའོ། །གང་འབྲིང་དུ་གྱུར་པ་དེ་ནི་ཁྱད་པར་བ་སྟེ། དེ་བས་ཆེས་མཆོག་ཏུ་ གྱུར་པའི་ཕྱིར་རོ། །གང་ཚེ་འདི་ཉིད་ལ་བདེན་པ་རྟོགས་པ་ཤས་ཆེན་པོར་གྱུར་པ་དེ་ནི་རབ་ཏུ་རྟོགས་པ་པའོ། །དེ་ཡང་གང་མ་ངེས་པའི་རིགས་ཅན་རྣམས་བྱང་ཆུབ་ཁྱད་པར་དུ་གྱུར་པར་ཡོངས་སུ་བསྒྱུར་བ་དང་། གང་ཡང་རང་སངས་རྒྱས་རྣམས་ཚེ་རབས་གཞན་ལ་སློབ་ དཔོན་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པར་ཡོངས་སུ་བསྒྱུར་བ་དེ་ནི་གཞན་དུ་ཡོངས་སུ་བསྒྱུར་བའོ། །གང་གི་ཚེ་དེ་ཉིད་ལ་རབ་ཏུ་རྟོགས་པར་འགྱུར་བ་དེ་ནི་ཚེ་གཅིག་པའོ། །གང་སྟན་དེ་ཉིད་ལ་རབ་ཏུ་རྟོགས་པར་འགྱུར་བ་དེ་ནི་སྟན་གཅིག་པའོ། །ལུས་ཀྱིས་མངོན་དུ་བྱེད་པ་ཞེས་ བྱ་བ་ནི་ཕྱིར་མི་འོང་བ་རྣམ་པར་ཐར་པ་བརྒྱད་ཐོབ་པའོ། །རྣམ་པར་ཐར་པ་བརྒྱད་པོ་དེ་དག་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྟེ། འོག་ནས་འཆད་དོ། །ཤེས་རབ་ཀྱིས་རྣམ་པར་ གྲོལ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་མི་མཐུན་པའི་ཕྱོགས་ཉོན་མོངས་པའི་སྒྲིབ་པ་ཙམ་མ་ལུས་པར་སྤངས་པའི་ཕྱིར་རོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་ལས་གང་རྣམ་པར་གྲོལ་བའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་ནི་ངེས་པར་ འབྱེད་པའི་ཆ་དང་མཐུན་པ་སྟན་གཅིག་པ་ནས་བཟུང་སྟེ། དང་པོའི་འབྲས་བུ་མ་ཐོབ་ཀྱི་བར་དུའོ། །མཐོང་བའི་ལམ་གྱི་ཐ་མ་ལ་དང་པོའི་འབྲས་བུ་ཐོབ་པ་གང་ཞེ་ན། གང་ཕྱོགས་ལས་འདོད་ཆགས་དང་བྲལ་ཡང་འདོད་པ་དག་ལས་འདོད་ཆགས་དང་མ་བྲལ་ཞིང་ཡང་དག་པ་ཉིད་དུ་ངེས་པར་འགྱུར་བ་ལ་ འཇུག་པའོ། །གང་སྔར་འཇིག་རྟེན་པའི་ལམ་གྱིས་བསྒོམ་པས་སྤང་བར་བྱ་བའི་འདོད་པ་ན་སྤྱོད་པ་རྣམ་པ་དྲུག་སྤངས་ནས་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བར་གྱུར་ཏེ། ཕྱིས་ཡང་དག་པ་ཉིད་ལ་ངེས་པར་འཇུག་པ་དེ་ནི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་ལན་ཅིག་ཕྱིར་འོང་བ་ཉིད་དུ་འགྱུར་བའོ། ། གང་རྣམ་པ་དགུ་ཆར་སྤངས་ནས་འདོད་པ་ལས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། ངེས་པར་གྱུར་པ་ལ་འཇུག་པ་དེ་ནི་ཕྱིར་མི་འོང་བ་ཉིད་དུ་འགྱུར་བའོ། །མཐོང་བས་སྤང་བར་བྱ་བ་ཐམས་ཅད་སྤངས་ཀྱང་ཀུན་དུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་དུ་ཞུགས་པ་ཞེས་བརྗོད་པ་ནི། འདི་དག་ ཐར་པ་ཐོབ་པའི་གེགས་སུ་གྱུར་པས་གཙོ་བོ་ཡིན་པའི་ཕྱིར་ཏེ། འདི་ལྟར་འཇིག་ཚོགས་ལ་ལྟ་བས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་དང་བདག་གིར་མངོན་པར་ཞེན་ནས་བདག་ལ་དགའ་བ་སྡུག་བསྔལ་ལས་མི་འཕགས་སོ། །ཇི་སྙེད་འཕགས་ཀྱང་ཐར་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་ མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གྱི་ལམ་ངན་པ་ལ་མངོན་པར་ཞེན་པ་དང་། ལམ་བཟང་པོ་ལ་ཐེ་ཚོམ་ཟ་བའི་ཕྱིར། ལོག་པས་ངེས་པར་འབྱུང་གི་ཡང་དག་པར་ངེས་པར་མི་འབྱུང་ངོ་། །ཡང་འཇིག་ཚོགས་ལ་ལྟ་བས་ཞེས་བྱ་བ་ལ་ལོག་པར་རྟོགས་པ་སྟེ། སྡུག་བསྔལ་ཙམ་ལ་བདག་དང་བདག་གི་བའི་ མཚན་ཉིད་དུ་སྒྲོ་འདོགས་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ལྟ་བ་ལ་ལོག་པར་རྟོགས་ཏེ། དེས་དག་པར་ཡིད་ཆེས་པའི་ཕྱིར་རོ། །ཐེ་ཚོམ་གྱིས་ནི་གཉེན་པོ་ལ་ལོག་པར་རྟོགས་ཏེ། དཀོན་མཆོག་གསུམ་ལ་ངེས་པར་མི་བྱེད་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་ བའི་འབྲས་བུ་ལ་འཇུག་པ་ནི་མཐོང་བའི་ལམ་གྱི་གོང་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་འབྲིང་པོའི་འབྲིང་གི་བར་དུ་སྤོང་བའི་ལམ་ལ་གནས་པའི་གང་ཟག་གང་ཡིན་པའོ། །ལན་ཅིག་ཕྱིར་འོང་བ་ནི་ཉོན་མོངས་པའི་རྣམ་པ་འབྲིང་པོའི་ཆུང་ངུ་སྤོང་བའི་ལམ་ཡོངས་སུ་རྫོགས་པ་ལ་གནས་ པའི་གང་ཟག་གང་ཡིན་པའོ། །ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་གོང་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆེན་པོ་དང་། ཆུང་ངུའི་འབྲིང་པོ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གང་ཡིན་པའོ། །ཕྱིར་མི་འོང་བ་ནི་དགུ་པ་ཉོན་ མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་སྤོང་བའི་ལམ་ཡོངས་སུ་རྫོགས་པ་ལ་གནས་པའི་གང་ཟག་གང་ཡིན་པའོ། །འདོད་པ་ན་སྤྱོད་པ་གང་བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་སྤངས་ཀྱང་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བ་ཞེས་མདོ་ལས་འབྱུང་བ་ནི་འདི་དག་འགྲོ་ བ་དང་ཁམས་ཐ་མའི་རྒྱུར་གྱུར་པས་གཙོ་བོ་ཡིན་པའི་ཕྱིར་ཏེ། འགྲོ་བ་ཐ་མ་ནི་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོའོ། །ཁམས་ཐ་མ་ནི་འདོད་པའི་ཁམས་སོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་རྣམས་ཀྱིས་ ནི་འགྲོ་བ་ཐ་མ་ལས་མི་འདའ་བས་དེའི་རྒྱུ་ཉིད་དོ། །འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་ཀྱིས་ནི་ཁམས་ཐ་མ་ལ་མི་འདའ་བས་དེའི་རྒྱུ་ཉིད་དོ། །ཁམས་གསུམ་པའི་ཉོན་མོངས་པ་ཐམས་ཅད་སྤངས་ཀྱང་གོང་མའི་ཆ་དང་མཐུན་པ་ལྔ་སྤངས་པས་དགྲ་བཅོམ་པ་ཞེས་ བརྗོད་པ་ནི་གོང་མ་ཉེ་བར་ལེན་པ་དང་། ཡོངས་སུ་མི་གཏོང་བའི་རྒྱུར་གྱུར་པས་གཙོ་བོ་ཡིན་པའི་ཕྱིར་ཏེ། དེ་ལ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་གཉིས་ཀྱིས་ནི་འདོད་པའི་ཁམས་ནས་གོང་མ་ཉེ་བར་ལེན་ཏེ། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་ཞེས་བྱ་བའི་ཐ་ཚིག་ གོ། །རྒོད་པ་དང་ང་རྒྱལ་དང་མ་རིག་པ་རྣམས་ཀྱིས་ནི་གོང་མ་ཡོངས་སུ་མི་གཏོང་སྟེ། སྲེད་པ་དང་ང་རྒྱལ་དང་ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་པ་ཉིད་དུ་དེར་ཀུན་ནས་ཉོན་མོངས་པའི་ཕྱིར་རོ། །རིགས་ནས་རིགས་སུ་སྐྱེ་བ་ནི་རྒྱུན་དུ་ཞུགས་པ་ཉིད་དེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ འཇུག་པ་ལྷའམ་མི་རྣམས་ཀྱི་ནང་དུ་ངེས་པར་སྲིད་པ་གཉིས་འཁོར་བར་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །བར་ཆད་གཅིག་པ་ནི་ལན་ཅིག་ཕྱིར་འོང་བ་ཉིད་དེ། ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་ལྷ་ཉིད་ཀྱི་ནང་དུ་སྲིད་པ་གཅིག་འཁོར་བ་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །བར་ ཆད་གཅིག་པ་ནི་བར་སྐབས་ཏེ་སྐྱེ་བའི་སྐབས་ཡོད་པ་དེའི་ཕྱིར་དེ་ནི་བར་ཆད་གཅིག་པའོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཉོན་མོངས་པའི་ཤུགས་གང་གིས་སྐྱེ་བའི་ཡུལ་དུ་སོང་ན་ཉིང་མཚམས་སྦྱོར་བ་དེ་ཟད་ནས་བག་ལ་ཉལ་ཙམ་གང་གིས་ཤི་བའི་འོག་ཏུ་ཕུང་པོ་མངོན་པར་འགྲུབ་ པ་དེའི་ལྷག་མ་ལུས་པས་བར་དོའི་སྲིད་པ་མངོན་པར་འགྲུབ་སྟེ། སྔོན་གོམས་པར་བྱས་པའི་ལམ་མངོན་དུ་གྱུར་པས་བག་ལ་ཉལ་ལྷག་མ་སྤངས་སྟེ། དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ཡང་སྐྱེ་བའི་ཡུལ་ལས་མི་འཕགས་པ་དང་། འཕགས་པ་ཙམ་དང་། རིང་དུ་སོང་བའི་གནས་ སྐབས་ཀྱི་རྣམ་པ་གསུམ་སྟེ། སྐྱེས་བུ་དམ་པའི་འགྲོ་བའི་མདོའི་ཚུལ་དུ་རིག་པར་བྱའོ། །མངོན་པར་འདུ་བྱེད་པ་མེད་པར་ལམ་མངོན་དུ་བྱས་ནས་ཞེས་བྱ་བ་ནི་སྔོན་ཤིན་ཏུ་གོམས་པར་འཇུག་པའི་ཕྱིར་ཏེ། བསྒྲིམ་མི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་བཟློག་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་ པས་ཡོངས་སུ་མྱ་ངན་ལས་འདའ་བའོ། །གོང་དུ་འཕོ་བ་ནི་རྣམ་པ་གཉིས་ཏེ། འོག་མིན་དུ་འགྲོ་བ་དང་། སྲིད་པའི་རྩེ་མོར་འགྲོ་བའོ། །དེ་ལ་འོག་མིན་དུ་འགྲོ་བ་ནི་རོ་མྱང་བ་མང་བས་བསམ་གཏན་གྱི་རྣམ་པ་ཆུང་ངུ་ལ་སོགས་པ་སྐྱེས་ཤིང་སྐྱེས་པའི་རོ་མྱོང་བར་བྱེད་པའི་ཕྱིར་ཚངས་རིས་ནས་བཟུང་སྟེ། རྒྱུན་མི་འཆད་ པར་གནས་གཞན་ཐམས་ཅད་དུ་ལན་རེ་རེ་སྐྱེས་ནས་འོག་མིན་གྱི་བར་དུ་ཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བའོ། །སྲིད་པའི་རྩེ་མོར་འགྲོ་བ་ནི་བསམ་གཏན་བཞི་པ་ལ་སྤེལ་མར་མ་བསྒོམས་པས་གནས་གཙང་མ་འབའ་ཞིག་བཀོལ་ཏེ། དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་དུ་སོང་ནས་ཡོངས་སུ་མྱ་ ངན་ལས་འདའ་བའོ། །སྤེལ་མར་བསྒོམ་པ་ནི་བསམ་གཏན་བཞི་པའི་རྣམ་པ་ཆུང་ངུ་ལ་སོགས་པ་ལྔ་བསྒོམས་པས་གོ་རིམས་བཞིན་དུ་གནས་གཙང་མ་ལྔ་པོ་རྣམས་སུ་སྐྱེ་བར་རིག་པར་བྱའོ། །གསོད་ཀྱང་རུང་མི་གསོད་ཀྱང་རུང་ཞེས་བྱ་བ་ནི་བདག་གིས་བདག་གི་སྲོག་གཅོད་པའམ། མི་གཅོད་ཅེས་བྱ་ བའི་ཐ་ཚིག་གོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པ་ཞེས་བྱ་བ་ནི། འཇིག་རྟེན་པའི་བསམ་གཏན་རྣམས་ལས་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་རྣམས་སྦྱོང་བ་ཞེས་བྱ་བ་ནི་ཆེན་པོ་ཐོབ་པར་བྱེད་པ་སྟེ། རྣོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་མི་འཁྲུགས་པའི་ཆོས་ ཅན་ལ་དབང་པོ་རྣམས་ཡོངས་སུ་སྦྱོང་བའི་སྐལ་བ་ཅན་ཞེས་མ་བཤད་དེ། རང་བཞིན་གྱིས་དབང་པོ་རྣོ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་ཉིད་ཡིན་གྱི་གཟུགས་མེད་པ་ན་སྤྱོད་པ་ནི་མ་ཡིན་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་གནས་མ་ཡིན་པའི་ ཕྱིར་མཐུའི་ཁྱད་པར་ཐོབ་པ་དེར་མི་སྐྱེའོ། །གཟུགས་མེད་པའི་ཁམས་རྣམས་པར་སྤངས་པའི་བསམ་གཏན་ཞེས་བྱ་བ་ནི་གཟུགས་མེད་པར་སྐྱེ་བ་བོར་བའི་ཏིང་ངེ་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་གྱི་བདེན་པས་གནས་པ་ནི་ཡོངས་སུ་མ་ཉམས་པ་ཉིད་དེ། བསམ་གཏན་ལས་རྣམ་པར་ བཟློག་པ་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་འདོད་པའི་ཁམས་སུ་ཡང་སྐྱེ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཅེས་བྱ་བ་ནི་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ། བདུད་ལས་རྒྱལ་བའི་བར་དུའོ། །སངས་རྒྱས་ཀྱི་སྤྱོད་ པ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུའོ། །མོས་པས་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་རིགས་ལས་གནས་པ་ཐོག་མར་སྨོན་ལམ་ཆེན་པོ་བཏབ་པ་ནས་བཟུང་ནས་རབ་ཏུ་དགའ་ བའི་ས་ལ་མ་ཞུགས་ཀྱི་བར་དུ་སྟེ། སོ་སོར་རང་གིས་འཇིག་རྟེན་ལས་འདས་པ་ཐོབ་པ་མེད་པའི་ཕྱིར་རོ། །ལྷག་པའི་བསམ་པས་སྤྱོད་པ་ཅན་ནི་ས་བཅུ་རྣམས་སུ་འཇིག་རྟེན་ལས་འདས་པ་ཐོབ་པས་བསམ་པ་དག་པའི་ཕྱིར་རོ། །མཚན་མ་ལ་སྤྱོད་པ་ཅན་ནི་ས་དྲུག་པོ་དག་ལ་མི་འདོད་བཞིན་དུ་ མཚན་མ་དང་འདྲེ་བའི་ཕྱིར་རོ། །མཚན་མ་མེད་པར་སྤྱོད་པ་ཅན་ནི་ས་བདུན་པོ་དག་ལ་བསྒྲིམས་ནས་ཇི་སྲིད་འདོད་པར་མཚན་མ་ཀུན་དུ་མི་འབྱུང་བའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་ནི་ས་ལྷག་མ་རྣམས་སུ་རྣམ་པར་སྨིན་པ་ལས་བྱུང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ རྣམས་ཐོབ་པའི་ཕྱིར་རོ། །ཅིག་ཅར་ངེས་པར་འབྱིན་པ་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་ཅིག་ཅར་སྤོང་བའོ། །རྣམ་པས་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བར་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཆེན་པོའི་ཆེན་པོ་ཅིག་ཅར་སྤོང་བ་དང་། དེ་བཞིན་ དུ་ཆུང་ངུའི་ཆུང་ངུའི་བར་དུ་སྟེ། མཐོང་བས་སྤང་བར་བྱ་བ་བཞིན་ནོ། །འཇིག་རྟེན་པའི་ལམ་བཞིན་དུ་སའི་རྣམ་པའི་བྱེ་བྲག་གིས་སོ་སོ་བ་ནི་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཁུངས་ནི་སོར་མོའི་རྩེ་མོའི་མདོ་ལས་གཟུགས་གང་ཅི་ཡང་རུང་སྟེ་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་ བར་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་རྒྱ་ཆེར་འབྱུང་བ་ནས། རྒྱང་རིང་པོ་དང་། ཐག་ཉེ་བ་ཞེས་བྱ་བའི་བར་དུ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཆ་གཅིག་ཏུ་བྱེད་དོ། །གཅིག་ཏུ་བཟླུམ་མོ། །གཅིག་ཏུ་སྡོམ་མོ། །ཕུང་པོ་གཅིག་ཏུ་བྱེད་དོ། །ཆ་གཅིག་ཏུ་བྱས་ཤིང་ཕུང་པོ་ གཅིག་གི་བར་དུ་བྱས་ནས་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ཐམས་ཅད་ནི་མི་རྟག་པ། འདི་ཐམས་ཅད་ནི་སྡུག་བསྔལ་བ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་ནི་འབྲས་བུ་དང་པོའོ། །ཐ་མ་གཉིས་ཁོ་ན་ལ་གདགས་ཏེ། དེ་གཉིས་ནི་ཁམས་གསུམ་པའི་མཐོང་བ་དང་། བསྒོམ་པས་སྤོང་ བར་བྱ་བ་ཐམས་ཅད་མ་ལུས་པ་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་གོ་རིམས་བཞིན་ནོ། །བར་མ་དག་ལ་མི་གདགས་ཏེ། དེ་དག་ནི་བདེན་པ་མཐོང་བའི་བསྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་ཉིད་ལ་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པར་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཅིག་ཅར་ངེས་པར་ འབྱིན་པའི་དབང་དུ་བྱས་ནས་རྣམ་པར་འབྱེད་པའི་མདོ་ལས་རྒྱུན་དུ་ཞུགས་པའི་འབྲས་བུའི་འོག་ཏུ་དགྲ་བཅོམ་པ་རྣམ་པར་གཞག་པར་རིག་པར་བྱའོ། །ཐམས་ཅད་ལ་མ་ལུས་པར་འདོད་ཆགས་དང་བྲལ་བ་མ་ཡིན་པས་དེ་གལ་ཏེ་མཐོང་བའི་ཆོས་ལ་ཀུན་ཤེས་པ་ཐོབ་པར་མི་བྱེད་ན་མྱུར་དུ་ཡོངས་སུ་ མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེའོ། །མངོན་པར་རྟོགས་པ་རྣམ་པར་གཞག་པ་ནི་རྣམ་པ་བཅུ་སྟེ། དེ་ལ་ཆོས་མངོན་པར་རྟོགས་པ་ནི་གཞན་གྱི་སྒྲའི་དབང་དུ་བྱས་པ་སྟེ། བདེན་པའི་དབང་དུ་བྱས་པའི་ཆོས་རྣམས་ལ་ཐར་པའི་ཆ་དང་མཐུན་ པ་ཐ་མས་བསྡུས་པའི་མོས་པ་དང་། དད་པ་ཆེན་པོ་ཐོབ་པ་སྟེ། འདི་ལྟར་དེ་ལ་མོས་པ་དང་དད་པ་ཐོབ་པས་བདེན་པ་དེ་དག་ལ་ཆོས་མངོན་པར་རྟོགས་པས་མངོན་པར་རྟོགས་པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ། །དོན་མངོན་པར་རྟོགས་པ་ནི་ཆོས་དེ་དག་ཉིད་ལ་གང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་དབང་དུ་ བྱས་ནས་བདེན་པ་རྣམས་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐ་མས་བསྡུས་པའི་ཆོས་ངེས་པར་སེམས་པའི་བཟོད་པ་ཆེན་པོ་ཐོབ་པའོ། །ཆོས་ངེས་པར་སེམས་པའི་བཟོད་པ་དེ་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་སྟེ། ཆེན་པོའི་ཆུང་ངུས་ནི་ཚེ་དེའི་དྲོ་བར་གྱུར་པ་ རྣམས་སུའོ། །ཆེན་པོའི་འབྲིང་པོས་ནི་རྩེ་མོ་དང་བཟོད་པ་རྣམས་སུའོ། །ཆེན་པོའི་ཆེན་པོས་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སུའོ། །དེ་ཁོ་ན་མངོན་པར་རྟོགས་པ་ནི་མཐོང་བའི་ལམ་སྟེ། དེར་ནི་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཀུན་རྫོབ་ ཤེས་པ་རྣམས་ཐོབ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དབང་གིས་དེའི་ས་བོན་གསོས་པའི་ཕྱིར་གྱི་མངོན་སུམ་དུ་བྱེད་པ་ནི་མ་ཡིན་ཏེ། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་དག་རྒྱུན་མི་འཆད་པས་འཇིག་རྟེན་པའི་སེམས་ཀྱི་སྐབས་མེད་པའི་ཕྱིར་རོ། །རྗེས་ ལ་མངོན་པར་རྟོགས་པ་ནི་མཐོང་བའི་ལམ་གྱི་གོང་དུ་འཇིག་རྟེན་པ་ཡང་རུང་། འཇིག་རྟེན་ལས་འདས་པ་ཡང་རུང་སྟེ། བསྒོམ་པའི་ལམ་ཐམས་ཅད་དོ། །དཀོན་མཆོག་མངོན་པར་རྟོགས་པ་ནི། །ཀྱེ་མ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་སོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པའོ། །ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པའོ་ཞེས་དེ་ལྟར་ཤེས་ཏེ། ངེས་ནས་སངས་རྒྱས་ལ་སོགས་པ་ལ་འཕགས་པ་ཉན་ཐོས་དད་པའོ། །ཀུན་དུ་མི་འབྱུང་བར་མངོན་པར་རྟོགས་པ་ནི་མི་བྱ་བའི་སྡོམ་པ་འཕགས་པ་ དགྱེས་པའི་ཚུལ་ཁྲིམས་ཀྱིས་བསྡུས་པ་ཐོབ་པས་དེའི་མི་མཐུན་པའི་ཕྱོགས་བྱེད་པ་ལ་སོགས་པ་ཀུན་དུ་མི་འབྱུང་སྟེ། བདག་གི་སེམས་ཅན་དམྱལ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ངེས་པར་འབྱུང་བ་དེ་ནི་ཀུན་དུ་མི་འབྱུང་བ་མངོན་པར་རྟོགས་པའོ། །མཐར་ཐུག་པ་མངོན་པར་ རྟོགས་པ་ནི་གནས་ངན་ལེན་ཐམས་ཅད་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་ལམ་གྱི་བདེན་པ་ལས་མཐར་ཕྱིན་པའི་ལམ་བསྟན་པ་ལྟ་བུའོ། །མངོན་པར་རྟོགས་པ་བདུན་པོ་དེ་དག་ནི་ཉན་ཐོས་རྣམས་ཀྱིས་གཞན་གྱི་སྒྲ་ལ་བརྟེན་ནས་ཐོབ་པས་ཉན་ཐོས་ཀྱི་མངོན་པར་རྟོགས་པ་ཞེས་ བྱའོ། །གཞན་གྱི་སྒྲ་ལ་མ་བརྟེན་པར་ཐོབ་པས་རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་འདུལ་བའི་ཐབས་ལ་མཁས་པར་བྱ་བའི་ཕྱིར། མངོན་པར་རྟོགས་པ་བདུན་པོ་དེ་དག་ལ་བྱང་ཆུབ་ སེམས་དཔའི་ཡང་དག་པར་འགྲུབ་པའི་བཟོད་པ་གང་ཡིན་པ་སྟེ། སེམས་ཅན་ལ་ལྟ་བས་ཐེག་པ་ཆུང་ངུས་ངེས་པར་མི་འབྱུང་བའི་ཕྱིར་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །ཡང་ཐོག་མ་ཉིད་དུ་ས་ལ་འཇུག་པ་ཡང་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱའོ། །མངོན་པར་རྟོགས་པ་དེ་ལ་ བརྟེན་ནས་ཉན་ཐོས་ཀྱི་མངོན་པར་རྟོགས་པ་ལས་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཁྱད་པར་ཅི་ཡོད་པ་བརྗོད་པར་བྱ་སྟེ། དམིགས་པའི་ཁྱད་པར་ན་ཤིན་ཏུ་རྒྱས་པ་ལ་དམིགས་པའི་ཕྱིར་རོ། །ཉེ་བར་རྟོན་པའི་ཁྱད་པར་ནི་བསྐལ་པ་ཆེན་པོ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །རབ་ཏུ་རྟོགས་པའི་ཁྱད་པར་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་དབང་དུ་བྱས་པའི་ཆོས་ལ་སྦྱོར་བའི་འཕེན་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་དེ་གཉི་ག་རབ་ཏུ་རྟོགས་པའི་ཕྱིར་རོ། །ཁས་ལེན་པའི་ཁྱད་པར་ནི་བདག་དང་སེམས་ ཅན་ཐམས་ཅད་མཉམ་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཁྱད་པར་ནི་ས་བཅུ་པོ་དག་གིས་ངེས་པར་འབྱུང་བའི་ཕྱིར་རོ། །ཡོངས་སུ་འཛིན་པའི་ཁྱད་པར་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །གནས་དང་གཡོག་འཁོར་གྱི་ཁྱད་པར་ ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། གདུལ་བའི་སྐྱེ་བོ་ཉེ་བར་སྡུད་པའི་ཕྱིར་རོ། །བཙུན་པར་སྐྱེ་བའི་ཁྱད་པར་ནི་ཕ་བཞིན་དུ་རང་གི་རིགས་ཡང་དག་པར་འཛིན་པའི་བུ་གཙོ་བོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བའི་ཁྱད་པར་ནི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྐྱེ་བའི་ཕྱིར་རོ། ། འབྲས་བུའི་ཁྱད་པར་དེ་ཡང་གནས་གྱུར་པའི་ཁྱད་པར་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་གནས་ངན་ལེན་གྱི་རྣམ་པ་ཐམས་ཅད་སྤངས་པའི་ཕྱིར་ཡོན་ཏན་བླ་ན་མེད་པ་ཐམས་ཅད་ཀྱི་གནས་ཉིད་དུ་གྱུར་པས་གནས་གྱུར་པའི་ཕྱིར་རོ། །ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་ ནི་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་འགྲུབ་པའི་ཕྱིར་རོ། །རྣམ་པ་ལྔའི་ཁྱད་པར་ནི་རྣམ་པར་དག་པ་ལ་སོགས་པའི་ཁྱད་པར་གྱི་ཕྱིར་ཏེ། །རྣམ་པར་དག་དང་ཡོངས་དག་དང་། །ལུས་དང་ལོངས་སྤྱོད་རྫོགས་པ་དང་། །ལས་ ཀྱི་སངས་རྒྱས་ཆོས་རྣམས་ཀྱི། །ཁྱད་པར་ཡོངས་སུ་བརྗོད་པ་ཡིན། །དེ་ལ་རྣམ་པར་དག་པའི་ཁྱད་པར་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །ཡོངས་སུ་དག་པའི་ཁྱད་པར་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཕྱིར་རོ། །ལུས་ཀྱི་ཁྱད་པར་ནི་ཆོས་ཀྱི་སྐུ་ ཡོངས་སུ་སྒྲུབ་པའི་ཕྱིར་རོ། །ལོངས་སྤྱོད་ཀྱི་ཁྱད་པར་ནི་རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཆོས་སྣ་ཚོགས་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་རོ། །ལས་ཀྱི་ཁྱད་པར་ནི་ཅི་རིགས་པར་སྤྲུལ་པ་རྣམས་ཀྱིས་ཀུན་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་ མུ་མེད་པ་རྣམས་སུ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་རོ། །སྐུ་གསུམ་གྱི་ཁྱད་པར་ནི་རང་བཞིན་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་འགྲུབ་པ་ཐོབ་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་ཁྱད་པར་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ དབྱིངས་སུ་ཡང་སེམས་ཅན་ཐམས་ཅད་ལ་ཕན་པར་ཡོན་ཏན་ཐམས་ཅད་རྒྱུན་མི་གཅོད་པའི་ཕྱིར་རོ། །འདྲེས་ཤིང་ཉེ་བར་འདྲེས་པའི་ཡེ་ཤེས་ཀྱི་ནུས་པ་ཐོབ་པའི་ཁྱད་པར་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པར་རོ་གཅིག་པ་ཉིད་དང་། དེ་ལ་བརྟེན་པ་རྣམས་རྣམ་པ་ཐམས་ཅད་ཀྱི་མཆོག་ཤེས་ པ་ཉིད་རྣམས་ལ་སངས་རྒྱས་ཐམས་ཅད་སོ་སོར་མཐུ་དང་ལྡན་པའི་ཕྱིར་རོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཁྱད་པར་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤོང་བའི་ཕྱིར་རོ། །འདྲེས་པ་དང་ཉེ་བར་འདྲེས་པའི་ལས་བྱེད་པའི་ཁྱད་པར་ནི། སེམས་ཅན་རེ་རེ་འདུལ་བའི་ཕྱིར་ ཡང་སངས་རྒྱས་ཐམས་ཅད་ཀྱི་དབང་གིས་བྱེད་པའི་ཕྱིར་རོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་སྟོན་པའི་ཐབས་ཀྱི་ཁྱད་པར་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅི་རིགས་པར་ཕྱི་མའི་མཐའི་བར་དུ་ཡང་དང་ཡང་སངས་རྒྱས་འབྱུང་བ་ ལ་སོགས་པ་སྟོན་པས་འདུལ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་རྣམ་པར་ཐར་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་གྱིས་ཀྱང་རིག་པར་བྱའོ་ཞེས་བྱ་བ་ནི་གནོད་པ་ལ་སོགས་པ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་རོ། །དེ་ལ་གནོད་པ་ལས་ཡོངས་སུ་སྐྱོབ་པ་ ནི་གྲོང་ཁྱེར་དུ་འཇུག་པ་ལ་སོགས་པས་ལོང་བ་ལ་སོགས་པས་མིག་ལ་སོགས་པ་ཐོབ་པའི་ཕྱིར་རོ། །ཐབས་མ་ཡིན་པ་ལས་ཡོངས་སུ་སྐྱོབ་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཐོབ་པས་ལྟ་བ་ངན་པ་ཐམས་ཅད་དང་བྲལ་བར་བྱེད་པའི་ཕྱིར་རོ། །ངན་སོང་ལས་ཡོངས་སུ་སྐྱོབ་པ་ནི་མཐོང་བའི་ལམ་ སྐྱེད་པས་ངན་འགྲོ་ལས་ཤིན་ཏུ་བཟློག་པའི་ཕྱིར་རོ། །འཇིག་ཚོགས་ལས་ཡོངས་སུ་སྐྱོབ་པ་ནི་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པས་ཁམས་གསུམ་པ་ལས་རྣམ་པར་ཐར་པར་བྱེད་པའི་ཕྱིར་རོ། །ཐེག་པ་དམན་པ་ལས་ཡོངས་སུ་སྐྱོབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་དམན་པ་ ལས་འདུན་པ་བཟློག་པའི་ཕྱིར་རོ། །གནོད་པ་དག་ནི་ཐམས་ཅད་དང་། །ཐབས་མ་ཡིན་དང་ངན་སོང་དང་། །ཐེག་པ་དམན་ལས་སྐྱོབ་པས་ན། །དེ་ཕྱིར་མགོན་པོ་དམ་པའོ། །ཡོན་ཏན་ཁྱད་པར་ཅན་རྣམས་ནི་འཕགས་པ་ཉན་ཐོས་རྣམས་ཀྱིས་བསྒོམ་པའི་ལམ་དང་མི་སློབ་པའི་ ལམ་ལ་མངོན་པར་སྒྲུབ་སྟེ། དེའི་ཕྱིར་འདི་དག་རྗེས་ལ་མངོན་པར་རྟོགས་པ་དང་། མཐར་ཐུག་པའི་མངོན་པར་རྟོགས་པས་བསྡུས་པར་རིག་པར་བྱའོ། །བྱམས་པ་ལ་སོགས་པ་མདོ་སྡེ་གཞན་དག་ལས་ཇི་སྐད་བསྟན་པ་དེ་དག་ནི་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོར་ཡང་དེ་བཞིན་དུ་རིག་པར་བྱའོ། ། དེ་དག་ཀྱང་མདོར་བསྡུས་ན་རྣམ་པ་ལྔས་ཅི་རིགས་སུ་མཚན་ཉིད་བཤད་པར་བལྟ་སྟེ། གནས་དང་། དམིགས་པ་དང་། རྣམ་པ་དང་། རང་བཞིན་དང་། གྲོགས་ཀྱིས་སོ། །དེ་ལ་བྱམས་པའི་གནས་ནི་བསམ་གཏན་ནོ། །དམིགས་པ་ནི་སེམས་ཅན་ནོ། །རྣམ་པ་ནི་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའོ། ། རང་བཞིན་ནི་ཏིང་ངེ་འཛིན་དང་ཤེས་རབ་སྟེ། ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ཕྱིར་རོ། །ཡོན་ཏན་ཐམས་ཅད་ཀྱི་གྲོགས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །སྙིང་རྗེ་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །སེམས་ཅན་བདེ་བར་གྱུར་པ་ལ་སོགས་ པ་ལ་ཡང་རྗེས་སུ་ཆགས་པ་ལ་སོགས་པ་བཏང་སྙོམས་སུ་བྱེད་ཅིང་ཀྱེ་མ་ཉོན་མོངས་པ་ལས་རྣམ་པར་གྲོལ་བར་གྱུར་ཅིག་སྙམ་པ་འདི་ནི་བཏང་སྙོམས་ཀྱི་རྣམ་པར་རིག་པར་བྱ་སྟེ། དེ་ཡང་ཕན་པའི་བསམ་པས་གནས་པ་ཞེས་བྱའོ། །རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ འདི་ནི་རྣམ་པར་ཐར་པ་དང་པོའོ་ཞེས་རྒྱ་ཆེར་འབྱུང་བའོ། །དེ་ལ་ཇི་ལྟར་ན་གཟུགས་ཅན་ཞེས་བྱ་ཞེ་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས་བདག་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་མི་འཇོག་པའི་ཕྱིར་རམ། གཟུགས་ཀྱི་འདུ་ཤེས་འཇོག་པའི་ཕྱིར་ཏེ། ལྟ་བ་པོ་བདག་ལ་ གཟུགས་ཀྱི་འདུ་ཤེས་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་ཞེ་ན། ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་ལ་སོགས་པའི་གཟུགས་རྣམས་སུ་མོས་ནས་ལྟ་བའི་ཕྱིར་རོ། །ཇི་ལྟར་རྣམ་པར་ཐར་པ་ཞེས་བྱ་ཞེ་ན། འདིས་སྤྲུལ་པའི་སྒྲིབ་པ་ལས་ རྣམ་པར་གྲོལ་བའི་ཕྱིར་རོ། །ནང་གཟུགས་མེད་པར་འདུ་ཤེས་པ་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས་གཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་པའི་ཕྱིར་རམ། གཟུགས་མེད་པའི་འདུ་ཤེས་འཇོག་པའི་ཕྱིར་ཏེ། ལྟ་བ་པོ་ལ་མིང་དུ་འདུ་ ཤེས་པ་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་ནི་སྡུག་པ་དང་། མི་སྡུག་པའི་གཟུགས་རྣམས་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། ཕན་ཚུན་རྗེས་སུ་འབྲེལ་བའི་འདུ་ ཤེས་ལ་བརྟེན་ནས་ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པའི་ཕྱིར་རོ། །འདི་ལྟར་སྡུག་པའི་གཟུགས་རྣམས་ལ་ལྟོས་ནས་དེ་ལས་གཞན་པ་རྣམས་ལ་མི་སྡུག་གོ་ཞེས་བྱ་བར་འགྱུར་ལ་མི་སྡུག་པ་ལ་ལྟོས་ནས་སྡུག་ཅེས་བྱ་བར་འགྱུར་གྱི། མ་ལྟོས་པར་ནི་མ་ཡིན་ནོ། །རིགས་གཅིག་པ་རྣམས་ཉིད་ མཐོང་ན་སྡུག་པ་དང་མི་སྡུག་པ་གཉིས་ཀྱི་བློ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་སྡུག་པ་རྣམས་ལ་ཡང་མི་སྡུག་པ་ཉིད་རྗེས་སུ་འབྲེལ་ཏོ། །མི་སྡུག་པ་རྣམས་ལ་ཡང་སྡུག་པ་ཉིད་རྗེས་སུ་འབྲེལ་ཏོ། །སྡུག་པར་གྲགས་པ་ཡང་བརྟགས་པ་ཙམ་དུ་ཟད་དེ། སྐྲ་ལ་སོགས་པ་མི་གཙང་བའི་རྫས་སུམ་ཅུ་ རྩ་དྲུག་གི་ནང་དུ་འདུས་པའི་ཕྱིར་རོ། །དེ་ལྟར་གཟུགས་ཐམས་ཅད་ཕན་ཚུན་བསྲེས་ཏེ་སྡུག་པ་ཉིད་དུ་རོ་གཅིག་པའི་རྣམ་པའི་འདུ་ཤེས་ཀྱིས་མོས་པར་བྱེད་དོ། །དེ་ཇི་ལྟར་འདོད་པ་བཞིན་དུ་གཟུགས་ལ་སོགས་པར་མོས་པ་ལ་དབང་འབྱོར་པ་ཐོབ་པ་དེ་སྡུག་པ་དང་མི་སྡུག་པ་ལ་སྤྲུལ་པ་ལ་ སྒྲིབ་པ་སྤོང་སྟེ། དེར་ནི་ཀུན་ནས་ཉོན་མོངས་པ་འབྱུང་བའི་སྒྲིབ་པ་སྤོང་ངོ་། །སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པ་གང་ཡིན་ཞེ་ན། སྡུག་པའི་གཟུགས་སྤྲུལ་པ་ལ་ནི་ཆགས་པའོ། །མི་སྡུག་པའི་གཟུགས་སྤྲུལ་པ་ལ་ནི་མི་མཐུན་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་ནི་འཕགས་ པ་ཉན་ཐོས་ཀྱི་ཟག་པ་མེད་པའི་རྗེས་སུ་མཐུན་པ་དག་པ་གང་ཡིན་པ་དེ་དག་རྣམ་པར་ཐར་པ་ཞེས་བྱ་བ་ཐོབ་སྟེ། དེའི་རོ་མྱང་བ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རོ། །ཞི་བའི་རྣམ་པར་ཐར་པ་ནི་གཟུགས་རྣམས་ལས་ཤིན་ཏུ་འདས་ནས་གཟུགས་མེད་པ་གང་ཡིན་པ་དག་སྟེ། དེ་དག་ལ་མི་ཆགས་པ་ནི་ ཡོངས་སུ་དག་པའོ། །དེའི་སྒྲིབ་པ་ནི་གཟུགས་མེད་པའི་རོ་མྱང་བའོ། །འདུ་ཤེས་དང་ཚོར་བ་འགོག་པའི་གནས་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །སེམས་དང་སེམས་ལས་བྱུང་བ་རྣམས་མེད་པའི་ཕྱིར་དམིགས་པ་དང་རྣམ་པ་དང་གྲོགས་ནི་མེད་དོ། དེའི་རང་བཞིན་ནི་སེམས་དང་ སེམས་ལས་བྱུང་བའི་ཆོས་རྣམས་འགོག་པའོ། །དེ་ཡང་ཐར་པ་དང་མཐུན་པར་གནས་པ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་གནས་གྱུར་པའི་ཉན་ཐོས་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མི་འབྱུང་བའི་གནས་སྐབས་ན། མཆོག་ཏུ་ཞི་བ་དང་། ཉོན་མོངས་པ་ ཅན་གྱི་ཡིད་ཀྱང་ཀུན་དུ་མི་འབྱུང་བའི་ཕྱིར་རོ། །འཕགས་པ་རྣམས་ནི་འདི་དག་གིས་གནས་པའི་ཕྱིར་འདི་དག་ནི་འཕགས་པ་གནས་པའི་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །དེ་ལ་འཕགས་པ་དག་ནི་གནས་པ་གཉིས་ཀྱིས་ལན་མང་དུ་གནས་ཏེ། གསུམ་པ་དང་བརྒྱད་པ་སྟེ། མཆོག་ ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་གཉིས་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་སོ་ཞེས་གསུངས་ཀྱི་གཞན་རྣམས་ལ་ནི་མ་ཡིན་ཏེ། གཟུགས་ཅན་དང་གཟུགས་མེད་པའི་རྣམ་པར་ཐར་པ་ལ་སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར་གོ་རིམས་བཞིན་ནོ། །རྣམ་གྲངས་གཞན་དུ་ ན་དེ་གཉིས་ཀྱི་གནས་གྱུར་པ་རྫོགས་པ་མངོན་དུ་བྱེད་པའི་ཕྱིར་རོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པོ་དེ་ལ་ནང་གཟུགས་སུ་འདུ་ཤེས་པའི་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་དང་། ངན་པ་དང་། བཟང་པོ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་ གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་དང་། ངན་པ་དང་། བཟང་པོ་རྣམས་ལ་ལྟ་ ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིན་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ་ཞེས་བྱ་བ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་གཉིས་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བའོ་ཞེས་བྱ་བའི་རྣམ་པར་ ཐར་པ་དེ་ལས་འབྱུང་ངོ་། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་མཛེས་པ་དང་། ཁ་དོག་མི་སྡུག་པ་དང་། ངན་པ་དང་། བཟང་པོ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ན