Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 128

Văn bản gốc(Tây Tạng)

Trang 10 / 13 (50.000 ký tự/trang)
མ་པར་གཡེང་བའི་ཕྱིར་ཡང་མ་ཡིན། ནང་གི་སེམས་ལས་སུ་མི་རུང་ཞིང་དྲན་པའི་ཕྱིར་ཡང་འཇུག་པར་མི་འགྱུར་བ་ཡིན་ཏེ། དེ་ནི་མི་
འགལ་བའི་སྦྱོར་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་སྦྱོར་བ་གང་ཞེ་ན། མོས་པར་བྱས་ཤིང་མོས་པར་བྱས་ནས། དམིགས་པ་རྣམ་པར་བསྒོམ་པ་ནི་ཡང་དག་པའི་སྦྱོར་བ་ཞེས་བྱ་སྟེ། གལ་ཏེ་མི་སྡུག་པ་ལ་རབ་ཏུ་བརྩོན་པར་བྱེད་ན། ཡང་མཚན་མ་ཙམ་དུ་རྗེས་སུ་འབྲང་བའི་ལྷག་
མཐོང་གིས་མི་སྡུག་པའི་རྣམ་པ་དག་གིས། མི་སྡུག་པ་ཡིད་ལ་བྱེད་དེ་དེས་དམིགས་པ་ཡིད་ལ་བྱེད་པ་དེ་མྱུར་བ་མྱུར་བར་རྣམ་པར་བསྒོམ་པར་བྱ་ཞིང་། མྱུར་བ་མྱུར་བར་མངོན་སུམ་དུ་བྱའོ། །རྣམ་པར་བསྒོམ་པ་ཡང་རྣམ་པ་ལྔ་སྟེ། སེམས་ནང་དུ་མངོན་པར་སྡུད་པར་བྱེད་པ་དང་།
དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་དང་། དེ་ལས་གཞན་པ་ཡིད་ལ་བྱེད་པ་དང་། གཉེན་པོ་ཡིད་ལ་བྱེད་པ་དང་། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའོ། །དེ་ལ་ལྷག་མཐོང་སྔོན་དུ་བཏང་བའི་སེམས་གནས་པ་རྣམ་པ་དགུས་ནི། སེམས་ནང་དུ་མངོན་པར་སྡུད་པར་བྱེད་དོ། །
མཚན་མ་ཐམས་ཅད་ལ་མི་ཕྱོགས་ཤིང་རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར་དང་པོ་ནས་ཉེ་བར་གཏོད་པས་ནི། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པར་རིག་པར་བྱེད་དོ། །མཉམ་པར་གཞག་པའི་ས་པའི་དམིགས་པ་ལས་མཉམ་པར་གཞག་པའི་སའི་ཆོས་ཉིད་ཀྱི་དམིགས་པ་གཞན་
དག་ཡིད་ལ་བྱེད་པ་ནི། དེ་ལས་གཞན་པས་ཡིད་ལ་བྱེད་པ་ཡིན་ནོ། །སྡུག་པའི་གཉེན་པོ་མི་སྡུག་པ་ནས་རྣམ་པར་རྟོག་པའི་གཉེན་པོ་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པ་དང་། གཟུགས་ཀྱི་གཉེན་པོ་ནམ་མཁའི་ཁམས་ཀྱི་བར་དག་ཡིད་ལ་བྱེད་པ་ནི། གཉེན་པོ་ཡིད་ལ་

བྱེད་པ་ཡིན་ནོ། །མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང་། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པ་ནི། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པ་ཡིན་ནོ། །དམིགས་པ་རྣམ་པར་བསྒོམ་པ་དེ་དག་ནི་ཁྱབ་པའི་དམིགས་པའི་མཚན་ཉིད་དུ་རྣམ་པར་གཞག་པ་ཡིན་མོད་ཀྱི། དོན་གྱི་
