Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 135

Văn bản gốc(Tây Tạng)

Trang 1 / 20 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཨ་བྷི་དྷརྨྨ་སརྦ་དུཙྪ་ཡ་བྷཱ་ཥུཾ། བོད་སྐད་དུ། ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་
པ་ལ་ཕྱག་འཚལ་ལོ། །ཅིའི་ཕྱིར་བསྟན་བཅོས་འདི་བརྩམས་ཤེ་ན། ཕུང་པོ་ལ་སོགས་པ་ལས་བརྩམས་ཏེ། དུ་དང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསམ་པའི་གནས་རྣམས་ལ་མཁས་པར་
བྱ་བའི་ཕྱིར་བརྩམས་སོ། །འདི་ལྟར་མཁས་པ་འདིས་ནི་ཕན་ཡོན་རྣམ་པ་གཉིས་ཐོབ་སྟེ། ཡིད་ལ་བྱེད་པའི་ཕན་ཡོན་དང་། འབེལ་བའི་གཏམ་གཏན་ལ་འབེབས་པའི་ཕན་ཡོན་ནོ། །
དེ་ལ་ཡིད་ལ་བྱེད་པའི་ཕན་ཡོན་ནི་ཞི་གནས་ཀྱི་རྗེས་སུ་མཐུན་པ་དང་། ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པར་རིག་པར་བྱའོ། །ཞི་གནས་ཀྱི་རྗེས་སུ་མཐུན་པ་ནི་གནས་འདི་དག་ལ་
མཁས་པར་བྱས་པས་ཐེ་ཚོམ་མེད་པས། ཇི་ལྟར་རང་གི་དམིགས་པ་ལ་རྩེ་གཅིག་པའི་ཚུལ་གྱིས་བདེ་བར་སེམས་མཉམ་པར་འཇོག་པའི་ཕྱིར་ཞི་གནས་ཀྱི་རྗེས་སུ་མཐུན་ནོ། །ལྷག་མཐོང་

འཕེལ་བའི་རྗེས་སུ་མཐུན་པ་ནི་རྣམ་པ་མང་པོར་ཤེས་བྱ་ཡོངས་སུ་བརྟགས་པས་ཤེས་རབ་ཁྱད་ཞུགས་པར་འགྲོ་བའི་ཕྱིར། ལྷག་མཐོང་གི་རྗེས་སུ་མཐུན་ནོ། །འབེལ་བའི་གཏམ་གཏན་ལ་
འབེབས་པའི་ཕན་ཡོན་ནི་གནས་འདི་དག་ལ་མཁས་པས་འདྲི་བ་ཐམས་ཅད་ལུང་སྟོན་པའི་མཐུ་དང་ལྡན་པས་མི་འཇིགས་པ་ཐོབ་པར་བལྟའོ། །བདག་གི་གཞི་རྣམ་པ་ལྔ་བརྗོད་པའི་ཕྱིར་ཏེ། ཞེས་བྱ་བ་འདི་ལ་རྣམ་པ་བཞི་
ནི་བདག་གི་གཞི་ཡིན་པས་བདག་གི་གཞིའོ། །ལྔ་པ་ནི་བདག་གི་མཚན་ཉིད་ཁོ་ན་སྟེ། གཞི་ཡིན་པས་བདག་གི་གཞིར་རིག་པར་བྱའོ། །ལུས་ཡོངས་སུ་གཟུང་བ་དང་བཅས་པ་སྨོས་པས་ནི་ཕྱི་དང་ནང་གི་གཟུགས་ཀྱི་
ཕུང་པོ་བསྡུས་སོ། །ཚོར་བ་ལ་སོགས་པ་ནི་ལོངས་སྤྱོད་ལ་སོགས་པ་ཉིད་དེ། དེ་དག་གི་མཚན་ཉིད་བསྟན་པའི་སྐབས་སུ་འཆད་དོ། །དེ་དག་གི་གནས་ནི་བདག་གི་གཞི་རྣམ་པར་ཤེས་པ་སྟེ། ལུས་ཡོངས་སུ་
གཟུང་བ་དང་བཅས་པ་ལ་སོགས་པ་དེ་དག་གི་གནས་ནི་བདག་གི་མཚན་ཉིད་དེ། གཞི་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་འཇིག་རྟེན་ན་ཕལ་ཆེར་རྣམ་པར་ཤེས་པའི་ཕུང་པོ་ལ་བདག་ཏུ་འཛིན་ལྷག་མ་རྣམས་ལ་ནི་བདག་གིར་

འཛིན་ཏོ། །ལུས་ཡོངས་སུ་གཟུང་བ་ཉིད་ཀྱིས་ཞེས་བྱ་བ་ལ། མིག་ལ་སོགས་པ་དབང་པོ་དྲུག་དང་། གཟུགས་ལ་སོགས་པ་ཡུལ་དྲུག་གིས་སོ། །འདས་པ་དང་ད་ལྟར་གྱི་ཉེ་བར་སྤྱོད་པ་རྣམ་པ་དྲུག་ནི་རྣམ་པར་ཤེས་པ་དྲུག་སྟེ། དེ་འཛིན་པ་ནི་གནས་དང་དམིགས་པའི་དང་པོས་
འཛིན་ཏོ། །དབང་པོ་དང་ཡུལ་བཅུ་གཉིས་ནི་དེ་ལྟར་དེ་འཛིན་པའི་ཕྱིར་ཁམས་སོ། །རྣམ་པར་ཤེས་པ་རྣམས་ནི་ཉེ་བར་སྤྱོད་པའི་མཚན་ཉིད་འཛིན་པས་ཁམས་ཉིད་དུ་རིག་པར་བྱའོ། །སྐྱེ་བའི་སྒོ་ཙམ་ཡིན་པའི་ཕྱིར་དབང་པོ་དང་དོན་ཙམ་སྨོས་པས་སྐྱེ་མཆེད་བཅུ་གཉིས་ཁོ་ནར་རྣམ་པར་
གཞག་པ་ཡིན་ཏེ། ཉེ་བར་སྤྱོད་པའི་མཚན་ཉིད་རྣམ་པར་ཤེས་པ་དྲུག་ནི་རྣམ་པར་མ་གཞག་གོ། །ཉེ་བར་ལེན་པ་ནི་འདུན་པ་དང་འདོད་ཆགས་ཏེ། དེ་ལ་འདུན་པ་ནི་འདོད་པའོ། །འདོད་ཆགས་ནི་ལྷག་པར་ཆགས་པའོ། །འདུན་པས་ནི་མ་འོངས་པའི་ལུས་འདོད་པའི་སྒོ་ནས་ལེན་ཏེ།
དེས་མ་འོངས་པའི་ཕུང་པོ་རྣམས་འགྲུབ་པོ། །འདོད་ཆགས་ཀྱིས་ནི་ད་ལྟར་གྱི་ལུས་ལ་ལྷག་པར་ཆགས་པའི་སྒོ་ནས་ལེན་ཏེ། དེས་ད་ལྟར་གྱི་ཕུང་པོ་རྣམས་ཡོངས་སུ་མི་གཏོང་ངོ་། །དེ་བས་ན་འདི་གཉི་ག་ཡང་ཉེ་བར་ལེན་པ་ཞེས་བྱའོ། །དེ་ལ་ཕུང་པོ་བཞིན་དུ་བཤད་དོ་ཞེས་བྱ་བ་ནི་ཉེ་
བར་ལེན་པ་དང་ལྡན་པ་སྟེ། དེའི་ཕྱིར་ཉེ་བར་ལེན་པ་དང་བཅས་པའི་ཆོས་རྣམས་སུ་རིག་པར་བྱའོ། །རེག་པས་གཟུགས་སུ་ཡོད་པས་ནི་གཞན་དུ་འགྱུར་བར་རིག་པར་བྱའོ། །གང་ཡུལ་ལ་ཞེས་བྱ་བ་ནི་མངོན་དུ་གྱུར་པའི་ཕྱོགས་ལའོ། །འདི་དང་འདིའོ་ཞེས་བྱ་བ་ནི་ཀེང་རུས་ལ་སོགས་པ་
ཞེས་བྱ་བའི་དངོས་པོ་དང་འདྲ་བའི་གཟུགས་བརྙན་ནོ། །འདི་ལྟ་བུ་དང་འདི་ལྟ་བུ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གོ། །བཀྲ་བར་འཛིན་པ་ཞེས་བྱ་བ་ནི་དེ་ལྟར་འདུ་ཤེས་པའོ། །ལས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བདེ་བ་མྱོང་བའོ། །ལས་མི་དགེ་བ་རྣམས་ཀྱི་འབྲས་
བུ་རྣམ་པར་སྨིན་པ་ནི་སྡུག་བསྔལ་མྱོང་བའོ། །གཉི་གའི་འབྲས་བུ་རྣམ་པར་སྨིན་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བ་སྟེ། འདི་ལྟར་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ཀུན་གཞིའི་རྣམ་པར་ཤེས་པ་ནི་རྟག་ཏུ་བཏང་སྙོམས་ཉིད་དང་མཚུངས་པར་ལྡན་པ་ཡིན་

ཏེ། བཏང་སྙོམས་དེ་ཉིད་རྣམ་པར་སྨིན་པའོ། །བདེ་བ་དང་སྡུག་བསྔལ་དེ་ནི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་ཞེས་ཉེ་བར་གདགས་སོ། །མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པའི་དོན་རྣམས་ལ་ཞེས་བྱ་བ་ལ། མཐོང་བ་ནི་
གང་མིག་གིས་མྱོང་བའོ། །ཐོས་པ་ནི་གང་རྣ་བས་མྱོང་བའོ། །བྱེ་བྲག་ཕྱེད་པ་ནི་གང་འདི་དང་འདི་ལྟ་བུར་འགྱུར་རོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་པར་བརྟགས་པའོ། །རྣམ་པར་ཤེས་པ་ནི་གང་སོ་སོ་རང་གིས་མྱོང་བའོ། །ཐ་སྙད་འདོགས་པ་ཞེས་བྱ་བ་ནི། མངོན་པར་བརྗོད་
པ་རྣམས་ཀྱིས་གོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གནས་སྐབས་སྣ་ཚོགས་རྣམས་སུ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་རྣམས་སུའོ། །མིག་གང་གིས་གཟུགས་རྣམས་མཐོང་བར་གྱུར་པ་ཞེས་བྱ་བ་ནི་འདས་པའི་རྣམ་པར་ཤེས་པ་ཉེ་བར་སྤྱོད་པ་འཛིན་པ་ཉིད་ཀྱིས་ཁམས་
ཉིད་དུ་སྟོན་ཏོ། །ལྟ་བ་ཞེས་བྱ་བ་ནི་ད་ལྟར་གྱི་རྣམ་པར་ཤེས་པ་ཉེ་བར་སྤྱོད་པ་འཛིན་པ་ཉིད་ཀྱིས་ཁམས་ཉིད་དུ་སྟོན་ཏོ། །མིག་དེའི་ས་བོན་བསགས་པའི་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་ཡང་ཁམས་ཏེ། གང་ལས་ཕྱི་མ་ལ་མིག་འགྲུབ་པར་འགྱུར་བའོ། །རྣམ་པར་སྨིན་པའང་
ཁམས་ཏེ་གང་ལས་གྲུབ་ཟིན་པའོ། །ས་བོན་རྣམ་པ་དེ་གཉི་ག་ཡང་མིག་གི་རྒྱུ་ཡིན་པས་མིག་གི་ཁམས་ཞེས་བྱའོ། །མིག་གི་ཁམས་ནི་གཟུགས་ལ་དབང་བྱེད་པ་སྟེ། དབང་པོའི་དབང་གིས་ཕྱི་རོལ་གྱི་ཡུལ་འགྲུབ་པའི་ཕྱིར་རོ། །རང་གི་རྟེན་དང་དམིགས་པའི་བྱེ་བྲག་ཅན་ནོ། །དེ་
ནི་ཁམས་བཞིན་དུ་བལྟ་སྟེ་ཇི་ལྟར་མཐུན་མཐུན་དུ་སྦྱོར་རོ་ཞེས་བྱ་བ་ནི་མིག་གང་གིས་གཟུགས་རྣམས་མཐོང་བར་འགྱུར་བ་དང་། དེའི་ས་བོན་བསགས་པའི་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་སྟེ། གང་ལས་ཕྱི་མ་ལ་མིག་འགྲུབ་པར་འགྱུར་ཞེས་བྱ་བ་དང་སྦྱར་རོ། །འབྱུང་
བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་བྱ་བ་ལ་རྒྱུར་བྱས་པའི་གཟུགས་ཇི་ལྟ་བུ་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ནི་སྐྱེད་པ་དང་། རྟེན་པ་དང་། གནས་པ་དང་། སྟོན་པ་དང་། འཕེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འབྱུང་བ་དག་རྒྱུར་བྱས་པའི་གཟུགས་ལ་རྒྱུ་རྣམ་པ་ལྔའི་

དབང་དུ་བྱས་ནས་སྐྱེད་པ་ལ་སོགས་པའི་རྒྱུ་ཉིད་ཡིན་ཏེ། འབྱུང་བའི་རྒྱུ་ཉིད་ནི་འདི་དག་མེད་ན་དེ་མི་འབྱུང་བའི་ཕྱིར་རོ། འདུག་པའི་རྒྱུ་ཉིད་ནི་འབྱུང་བ་རྣམས་བསལ་ན་རྒྱུར་བྱས་པའི་གཟུགས་ལ་ལོགས་ཤིག་ཏུ་ཡུལ་གནོད་པའི་མཐུ་མེད་པའི་ཕྱིར་རོ། །རྗེས་སུ་འགྱུར་བའི་རྒྱུ་ཉིད་ནི་
འབྱུང་བ་གྱུར་ན་དེ་ལ་གནས་པའི་རྒྱུར་བྱས་པའི་གཟུགས་ཀྱང་འགྱུར་བའི་ཕྱིར་རོ། །གནས་པར་བྱེད་པའི་རྒྱུ་ཉིད་ནི་མཚུངས་པར་འབྱུང་བའི་དུས་ན་འབྱུང་བ་རྣམས་ཀྱི་རྒྱུར་བྱས་པའི་གཟུགས་ཀྱི་རྒྱུད་རྒྱུན་མི་འཆད་པའི་ཚུལ་དུ་འཛིན་པའི་ཕྱིར་རོ། །འཕེལ་བར་བྱེད་པའི་རྒྱུ་ཉིད་ནི་འཕེལ་བའི་
དུས་ན་འབྱུང་བ་རྣམས་ཀྱིས་རྒྱུར་བྱས་པའི་གཟུགས་ཡོངས་སུ་རྒྱས་པར་བྱེད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་གཟུགས་རྣམ་པ་ཉི་ཤུ་རྩ་ལྔ་ནི་མཚན་ཉིད་དང་། གནས་པ་དང་། ཕན་གནོད་དང་། བྱེད་པའི་རྟེན་དང་། བྱེད་པའི་མཚན་ཉིད་དང་། རྒྱན་དང་། རྣམ་པ་དྲུག་གིས་
རྣམ་པ་གཞག་པར་རིག་པར་བྱའོ། །བཞི་དང་། བཅུ་དང་། བརྒྱད་དང་། གཅིག་དང་། གཅིག་གོ་རིམས་བཞིན་ནོ། །དེ་ལ་མངོན་པར་སྐབས་ཡོད་པ་ཞེས་བྱ་བ་ནི་དེ་ལས་གཞན་པ་ཟློག་པར་བྱེད་པའི་རེག་བྱ་དང་བྲལ་བའི་ཕྱོགས་གང་ཡིན་པའོ། །ནམ་མཁའ་ཞེས་བྱ་བ་ནི། གང་སྟེང་ན་
སྔོན་པོར་སྣང་བའོ། །སྒྲ་ནི་མཚན་ཉིད་དང་། ཕན་གནོད་དང་། རྒྱུས་རབ་ཏུ་དབྱེ་བ་དང་། བཤད་པས་རབ་ཏུ་དབྱེ་བ་དང་། ཐ་སྙད་ཀྱིས་རབ་ཏུ་དབྱེ་བས་རྣམ་པར་གཞག་གོ། །མཚན་ཉིད་ནི་རྣ་བའི་དབང་པོས་གཟུང་བའི་དོན་གང་ཡིན་པ་ཞེས་བྱ་བའོ། །བསྟན་པས་རབ་ཏུ་དབྱེ་བ་ནི་འཇིག་རྟེན་གྱི་
གྲགས་པ་ལ་སོགས་པ་གསུམ་མོ། །ལྷག་མ་ནི་ཇི་ལྟར་མཐུན་མཐུན་དུ་རིག་པར་བྱའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་འདི་ལྟ་སྟེ། ངག་གི་སྒྲའོ། །ཟིན་པ་མ་ཡིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་འདི་ལྟ་སྟེ། ཤིང་ལ་སོགས་པའི་སྒྲའོ། །དེ་གཉི་ག་ནི་
འདི་ལྟ་སྟེ། ལག་པ་དང་རྫ་རྔ་ལ་སོགས་པའི་སྒྲའོ། །འཇིག་རྟེན་གྱི་གྲག་པ་ནི། འཇིག་རྟེན་པའི་སྐད་ཀྱིས་བསྡུས་པའོ། །གྲུབ་པས་བསྟན་པ་ནི་འཕགས་པ་རྣམས་ཀྱིས་བསྟན་པའོ། །ཀུན་ཏུ་བརྟགས་པ་ནི་མུ་སྟེགས་པ་ཅན་རྣམས་ཀྱིས་བསྟན་པའོ། །འཕགས་པས་ཐ་སྙད་