སྐབས་འདིར་ནི་སེམས་ནང་དུ་མངོན་པར་སྡུད་པར་བྱེད་པ་དང་། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ཡིན་པར་དགོངས་སོ། །དེ་ལ་ལས་དང་པོ་པ་ལས་ཐོག་མ་པས་ནི་དང་པོ་ཁོ་ནར་མི་སྡུག་པའམ། དེ་ལས་གཞན་པའི་དམིགས་པ་གང་ལ་ཡང་སེམས་ཉེ་བར་གཏད་པར་མི་བྱ་བར་
རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར། ཇི་བདག་གི་སེམས་མཚན་མ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ཞི་བ་དང་། རབ་ཏུ་ཞི་བ་དང་། འགུལ་བ་མེད་པ་དང་། གཡོ་བ་མེད་པ་དང་། འབད་པ་མེད་པ་དང་། རྩོལ་བ་མེད་པར་ནང་དུ་མངོན་པར་དགའ་བ་ཡིན་ནམ་ཞེས་རབ་ཏུ་བརྩོན་
པར་བྱ་སྟེ། དེ་ལྟར་རབ་ཏུ་བརྩོན་པར་བྱེད་པ་ན། ཕྱི་རོལ་གྱི་མཚན་མ་བྱུང་ངོ་ཅོག་ཐམས་ཅད་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་དེ། དེ་ནི་དེའི་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པས་དམིགས་པ་རྣམ་པར་སྒོམ་པར་བྱེད་པ་ཡིན་ནོ། །དེ་དེ་ལ་རྣལ་འབྱོར་དུ་བྱེད་པ་ན།
དགའ་བ་སྐྱེད་པར་བྱེད་ཅིང་། མི་སྡུག་པ་ལ་སོགས་པའི་དམིགས་པ་མཚན་མ་དང་བཅས་ཤིང་རྣམ་པར་རྟོག་པ་དང་བཅས་པ་དག་ལ་སྤྱོད་པར་བྱེད་དོ། །ཇི་ལྟར་སྤྱོད་པར་བྱེད་ཅེ་ན། མཚན་མའི་རྗེས་སུ་འཇུག་པ་དང་། ཡོངས་སུ་ཚོལ་བའི་རྗེས་སུ་འཇུག་པ་དང་། སོ་སོར་རྟོག་པའི་རྗེས་སུ་འཇུག་པའི་ལྷག་མཐོང་གིས་
སྤྱོད་པར་བྱེད་དེ། ལྷག་མཐོང་ལ་གཅིག་ཏུ་བརྩོན་པ་ནི་མ་ཡིན་ཏེ། ཡང་ལྷག་མཐོང་གི་མཚན་མ་ལས་ཕྱིར་བཟློག་ནས། ཞི་གནས་ཀྱི་རྣམ་པས་དམིགས་པ་དེ་ཉིད་ཡིད་ལ་བྱེད་དོ། །དེས་དེའི་ཚེ་ན་དམིགས་པ་དེ་མ་བཏང་མ་བཟུང་བ་ཡིན་ཏེ། གང་གི་ཕྱིར་དམིགས་པ་དེ་ལ་ཞི་གནས་སུ་འཇུག་
པར་བྱེད་པ་དེའི་ཕྱིར་ནི་མ་བཏང་བ་ཡིན་ནོ། །གང་གི་ཕྱིར་མཚན་མར་མི་བྱེད་ཅིང་། རྣམ་པར་རྟོག་པར་མི་བྱེད་པ་དེའི་ཕྱིར་ནི་མ་བཟུང་བ་ཡིན་ཏེ། དེ་ལྟར་ན་སེམས་ནང་དུ་མངོན་པར་སྡུད་པའི་སྒོ་ནས་དམིགས་པ་རྣམ་པར་སྒོམ་པར་བྱེད་པ་ཡིན་ནོ། །དེ་ལ་ལྷག་མཐོང་གི་མཚན་མ་མ་བཟུང་བ་དང་ལྡན་པའི་

དམིགས་པ་ནི་རྣམ་པར་གཡེང་བ་མེད་པ་ཡིན་ནོ། །ཞི་གནས་ཀྱི་མཚན་མ་མ་བཟུང་བ་དང་ལྡན་པའི་དམིགས་པ་ནི་ཤེས་བྱའི་དངོས་པོའི་མཚན་མ་ཡིན་ནོ། །གལ་ཏེ་དེ་གཅིག་ཏུ་དམིགས་པ་ལ་མོས་པར་བྱེད་ལ། ཡང་དང་ཡང་དུ་རྣམ་པར་སྒོམ་པར་མི་བྱེད་ན། དེའི་མོས་པ་