བཏགས་པ་དང་། འཕགས་པ་མ་ཡིན་པས་ཐ་སྙད་བཏགས་པ་ནི། མཐོང་བ་ལ་སོགས་པ་ཐ་སྙད་བརྒྱད་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །དྲི་ནི་རང་གི་མཚན་ཉིད་དང་། ཕན་གནོད་དང་གནས་སྐབས་ཀྱི་སྒོ་ནས་རབ་ཏུ་དབྱེ་བས་རྣམ་པར་གཞག་གོ། །རོ་ཡང་དེ་
བཞིན་དུ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ལྷན་ཅིག་སྐྱེས་པའི་དྲི་ནི། ཙན་དན་ལ་སོགས་པའི་དྲིའོ། །སྦྱར་བ་ལས་བྱུང་བ་ནི་བདུག་སྤོས་སྦྱར་བ་ལ་སོགས་པའི་དྲིའོ། །གྱུར་པ་ལས་བྱུང་བའི་དྲི་ནི་ཤིང་ཏོག་སྨིན་པ་ལ་སོགས་པའི་དྲིའོ། །རེག་བྱའི་ཕྱོགས་གཅིག་ནི་
ཀུན་ཏུ་མནབས་པ་དང་། ཀུན་ཏུ་གཞལ་བ་དང་། རེག་པ་དང་། ཀུན་ཏུ་བཙིར་བ་དང་། འདུས་པ་དང་། ཁམས་སྙོམས་མ་སྙོམས་ཀྱི་རྣམ་པར་གཞག་གོ། །ཆུ་དང་རླུང་འདུས་ན་གྲང་ངོ་། །ཆུ་དང་ས་འདུས་ན་འདྲེད་དོ། །ཁམས་སྙོམས་ན་ངལ་སོས་པ་དང་། ཉམས་ཡོད་པ་
དང་། སྦུངས་ཆེ་བར་འགྱུར་ཏེ། སྦུངས་ཆེ་བ་ནི་མི་འཇིགས་པར་རིག་པར་བྱའོ། །ཚིམ་པ་ནི་གཉི་གའོ། །བཀྲེས་པ་ལ་སོགས་པ་ལྷག་མ་རྣམ་ནི་ཁམས་མ་སྙོམས་པར་རིག་པར་བྱའོ། །བསྡུས་པ་ལས་གྱུར་པ་ནི་རྡུལ་ཕྲ་རབ་ཀྱི་གཟུགས་སོ། །མངོན་པར་སྐབས་ཡོད་པ་ནི་དེ་ཉིད་དེ། དེ་ལས་
གཞན་པ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའོ། །ཡང་དག་པར་བླངས་པ་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཀུན་བརྟགས་པ་ནི་གཟུགས་བརྙན་གྱི་གཟུགས་སོ། །དབང་འབྱོར་པ་ནི་རྣམ་པར་ཐར་པ་ལ་བསམ་གཏན་པའི་སྤྱོད་ཡུལ་གྱི་གཟུགས་གང་ཡིན་
པའོ། །ཚོར་བའི་ཕུང་པོ་ནི་གནས་དང་། ངོ་བོ་ཉིད་དང་། གནས་སྡོམ་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བས་རྣམ་པར་གཞག་གོ། །དེ་ལ་གཟུགས་ཀྱི་གནས་སྡོམ་པས་ནི་ལུས་ཀྱི་ཚོར་བ་རྣམ་པར་གཞག་གོ། །གཟུགས་མེད་པའི་གནས་སྡོམ་པས་ནི་སེམས་ཀྱི་ཚོར་བ་
རྣམ་པར་གཞག་གོ། །ཀུན་ནས་ཉོན་མོངས་པས་ནི་ཟང་ཟིང་དང་བཅས་པ་ལ་སོགས་པ་རྣམ་པར་གཞག་པར་རིག་པར་བྱའོ། །རྣམ་པར་བྱང་བས་ནི་ཟང་ཟིང་མེད་པ་ལ་སོགས་པར་རྣམ་པར་གཞག་པར་རིག་པར་བྱའོ། །དེའི་སྲིད་པ་དང་མི་ལྡན་པའོ་ཞེས་བྱ་བ་ནི་མཚུངས་པར་ལྡན་

པ་མ་ཡིན་པ་དང་བྲལ་བའི་རྗེས་སུ་མཐུན་པར་རིག་པར་བྱའོ། །ཐ་སྙད་ལ་མི་མཁས་པ་ནི། སྐད་མ་བསླབས་པས་གཟུགས་ལ་འདུ་ཤེས་ནི་འབྱུང་ན་གཟུགས་སོ་སྙམ་པ་ནི་མི་ཤེས་པ་སྟེ། དེའི་ཕྱིར་མཚན་མ་མེད་པའི་འདུ་ཤེས་ཞེས་བྱའོ། །མཚན་མ་མེད་པའི་དབྱིངས་ལ་སྙོམས་
པར་ཞུགས་པའི་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་མཚན་མ་མེད་པའི་མྱ་ངན་ལས་འདས་པ་ལ་འདུ་ཤེས་པ་ནི་མཚན་མ་མེད་པའི་འདུ་ཤེས་སོ། །སྲིད་པའི་རྩེ་མོ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་ནི་མི་གསལ་བས་དམིགས་པ་ལ་མཚན་མར་མི་བྱེད་པའི་ཕྱིར་
མཚན་མ་མེད་པའི་འདུ་ཤེས་སོ། །ཆུང་ངུ་ནི་འདོད་པའི་ཁམས་ལ་སྟེ། ངན་པའི་ཕྱིར་རོ། །རྒྱ་ཆེན་པོར་གྱུར་པ་ནི་གཟུགས་ཀྱི་ཁམས་ལ་སྟེ་དེ་བས་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཚད་མེད་པ་ནི་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྟེ། མཐའ་ཡས་པའི་ཕྱིར་རོ། །དེ་
བས་ན་དེ་དག་ལ་དམིགས་པའི་འདུ་ཤེས་ནི་ཆུང་ངུ་ལ་སོགས་པའི་འདུ་ཤེས་རྣམས་སུ་རིག་པར་བྱའོ། །ཚོར་བ་དང་འདུ་ཤེས་མ་གཏོགས་པ་སེམས་ལས་བྱུང་བ་དང་། སེམས་དང་ལྡན་པ་མ་ཡིན་པ་ཐམས་ཅད་ནི་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་ཁོ་ན་ཡིན་ན། དེ་བསྟན་པ་ལ་སེམས་པ་ཉི་ཚེ་
སྨོས་པ་ནི་དེ་གཞན་དག་གི་སྔོན་དུ་འགྲོ་བའི་ཕྱིར་རོ། །གཏན་ཚིགས་བསྟན་པའི་ཕྱིར་གང་གི་དགེ་བའི་ཕྱིར་ཡང་སེམས་པར་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དགེ་བ་ནི་དད་པ་ལ་སོགས་པ་འོག་ནས་འབྱུང་བ་རྣམས་སོ། །ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་
ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །གནས་སྐབས་ཀྱི་བྱེ་བྲག་ནི་སེམས་པས་བསྐྱོད་པའི་འདུ་བྱེད་ཀྱི་གནས་སྐབས་རྣམས་ལ་བཏགས་པའི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ། །སེམས་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ནི་མཚན་ཉིད་དང་། ལས་ཀྱིས་
བསྟན་པར་རིག་པར་བྱའོ། །དེ་ལ་སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ་ཞེས་བྱ་བ་ནི་མཚན་ཉིད་བསྟན་པའོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ཞེས་བྱ་བ་ནི་ལས་བསྟན་པ་སྟེ། འདི་ལྟར་ཇི་ལྟར་མངོན་

པར་འདུ་བྱ་བ་དགེ་བ་ལ་སོགས་པའི་ཆོས་རྣམས་ལ་སེམས་འཇུག་པའི་ཕྱིར་རོ། །དམིགས་པ་ལ་སེམས་འཛིན་པ་ནི་དེ་ཉིད་ལ་ཡང་དང་ཡང་དུ་གཏོད་པར་རིག་པར་བྱའོ། །དེའི་ཕྱིར་ཡིད་ལ་བྱེད་པ་ཐོབ་པ་ནི་ཏིང་ངེ་འཛིན་ཐོབ་པ་ཞེས་བྱའོ། །རྣམ་པར་ཤེས་
པ་འབྱུང་བ་ལ། བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་དང་མཐུན་པར་དབང་པོའི་འགྱུར་བ་གང་ཡིན་པའི་རྣམ་པ་དེ་ནི་རེག་པར་རིག་པར་བྱའོ། །དེ་དང་དེ་ལ་ལྡན་པར་བྱེད་འདོད་པ་ཉིད་དེ་ཞེས་བྱ་བ་ནི་ལྟ་བ་དང་མཉན་པ་ལ་སོགས་པ་བྱེད་འདོད་པ་ཐམས་ཅད་བསྡུ་བའི་ཕྱིར་རོ། །ཇི་ལྟར་
ངེས་པ་བཞིན་དུ་འཛིན་པ་ཞེས་བྱ་བ་འདི་ནི་དེ་བཞིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་སྨོས་པའོ། །དེའི་ཕྱིར་དེ་གཅེས་སུ་བྱེད་པ་ནི་གཞན་དག་གིས་འཕྲོགས་པར་མི་ནུས་སོ། །འདྲིས་པའི་དངོས་པོ་ནི་སྔོན་མྱོང་བར་རིག་པར་བྱའོ། །རྣམ་པར་མི་གཡེང་བའི་ལས་ཅན་ནི་དྲན་པས་དམིགས་
པ་མངོན་པར་བརྗོད་པར་གྱུར་ན་རྣམ་པར་གཡེང་བ་མེད་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་རྣམ་པར་གཡེང་བ་མེད་པའོ། །ཤེས་པའི་རྟེན་བྱེད་པ་ནི་སེམས་མཉམ་པར་གཞག་པ་ན་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །སོམ་ཉི་ཟློག་པ་ནི་ཤེས་རབ་
ཀྱིས་ཆོས་རྣམས་རབ་ཏུ་རྣམ་པར་དབྱེ་ན་ངེས་པ་རྙེད་པའི་ཕྱིར་རོ། །དད་པ་ནི་ཡོད་པ་ཉིད་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་དང་། ཡོན་ཏན་ཅན་ལ་དད་པའི་རྣམ་པ་དང་། ནུས་པ་ལ་བདག་གི་རྣམ་པ་ཐོབ་པར་བྱེད་དམ། སྒྲུབ་པར་བྱེད་ནུས་སོ་སྙམ་དུ་འདོད་པའི་རྣམ་པའོ། །ངོ་
ཚ་ཤེས་པ་ལ་སོགས་པ་ནི་གོ་སླ་བས་ཡང་རྣམ་པར་མ་ཕྱེའོ། །སྐྱེ་བས་ཐོབ་པ་དང་། ཐོས་པ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་ནི་གོ་རིམས་བཞིན་དུ་རྣམ་པར་སྨིན་པ་དང་། ལུང་དང་རྟོགས་པའི་ཤེས་པར་རིག་པར་བྱའོ། །བརྟན་པ་དང་བཅས་པའི་
ཤེས་རབ་ནི་སོ་སོར་བརྟགས་པའོ། །དགེ་བའི་ཆོས་རྣམས་ལ་མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་བརྟན་པ་དང་། བརྩོན་པ་མི་འདོར་བ་ཞེས་འབྱུང་བ་མདོའི་ཚིག་འདི་རྣམས་ནི་གོ་ཆ་ལ་སོགས་པ་ལ་མངོན་པར་ཞེན་པ་སྤྲོ་

བའི་དངོས་པོ་རྣམས་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡོངས་སུ་རྫོགས་པར་བྱེད་པ་ནི། ཇི་ལྟར་དངོས་གཞི་ལ་འཇུག་པ་ལྟ་བུའོ། །ཡོངས་སུ་བསྒྲུབ་པ་ནི་དེ་ཉིད་ལེགས་པར་ཡོངས་སུ་སྦྱོང་བ་བྱས་པའོ། །སྒྲིབ་པ་ཐམས་ཅད་སེལ་བ་ནི་དེའི་དབང་གིས་གནས་འགྱུར་བར་བལྟའོ། །
དགེ་བ་ཐམས་ཅད་བསྒོམ་པའི་སྔོན་དུ་བརྩོན་འགྲུས་ལ་སོགས་པ་བཞི་པོ་འགྲོ་བས། དེ་དག་ལ་བག་ཡོད་པར་གདགས་ཏེ། ཟག་པ་དང་བཅས་པའི་ཆོས་རྣམས་ནི་འདིར་ཟག་པ་རྣམས་དང་ཟག་པའི་གནས་ཀྱི་ཡུལ་རྣམས་སུ་རིག་པར་བྱའོ། །སེམས་མཉམ་པ་ཉིད་ཅེས་བྱ་བ་ལ་
སོགས་པས་ནི་བཏང་སྙོམས་ཀྱི་ཐོག་མ་དང་བར་མ་དང་ཐ་མའི་གནས་སྐབས་བཤད་དེ། འདི་ལྟར་བཏང་སྙོམས་དང་ལྡན་པའི་སེམས་ལ་བྱིང་བ་ལ་སོགས་པའི་མི་མཉམ་པ་མེད་པས་ཐོག་མར་མཉམ་པའོ། །དེའི་འོག་ཏུ་མངོན་པར་འདུ་བྱ་བ་མེད་པར་རྣལ་དུ་འདུག་པའོ། །དེའི་འོག་ཏུ་ཀུན་ནས་ཉོན་
མོངས་པའི་དོགས་པ་མེད་པར་ལྷུན་གྱིས་གྲུབ་པར་གནས་སོ། །རྣམ་པར་མི་འཚེ་བ་ནི་ཞེ་སྡང་མེད་པ་ལས་གུད་ན་མེད་པའི་ཕྱིར་བཏགས་པའི་ཡོད་པར་རིག་པར་བྱའོ། །སྡུག་བསྔལ་བསྐྱེད་པའི་ལས་ཅན་ཞེས་བྱ་བ་ནི་སྲེད་པའི་དབང་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་གྲུབ་པའི་
ཕྱིར་རོ། །རེག་པར་མི་གནས་པ་ནི་ཀུན་ནས་མནར་བའི་སེམས་ཡོད་པ་སྡུག་བསྔལ་བར་གནས་པའི་ཕྱིར་རོ། །མི་གུས་པ་ནི་བླ་མ་རྣམས་དང་ཡོན་ཏན་ཅན་རྣམས་ལ་འགྱིང་བའོ། །སྡུག་བསྔལ་འབྱུང་བ་ནི་ཡང་སྲིད་པ་འབྱུང་བར་རིག་པར་བྱའོ། །ལོག་པར་ངེས་པ་ནི་ཕྱིན་ཅི་
ལོག་ཏུ་ཤེས་པའོ། །ཐེ་ཚོམ་ནི་སོམ་ཉིའོ། །ཀུན་ནས་ཉོན་མོངས་པ་འབྱུང་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཀུན་ཏུ་འབྱུང་བའོ། །དེའི་རྟེན་བྱེད་པ་ནི་རྨོངས་པར་གྱུར་ན་ཉོན་མོངས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་ནི་ལམ་གྱི་
བདེན་པ་དང་འགོག་པའི་བདེན་པ་ལ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེས་དགེ་བའི་ཕྱོགས་ལ་མི་འཇུག་སྟེ། ངེས་པ་མ་རྙེད་ན་མི་རྩོལ་བའི་ཕྱིར་རོ། །དབུ་མའི་ལམ་ཞེས་བྱ་བ་ནི། རྟག་པ་དང་ཆད་པ་སྤངས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །ཚུལ་ཁྲིམས་དང་བརྟུལ་