ནི་འདི་ལྟ་སྟེ་ཤེས་བྱའི་དངོས་པོ་མངོན་སུམ་དུ་རྟོགས་པར་བྱ་བའི་ཕྱིར་གོང་ནས་གོང་དུ་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བར་མི་འགྱུར་རོ། །གང་གི་ཕྱིར་མོས་པར་ཡང་བྱེད་ལ། ཡང་དང་ཡང་དུ་རྣམ་པར་སྒོམ་པར་བྱེད་ན་ནི། དེའི་ཕྱིར་དེའི་མོས་པ་འདི་ལྟ་སྟེ། ཤེས་བྱའི་དངོས་པོ་མངོན་སུམ་དུ་
རྟོགས་པར་བྱ་བའི་ཕྱིར་གོང་ནས་གོང་དུ་ཆེས་ཡོངས་སུ་དག་པ་དང་། ཆེས་ཡོངས་སུ་བྱང་བར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་རི་མོ་མཁན་གྱི་སློབ་མ་ཞིག་དང་པོ་ཁོ་ནར་རི་མོའི་ལས་ལ་བརྩོན་པར་གྱུར་ན། དེ་སློབ་དཔོན་ལས་བསླབ་པ་སྔར་བྱས་ཤིང་དཔེ་བླངས་པ་ལས་བལྟས་ཤིང་བལྟས་ཤིང་རི་མོ་
འདྲི་བར་བྱེད་དོ། །བྲིས་ཤིང་བྲིས་ཤིང་རྣམ་པར་དཔྱོད་པར་བྱེད། ཕྱིར་འབྱེད་པར་བྱེད་ཅིང་ཡང་འདྲི་བར་བྱེད་དོ། །དེ་ཇི་ལྟ་ཇི་ལྟར་ཕྱིས་ཤིང་ཕྱིས་ཤིང་འདྲི་བར་བྱེད་པ་དེ་ལྟ་དེ་ལྟར་གོང་ནས་གོང་དུ་རི་མོ་ཆེས་ཡོངས་སུ་དག་པ་དང་། ཆེས་ཡོངས་སུ་བྱང་བར་སྣང་སྟེ། དེ་ལྟར་ལེགས་པར་བརྩོན་
པར་བྱེད་པ་ནི་དུས་གཞན་ན་ནི། སློབ་དཔོན་དང་འདྲ་བའམ། དེ་བས་ཀྱང་ཁྱད་པར་དུ་འཕགས་པར་འགྱུར་རོ། །གལ་ཏེ་རི་མོ་དེ་མ་ཕྱིས་པར་དེ་ཉིད་ཀྱི་སྟེང་དུ་ཡང་དང་ཡང་དུ་འདྲི་བར་བྱེད་ན་ནི་དེའི་རི་མོ་དེ་ནམ་དུ་ཡང་ཡོངས་སུ་བྱང་བར་མི་འགྱུར་བ་དེ་བཞིན་དུ། འདི་ལ་ཡང་ཚུལ་བཞིན་དེ་དང་
འདྲ་བར་རིག་པར་བྱའོ། །དེ་ལ་དམིགས་པ་ཇི་ཙམ་ལ་མོས་པར་བྱེད་པ་དེ་ཙམ་རྣམ་པར་སྒོམ་པར་བྱེད་ཀྱི་ཇི་ཙམ་རྣམ་པར་སྒོམ་པར་བྱེད་པ་དེ་ཙམ་ལ་མོས་པར་བྱེད་པ་ནི་མ་ཡིན་ཏེ། ཆུང་ངུ་ལ་མོས་པར་བྱེད་པ་ན་ཡང་ཆུང་ངུ་ཉིད་རྣམ་པར་སྒོམ་པར་བྱེད་ལ་ཆེན་པོར་གྱུར་པ་དང་ཚད་མེད་པ་ལ་ཡང་དེ་
བཞིན་ནོ། །རྣམ་པར་བསྒོམས་ནས་ཀྱང་ལན་འགའ་ནི་ཆུང་ངུ་ཉིད་ལ་མོས་པར་བྱེད་དོ། །ལན་འགའ་ནི་ཆེན་པོར་གྱུར་པ་དང་། ཚད་མེད་པ་ལ་མོས་པར་བྱེད་དེ། ཆེན་པོར་གྱུར་པ་དང་ཚད་མེད་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་གཟུགས་ཅན་གྱི་ཆོས་རྣམས་ཀྱི་མཚན་མ་དང་།

གཟུགས་བརྙན་དང་། སྣང་བརྙན་གང་ཡིན་པ་དེ་ནི་རགས་པ་སྟེ། སྤྲུལ་པ་ལྟ་བུ་ཡིན་ནོ། །གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ཀྱི་ནི་ཇི་ལྟར་ཉམས་སུ་མྱོང་བ་དང་། སྣང་བའི་དབང་དུ་བྱས་པའི་མིང་དང་བརྡ་སྔོན་དུ་བཏང་བ་ཙམ་དུ་ཟད་དེ་དེ་ནི་ཡང་དག་པའི་སྦྱོར་བ་ཞེས་བྱའོ། །དཀར་པོའི་ཕྱོགས་
ཀྱི་སྦྱོར་བ་རྣམ་པ་དགུ་པོ་དེ་དག་ནི་ཞི་གནས་དང་། ལྷག་མཐོང་དང་། རྗེས་སུ་མཐུན་པ་ཡིན་པར་རིག་པར་བྱའོ། །དེ་ལས་བཟློག་པ་རྣམ་པ་དགུ་པོ་ནི་མི་མཐུན་པ་ཡིན་ནོ། །དེ་དག་ནི་ནག་པོ་དང་དཀར་པོའི་ཕྱོགས་རྣམ་པར་གཞག་པའི་སྦྱོར་བ་རྣམ་པ་བཅོ་བརྒྱད་ཡིན་ཏེ། དེ་ནི་སེམས་རྩེ་
གཅིག་པ་ཉིད་ཅེས་བྱའོ། །དེ་ལ་སྒྲིབ་པ་རྣམ་པར་སྦྱོང་བ་གང་ཞེ་ན། སྨྲས་པ། དེ་ལྟར་ཡང་དག་པར་རབ་ཏུ་བརྩོན་པར་བྱེད་པའི་རྣལ་འབྱོར་པ་ནི། རྒྱུ་རྣམ་པ་བཞི་པོ་ངོ་བོ་ཉིད་ཡོངས་སུ་ཤེས་པ་དང་། གཞི་ཡོངས་སུ་ཤེས་པ་དང་། ཉེས་དམིགས་ཡོངས་སུ་ཤེས་པ་དང་། གཉེན་
པོ་བསྒོམ་པ་དག་གིས་སྒྲིབ་པ་དག་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ལ་སྒྲིབ་པའི་ངོ་བོ་ཉིད་གང་ཞེ་ན། སྨྲས་པ། སྒྲིབ་པའི་ངོ་བོ་ཉིད་ནི་རྣམ་པ་བཞི་སྟེ། ཡོངས་སུ་གདུང་བ་དང་། སྒྲིབ་པ་དང་། རྣམ་པར་རྟོག་པ་དང་། བདག་ཉིད་རབ་ཏུ་འཛིན་པའོ། །དེ་ལ་ཡོངས་སུ་
གདུང་བ་ནི་ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པ་ལ་བརྩོན་པའི་ཉོན་མོངས་པ་ཅན་གྱི་འདོད་པ་དང་། མི་དགའ་བ་དང་། སྤྲོ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་གང་ཡིན་པའོ། །དེ་ལ་སྒྲིབ་པ་ནི་འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་ལྔ་པོ་དག་གོ། །དེ་ལ་རྣམ་པར་རྟོག་པ་ནི་
འདོད་པའི་རྣམ་པར་རྟོག་པ་ལ་སོགས་པའི་ཉོན་མོངས་པ་ཅན་གྱི་རྣམ་པར་རྟོག་པ་རྣམས་སོ། །དེ་ལ་བདག་ཉིད་རབ་ཏུ་འཛིན་པ་ནི། ཡེ་ཤེས་དང་། མཐོང་བ་དང་། རེག་པར་གནས་པ་ཅུང་ཟད་ཙམ་དང་། ངན་ངོན་ཙམ་གྱིས་བདག་ནི་ཐོབ་པ་ཡིན་གྱི་གཞན་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་
རྒྱས་པར་སྔ་མ་བཞིན་དུ་ང་རྒྱལ་བྱེད་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་སྒྲིབ་པའི་ངོ་བོ་ཉིད་ཡིན་ནོ། དེ་ལ་ཡོངས་སུ་གདུང་བའི་གཞི་ནི་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། སྔོན་གྱི་ལས་ཀྱི་དབང་དང་། ནད་ཀྱིས་ཡོངས་སུ་ཉོན་མོངས་པས་ལུས་ཉམ་ཆུང་བ་དང་། ཧ་ཅང་བརྩོན་པ་དང་།