ཞུགས་ནི་ལྟ་བ་ངན་པ་སྔོན་དུ་འགྲོ་བར་རིག་པར་བྱའོ། །ངལ་བ་འབྲས་བུ་མེད་པ་ནི་དེས་ངེས་པར་མི་འབྱུང་བའི་ཕྱིར་རོ། །སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བ་ནི་འདི་
རྒྱུ་ལ་སྐུར་པ་འདེབས་པ་སྟེ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་
འབྱུང་བ་མེད་དོ་ཞེས་བྱ་བ་ནི་བྱེད་པ་ལ་སྐུར་པ་འདེབས་པ་སྟེ། འཇིག་རྟེན་གཞན་དུ་འགྲོ་བ་དང་འོང་བའི་བྱེད་པ་དང་། ས་བོན་འདེབས་པའི་བྱེད་པ་དང་། ཉིང་མཚམས་སྦྱོར་བའི་བྱེད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་
ནི་ཡོད་པའི་དངོས་པོ་འཇིག་པའོ། །དེ་ལས་གཞན་ཕྱིན་ཅི་ལོག་ཏུ་ལྟ་བ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ལོག་པར་རྣམ་པར་རྟོག་པར་རིག་པར་བྱའོ། །དགེ་བའི་རྩ་བ་གཅོད་པ་ནི་ལོག་པར་ལྟ་བ་ཁྱད་པར་ཅན་ལས་འབྱུང་གི་ཐམས་ཅད་ལས་ནི་མ་ཡིན་ནོ། །ཕུང་པོ་ལྔའི་བདག་
ཉིད་ཀྱིས་ཞེས་བྱ་བ་ལ་བདག་དང་བདག་གི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་ནི་འཇིག་ཚོགས་ལ་ལྟ་བའོ། །བདག་རྟག་གོ་མི་རྟག་གོ་ཞེས་ཁྱད་པར་དུ་སྒྲོ་འདོགས་པ་ནི་མཐར་འཛིན་པར་ལྟ་བའོ། །ལྟ་བ་ངན་པ་ལ་མཆོག་ལ་སོགས་པར་སྒྲོ་འདོགས་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དེ་
ཉིད་ལ་བདག་པོ་ལ་སོགས་པར་སྒྲོ་འདོགས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །གཅིག་ནི་ཕལ་ཆེར་ལ་ཞེས་བྱ་བ་ནི་ལོག་པར་རྣམ་པར་རྟོག་པ་ནི་གདོན་མི་ཟ་བར་སྐུར་པ་འདེབས་པའི་ཕྱིར་རོ། །མཚན་ཉིད་ལ་བརྟགས་ན་ནི་མཐར་འཛིན་པ་དང་ལོག་པར་ལྟ་
བ་གཉིས་ལས་འབྱུང་ངོ་། །འཁོར་དང་བཅས་པ་ལ་བརྟགས་ན་ནི་ལྔ་པོ་ཐམས་ཅད་ལས་འབྱུང་ངོ་། །གཟུགས་ལ་སོགས་པ་ནི་བདག་མ་ཡིན་ཏེ། མཚན་ཉིད་དང་མི་མཐུན་པའི་ཕྱིར་དེ་དག་ནི་བདག་གི་མཚན་ཉིད་མ་ཡིན་པའོ། །དེ་དག་ལ་བདག་མེད་དེ། གནས་མེད་ན་གནས་

པར་མི་འགྱུར་བས་མི་རྟག་པ་ཉིད་ཀྱི་ཉེས་པར་འགྱུར་བའི་ཕྱིར་རོ། །གཟུགས་ནི་བདག་གི་བ་མ་ཡིན་ཏེ། དེ་དག་ལ་དབང་བྱེད་པ་མེད་པས་རང་དབང་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དེ་དག་ལས་གཞན་ན་ཡང་བདག་མེད་དེ་ལུས་མེད་ན་བདག་ཀུན་ཏུ་བརྟགས་པར་མི་
དམིགས་པས་ལུས་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ལ་ལ་ཞིག་བདག་རྣམ་པ་དེ་ལྟ་བུར་ཡོངས་སུ་རྟོག་ན། དེ་ལྟ་ན་ཡང་གཟུགས་ལ་སོགས་པ་མེད་པའི་བདག་མི་འཐད་དེ། ལུས་ལ་སོགས་པའི་འཆིང་བ་མེད་ན། རང་གི་ངང་གིས་གྲོལ་བར་འགྱུར་བས་སྒྲིམ་མི་
དགོས་པར་ཐར་པར་འགྱུར་བའི་ཉེས་པར་འགྱུར་བའི་ཕྱིར་རོ། །གཟུགས་བདག་ཡིན་པར་ལྟ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་ཡིན་པར་ལྟ་བ་དེ་དག་ལྔ་ནི་བདག་ཏུ་ལྟ་བའོ། །བདག་གཟུགས་དང་ལྡན་པ་ཞེས་བྱ་བ་ནས་
བདག་རྣམ་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་བར་དུ་ལྷག་མ་བཅོ་ལྔ་ནི་བདག་གིར་ལྟ་བའོ། །འབྲེལ་བས་བདག་གིར་གྱུར་པ་ནི་འདི་ལྟར་དེ་དེ་དང་འབྲེལ་བས་དེ་དང་ལྡན་པར་འགྱུར་རོ། །གཟུགས་བདག་གི་ཡིན་པ་ཞེས་བྱ་བ་ཡིན་པ་ནས། རྣམ་པར་ཤེས་པ་བདག་གི་ཡིན་པ་
ཞེས་བྱ་བའི་བར་ནི་དབང་སྒྱུར་བས་བདག་གིར་འགྱུར་བའི་ཕྱིར་ཏེ། གང་ཞིག་སྦྱིན་པའམ་བསྐོ་བ་ལ་གང་གི་དབང་དུ་འགྱུར་བ་དེ་ནི་དེའི་བདག་གི་ཞེས་བྱའོ། །གཟུགས་ལ་བདག་གནས་པ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ལ་བདག་གནས་པ་ཞེས་བྱ་བའི་བར་ནི་ཐ་དད་དུ་མི་
འཇུག་པས་བདག་གིར་འགྱུར་བ་སྟེ། བདག་འདི་ནི་འདི་དག་ལ་རྗེས་སུ་ཞུགས་ཤིང་རྣམ་པར་ཞུགས་ནས་བཞག་པ་སྟེ། ཡན་ལག་ཅན་ཡན་ལག་གི་རྗེས་སུ་སོང་བར་ཀུན་བརྟགས་པའི་ཕྱིར་རོ། །མ་དཔྱད་པའི་གཞི་ཅན་ནི་གཟུགས་ལ་སོགས་པའི་མཚན་ཉིད་ལ་ཀུན་ཏུ་དཔྱད་ན་
བདག་ཏུ་ལྟ་བའི་སྐབས་མེད་པའི་ཕྱིར་ཏེ། དཔེར་ན་འགའ་ཞིག་གིས་མ་བརྟགས་པར་ཐག་པ་ལ་སྦྲུལ་དུ་འཛིན་པ་དང་འདྲ་སྟེ། ཐག་པ་ཡིན་པར་དཔྱད་ན་དེ་ལ་སྦྲུལ་དུ་མི་འཛིན་པའི་ཕྱིར་རོ། །ཁྲོ་བ་ལ་སོགས་པ་ནི་བཏགས་པའི་ཡོད་པར་རིག་པར་བྱའོ། །ཁོང་ཁྲོ་བ་ལ་སོགས་

པ་ལས་གུད་ན་མེད་པའི་ཕྱིར་རོ། །དེའི་འོག་ཏུ་ཞེས་བྱ་བ་ནི་ཁྲོས་པའི་འོག་ཏུའོ། །མི་བཟོད་པ་ཞེས་བྱ་བ་ནི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པར་མི་བྱེད་པའོ། །འདི་ནི་ཆོས་ཉིད་དོ། །ཁ་ན་མ་ཐོ་བ་དང་བཅས་ན་འགྱོད་པར་འགྱུར་ཏེ། དེའི་ཕྱིར་རེག་པར་མི་
གནས་པ་ཞེས་བྱའོ། །ཚིག་རྩུབ་མོ་བརླང་ཞིང་དྲག་པ་ཞེས་བྱ་བ་ནི་གཞན་གྱི་ཞེར་འདེབས་པའི་ཚུལ་གྱིས་ངོར་ལྷངས་ཞེས་ཟེར་བ་ནི། ཡོ་བྱད་མ་བསྙུངས་པ་ཞེས་བྱ་བ་ནི་སེར་སྣས་ཡོ་བྱད་མི་མཁོ་བ་རྣམས་ཀྱང་བསོགས་པ་ལས་གྱུར་པར་རིག་པར་བྱའོ། །ངེས་པ་ཡང་དག་པར་སྐྱོང་
བ་ཞེས་བྱ་བ་ནི། གཞན་ནས་གཞན་དུ་སྒྱུར་བར་རིག་པར་བྱའོ། །ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ཞེས་བྱ་བ་ནི་བདག་གི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་མི་སྟོན་ན་གདམས་ངག་གི་འོས་མ་ཡིན་པའི་ཕྱིར་རོ། །ཚེ་རིང་བའི་མཚན་མ་བཟུང་ནས་དེ་
ལ་རྣམ་པར་རྟོག་པའི་ཕྱིར་ཏེ། མི་འཆི་བར་རྣམ་པར་རྟོག་པ་སྔོན་དུ་བཏང་ནས་སྲོག་ལ་རྒྱགས་པ་སྐྱེའོ། །ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་ཞེས་བྱ་བ་ནི་རིགས་དང་། སྟོབས་དང་། གཟུགས་དང་། ཡིད་གཞུངས་པ་དང་། བློ་དང་། ལོངས་སྤྱོད་དང་། ཕྱུག་པ་
ལ་སོགས་པར་རིག་པར་བྱའོ། །དགའ་བ་དང་ཡིད་བདེ་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་དགའ་བའི་བྱེ་བྲག་གོ། །སྡུག་པའི་མཚན་མ་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་རྗེས་སུ་མཐུན་པའོ། །སྔོན་དགོད་དགོད་པ་དང་། རྩེ་རྩེ་བ་ལ་སོགས་པ་རྗེས་སུ་དྲན་ནས་
སེམས་རྣམ་པར་མ་ཞི་བར་རིག་པར་བྱའོ། །ལེ་ལོའི་རྟེན་བྱེད་པའི་ལས་ཅན་ཞེས་བྱ་བ་ནི་མ་དད་ན་སྦྱོར་བ་ལ་འདུན་པ་མེད་པའི་ཕྱིར་རོ། །ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པ་ཞེས་བྱ་བ་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་ལེགས་པར་མ་བརྟགས་པར་
རིག་པར་བྱའོ། །དེ་ལྟར་ན་འདི་ནི་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་ལྟུང་བར་འགྱུར་རོ། །ངོ་བོ་ཉིད་ཀྱི་གཡེང་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཏེ། རང་བཞིན་གྱིས་ནང་དུ་མཉམ་པར་འཇོག་མི་ནུས་པའི་ཕྱིར་རོ། །ཕྱི་རོལ་དུ་གཡེང་བ་ཞེས་བྱ་བ་ནི་ཐོས་པ་ལ་སོགས་

པའི་དགེ་བ་ལ་ཞུགས་པ་དེ་ལ་དམིགས་པ་ལ་ཕྱི་རོལ་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སེམས་འགྲོ་བར་རིག་པར་བྱའོ། །ནང་གི་གཡེང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དུ་ཞུགས་པ་ཉིད་ཀྱི་ཚེ་དེ་ལས་ཉམས་པར་བྱེད་པ་བྱིང་བ་དང་། རྒོད་པ་དང་རོ་མྱོང་བར་བྱེད་པའོ། །མཚན་མའི་གཡེང་
པ་ཞེས་བྱ་བ་ནི་གཞན་གྱིས་བདག་ལ་ཡོན་ཏན་དང་ལྡན་པར་ཡིད་ཆེས་པར་བྱ་བའི་ཕྱིར་ཏེ། དེའི་མཚན་མ་ནི་དེའི་ཕྱིར་རོ། །དགེ་བ་ལ་ཞུགས་པ་ཁད་ཀྱིས་དེ་ལས་ཉམས་པར་རིག་པར་བྱའོ། །གནས་ངན་ལེན་གྱི་གཡེང་བ་ཞེས་བྱ་བ་ནི་ངར་འཛིན་པ་ལ་སོགས་པའི་གནས་ངན་ལེན་གྱི་
དབང་གིས་བདེ་བ་ལ་སོགས་པའི་ཚོར་བ་བྱུང་བ་རྣམས་ལ་ང་ཞེས་ངའི་ཞེའམ་ངའོ་སྙམ་དུ་འཛིན་པའི་ཕྱིར་དགེ་བའི་ཕྱོགས་ཡོངས་སུ་མ་དག་པར་རིག་པར་བྱའོ། །འཛིན་པ་ནི་ཐོག་མ་ཉིད་དུ་དེ་ལྟར་འཛིན་པའོ། །འདྲེས་པ་ནི་དེའི་འོག་ཏུ་དེ་དང་སེམས་ཀྱི་རྒྱུད་འདྲེས་པར་གྱུར་པའོ། །
མཚན་མར་འཛིན་པ་ནི་ཚོར་བ་དེ་ཉིད་ལ་ཡང་དང་ཡང་བཀྲ་བར་འཛིན་པར་རིག་པར་བྱའོ། །ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱ་བ་ནི། སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་ཞུགས་པ་དང་། ཐེག་པ་གཞན་ལ་བརྟེན་པ་སྔ་མ་ལས་ལངས་པར་རིག་པར་བྱའོ། །འདོད་
ཆགས་དང་བྲལ་བའི་བར་དུ་གཅོད་པའི་ལས་ཅན་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པའི་བདག་ཉིད་ཀྱི་དབང་དུ་བྱས་པའོ། །གཉིད་ཀྱི་རྒྱུ་ཞེས་བྱ་བ་ནི་འདི་ལྟ་སྟེ་ཉམ་ཆུང་བ་དང་། ངལ་བ་དང་ལུས་ལྕི་བ་དང་མུན་པའི་མཚན་མ་ཡིད་ལ་བྱེད་པ་དང་། རྩོམ་པ་ཐམས་ཅད་ཡལ་བར་
འདོར་བ་དང་། དེའི་དུས་ན་ཡང་དང་ཡང་གོམས་པ་དང་། གཞན་དག་སྔགས་ཀྱི་སྟོབས་ཀྱིས་གཉིད་བྲོ་བར་བྱེད་པ་དང་། དེ་བཞིན་དུ་ལུས་མཉེད་པ་ལ་སོགས་པའོ། །གཏི་མུག་གི་ཆར་གཏོགས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་རོ། །དགེ་བ་ལ་སོགས་
པའི་དངོས་པོའི་ཚིག་ནི་གདོན་མི་ཟ་བར་གཏི་མུག་གི་བདག་ཉིད་མ་ཡིན་ནོ། །དུས་ཞེས་བྱ་བ་ནི་ནམ་གྱི་གུང་ཐུན་ནོ། །དུས་མ་ཡིན་པ་ནི་དེ་ལས་གཞན་པའོ། །རིགས་པ་ནི་དུས་སུ་ཇི་ལྟར་གནང་བ་དང་། དུས་ཡིན་ན་ཡང་ན་བ་དང་། ལས་སུ་རུང་བར་བྱ་བའི་ཕྱིར་རོ། །མི་

རིགས་པ་ནི་དེ་ལས་གཞན་པའོ། །བྱ་བ་ཤོར་བའི་རྟེན་བྱེད་པ་ནི་ཉེ་བའི་ཉོན་མོངས་པའི་བདག་ཉིད་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །བསམས་པ་ཞེས་བྱ་བ་ནི་ལེགས་པར་སྤྱོད་པ་དང་ཉེས་པར་སྤྱོད་པའི་བྱེད་པ་ལས་མངོན་པར་དགའ་བ་སྔོན་དུ་བཏང་བའོ། །མ་
བསམས་པའི་བྱ་བ་ནི་གཞན་དག་གིས་ནན་གྱིས་བྱེད་དུ་བཅུག་སྟེ་བྱེད་པའམ། ཉོན་མོངས་པས་ཟིལ་གྱིས་མནན་པ་སྟེ། ཇི་ལྟར་མཐུན་མཐུན་དུ་རིག་པར་བྱའོ། །གཏི་མུག་གི་ཆར་གཏོགས་པ་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པས་བསྡུས་པའོ། །དུས་ནི་ཇི་སྲིད་མི་སྤོང་གི་བར་དུའོ། །
དུས་མ་ཡིན་པ་ནི་དེའི་འོག་ཏུའོ། །རིགས་པ་ནི་གནས་པའོ། །མི་རིགས་པ་ནི་གནས་མ་ཡིན་པའོ། །སེམས་པའམ་ཤེས་རབ་ལ་རྟེན་ཞེས་བྱ་བ་ནི་མངོན་པར་མི་རྟོགས་པ་དང་། མངོན་པར་རྟོགས་པའི་གནས་སྐབས་དང་གོ་རིམས་བཞིན་ནོ། །ཀུན་ཏུ་ཚོལ་བའི་རྣམ་པ་ཡིད་ཀྱིས་
མངོན་པར་བརྗོད་པ་ནི་རྟོག་པའོ། །སོ་སོར་རྟོག་པའི་རྣམ་པ་ནི་སྤྱོད་པའོ། །སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ནི། གནས་དང་། ངོ་བོ་ཉིད་དང་བཏགས་པས་བཤད་པར་རིག་པར་བྱའོ། །དེ་ལ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ཞེས་བྱ་བ་ནི། གནས་
བསྟན་པའོ། །འཕེལ་བ་དང་འགྲིབ་པ་ཞེས་བྱ་བ་ནི་རང་བཞིན་བསྟན་པ་སྟེ། འདི་ལྟར་འཕེལ་བ་ཡོད་ན་དད་པ་ཆེན་པོ་དང་ལྡན་པ་ཞེས་བྱའོ། །འགྲིབ་པ་ཡོད་ན་ཆུང་ངུ་དང་ལྡན་པ་ཞེས་བྱའོ། །ཐོབ་པ་དང་རྙེད་པ་དང་ལྡན་པ་ཞེས་གདགས་སོ་ཞེས་བྱ་བ་ནི་བཏགས་པ་བསྟན་པའོ། །དེ་
བཞིན་དུ་གཞན་དག་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །དགེ་རྒྱས་ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའོ། །སྟེང་མའི་འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ནི་བསམ་གཏན་བཞི་པའི་འདོད་ཆགས་དང་བྲལ་བའོ། །འབྱུང་
བའི་འདུ་ཤེས་སྔོན་དུ་བཏང་བ་ཞེས་བྱ་བ་ནི་ཐར་པའི་འདུ་ཤེས་སྔོན་དུ་བཏང་བའོ། །བརྟན་པ་མ་ཡིན་པ་རྣམས་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པས་བསྡུས་པ་རྣམས་སོ། །འགོག་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་སེམས་ཀྱིས་བྱས་པ་སྟེ། དུས་གཞན་ན་སེམས་དང་སེམས་ལས་

བྱུང་བ་བརྟན་པ་མ་ཡིན་པ་ཀུན་ཏུ་འབྱུང་བ་དང་མི་མཐུན་པའི་གནས་སྐབས་ཀྱི་བྱེ་བྲག་གོ། །འདིས་འགོག་པར་འགྱུར་བས་ན་འགོག་པའོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི་སྟེང་མའི་འདོད་ཆགས་དང་མ་བྲལ་བ་ཞེས་མི་བརྗོད་དེ། དེ་ལ་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་
བའི་དགྲ་བཅོམ་པ་ཡང་ཡོད་པའི་ཕྱིར་རོ། །བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བསྡུས་པ་རྣམས་སོ། །སྙོམས་པར་འཇུག་པ་འདི་གཉིས་ནི་ས་དང་། ཡིད་ལ་བྱེད་པ་དང་། གནས་དང་། ངོ་བོ་ཉིད་དང་། བཏགས་པས་བསྟེན་ཏོ། །འདུ་
ཤེས་མེད་པ་ནི་ཡིད་ལ་བྱེད་པ་མ་གཏོགས་པར་གནས་ལ་སོགས་པ་དེ་དག་གིས་ལྷག་མ་གསུམ་པོ་དག་གིས་བཤད་དོ། །རིས་མཐུན་པ་ཞེས་བྱ་བ་ནི་ཚེ་གཅིག་གི་ཕུང་པོའི་རྒྱུན་ནོ། །གནས་པའི་དུས་ངེས་པར་ཞེས་བྱ་བ་ནི་རིས་མཐུན་པར་འདིས་ལོ་བརྒྱའམ། ལོ་སྟོང་ངམ། དུས་
ཇི་སྲིད་ཅིག་ཏུ་གནས་པར་བྱ་བ་སྟེ། ལས་ཀྱིས་བྱས་པའི་ནུས་པའི་བྱེ་བྲག་གོ། །སེམས་ཅན་གྱི་རིས་དེ་དང་དེར་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའི་སེམས་ཅན་གྱི་སྐྱེ་བ་རྣམས་སུའོ། །ལུས་འདྲ་བ་ཞེས་བྱ་བ་ནི་རྣམ་པ་གཅིག་པའོ། །ཕྱི་རོལ་གྱི་གཟུགས་ཀྱང་སྐྱེ་བ་དང་ལྡན་པས་རིས་མཐུན་པ་
ཙམ་སྨོས་ཏེ་སེམས་ཅན་གྱི་རྒྱུད་ལ་མཚན་ཉིད་གདགས་པར་བསྟན་པའི་ཕྱིར་རོ། །ཕྱི་རོལ་གྱི་གཟུགས་ནི་འཇིག་པ་དང་འཆགས་པས་རབ་ཏུ་ཕྱེ་བའོ། །ནང་གི་འདུ་བྱེད་རྣམས་ནི་སྐྱེ་བ་དང་རྒ་བ་ལ་སོགས་པས་རབ་ཏུ་ཕྱེ་བའོ། །རྒྱུན་འཇིག་པ་ནི་འཆི་བར་རིག་པར་བྱའོ། །སྐྱེ་བ་ལ་སོགས་
པ་འདི་དག་ནི་སྐད་ཅིག་རེ་རེ་ལ་རིག་པར་བྱ་བ་མ་ཡིན་གྱི། རྒྱུན་གྱི་གནས་སྐབས་ལ་བྱའོ། །ངོ་བོ་ཉིད་ཀྱི་ཚིག་བླ་དགས་ཞེས་བྱ་བ་ནི་མིག་དང་རྣ་བ་དང་ལྷ་དང་མི་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་གྱི་ཚིག་བླ་དགས་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་མི་རྟག་པའོ། །སེམས་ཅན་
ཐམས་ཅད་འཆི་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་གཉི་གའི་གནས་ཡི་གེ་རྣམས་ལ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་། ཁྱད་པར་གྱི་ཚིག་བླ་དགས་ཀྱི་གནས་ཡི་གེ་ཨ་ཨི་ཨུ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་ནི་འདི་དག་ཙམ་དུ་ཟད་དེ། འདི་ལྟར་ངོ་བོ་ཉིད་དང་། ཁྱད་

པར་དང་། དེ་གཉི་གར་ཐ་སྙད་གདགས་པའོ། །དེ་ཐམས་ཅད་ནི་འདི་དག་གིས་ཐ་སྙད་འདོགས་ཏེ། དེའི་ཕྱིར་མིང་དང་ཚིག་དང་། ཡི་གེའི་ཚོགས་འདི་དག་རྣམ་པར་གཞག་གོ། །རྣམ་གྲངས་སུ་གཏོགས་པ་གཞན་དུ་མི་འགྱུར་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་དཔེར་ན་མིག་ནི་
མིག་ཅེས་བྱ་བའི་རྣམ་གྲངས་དེ་ལ་གཞན་པ་འདྲེན་བྱེད་དང་། གསལ་བྱེད་དང་ཁྲིད་བྱེད་དང་། ལྟ་བ་ལ་སོགས་པ་རྣམ་གྲངས་སུ་གཏོགས་པ་གཞན་དག་ཏུའང་འགྱུར་ཏེ། དེ་དག་གིས་ཀྱང་དེ་ཤེས་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཨ་ཨཱི་ཞེས་བྱ་བའི་ཡི་གེ་འདི་ནི་ཨ་ཨཱི་ཞེས་བྱ་བའི་
རྣམ་གྲངས་འདི་མ་གཏོགས་པར་རྣམ་གྲངས་གཞན་གྱིས་བསྟན་པར་མི་ནུས་ཏེ། དེའི་ཕྱིར་རྣམ་གྲངས་གཞན་དུ་མི་འགྱུར་བས་ཡི་གེ་རྣམས་སོ། །འགྱུར་བ་ནི་འགྲོ་བར་རིག་པར་བྱའོ། །རྒྱུན་མ་ཆད་པ་ལ་འཇུག་པར་རྣམ་པར་གཞག་སྟེ། སྐད་ཅིག་གཅིག་གམ་རྒྱུན་ཆད་པ་ལ་དེ་ཉེ་བར་
འདོགས་པ་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ཐ་དད་པ་ཞེས་བྱ་བ་ལ་འདོད་པའི་འབྲས་བུའི་རྒྱུ་ནི་ལེགས་པར་སྤྱོད་པའོ། །མི་འདོད་པའི་འབྲས་བུའི་རྒྱུ་ནི་ཉེས་པར་སྤྱོད་པའོ་ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་བུ་རྣམས་ནི་སོ་སོར་རྒྱུ་གཞན་དང་གཞན་ལས་འབྱུང་བའོ། །རྒྱུ་དང་འབྲས་
བུ་མཐུན་པ་ནི་གཞན་ཡིན་དུ་ཟིན་ཀྱང་། གང་གི་འབྲས་བུ་གང་འོས་པ་སྟེ། འདི་ལྟར་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པའོ། །རེ་རེ་ནས་འབྱུང་བ་ཞེས་བྱ་བ་ནི་ཅིག་ཅར་མི་འབྱུང་བར་རིག་པར་བྱའོ། །རྒྱུ་དང་འབྲས་བུ་རྒྱུན་ཏུ་འབྱུང་བར་གྱུར་པ་དེ་
ལ་རྒྱུ་དང་འབྲས་བུ་བྱུང་ཟིན་པ་དང་འགགས་ཟིན་པ་གང་ཡིན་པ་དེ་ནི་འདས་པའི་དུས་ཞེས་གདགས་སོ། །གང་མ་བྱུང་བ་དེ་ནི་མ་འོངས་པའི་དུས་ཞེས་གདགས་སོ། །གང་བྱུང་བ་ལ་མ་འགགས་པ་དེ་ནི་ད་ལྟར་བྱུང་བའི་དུས་ཞེས་གདགས་སོ། །རྒྱུ་དང་འབྲས་བུས་ཕྱོགས་ལ་ཁྱབ་པ་
ལ་ཡུལ་ཉེ་བར་གདགས་སྟེ། གཟུགས་ཅན་མ་ཡིན་པ་ནི་ཕྱོགས་ལ་ཁྱབ་པར་བྱེད་པའི་མཐུ་མེད་པས་རྒྱུ་དང་འབྲས་བུ་ནི་འདིར་གཟུགས་སུ་བསྡུས་པར་རིག་པར་བྱའོ། །སོ་སོ་ཐ་དད་པ་ལ་གྲངས་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་པའི་བདག་ཉིད་གཅིག་པ་ལ་གཉིས་གསུམ་ཞེས་བྱ་བའི་

གྲངས་ལ་སོགས་པ་མི་འཐད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་རྐྱེན་རྣམས་འདུས་པ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་ཞེས་བྱ་བའི་རྒྱུའི་འབྲས་བུའི་རྐྱེན་ནི་དབང་པོ་མ་ཉམས་པ་དང་། ཡུལ་སྣང་བར་གྱུར་པ་དང་། དེ་སྐྱེད་པའི་ཡིད་ལ་བྱེད་པ་ཉེ་བར་གནས་པ་སྟེ། དེ་བཞིན་དུ་གཞན་ལ་ཡང་
སྦྱར་བར་རིག་པར་བྱའོ། །དེ་ལྟར་ན་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས་འདི་རྣམས་ནི་གནས་སྐབས་དག་ལ་གདགས་པའི་ཕྱིར། ཐམས་ཅད་ཀྱང་བཏགས་པའི་ཡོད་པར་རིག་པར་བྱའོ། །དེ་ལ་དགེ་བ་ལ་སོགས་པ་འཕེལ་བ་དང་། སྒྲིབ་པའི་གནས་སྐབས་ལ་ནི་གཅིག་གོ། །
སེམས་དང་སེམས་ལས་བྱུང་བ་མི་འབྱུང་བའི་གནས་སྐབས་ལ་ནི་གསུམ་མོ། །གནས་པའི་གནས་སྐབས་ལ་ནི་གཅིག་གོ། །འདྲ་བའི་གནས་སྐབས་ལ་ནི་གཅིག་གོ། །མཚན་ཉིད་ཀྱི་གནས་སྐབས་ལ་ནི་བཞིའོ། །ཐ་སྙད་ཀྱི་གནས་སྐབས་ལ་ནི་གསུམ་མོ། །མ་ཐོབ་པའི་གནས་སྐབས་ལ་ནི་
གཅིག་གོ། །རྒྱུ་དང་འབྲས་བུའི་གནས་སྐབས་ལ་ནི་ལྷག་མ་རྣམས་སོ། །རྒྱུ་དང་འབྲས་བུ་ནི་འདུས་བྱས་ཐམས་ཅད་དུ་རིག་པར་བྱ་སྟེ། དེ་ལས་གཞན་འབྱུང་བས་རྒྱུའོ། །གཞན་ལས་དེ་འབྱུང་བས་འབྲས་བུའོ། །ཕུང་པོ་ལ་སོགས་པ་ཀུན་ཏུ་འབྱུང་བ་ལ་དེའི་ས་བོན་ཡོངས་སུ་རྒྱས་པ་ནི་
བག་ཆགས་ཞེས་བྱའོ། །ས་བོན་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་འབྱུང་བའི་ས་བོན་དང་ལྡན་པའི་ཕྱིར་རོ། །དེར་ཆོས་རྣམས་ས་བོན་དུ་འདུ་བའམ། བདག་ཏུ་འཛིན་པས་སེམས་ཅན་དུ་འདུ་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའོ། །སྔོན་གྱི་ལས་ལས་ངེས་པར་བྱུང་
བའི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པའོ། །ཡང་དང་ཡང་ཉིང་མཚམས་སྦྱོར་བར་བྱེད་པས་ལེན་པའི་རྣམ་པར་ཤེས་པའོ། །དེ་ནི་སེམས་ཞེས་ཀྱང་བྱ་སྟེ། ཆོས་རྣམས་ཀྱི་བག་ཆགས་བསགས་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ཡོད་པར་ཇི་ལྟར་ཤེས་ཤེ་ན། འདི་
ལྟར་དེ་མེད་ན། ལེན་དང་བཟོད་དང་གསལ་བ་དང་། །ས་བོན་དང་ནི་ལས་རྣམས་དང་། །ལུས་ཀྱིས་མྱོང་དང་སེམས་མེད་པའི། །སྙོམས་འཇུག་དེ་བཞིན་འཆི་མི་རུང་། །སྡོམ་པའི་ཚིགས་སུ་བཅད་པ་འདིའི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ་རྣམ་པར་ངེས་པར་བསྡུ་བའི་ནང་དུ་བྱས་སོ། །རྣམ་པ་