ངན་པས་བརྩོན་པ་དང་། དང་པོ་བརྩོན་པ་དང་། ཉོན་མོངས་པ་མང་བ་དང་། དབེན་པ་ལ་མ་གོམས་པའོ། །སྒྲིབ་པ་དང་རྣམ་པར་རྟོག་པ་དང་། བདག་ཉིད་རབ་ཏུ་འཛིན་པའི་གཞི་ནི་སྒྲིབ་པ་དང་མཐུན་པ་དང་། རྣམ་པར་རྟོག་པ་དང་མཐུན་པ་དང་།
བདག་ཉིད་རབ་ཏུ་འཛིན་པ་དང་མཐུན་པའི་ཆོས་རྣམས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང་ལན་མང་དུ་བྱེད་པ་སྟེ། དེ་ནི་སྒྲིབ་པ་དང་རྣམ་པར་རྟོག་པ་དང་། བདག་ཉིད་རབ་ཏུ་འཛིན་པའི་གཞི་ཡིན་ནོ། །འདིར་ཚུལ་བཞིན་མ་ཡིན་པ་ཞེས་བྱ་བ་ནི་མི་སྡུག་པ་ཡིད་ལ་མ་བྱས་པས་སྡུག་པ་ཡིད་ལ་
བྱེད་པ་གང་ཡིན་པའོ། །དེ་བཞིན་དུ་བྱམས་པ་ཡིད་ལ་མ་བྱས་པས་ཁོང་ཁྲོ་བའི་མཚན་མ་དང་། སྣང་བའི་འདུ་ཤེས་ཡིད་ལ་མ་བྱས་པས་མུན་མའི་མཚན་མ་དང་། ཞི་གནས་ཡིད་ལ་མ་བྱས་པས་ཉེ་དུའི་རྣམ་པར་རྟོག་པ་དང་ལྗོངས་ཀྱི་རྣམ་པར་རྟོག་པ་དང་། སྔོན་རྩེས་པ་དང་བགད་
པ་དང་། དགའ་བར་བྱས་པ་དང་། དགའ་མགུར་སྤྱད་པ་དག་ཡིད་ལ་བྱེད་པ་དང་། རྐྱེན་འདི་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་དུ་བྱས་ནས་དུས་གསུམ་གྱི་འདུ་བྱེད་རྣམས་ལ་ངའོ་ཞེའམ་བདག་གོ་ཞེས་རིགས་པ་མ་ཡིན་པས་བསྐྱེད་པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་ནི་
འདིར་ཚུལ་བཞིན་མ་ཡིན་པ་ཞེས་བྱའོ། །དེ་ལ་ཉེས་དམིགས་གང་ཞེ་ན། སྒྲིབ་པ་རྣམ་པ་བཞི་པོ་དེ་དག་ཉིད་ཡོད་ཅིང་མེད་པ་མ་ཡིན་ན། མ་རྟོགས་པ་མི་རྟོགས་པ་དང་། རྟོགས་པ་ལས་ཉམས་པ་དང་། རྣལ་འབྱོར་གྱི་སྦྱོར་བ་ཉམས་པ་དང་། ཀུན་ནས་ཉོན་མོངས་པ་ཅན་དུ་
གནས་པ་དང་། སྡུག་བསྔལ་བར་གནས་པ་དང་། དེ་བདག་ཉིད་ཀྱིས་སྨད་པ་དང་། གཞན་གྱིས་སྨད་པ་དང་། ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ནི་ཉེས་དམིགས་ཡིན་ནོ།། །།ཉན་ཐོས་ཀྱི་ས་བམ་པོ་བཅོ་ལྔ་པ། དེ་ལ་གཉེན་པོ་
བསྒོམ་པ་གང་ཞེ་ན། དེ་ལ་ཡོངས་སུ་གདུང་བའི་གཉེན་པོ་ནི་རྗེས་སུ་དྲན་པ་དག་སྟེ། རྗེས་སུ་དྲན་པ་ཡིད་ལ་བྱེད་པས་དེའི་སེམས་ཡང་དག་པར་རབ་ཏུ་དགའ་བར་བྱས་ནས། ཡོངས་སུ་གདུང་བ་སྐྱེས་པ་ནི་སེལ་བར་བྱེད་ལ། མ་སྐྱེས་པ་ནི་མི་སྐྱེ་བར་བྱེད་པའི་ཕྱིར་རོ། །དེ་ལ་ལུས་

ཉམ་ཆུང་བ་གང་ཡིན་པ་དང་། ཧ་ཅང་བརྩོན་པ་གང་ཡིན་པ་དང་། དང་པོ་བརྩོན་པ་གང་ཡིན་པའི་གཉེན་པོ་ནི་དེ་ལ་བརྩོན་འགྲུས་རན་པར་བརྩོན་པ་ཡིན་ནོ། །ངན་པས་བརྩོན་པ་གང་ཡིན་པའི་གཉེན་པོ་ནི་དེ་ལ་གུས་པར་ཡོངས་སུ་འདྲི་བ་ཡིན་ནོ། །ཉོན་མོངས་པ་མང་བ་གང་ཡིན་པ་དེའི་
གཉེན་པོ་ནི་མི་སྡུག་པ་ལ་སོགས་པའི་དམིགས་པ་དག་ལ་ཇི་རིགས་པར་རབ་ཏུ་སྦྱོར་བ་ཡིན་ནོ། །དབེན་པ་ལ་མ་གོམས་པ་གང་ཡིན་པ་དེའི་གཉེན་པོ་ནི་འདི་ལྟར་སོ་སོར་རྟོག་པར་བྱེད་པ་ཡིན་ཏེ། བདག་གིས་སྔོན་ཡང་གོམས་པར་མ་བྱས་པས་དེས་ན། ད་ལྟར་བདག་དབེན་པ་ལ་རབ་ཏུ་བརྩོན་པ་ན།
ཡོངས་སུ་གདུང་བ་སྐྱེ་བར་འགྱུར་ཏེ། གལ་ཏེ་ད་ལྟར་དབེན་པ་ལ་གོམས་པར་མ་བྱས་ན་དེ་ཕྱི་མ་ལ་ཡང་ཡང་སྲིད་པ་འདི་ལྟ་བུ་འབྱུང་བར་འགྱུར་བས། བདག་གིས་སོ་སོར་བརྟགས་ནས་མི་དགའ་བ་སྤང་བར་བྱ་ཞིང་དགའ་བར་བྱའོ་ཞེས་རྣམ་པ་དེ་ལྟར་སོ་སོར་རྟོག་པ་ཡིན་ནོ། །སྒྲིབ་པ་ལྷག་མ་རྣམས་
ཀྱི་གཉེན་པོ་ནི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བཟློག་པ། ཚུལ་བཞིན་ཡིད་ལ་བྱེད་པ་སྒོམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ངོ་བོ་ཉིད་ཡོངས་སུ་ཤེས་ནས་སྒྲིབ་པ་དང་། ཀུན་ནས་ཉོན་མོངས་པ་དང་། ནག་པོའི་ཕྱོགས་ཀྱི་སྒོ་ནས། འདི་ནི་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ་
ཞེས་གཞི་ཡོངས་སུ་སྤངས་ནས། དེ་ཡང་ཡོངས་སུ་སྤོང་བར་འགྱུར་རོ་ཞེས་གཞི་ཡོངས་སུ་ཚོལ་བར་བྱེད་དོ། །ཡོངས་སུ་མ་སྤངས་ན། ཡོངས་སུ་སྤང་བར་བྱ་བ་དེ་ལ་ཉེས་པ་ཅི་ཡོད་ཅེས་དེའི་ཕྱིར་ཉེས་དམིགས་ཡོངས་སུ་ཚོལ་བར་བྱེད་དོ། །ཡོངས་སུ་སྤངས་པ་དེ་ལ་ཕྱིས་ཇི་ལྟར་མི་སྐྱེ་བར་འགྱུར་ཞེས་དེའི་ཕྱིར་
གཉེན་པོ་སྒོམ་པར་བྱེད་དེ། དེ་ལྟར་ན་དེས་སྒྲིབ་པ་དག་ལས་སེམས་རྣམ་པར་སྦྱང་བ་ཡིན་ནོ། །དེ་ལ་དེ་ཇི་ཙམ་དུ་ལྷག་མཐོང་དང་རྗེས་སུ་མཐུན་པའི་བཤད་པ་མང་པོ་དེ་ཙམ་དུ་ནི་ལྷག་མཐོང་མང་བ་ཡིན་ནོ། དེ་ཇི་ཙམ་དུ་ལྷག་མཐོང་མང་བ་དེ་ཙམ་དུ་ནི་ཞི་གནས་ཀྱང་མང་བ་ཡིན་ནོ། །ལྷག་མཐོང་དེ་ཡང་ཤེས་
བྱ་མཐའ་ཡས་པའི་ཕྱིར་མཐའ་ཡས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྒོ་གསུམ་དང་། གཞི་རབ་ཏུ་དབྱེ་བ་དྲུག་པོ་དེ་དག་རེ་རེའི་རྣམ་པ་དང་། རབ་ཏུ་དབྱེ་བ་དག་ལ་འཇུག་པའི་ཚུལ་གྱིས་སོ། །ཇི་ལྟ་ཇི་ལྟར་ཡང་དག་པར་རབ་ཏུ་བརྩོན་པའི་ལྷག་མཐོང་གོམས་པ་དང་། ཡོངས་སུ་དག་པའི་