བརྒྱད་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་རྟོགས་པར་བྱ་སྟེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལུས་ཉེ་བར་ལེན་པ་མི་སྲིད་པ་དང་། གཟོད་མ་ནས་བྱུང་བ་མི་སྲིད་པ་དང་། །གསལ་བར་བྱུང་བ་མི་སྲིད་པ་དང་། ས་བོན་མི་སྲིད་པ་དང་། ལས་མི་
སྲིད་པ་དང་། ལུས་ཀྱིས་མྱོང་བ་མི་སྲིད་པ་དང་། སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང་། རྣམ་པར་ཤེས་པ་འཆི་འཕོ་བ་མི་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་ལུས་ཉེ་བར་ལེན་པ་མི་རུང་ཞེ་ན། སྨྲས་པ། རྣམ་པ་ལྔས་སྟེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་སྔོན་གྱི་འདུ་
བྱེད་ཀྱི་རྒྱུ་ལས་བྱུང་བའོ། །མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་ནི་ད་ལྟར་གྱི་རྐྱེན་གྱི་རྒྱུ་ལས་བྱུང་བ་སྟེ། ཇི་སྐད་དུ། དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པའི་དབང་གིས་རྣམ་པར་ཤེས་པ་རྣམས་འབྱུང་བར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུ་སྟེ། འདི་ནི་གཏན་ཚིགས་དང་
པོའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ནི་དགེ་བ་དང་མི་དགེ་བར་དམིགས་པ་སྟེ། འདི་ནི་གཏན་ཚིགས་གཉིས་པའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ལ་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པས་བསྡུས་པར་གྱུར་པ་གང་ཡིན་པའི་རྣམ་པ་མི་དམིགས་པ་སྟེ། འདི་ནི་གཏན་
ཚིགས་གསུམ་པའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་འབྱུང་བ་ནི་གནས་སོ་སོར་ངེས་པ་སྟེ། གནས་གང་དང་གང་ལས་རྣམ་པར་ཤེས་པ་གང་དང་གང་འབྱུང་བ་དེ་དང་དེ་ནི་དེས་ཟིན་པར་འགྱུར་གྱི་ལྷག་མ་ནི་མ་ཟིན་པར་འགྱུར་ཏེ་མི་རུང་ངོ་། །ཟིན་པར་ཡང་མི་རུང་སྟེ། རྣམ་པར་ཤེས་
པ་མེད་པའི་ཕྱིར་རོ། །འདི་ནི་གཏན་ཚིགས་བཞི་པའོ། །ཡང་དང་ཡང་ལུས་འཛིན་པའི་ཉེས་པར་ཡང་འགྱུར་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་རེས་འགའ་ནི་འབྱུང་། རེས་འགའ་ནི་མི་འབྱུང་ངོ་། །ལྷག་མ་རྣམས་ཀྱང་དེ་བཞིན་ཏེ། འདི་ནི་གཏན་ཚིགས་ལྔ་པའོ། །འདི་ལྟར་སྔོན་
གྱི་ལས་དང་ད་ལྟར་གྱི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བ་དང་། དགེ་བ་དང་མི་དགེ་བ་ཡིན་པ་དང་། དེའི་རྣམ་པ་མི་དམིགས་པ་དང་། གནས་སོ་སོར་ངེས་པ་དང་། ཡང་དང་ཡང་ལུས་ཉེ་བར་ལེན་པས་ཀྱང་མི་རུང་ངོ་། །ཅིའི་ཕྱིར་གཟོད་མའི་འཇུག་པ་འབྱུང་བར་མི་འགྱུར་ཞ་ན། གལ་ཏེ་ལ་

ལ་ཞིག་འདི་སྐད་དུ། ཅི་སྟེ་ཀུན་གཞི་རྣམ་པར་ཤེས་པ་ཡོད་ན་དེའི་ཕྱིར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བར་འགྱུར་རོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། ཉེས་པ་མེད་པ་ཉིད་ལ་ཁྱོད་ཉེས་པར་འདུ་ཤེས་པར་ཟད་ཀྱི། འདི་ལྟར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་
བ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁ་ཅིག་ཅིག་ཅར་མཐོང་བར་འདོད་པ་ནས། རྣམ་པར་ཤེས་པའི་བར་དུ་འདོད་པ་ལ། ཐོག་མར་རྣམ་པར་ཤེས་པ་གང་ཡང་རུང་བ་ཞིག་འབྱུང་དུ་མི་རུང་སྟེ། འདི་ལྟར་དེ་ན་ཡིད་ལ་བྱེད་པ་དང་དབང་པོ་དང་ཡུལ་ཡང་ཡོད་པར་བྱེ་བྲག་མེད་པའི་
ཕྱིར་རོ། །རྣམ་པར་ཤེས་པ་ཅིག་ཅར་འབྱུང་བ་མེད་ན་ཅིའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་རྗེས་སུ་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་མི་འགྱུར་ཞེ་ན། འདི་ལྟར་གང་གི་ཚེ་འདས་པའི་ཡུལ་མྱོང་བ་རྗེས་སུ་དྲན་པ་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་རྒྱུ་བ་ནི་གསལ་
བ་མ་ཡིན་ལ། ད་ལྟར་གྱི་ཡུལ་ལ་རྒྱུ་བའི་ཡིད་ནི་དེ་ལྟར་མི་གསལ་བ་མ་ཡིན་ཏེ། དེའི་ཕྱིར་ཡང་ཅིག་ཅར་འབྱུང་བ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མི་གསལ་བར་ཡང་རུང་ངོ་། །ཅིའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ཕན་ཚུན་གྱི་ས་བོན་ཉིད་མ་ཡིན་ཞེ་ན། འདི་ལྟར་
དགེ་བའི་འོག་ཏུ་མི་དགེ་བ་འབྱུང་ལ། མི་དགེ་བའི་འོག་ཏུ་དགེ་བ་དང་། དེ་གཉི་གའི་འོག་ཏུ་ལུང་དུ་མ་བསྟན་པ་དང་། ཁམས་ངན་པའི་འོག་ཏུ་ཁམས་བར་མ་དང་། ཁམས་བར་མའི་འོག་ཏུ་ཁམས་བཟང་པོ་དང་། དེ་བཞིན་དུ་ཁམས་བཟང་པོའི་འོག་ཏུ་ཁམས་ངན་པ་དང་། ཟག་
པ་དང་བཅས་པའི་འོག་ཏུ་ཟག་པ་མེད་པ་དང་། ཟག་པ་མེད་པའི་འོག་ཏུ་ཟག་པ་དང་བཅས་པ་དང་། འཇིག་རྟེན་པའི་འོག་ཏུ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་འོག་ཏུ་འཇིག་རྟེན་པ་འབྱུང་སྟེ། དེ་དག་ནི་དེ་ལྟར་ས་བོན་ཉིད་དུ་མི་རུང་ངོ་། །རྒྱུད་ཀྱི་རྒྱུན་ཆད་
ནས་ཡུན་རིང་དུ་ལོན་པ་ཡང་ཡུན་རིང་ཞིག་ན་འབྱུང་བས་དེའི་ཕྱིར་ཡང་མི་རུང་ངོ་། །རྣམ་པར་ཤེས་པ་ཅིག་ཅར་འབྱུང་བ་མེད་ན་ཅིའི་ཕྱིར་ལས་མི་སྲིད་ཅེ་ན། འདི་ལྟར་མདོར་བསྡུས་ན་ལས་རྣམ་པ་བཞི་སྟེ། སྣོད་ཀྱི་རྣམ་པར་རིག་པ་དང་། གནས་ཀྱི་རྣམ་པར་རིག་པ་དང་། ངའོ་སྙམ་པའི་

རྣམ་པར་རིག་པ་དང་། ཡུལ་གྱི་རྣམ་པར་རིག་པའོ། །རྣམ་པར་རིག་པ་འདི་དག་ནི་སྐད་ཅིག་གཅིག་ལ་ཅིག་ཅར་འབྱུང་བར་དམིགས་ཏེ། རྣམ་པར་ཤེས་པ་གཅིག་གིས་སྐད་ཅིག་གཅིག་ལ་ནི་ངོ་བོ་ཐ་དད་པའི་ལས་འདི་ལྟ་བུ་འདི་མི་རུང་ངོ་། །ཀུན་གཞི་རྣམ་པར་ཤེས་པ་
མེད་ན་ཅིའི་ཕྱིར་ལུས་ཀྱི་མྱོང་བ་མི་རུང་ཞེ་ན། འདི་ལྟར་འགའ་ཞིག་ཚུལ་བཞིན་ནམ། ཚུལ་བཞིན་མ་ཡིན་པའི་སེམས་སམ། རྗེས་སུ་རྣམ་པར་རྟོག་གམ། སེམས་མཉམ་པར་བཞག་གམ། སེམས་མཉམ་པར་མ་བཞག་ཀྱང་རུང་བ་སྟེ། ལུས་ཀྱིས་མྱོང་བ་གང་དག་འབྱུང་བ་
རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་དེ་དག་འབྱུང་བ་དང་དམིགས་པར་ཡང་མི་རུང་སྟེ། དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཡོད་དོ། །ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཅིའི་ཕྱིར་སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང་། འདི་ལྟར་འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པའི་རྣམ་
པར་ཤེས་པ་ཉིད་ལུས་ལས་འདའ་བར་འགྱུར་བའི་རིགས་ན་མ་འདས་ཏེ། དེའི་ཕྱིར་འཆི་བའི་དུས་བྱེད་པ་ཉིད་དུ་འགྱུར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཀྱང་དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཀུན་གཞི་རྣམ་པར་ཤེས་པ་མེད་ན། ཅིའི་ཕྱིར་
འཆི་འཕོ་བ་ཡང་མི་རུང་ཞེ་ན། འདི་ལྟར་འཆི་བའི་རྣམ་པར་ཤེས་པ་ལུས་ཀྱི་སྟོད་དམ་སྨད་དུ་དྲོད་ཡལ་བར་བྱེད་ཅིང་འདོར་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་ནམ་ཡང་མི་འབྱུང་བ་མ་ཡིན་ཏེ། དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ལུས་འཛིན་པ་ཉིད་དང་བྲལ་བའི་ཕྱིར་ལུས་དྲོད་ཡལ་བ་དང་། ལུས་ཚོར་བ་
མེད་པར་ཡང་དམིགས་ཀྱི། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བས་ནི་མ་ཡིན་ཏེ། དེའི་ཕྱིར་ཡང་མི་རིགས་སོ། །ཡིད་ནི་ངེས་པའི་ཚིག་དང་དམིགས་པ་དང་མཚུང་པར་ལྡན་པ་དང་འབྱུང་བའི་དུས་ཀྱིས་བསྟན་པར་རིག་པར་བྱའོ། །ལས་མངོན་དུ་གྱུར་པ་ན་དེ་མེད་པ་ནི་དོན་དམ་པ་ཤེས་པ་དང་། །
བདག་ཏུ་ལྟ་བ་ཀུན་ཏུ་འབྱུང་བ་དང་། ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །སློབ་པས་ནི་མ་སྤངས་པའི་ཕྱིར་དེའི་འོག་ཏུ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལས་བྱུང་ངོ་། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བས་འགོག་པའི་སྙོམས་པར་འཇུག་པ་ཆེས་ཞི་བའི་ཕྱིར་དེ་ཀུན་ཏུ་འབྱུང་བ་དང་མི་མཐུན་

པར་རིག་པར་བྱའོ། །འགགས་མ་ཐག་པ་ཡང་ཡིད་དུ་འདོད་པས་འགགས་མ་ཐག་པའི་ཡིད་ཅེས་བྱ་བའི་ཐ་ཚིག་གོ། །རྣམ་པར་ཤེས་པ་ནི་གནས་དང་དམིགས་པ་དང་ངོ་བོ་ཉིད་ཀྱིས་རྣམ་པར་གཞག་པར་རིག་པར་བྱའོ། །ཁམས་དང་སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་ནི་ལོགས་ཤིག་
དུ་རྣམ་པར་གཞག་ཏུ་མེད་དེ། ཕུང་པོ་བསྟན་པའི་སྐབས་སུ་མིག་ལ་སོགས་པ་ཉེ་བར་མཚོན་པའི་ཕྱིར་ཏེ། དེ་བས་ན་ཕུང་པོ་རྣམས་ལས་དམིགས་ཀྱིས་བཏོན་ཏེ། །ཁམས་རྣམས་རྣམ་པར་གཞག་གོ། །ཁམས་རྣམས་ལས་དམིགས་ཀྱིས་བཏོན་ཏེ་སྐྱེ་མཆེད་རྣམས་རྣམ་པར་གཞག་
གོ། །ཕུང་པོ་རྣམས་ཀྱིས་གང་མ་བསྡུས་པ་འདུས་མ་བྱས་པ་དེ་ནི་རྣམ་པ་བརྒྱད་དུ་རྣམ་པར་གཞག་གོ། །དེ་བཞིན་ཉིད་རྣམ་པ་གསུམ་ནི་གནས་ཀྱི་རྣམ་པས་ཐ་དད་ཀྱི་ངོ་བོ་ཉིད་ཀྱིས་ཐ་དད་པ་ནི་མ་ཡིན་པར་རིག་པར་བྱའོ། །གཞན་དུ་མི་འགྱུར་བ་ཉིད་ཅེས་བྱ་བ་ནི་རྟག་ཏུ་དངོས་པོ་རྣམས་ཀྱི་བདག་མེད་
པ་ཉིད་དུ་བལྟ་བར་བྱའོ། །ཀུན་ནས་ཉོན་མོངས་པ་མི་རྒྱུ་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལ་དམིགས་པས་ཀུན་ནས་ཉོན་མོངས་པའི་དངོས་པོ་ཀུན་ནས་ཉོན་མོངས་པས་སྟོངས་པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་ཀུན་ནས་ཉོན་མོངས་པ་ཅན་ཞེས་བྱ་བ་དེའི་ཚེ་ཡང་དེ་ལ་གློ་བུར་གྱི་ཉེ་བའི་ཉོན་མོངས་པར་
རིག་པར་བྱ་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་རང་བཞིན་གྱིས་འོད་གསལ་བའོ། །མཚན་མ་རྣམས་ནི་གཟུགས་དང་ཚོར་བ་ནས་བྱང་ཆུབ་ཅེས་བྱ་བའི་བར་དུ་སྤྲོས་པ་རྣམས་ཏེ། དེ་ལ་དེ་དག་ཉེ་བར་ཞི་བའི་ཕྱིར་མཚན་མ་མེད་པའོ། །ཡང་དག་པ་ནི་གང་ཕྱིན་ཅི་མ་ལོག་པའོ། དེའི་མཐའ་ནི་
མུར་ཐུག་པ་སྟེ། བདག་མེད་པ་ལས་ཕ་རོལ་ཏུ་དེ་ཁོ་ན་བཙལ་དུ་མེད་པའི་ཕྱིར་རོ། །ནམ་མཁའ་ནི་གཟུགས་མེད་ཅེས་བྱ་བ་ནི་གཟུགས་ཉིད་ལས་བཟློག་པ་གཟུགས་མེད་པའི་མཚན་ཉིད་ཀྱི་ཆོས་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་གང་ཡིན་པ་དེ་ནི་ནམ་མཁའོ། ཡིད་ཀྱི་རྣམ་པར་ཤེས་པའི་
ཡུལ་ནི་ཆོས་ཀྱི་ཁམས་ཀྱི་སྐབས་ཡིན་པར་རིག་པར་བྱའོ། །གཟུགས་ཉིད་ཅེས་བྱ་བ་ནི་རྣམ་པའི་ཕྱིར་ཏེ། ཚོར་བ་ལ་སོགས་པ་དང་ཐུན་མོང་བའི་དེ་བཞིན་ཉིད་དང་། སོ་སོར་བརྟགས་པ་མ་ཡིན་པ་དང་། སོ་སོར་བརྟགས་པའི་འགོག་པ་དང་། མི་རྟག་པ་ཉིད་སེལ་ཏོ། །རི་བོང་གི་རྭ་ལ་

སོགས་པ་ནི་གཏན་མེད་པ་སྟེ། དེ་དག་ལས་བཟློག་པར་ནི་མི་ཤེས་སོ། །དེ་ལྟར་དེ་དག་ནི་གཏན་ནས་མེད་པའི་ཕྱིར་རོ། །རི་བོང་གི་རྭ་ལ་སོགས་པ་དེ་དག་ནི་གཟུགས་ཡོད་པ་འདི་ལས་བཟློག་པ་མ་ཡིན་ཏེ། ཚོར་བ་ལ་སོགས་པ་དང་ཐུན་མོང་བའི་ཕྱིར་རོ། །དེ་བས་ན་
གཟུགས་ཉིད་ལས་བཟློག་པ་ཞེས་བྱའོ། །གང་གཟུགས་མ་ཡིན་པ་ཞེས་བརྗོད་པར་བྱ་སྟེ། མེད་པའི་མཚན་ཉིད་ཀྱི་ཚིག་གིས་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམས་གསལ་ཏེ། དེ་དག་ནི་མེད་པའི་མཚན་ཉིད་ནི་མ་ཡིན་ནོ། །གང་འགོག་ལ་བྲལ་བ་མ་ཡིན་པའོ་ཞེས་བྱ་བ་ནི་བག་ལ་
ཉལ་མ་བཅོམ་པའོ། །བཟློག་པ་ནི་བྲལ་བའོ། །སྤང་བར་བྱ་བ་དེ་ནི་གཉིས་ཏེ། ཉོན་མོངས་པ་རྣམས་དང་། དེའི་གནས་སུ་གྱུར་པ་ཚོར་བའོ། ཚོར་བ་དེ་ཡང་རྣམ་པ་གཉིས་ཏེ། འགྱུར་བར་བྱེད་པ་དང་། འགྱུར་བར་མི་བྱེད་པ་སྟེ། བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་
སྡུག་བསྔལ་ཡང་མ་ཡིན་པ་དང་། གོ་རིམས་བཞིན་ནོ། །དེ་ལ་ཉོན་མོངས་པ་སྤོང་བས་སོ་སོར་བརྟགས་པའི་འགོག་པ་རྣམ་པར་གཞག་གོ། །ཚོར་བ་རྣམ་པ་གཉིས་སྤོང་བས་མི་གཡོ་བ་དང་། འདུ་ཤེས་དང་ཚོར་བ་འགོག་པ་དང་གོ་རིམས་བཞིན་དུ་རྣམ་པར་གཞག་གོ། །དེ་ལ་ཉོན་མོངས་པ་སྤོང་བས་
ན་དེའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་བྲལ་བའི་ཕྱིར་གནས་གྱུར་པའོ། །ཚོར་བ་སྤོང་བ་ནི་དེའི་གཉེན་པོར་གྱུར་པ་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བའི་ཕྱིར་གནས་གྱུར་པའོ། །དེའི་ཕྱིར་བསམ་གཏན་གཉིས་པར་སྡུག་བསྔལ་འགོག་པ་ལ་འདུས་མ་བྱས་རྣམ་པར་མི་གཞག་སྟེ།
འགྱུར་བར་བྱེད་པའི་ཚོར་བ་མ་ལུས་པར་མ་སྤངས་པའི་ཕྱིར་རོ། །གཟུགས་ཀྱི་ཕུང་པོས་ནི་ཁམས་གཟུགས་ཅན་བཅུ་བསྡུས་སོ། །ཆོས་ཀྱི་ཁམས་ཀྱིས་ནི་དེ་ཉིད་བསྡུས་སོ། །ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་རྣམ་པར་ཤེས་པའི་ཁམས་བདུན་བསྡུས་ཏེ། དེ་ལྟར་ན་ཆོས་ཐམས་ཅད་ནི་གསུམ་དུ་
འགྱུར་རོ།། །།བམ་པོ་གཉིས་པ། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དེ་ལྟར་རྣམ་པར་གཞག་པ་ལ་ཞར་ལས་འབྱུང་བ་དེ་བསྟན་པར་བྱའོ། །མིག་དང་རྣ་བ་དང་སྣ་རྣམས་སོ་སོ་ལ་ཡང་གཉིས་གཉིས་ཡོད་ན་ཁམས་ཉི་ཤུ་རྩ་གཅིག་ཏུ་ཇི་ལྟར་མི་འགྱུར་ཞེ་ན། དེ་དག་གཉིས་

གཉིས་ཡོད་དུ་ཟིན་ཀྱང་། གཉི་ག་ཡང་མིག་གི་མཚན་ཉིད་ཡིན་པས་མཚན་ཉིད་འདྲ་བ་དང་། གཉི་གའི་བྱ་བ་མིག་གི་རྣམ་པར་ཤེས་པ་ཡིན་པར་གཅིག་པའི་ཕྱིར་བྱ་བ་མཐུན་པས་ཁམས་གཞན་མ་ཡིན་ནོ། །རྣ་བ་དང་སྣ་ལའང་དེ་བཞིན་དུ་སྦྱར་བར་བྱའོ། །གཉིས་སུ་གྲུབ་པ་ནི་གནས་
མཛེས་པའི་ཕྱིར་རོ། །འདི་ལྟར་ངོས་གཉིས་ཤིན་ཏུ་རྣམ་པར་འབྱེད་ན་གནས་མཛེས་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཅི་མིག་རེ་རེ་ལ་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་རྟག་ཏུ་འབྱུང་ངམ་འོན་ཏེ་གཉི་ག་ལ་ཡང་བརྟེན། སྨྲས་པ་གསལ་བར་འཛིན་པའི་ཕྱིར། གཉི་ག་ལ་བརྟེན་ནས་འབྱུང་སྟེ། དཔེར་
ན་མིག་གཉི་ག་ཕྱེ་ན་གཟུགས་འཛིན་པ་ལ་གསལ་བར་འགྱུར་གྱི། གཅིག་གིས་ནི་དེ་ལྟ་མ་ཡིན་ནོ། །དཔེར་ན་ཁང་པ་གཅིག་ཏུ་མར་མེ་གཉིས་བུས་ན། མར་མེ་གཉིས་ལ་བརྟེན་ནས་འོད་རྒྱས་པ་ཅིག་གིས་ཤིན་ཏུ་གསལ་བར་འགྱུར་རོ། །དེ་བཞིན་དུ་འདིར་ཡང་ཚུལ་དེ་ལྟར་བལྟ་བར་བྱའོ། །དེའི་
ཡུལ་སྣ་ཚོགས་ཉེ་བར་གནས་པར་གྱུར་ན་དེའི་རྣམ་པ་རྣམས་ལ་དབང་པོ་རེ་རེའི་སྒོ་ནས་རྣམ་པར་ཤེས་པ་རྣམས་རིམ་གྱིས་འབྱུང་ངམ། འོན་ཏེ་གཅིག་གིས་ཅིག་ཅར་འཛིན་ཞེ་ན། རྣམ་པར་ཤེས་པ་གཅིག་ཁོ་ནས་ཅིག་ཅར་འཛིན་ཏེ། རྣམ་པ་ནི་སྣ་ཚོགས་སུ་རིག་པར་བྱའོ། །ལྕེ་ལ་ཁམ་གྱི་ཟས་
རེག་ན་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྟག་ཏུ་ཅིག་ཅར་འབྱུང་བར་རིག་པར་བྱའོ། །སྒྲ་ནི་རྒྱུན་ཆད་པའི་ཕྱིར་ཡུལ་གཞན་དག་ཏུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འབྱུང་བའི་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་མེད་ཀྱི་འདི་ལྟ་སྟེ་རང་གི་ཡུལ་ན་འདུག་ཅིང་ཐང་ཅིག་འབྱུང་སྟེ། མར་མེའི་འོད་རྒྱས་པ་
བཞིན་དུ་སྒྲ་རྒྱས་པ་འབྱུང་བ་ཡང་དེ་ལྟར་བལྟའོ། །ཉེ་ཡང་བར་དུ་བཅད་པའི་སྒྲ་གསལ་བར་མི་ཐོས་པའི་སྒྲ་དེ་ཐོགས་པ་ཡོད་པའི་ཕྱིར་རྩིག་པའི་གསེབ་ནས་ཆུང་ངུ་འབྱུང་བར་རིག་པར་བྱའོ། རྣམ་པར་ཤེས་པ་དྲུག་པོ་དག་ལས་རྣམ་པར་རྟོག་པ་དང་བཅས་པ་ནི་དུ་ཞིག། རྣམ་པར་མི་རྟོག་པ་ནི་དུ་
ཞིག་ཅེ་ན། རྣམ་པར་རྟོག་པ་གསུམ་གྱིས་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུ་རྣམ་པར་རྟོག་པ་དང་བཅས་པ་སྟེ། རྣམ་པར་རྟོག་པ་གསུམ་ནི་རང་བཞིན་གྱི་རྣམ་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང་། མངོན་པར་སྤྱོད་པའི་རྣམ་པར་རྟོག་པའོ། །དེ་ལ་རང་བཞིན་གྱི་རྣམ་

པར་རྟོག་པ་ནི་དེ་ལྟར་འབྱུང་བའི་འདུ་བྱེད་མྱོང་བ་ན་གང་རང་གི་མཚན་ཉིད་ཀྱི་རྣམ་པའི་རྣམ་པར་རྟོག་པའོ། །རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ནི། གང་སྔོན་མྱོང་བའི་འདུ་བྱེད་ཀྱི་རྣམ་པར་རྟོག་པའོ། །མངོན་པར་སྤྱོད་པའི་རྣམ་པར་རྟོག་པ་ནི་གང་འདས་པ་དང་། མ་འོངས་
པ་དང་། ད་ལྟར་གྱི་ལྐོག་ཏུ་གྱུར་པ་རྣམས་ལ་མངོན་པར་རྟོགས་པའི་རྣམ་པར་རྟོག་པའོ། །ཡང་རྣམ་པར་རྟོག་པ་བདུན་ཏེ། དམིགས་པ་ལ་རང་གི་ངང་གིས་འཇུག་པའི་རྣམ་པར་རྟོག་པ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། ཀུན་ཏུ་ཚོལ་བར་བྱེད་པ་དང་། སོ་སོར་རྟོག་
པ་དང་། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པའི་རྣམ་པར་རྟོག་པའོ། །དེ་ལ་རྣམ་པར་རྟོག་པ་དང་པོ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། དམིགས་པ་ལ་བཀྲ་བར་མ་བཟུང་བར་རང་གི་ཡུལ་ཇི་ལྟ་བ་བཞིན་དུ་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །མཚན་མ་དང་བཅས་
པ་ནི་རང་བཞིན་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་སྟེ། ད་ལྟར་དང་འདས་པའི་ཡུལ་ལ་བཀྲ་བར་འཛིན་པའི་ཕྱིར་རོ། །མཚན་མ་མེད་པ་ནི་མ་འོངས་པའི་ཡུལ་ཡིད་ལ་བརྣགས་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ལྷག་མ་རྣམས་ནི་མངོན་པར་སྤྱོད་པའི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་རིག་པར་
བྱ་སྟེ། འདི་ལྟར་རེས་འགའ་ནི་མངོན་པར་རྟོག་ཅིང་ཀུན་ཏུ་ཚོལ་ལོ། །རེས་འགའ་ནི་སོ་སོར་རྟོག་གོ། །རེས་འགའ་ནི་ཉོན་མོངས་པ་ཅན་དུ་འགྱུར་རོ། །རེས་འགའ་ནི་ཉོན་མོངས་པ་ཅན་མ་ཡིན་ནོ། །གང་གི་ཚེ་གཟུགས་ལ་སོགས་པའི་སོ་སོར་རྣམ་པར་རིག་པའི་རྣམ་པར་ཤེས་པ་དེ་ཅིའི་ཕྱིར་མིག་ལ་
སོགས་པའི་རྣམ་པར་ཤེས་པ་ཞེས་བྱའི་གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་ཞེས་མི་བྱ་ཞེ་ན། ཚིག་རྣམ་པར་སྦྱར་བ་རྣམ་པ་ལྔ་འཐད་པ་དང་། གཟུགས་ལ་སོགས་པའི་ཚིག་མི་འཐད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། མིག་ལ་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གནས་ཀྱི་ཡུལ་ལ་
རྣམ་པར་ཤེས་པ་འབྱུང་བའི་ཕྱིར་རོ། །དེ་ཡོད་ན་དེའང་ཡོད་པའི་ཕྱིར་ཏེ། འདི་ལྟར་མིག་ཡོད་ན་ལོང་བ་མ་ཡིན་པ་རྣམས་ཀྱི་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། ཐ་ན་མུན་པ་ན་ཡང་མཐོང་བའི་ཕྱིར་རོ། །གཟུགས་ཡོད་དུ་ཟིན་ཀྱང་གདོན་མི་ཟ་བར་འབྱུང་བ་མ་ཡིན་ཏེ། ལོང་བ་རྣམས་ཀྱིས་མི་མཐོང་

བའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གཟུགས་མ་གྱུར་ཀྱང་དེའི་དབང་གིས་རྣམ་པར་ཤེས་པ་འགྱུར་བའི་ཕྱིར་རོ། །དཔེར་ན་མིག་སེར་གྱི་ནད་ཀྱིས་བཏབ་ན་གཟུགས་སྔོན་པོ་ལ་སོགས་པ་ལ་ཡང་མིག་གིས་སེར་པོ་ཉིད་དུ་མཐོང་བ་ལྟ་བུའོ། །མིག་
ལས་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། མིག་ནི་མིག་གི་རྣམ་པར་ཤེས་པའི་ས་བོན་དང་འབྲེལ་བ་སྟེ། དེ་ལས་འགྲུབ་པའི་ཕྱིར་རོ། །མིག་གི་ཕྱིར་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ་དེ་ལ་ཕན་པའི་ཕྱིར་རོ། །འདི་ལྟར་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་མྱོང་
བས་དབང་པོ་ལ་ཕན་གནོད་དུ་འགྱུར་གྱི་ཡུལ་ལ་ནི་མ་ཡིན་ནོ། །མིག་དང་མཚུངས་པའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གཉི་ག་ཡང་སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་རོ། །གཟུགས་ནི་གདོན་མི་ཟ་བར་སེམས་ཅན་གྱི་གྲངས་སུ་གཏོགས་པ་མ་ཡིན་ནོ། །ཅི་མིག་གིས་
གཟུགས་རྣམས་མཐོང་ངམ། འོན་ཏེ་རྣམ་པར་ཤེས་པས་མཐོང་ཞེ་ན། ཆོས་རྣམས་ནི་བྱེད་པ་མེད་པའི་ཕྱིར་གཅིག་གིས་ཀྱང་མི་མཐོང་ལ། ཅིག་ཤོས་ཀྱིས་ཀྱང་མི་མཐོང་བར་རིག་པར་བྱ་སྟེ། ཚོགས་པར་གྱུར་པ་ལས་མཐོང་བར་གདགས་སོ། ཡང་རྣམ་པ་དྲུག་གིས་ནི་མིག་གིས་གཟུགས་
མཐོང་ངོ་ཞེས་གཙོ་བོར་རིག་པར་བྱའོ། །རྣམ་པར་ཤེས་པས་ནི་མ་ཡིན་ནོ། །རྣམ་པ་དྲུག་གང་ཞེ་ན། འབྱུང་བའི་རྒྱུའི་ཕྱིར་མིག་ལས་དེ་འབྱུང་བའི་ཕྱིར་རོ། །དེའི་གནས་ཀྱི་ཕྱིར་མཐོང་བའི་རྟེན་མིག་ཡིན་པའི་ཕྱིར་རོ། །མི་གཡོ་བར་འཇུག་པའི་ཕྱིར་མིག་ནི་རྟག་ཏུ་རིགས་གཅིག་པའི་ཕྱིར་རོ། །
རང་དབང་དུ་འཇུག་པའི་ཕྱིར་སྐད་ཅིག་རེ་རེ་ལ་འབྱུང་བ་རྐྱེན་ཚོགས་པ་ལ་མི་ལྟོས་པའི་ཕྱིར་རོ། །མཛེས་པར་འཇུག་པའི་ཕྱིར་དེས་གནས་མཛེས་པའི་ཕྱིར་རོ། །ལུང་གི་ཕྱིར་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པ་དེ་ཐམས་ཅད་ནི་རྣམ་པར་ཤེས་པ་ལ་མི་
སྲིད་པའི་ཕྱིར་རོ། །འདི་ནི་རྣམ་པ་མང་པོར་འབྱུང་བས་གཡོ་བར་འཇུག་པ་ཉིད་དུ་རིག་པར་བྱའོ། །ཇི་ལྟར་ཁམས་རྣམས་དང་སྐྱེ་མཆེད་རྣམས་ལ་འདུས་མ་བྱས་རྣམ་པར་གཞག་པ་དེ་བཞིན་དུ་ཕུང་པོ་རྣམས་ལ་ཅིའི་ཕྱིར་རྣམ་པར་མ་བཞག་ཅེ་ན། ཕུང་པོའི་དོན་མེད་པའི་ཕྱིར་རོ། །གཟུགས་ལ་

སོགས་པ་ནི་འདས་པ་ལ་སོགས་པའི་རྣམ་པ་དག་གིས་བསྡུས་ཏེ། སྤུངས་པའི་དོན་ནི་ཕུང་པོའི་དོན་དུ་བསྟན་ལ། དེ་ནི་རྟག་ཏུ་ཡོད་པ་མ་ཡིན་པས་ཕུང་པོ་རྣམས་ལ་འདུས་མ་བྱས་རྣམ་པར་མི་གཞག་གོ། །ཅིའི་ཕྱིར་ཆོས་འདི་རྣམས་ཕུང་པོ་དང་ཁམས་འདི་རྣམས་སྐྱེ་མཆེད་ཀྱི་སྒོ་ནས་
ལོགས་ཤིག་ཏུ་བཤད་ཅེ་ན། གདུལ་བྱ་རྣམས་བསྡུས་པ་དང་། རྒྱས་པར་བསྟན་པ་ལ་མཁས་པ་བསྐྱེད་པའི་ཕྱིར་ཏེ། འདི་ལྟར་ཕུང་པོ་བསྟན་པ་ལ་གཟུགས་དང་རྣམ་པར་ཤེས་པ་གང་དག་མདོར་བསྟན་པ་དེ་དག་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པ་བཅུ་གཅིག་དང་། རྣམ་པ་བདུན་དུ་ཕྱེ་ནས་རྒྱས་པར་
བསྟན་ཏེ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེར་ཚོར་བ་ལ་སོགས་པ་གང་དག་རྒྱས་པར་བསྟན་པ་དེ་དག་ནི་ཁམས་དང་སྐྱེ་མཆེད་རྣམས་སུ་ཆོས་ཀྱི་ཁམས་དང་སྐྱེ་མཆེད་དུ་བསྡུས་ཏེ་བསྟན་ཏོ། །ཡང་མཚན་ཉིད་ཙམ་རྣམ་པར་གཞག་པས་ཕུང་པོ་བསྟན་ཏོ། །འཛིན་པ་དང་གཟུང་བ་དང་འཛིན་པར་བྱེད་
པ་རྣམ་པར་གཞག་པས་ཁམས་བསྟན་ཏོ། །འཛིན་པར་བྱེད་པ་སྐྱེ་བའི་སྒོར་གྱུར་པ་གཟུང་བ་དང་། འཛིན་པ་ཙམ་རྣམ་པར་གཞག་པས་སྐྱེ་མཆེད་བསྟན་པར་རིག་པར་བྱའོ། །ཞར་ལས་བྱུང་བ་རྫོགས་སྷོ།། །།འདི་མན་ཆད་དུ་ནི་རྩ་བའི་གཞུང་ཉིད་ཀྱི་དོན་བཤད་པར་བལྟའོ། །དགྲ་བཅོམ་
པ་ཐ་མའི་མིག་གོ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཐ་མ་སྟེ། དེ་ནི་མིག་གཞན་གྱི་རྒྱུ་ཡིན་པས་ཁམས་མ་ཡིན་ནོ། །གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་མིག་གི་རྒྱུའོ་ཞེས་བྱ་བ་ནི་དེ་ནས་ཤི་འཕོས་ཏེ། གཟུགས་ཅན་གྱི་ཁམས་སུ་སྐྱེ་བའི་མིག་གི་ས་བོན་ཀུན་གཞིའི་རྣམ་པར་
ཤེས་པ་ལ་གནས་པ་ལས་འདི་ལྟར་ཡང་མིག་མངོན་པར་འགྲུབ་པར་འགྱུར་བ་སྟེ། ཡང་ཕྱིར་མི་འོང་བས་ན་འཕགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །ལུས་ཀྱི་ཁམས་ཡིན་ལ་ལུས་མ་ཡིན་པ་ལ་ཡང་གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་རྒྱུའོ་ཞེས་བྱ་བ་འདིར་བརྗོད་པར་བྱ་སྟེ། སྒོ་ངའི་ནང་ན་
འདུག་པ་ལ་སོགས་པ་ལ་ནི་ལུས་ཡོད་པའི་ཕྱིར་རོ། །ལུས་ཞིག་པ་ནི་མི་འཚོ་བའི་ཕྱིར་རོ། །ཡིད་ཀྱི་ཁམས་ཡིད་ལ་ཡིད་མ་ཡིན་པའང་ཡོད་ཅེས་བྱ་བ་ལ། འདིར་འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པ་མ་སྨོས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པའི་ཕྱིར་རོ། །བྱུང་ཞིང་སྐྱེས་པར་གྱུར་

ཞེས་བྱ་བ་ནི་འགྲུབ་པ་དང་རྒྱས་པར་འགྱུར་བའི་དབང་དུ་བྱས་པ་སྟེ་གོ་རིམས་བཞིན་ནོ། གཟུགས་མེད་པ་ན་སྤྱོད་པའི་ཡིད་ཀྱིས་གཟུགས་མེད་པ་ན་སྤྱོད་པ་རང་གི་ས་པ་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་ཀྱི་དབང་དུ་བྱས་པ་སྟེ། ཕྱི་རོལ་གྱི་སོ་
སོའི་སྐྱེ་བོ་ནི་རང་གི་ས་པ་རྣམས་ཉིད་རྣམ་པར་ཤེས་ཀྱི་ཆོས་འདི་པ་ནི་ལ་ལ་སྔོན་ཐོས་པས་ཡོངས་སུ་བསྒོམས་པའི་དབང་གིས་ས་གོང་མ་ལ་ཡང་དམིགས་ཏེ་བསྐྱེད་པའི་ཕྱིར་རོ། །གཟུགས་ཇི་ལྟ་བ་དེ་བཞིན་དུ་མྱོང་ངོ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་དབང་པོ་དང་། ཡུལ་གཉིས་
ལས་བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བའི་ཕྱིར་རོ། །ཚོར་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་འདུ་ཤེས་སུ་བྱེད་དོ་ཞེས་བྱ་བ་ནི་ཇི་ལྟར་མྱོང་བ་དེ་བཞིན་དུ་མཚན་མར་འཛིན་པའི་ཕྱིར་རོ། །ཇི་ལྟར་འདུ་ཤེས་སུ་བྱེད་པ་དེ་བཞིན་དུ་སེམས་པར་བྱེད་དོ་ཞེས་བྱ་བ་ནི་འདུ་ཤེས་ཇི་ལྟ་བ་དེ་བཞིན་དུ་མངོན་
པར་འདུ་བྱེད་པའི་ཕྱིར་རོ། །སེམས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པར་བྱེད་དེ། དེ་དང་དེར་ཉེ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟར་མངོན་པར་འདུས་བྱས་པའི་ཡུལ་རྣམས་ལ་འགྲོ་བ་གཞན་རྣམས་སུ་རྣམ་པར་ཤེས་པར་འགྱུར་བའི་ཕྱིར་རོ། །གང་དུ་ཀུན་ནས་ཉོན་མོངས་
པ་དང་། རྣམ་པར་བྱང་བ་ཞེས་བྱ་བ་ནི་དབང་པོ་དང་བཅས་པའི་ལུས་ལའོ། །མྱོང་བ་གང་གིས་ཞེས་བྱ་བ་ནི་ཟང་ཟིང་དང་བཅས་པ་དང་། ཟང་ཟིང་མེད་པ་ལ་སོགས་པ་དང་གོ་རིམས་བཞིན་ནོ། །མཚན་མར་འཛིན་པ་དང་མངོན་པར་འདུ་བྱེད་པ་གང་གིས་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་དང་
ཚུལ་བཞིན་དུ་འཇུག་པས་སོ། །གང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བ་ནི་སེམས་གནས་ངན་ལེན་དང་བཅས་པ་དང་གནས་ངན་ལེན་མེད་པར་འབྱུང་བའི་ཕྱིར་རོ། །སྲིད་པ་རྣམ་པ་བཅུ་གཅིག་གི་སྐབས་ཀྱི་གཟུགས་ལ་སོགས་པ་འདས་པ་ལ་སོགས་པའི་རྣམ་པས་རྣམ་པར་གཞག་པར་
རིག་པར་བྱའོ། །དེ་ཡང་བལྟས་པའི་སྲེད་པ་དང་། མངོན་པར་དགའ་བའི་སྲེད་པ་དང་། ལྷག་པར་ཆགས་པའི་སྲེད་པ་དང་། བདག་ལ་སྲེད་པ་དང་། ཡུལ་ལ་སྲེད་པ་དང་། འདོད་པ་ལ་སྲེད་པ་དང་། སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཉེས་པར་སྤྱད་པའི་སྡུག་བསྔལ་ལ་སྲེད་པ་དང་།

ལེགས་པར་སྤྱད་པའི་བདེ་བ་ལ་སྲེད་པ་དང་། རིང་བ་ལ་སྲེད་པ་དང་། ཉེ་བ་ལ་སྲེད་པ་སྟེ། སྲེད་པ་འདི་དག་གི་དམིགས་པ་ཉིད་ཀྱིས་གོ་རིམས་བཞིན་དུ་འདས་པ་ལ་སོགས་པའི་རྣམ་པར་སྦྱོར་བར་བྱའོ། །ཡང་རྣམ་གྲངས་གཞན་དུ་ན་བྱུང་བ་དང་མ་བྱུང་བའི་བྱེ་བྲག་དང་།
འཛིན་པ་དང་གཟུང་བའི་བྱེ་བྲག་དང་། ཕྱི་རོལ་དུ་བལྟས་པ་དང་། ནང་དུ་བལྟས་པའི་བྱེ་བྲག་དང་། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་བྱེ་བྲག་དང་། རིང་བ་དང་ཉེ་བའི་བྱེ་བྲག་དང་། འདས་པ་ལ་སོགས་པ་ཇི་ལྟར་མཐུན་མཐུན་དུ་རིག་པར་བྱའོ། །དེ་ལ་བྱུང་བ་ནི་འདས་
པ་དང་ད་ལྟར་རོ། །མ་བྱུང་བ་ནི་མ་འོངས་པའོ། །འཛིན་པ་ནི་ནང་གིའོ། །གཟུང་བ་ནི་ཕྱིའོ། །ཕྱི་རོལ་དུ་བལྟས་པ་ནི་མཉམ་པར་མ་བཞག་པའི་ས་པའིའོ། །ནང་དུ་བལྟས་པ་ནི་མཉམ་པར་བཞག་པའི་ས་པའིའོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །སྡུག་བསྔལ་ནི་ཤིན་ཏུ་རྒྱས་པའི་
མཚན་ཉིད་ཁོ་ནའི་ཕྱིར་ཏེ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་བརྟེན་ནས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྒྱས་པར་འགྱུར་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ཁུར་ཁྱེར་བ་ཉིད་ཀྱི་ཕྱིར་ཏེ་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ། གཟུགས་ལ་སོགས་པ་ལ་བརྟེན་
པའི་ཕྱིར་ཏེ། དཔེར་ན་འཇིག་རྟེན་ན་ཕྲག་པས་ཁུར་ཁྱེར་བའི་ཕྱིར་ལུས་ཀྱི་ཕྱོགས་གང་གིས་ཁུར་ཁྱེར་བ་དེ་ལ་ཕྲག་པ་ཞེས་འདོགས་པ་མཐོང་སྟེ་དེ་དང་མཚུངས་སོ། །ཆོས་ཐམས་ཅད་ཀྱི་ས་བོན་གྱི་དོན་ཏོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྒྱུའི་དབང་དུ་བྱས་པ་དང་། རང་གི་མཚན་ཉིད་འཛིན་
པའི་དོན་ཏོ། །འབྲས་བུ་དང་རྒྱུའི་དངོས་པོ་འཛིན་པ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་པོ་དག་ལ་རྣམ་པར་ཤེས་པའི་ཁམས་དྲུག་དང་། དབང་པོ་དང་དོན་གྱི་ཁམས་རྣམས་གོ་རིམས་བཞིན་ནོ། །ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་ནས་འཛིན་པ་ཞེས་བྱ་བ་ནི་མདོ་སྡེ་གཞན་དག་ལས་སའི་ཁམས་ལ་
སོགས་པ་དང་། ཁམས་གཞན་དག་བསྟན་པ་དག་ཀྱང་ཁམས་བཅོ་བརྒྱད་པོ་འདི་དག་གི་ནང་དུ་ཇི་ལྟར་མཐུན་མཐུན་དུ་བསྡུ་བར་རིག་པར་བྱའོ། །ས་བོན་གྱི་དོན་དང་ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་པའི་དོན་ནི་སྐྱེ་མཆེད་ཀྱི་དོན་དུ་ཡང་རིག་པར་བྱའོ། །གཟུགས་ལ་སོགས་པ་ནི་དབུ་བ་རྡོས་