སྟོབས་ཀྱི་དབང་དུ་བྱས་ཏེ། ཡངས་པ་དང་། འཕེལ་བ་དང་། རྒྱས་པར་གྱུར་པ་དེ་ལྟ་དེ་ལྟར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་སྐྱེད་པར་བྱེད་པ་ཞི་གནས་ཀྱི་ཕྱོགས་ཀྱང་ཡངས་པ་དང་། འཕེལ་བ་དང་། རྒྱས་པར་འབྱུང་བར་རིག་པར་བྱའོ། །ཇི་ལྟ་ཇི་ལྟར་དེའི་ལུས་
དང་སེམས་ཤིན་ཏུ་སྦྱངས་པ་དེ་ལྟ་དེ་ལྟར་དམིགས་པ་ལ་སེམས་རྩེ་གཅིག་པ་ཉིད་རྣམ་པར་འཕེལ་བར་འགྱུར་ལ། ཇི་ལྟ་ཇི་ལྟར་སེམས་རྩེ་གཅིག་པ་ཉིད་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཡང་རྣམ་པར་འཕེལ་བར་འགྱུར་ཏེ། ཆོས་གཉིས་པོ་འདི་ལྟ་སྟེ། སེམས་རྩེ་གཅིག་
པ་ཉིད་དང་། ཤིན་ཏུ་སྦྱངས་པ་དེ་དག་ནི་གཅིག་ལ་གཅིག་བརྟེན་པ་དང་། གཅིག་ལ་གཅིག་རག་ལས་པ་ཡིན་ནོ། །འདི་ལྟ་སྟེ་སེམས་རྩེ་གཅིག་པ་ཉིད་དང་། ཤིན་ཏུ་སྦྱངས་པའི་ཆོས་དེ་གཉིས་ཀྱི་མཐའ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་གནས་ཡོངས་སུ་གྱུར་པ་ཡིན་ནོ། །དེ་ཡོངས་སུ་གྱུར་པ་ན་ཤེས་བྱའི་
དངོས་པོ་ལ་མངོན་སུམ་གྱི་ཤེས་པ་སྐྱེའོ། །དེ་ལ་ཇི་ཙམ་གྱིས་ན་མི་སྡུག་པ་ཐོབ་པ་དང་། དེ་བཞིན་དུ་སྦྱར་ཏེ། ཇི་ཙམ་གྱིས་ན་དབུགས་འབྱུང་བ་དང་། དབུགས་རྔུབ་པ་དྲན་པའི་བར་དག་ཐོབ་པ་ཡིན་ཞེ་ན། འདི་ལྟར་རྣལ་འབྱོར་པ་དེས་མི་སྡུག་པའི་སྦྱོར་བ་ཀུན་དུ་བསྟེན་ཅིང་གོམས་པར་བྱས། ལན་
མང་དུ་བྱས་པའི་རྒྱུས་ན། རྒྱུ་ཡང་རུང་། གནས་ཀྱང་རུང་སྟེ། ཡུལ་མངོན་དུ་གྱུར་ཅིང་མཚན་མར་སོ་སོར་བརྟགས་སུ་ཟིན་ཀྱང་། མངོན་པར་འདུ་བྱེད་པ་མེད་པར་རང་བཞིན་གྱིས་མི་སྡུག་པ་ཉིད་དུ་ཆེས་མང་དུ་སྣང་སྟེ། འདི་ལྟ་སྟེ། མི་སྡུག་པ་ཤིན་ཏུ་གོམས་པར་བྱ་བའི་ཕྱིར། འདོད་པའི་
འདོད་ཆགས་དང་མཐུན་པའི་ཆོས་རྣམས་ལ་སེམས་འཇུག་པར་མི་འགྱུར། དགའ་བར་མི་འགྱུར། མོས་པར་མི་འགྱུར་ཞིང་བཏང་སྙོམས་དང་། ཡིད་འབྱུང་བ་དང་མི་མཐུན་པར་ཀུན་དུ་གནས་ན། རྣལ་འབྱོར་པས་བདག་ནི་མི་སྡུག་པ་ཐོབ་པ་ཡིན་ནོ། །བདག་ནི་བསྒོམས་པའི་
འབྲས་བུ་ཐོབ་པ་ཡིན་ནོ་ཞེས་རིག་པར་བྱ་སྟེ། དེ་ཙམ་གྱིས་ན་མི་སྡུག་པ་ཐོབ་པ་ཡིན་ནོ། །དེ་ལས་བཟློག་པ་ནི་མ་ཐོབ་པ་ཡིན་པར་རིག་པར་བྱའོ། །མི་སྡུག་པ་ཇི་ལྟ་བ་བཞིན་དུ། བྱམས་པ་དང་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཁམས་རབ་ཏུ་དབྱེ་བ་དང་། དབུགས་