པ་ལ་སོགས་པ་ལྟ་བུ་ཉིད་དེ། མེད་པ་དང་། གསོབ་དང་། གསོག་དང་། སྙིང་པོ་མེད་པར་སྣང་བར་རིག་པར་བྱའོ། །མདོའི་ཚིག་འདི་རྣམས་ཀྱི་དོན་ནི་བདག་དང་གཙང་བ་དང་། བདེ་བ་དང་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོ་སྟེ། བདག་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིག་
རྣམས་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཞེས་འདྲི་བ་གསུམ་རྣམ་པར་འཇོག་པ་ནི་མཚན་ཉིད་དང་། དངོས་པོ་ལ་རྨོངས་པ་དང་། སྒྲོ་འདོགས་པ་སྤོང་བའི་ཕྱིར་རོ། །དེ་ལ་ཇི་ལྟར་རྫས་སུ་ཡོད་ཅེས་བྱ་བ་ནི་རྫས་སུ་ཡོད་པའི་མཚན་ཉིད་བསྟན་པས་དེ་ལ་རྨོངས་པ་སྤོང་ངོ་། །
ཐམས་ཅད་ཀྱང་རྫས་སུ་ཡོད་པའོ་ཞེས་བྱ་བ་འདིས་ནི་དངོས་པོ་ལ་རྨོངས་པ་སྤོང་བ་དག་ལ་རྫས་སུ་མངོན་པར་ཞེན་པ་སྤོང་བའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་སྒྲོ་འདོགས་པ་སྤོང་ངོ་། །དེ་བཞིན་དུ་གཞན་རྣམས་ལའང་སྦྱོར་བར་བྱའོ། །དབང་པོའི་སྤྱོད་ཡུལ་བརྗོད་པ་ལ་མི་ལྟོས་པ་ནི་འདི་ལྟ་
སྟེ་གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པའི་མིང་བཀྲ་བར་མི་འཛིན་པར་དོན་གང་ཡིན་པ་འཛིན་པ་ཡིན་ནོ། །དེ་ལས་གཞན་པ་ལ་མི་ལྟོས་པ་ནི་འདི་ལྟ་སྟེ། དོན་གཞན་ལ་མི་ལྟོས་པ་དེའི་བློ་འབྱུང་བ་སྟེ། ཇི་ལྟར་གཟུགས་ལ་སོགས་པ་ལ་ལྟོས་ནས་བུམ་པ་ལ་སོགས་པ་ལ་བུམ་པ་ལ་
སོགས་པའི་བློ་འབྱུང་བ་ལྟ་བུ་ནི་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པར་འགྱུར་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་འཕེལ་བའི་ཕྱིར་རོ། །བདག་ནི་ཀུན་ནས་ཉོན་མོངས་པའི་རྒྱུའོ་སྙམ་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །རྣམ་པར་དག་པར་འགྱུར་བའི་
དམིགས་པ་ནི་དོན་དམ་པར་ཡོད་པ་སྟེ། ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་ལས་གཞན་མ་ཡིན་པའི་ཕྱིར་རོ། །གང་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའོ་ཞེས་བྱ་བ་ནི་སེམས་
ལས་བྱུང་བ་འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པར་རིག་པར་བྱའོ། །དེའི་གནས་སྐབས་གང་ཡིན་པ་ཞེས་བྱ་བ་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་དག་ལ་བཏགས་པ་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ། །རྣམ་པར་བྱང་བ་གང་

ཡིན་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། དེ་ནི་ཅི་རིགས་སུ་སྦྱར་རོ། །ཡང་ཤེས་པ་རྣམ་པ་བཅུ་གསུམ་གྱི་ཡུལ་གང་ཡིན་པ་དེ་ནི་ཤེས་བྱ་སྟེ། དེ་དག་ནི་ཐོས་པ་ལས་བྱུང་བའི་ཤེས་པ་དང་། བསམས་པ་ལས་བྱུང་བའི་ཤེས་པ་དང་། འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བའི་
ཤེས་པ་དང་། དོན་དམ་པ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་། ཐེག་པ་ཆེན་པོ་ཤེས་པ་
སྟེ། དེ་དག་ནི་གོ་རིམས་བཞིན་དུ་མོས་པའི་ཤེས་པ་ལ་སོགས་པར་རིག་པར་བྱའོ། དེ་ལ་གཞན་གྱི་སེམས་ཤེས་པ་ནི་གཞན་གྱི་བདག་ཉིད་ཤེས་པ་སྟེ། གཞན་གྱི་བདག་ཉིད་ཀྱི་སེམས་ཡུལ་ཡིན་པའི་ཕྱིར་རོ། །ཆོས་ཤེས་པ་ནི་འོག་མ་ཤེས་པ་སྟེ། བདེན་པ་རྣམས་ལ་ཐོག་མར་འབྱུང་བའི་ཕྱིར་རོ། །
རྗེས་སུ་རྟོགས་པའི་ཤེས་པ་ནི་གོང་མ་ཤེས་པ་སྟེ། ཆོས་ཤེས་པའི་འོག་ཏུ་འབྱུང་བའི་ཕྱིར་རོ། །རྣམ་པར་སུན་འབྱིན་པའི་ཕྱིར། ཀུན་ནས་མི་ལྡང་བར་བྱ་བའི་ཕྱིར། མི་སྐྱེ་བ་ཤེས་པ་ལ་མཐར་ཐུག་པ་དོན་ཆེན་པོ་ལ་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་སུན་འབྱིན་པའི་ཤེས་པ་ནས་དོན་ཆེན་པོའི་
ཤེས་པ་ཞེས་བྱ་བའི་བར་དུ་སྦྱར་བར་བྱའོ། །དོན་ཆེན་པོ་ནི་བདག་དང་གཞན་གྱི་དོན་གྱི་ཕྱིར་རོ། །རྣམ་པར་མི་རྟོག་པས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གིས་སོ། །རྣམ་པར་རྟོག་པས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །རྒྱུས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པས་སོ། །འཇུག་
པ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའོ། །རྒྱུ་མཚན་ནི་དབང་པོ་དང་དོན་རྣམས་སོ། །རྒྱུ་མཚན་ལས་བྱུང་བའི་རྣམ་པར་ཤེས་པ་རྣམས་སོ། །མི་མཐུན་པ་དང་གཉེན་པོ་ནི་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་ཞེས་བྱ་བ་ལ་
སོགས་པའོ། །ཕྲ་བའི་རབ་ཏུ་ཕྱེ་བས་ཞེས་བྱ་བ་ནི་རྣམ་པར་ཤེས་པར་དཀའ་བའི་རྣམ་པར་རིག་པ་རྣམ་པ་བདུན་གྱི་བྱེ་བྲག་གིས་ཏེ། རྣམ་པར་ཤེས་པར་དཀའ་བའི་རྣམ་པར་རིག་པ་བདུན་ནི་འདི་ལྟ་སྟེ། མ་རིག་པའི་རྣམ་པར་རིག་པ་ནི་སྣོད་ཀྱི་རྣམ་པར་རིག་པ་ཕྲ་བ་སྟེ། དུས་ཐམས་ཅད་དུ་རྣམ་པ་ཡོངས་སུ་

མ་ཆད་པའི་ཕྱིར་རོ། །སྣ་ཚོགས་ཀྱི་རྣམ་པའི་རྣམ་པར་རིག་པ་ནི་གཅིག་གི་རྣམ་པ་ནི་གཅིག་དང་སྣ་ཚོགས་ཏེ། རྣམ་པར་གཞག་པར་དཀའ་བའི་ཕྱིར་འདི་ནི་ཕྲ་བ་ཉིད་དོ། །ལྷན་ཅིག་འབྱུང་བའི་རྣམ་པར་རིག་པ་ནི་དུས་གཅིག་ཏུ་འབྱུང་བའི་རྣམ་པར་ཤེས་པ་རྣམས་ཇི་ལྟར་སོ་སོར་རང་གི་ཡུལ་ཇི་ལྟ་བ་
བཞིན་དུ་ཡོངས་སུ་གཅོད་པ་རྣམ་པར་གཞག་པར་དཀའ་བའི་ཕྱིར་རོ། །ཕྲ་བ་ཉིད་ཅེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་ལས་གཉེན་པོ་མྱུར་དུ་འབྱུང་བའི་རྣམ་པར་རིག་པ་ནི་ཇི་ལྟར་འདོད་ཆགས་ལ་སོགས་པའི་འཆིང་བ་ཐམས་ཅད་དང་ལྡན་པའི་སེམས་ཏེ། ཡུད་ཙམ་
ཉིད་ལ་ཐང་ཅིག་ཏུ་འདོད་ཆགས་ལ་སོགས་པ་དང་བྲལ་བར་འགྱུར་བའོ། །བག་ཆགས་ཀྱི་རྣམ་པར་རིག་པ་ནི་ཇི་ལྟར་ལས་ཀུན་ཏུ་འབྱུང་བ་རྣམས་ཀྱིས་སེམས་ལ་བག་ཆགས་བསྒོ་བར་འགྱུར་བ་སྟེ། དེ་ལས་བག་ཆགས་གཞན་པའང་མ་ཡིན་ལ་དེ་ཙམ་ཉིད་ཀྱང་མ་ཡིན་ཏེ། འབྲས་བུ་འབྱིན་པའང་
རིམ་གྱིས་འབྱུང་བ་རྙེད་པའོ། །ཉིང་མཚམས་སྦྱོར་བའི་རྣམ་པར་རིག་པ་ནི་ཇི་ལྟར་ལུས་རྣམ་པ་དུ་མར་འགྲུབ་པའི་ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ཡོད་པ་དང་། དེ་བཞིན་དུ་འཆི་བའི་དུས་ན་ཤིན་ཏུ་མི་གསལ་བའི་ཚེ་འཕྲལ་ལ་ལས་ཀྱི་བག་ཆགས་གང་ཡང་རུང་བ་ཞིག་སད་ཅིང་
རྒྱས་ནས་འགྲོ་བ་གང་ཡང་རུང་བ་ཞིག་ཏུ་ཉིང་མཚམས་སྦྱོར་བར་འགྱུར་རོ། །གྲོལ་བའི་རྣམ་པར་རིག་པ་ནི་དགྲ་བཅོམ་པའི་སེམས་མཆོག་ཏུ་སྤྲོས་པ་མེད་པའི་ཆོས་ཉིད་ཐོབ་པ་འཁོར་བ་ན་འདྲིས་པ་ཟག་པ་དང་བཅས་པའི་སྤྱོད་པའི་རྣམ་པ་ཐམས་ཅད་ལ་ཡང་དག་པར་ཤིན་ཏུ་འདས་པ་སྟེ། རྣམ་པ་
འདིས་རྣམ་པར་གཞག་པར་དཀའ་བའི་ཕྱིར་འདི་ཕྲ་བ་ཉིད་དུ་རིག་པར་བྱའོ། །མཐོང་བ་པོ་ལ་སོགས་པ་སྨོས་པས་ནི་མཐོང་བ་པོ་དང་། ཉན་པ་པོ་དང་། སྨོན་པ་པོ་དང་། མྱོང་བ་པོ་དང་། རེག་པ་པོ་དང་། རྣམ་པར་ཤེས་པ་པོ་ཞེས་བྱ་བ་འདི་དག་བསྡུ་བར་རིག་པར་བྱའོ། །མངོན་པར་ཤེས་པར་
བྱ་བ་ནི་མངོན་པར་ཤེས་པ་དྲུག་གི་ཡུལ་ལོ། །འགྲོ་བའི་བྱེ་བྲག་གིས་རབ་ཏུ་ཕྱེ་བའི་ཕྱིར་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་སྟེ། དེའི་ཡུལ་ནི་ཀུན་ཏུ་འགྲོ་བའི་ཕྱིར་མངོན་པར་ཤེས་པར་བྱ་བ་ཉིད་དོ། རྣ་བའི་མངོན་པར་ཤེས་པས་འགྲོ་བ་སྣ་ཚོགས་ཀྱི་སྒྲ་ཡང་ཡོངས་སུ་ཤེས་པས་ན་རྗེས་སུ་ཐོས་པའོ། །

སྤྱོད་པ་ལ་འཇུག་པའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དང་བཅས་པའི་སེམས་ཤེས་པའི་ཕྱིར་རོ། །འོངས་པའི་ཕྱིར་ཞེས་བྱ་བ་ནི་འདས་པའི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཞེས་པའི་ཕྱིར་རོ། །འགྲོ་བའི་ཕྱིར་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བར་འགྲོ་བ་ཤེས་པའི་
ཕྱིར་རོ། །ངེས་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཁམས་གསུམ་ལས་ངེས་པར་ཐར་པ་དང་། ཐབས་ཤེས་པའི་ཕྱིར་རོ། །ཐམས་ཅད་ཀྱང་མངོན་པར་ཤེས་པར་བྱ་བ་དག་གོ་ཞེས་བྱ་བ་ནི་ཐམས་ཅད་ཀྱང་ཐ་མ་གསུམ་གྱི་ཡུལ་ཡིན་པའི་ཕྱིར་རོ། །གཟུགས་ནི་ཆོས་དེའི་བདག་ཉིད་དང་ངོ་བོ་ཉིད་ཡིན་
ཏེ། དེའི་ཕྱིར་དེ་གཟུགས་ཅན་ཡིན་གྱི་གཟུགས་གཞན་དང་ལྡན་པའི་ཕྱིར་ནི་མ་ཡིན་ཏེ། གཟུགས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་བར་དུ་བརྗོད་པར་འགྱུར་རོ། །འབྱུང་བ་རྟེན་དུ་གྱུར་པ་ཞེས་བྱ་བ་ནི་གཟུགས་གཞན་དང་ལྡན་པའི་ཕྱིར་ཡང་གཟུགས་ཅན་ཉིད་དུ་སྟོན་ཏེ། རྒྱུར་བྱས་པའི་གཟུགས་ནི་འབྱུང་
བའི་གཟུགས་དང་ལྡན་པ་དང་། འབྱུང་བའི་གཟུགས་རྣམས་ཀྱང་ནང་ཕན་ཚུན་ལྡན་པའི་ཕྱིར་རོ། །དགའ་བའི་ཀུན་འབྱུང་བ་ཞེས་བྱ་བ་ནི་དགའ་བ་ཉིད་གང་གི་ཀུན་འབྱུང་བ་ཡིན་པ་དེ་གཟུགས་ཅན་ཡིན་གྱི། ཇི་ལྟར་ཚོར་བ་ལ་སོགས་པའི་ཀུན་འབྱུང་བ་ནི་སྔོན་གྱི་དགའ་བ་དང་། ད་ལྟར་བྱུང་
བའི་རེག་པ་ལ་སོགས་པ་ཡང་ཡིན་པ་ལྟ་བུ་ནི་མ་ཡིན་ནོ། །ཕྱོགས་དང་བཅས་པ་ཞེས་བྱ་བ་ནི་ཆ་ཤས་དང་བཅས་པའི་ཕྱིར་རོ། །ཡུལ་ལ་ཁྱབ་པའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་རྣམས་སུ་ལུས་ཀྱིས་རྒྱས་པའི་ཕྱིར་རོ། །ཡུལ་ཉེ་བར་བསྟན་དུ་རུང་བའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་
པར་ནུས་པའི་ཕྱིར་རོ། །ཡུལ་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་འགའ་ཞིག་ན་འདུག་པར་དམིགས་པར་འགྱུར་བའི་ཕྱིར་རོ། །གཉིས་སྤྱོད་ཡུལ་དུ་འཛིན་པ་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གཉིས་མཚུངས་པར་དམིགས་པར་འགྱུར་བའི་ཕྱིར་རོ། །གཟུགས་ཅན་མ་ཡིན་པ་ནི་དེ་
ལྟ་མ་ཡིན་ཏེ། ཇི་ལྟར་བདག་གིས་མྱོང་བ་བཞིན་དུ་གཞན་དག་གིས་ཤེས་པར་མི་ནུས་པའི་ཕྱིར་རོ། །འབྲེལ་པའི་ཕྱིར་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་བརྒྱུད་པས་གཟུགས་ཅན་ཉིད་དེ། དབང་པོ་གཟུགས་ཅན་དང་འབྲེལ་པའ