འབྱུང་བ་དང་། དབུགས་རྔུབ་པ་དྲན་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། བྱམས་པའི་སེམས་ཆེས་མང་དུ་སྣང་ལ། ཁོང་ཁྲོ་བའི་སེམས་མེད་པ་དང་། གནོད་སེམས་དང་ལྡན་པའི་ཆོས་རྣམས་ལ་སེམས་མི་འཇུག་གོ་ཞེས་རྒྱས་པར་བྱ་བ་དང་། མི་རྟག་པ་དང་།
སྡུག་བསྔལ་བ་དང་། བདག་མེད་པར་ཆོས་མང་དུ་སྣང་ལ། རྟག་པ་དང་། བདེ་བ་དང་། འཇིག་ཚོགས་ལ་ལྟ་བ་དང་ལྡན་པ་མེད་པ་དང་། ཀུན་དུ་རྨོངས་པར་འགྱུར་བའི་མཚན་མ་དང་། ཀུན་དུ་རྨོངས་པར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་གོ་ཞེས་རྒྱས་པར་བྱ་
བ་དང་། ཁམས་སྣ་ཚོགས་པ་དང་། ཁམས་དུ་མ་པའི་ལུས་ལ་རིལ་པོར་རབ་ཏུ་འབྱེད་པའི་འདུ་ཤེས་ཆེས་མང་དུ་སྣང་ལ། རིལ་པོའི་འདུ་ཤེས་ཉིད་མེད་པ་དང་། ང་རྒྱལ་གྱི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་གོ་ཞེས་རྒྱས་པར་བྱ་བ་དང་། ནང་ཉེ་བར་ཞི་
བའི་འདུ་ཤེས་དང་། ཞི་གནས་ཀྱི་འདུ་ཤེས་ཆེས་མང་དུ་སྣང་ལ། སྤྲོས་པའི་འདུ་ཤེས་མེད་པ་དང་། རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཇུག་གོ་ཞེས་རྒྱས་པར་བྱ་བའོ། །དེ་ལ་ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཅིང་། མཉམ་
པར་ཟུང་དུ་འཇུག་པ་དང་། གང་གིས་ན་ཟུང་དུ་འབྲེལ་པར་འཇུག་པའི་ལམ་ཞེས་བྱ་ཞེ་ན། སྨྲས་པ། སེམས་གནས་པ་རྣམ་པ་དགུ་པོ་དག་ལ་འདི་ལྟ་སྟེ། མཉམ་པར་གཞག་པའི་རྣམ་པ་དགུ་པོ་གང་ཡིན་པ་དེ་ཐོབ་པར་གྱུར་ཅིང་དེ་ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་དེ་ལ་བརྟེན་ནས་ལྷག་པའི་
ཤེས་རབ་ཆོས་རྣམ་པར་འབྱེད་པར་བྱེད་པ་ལ་རབ་ཏུ་བརྩོན་པར་བྱེད་དོ། །དེའི་ཚེ་ནི་ཆོས་རྣམ་པར་འབྱེད་པར་བྱེད་པ་དེའི་ལམ་རང་གི་ངང་གིས་འཇུག་པ་དང་རྩོལ་བ་མེད་པར་འཇུག་པར་འགྱུར་ཞིང་། ཞི་གནས་ཀྱི་ལམ་ཇི་ལྟ་བ་བཞིན་དུ་མངོན་པར་འདུ་བྱེད་པ་མེད་པས། ལྷག་མཐོང་ཡོངས་སུ་དག་པ་དང་།
ཡོངས་སུ་བྱང་བ་དང་། ཞི་གནས་ཀྱི་རྗེས་སུ་སོང་བ་དང་། ཉམས་བདེ་བས་ཡོངས་སུ་ཟིན་པར་འགྱུར་ཏེ། དེའི་ཕྱིར་དེའི་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཅིང་མཉམ་པར་ཟུང་དུ་འཇུག་པ་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་ཞེས་བྱའོ། །བར་གྱི་

སྡོམ་ནི། མཚན་མ་ཙམ་དང་ཡོངས་བཙལ་དང་། སོ་སོར་རྟོག་པའི་སྒོ་དང་ལྡན། །དོན་དང་དངོས་པོ་མཚན་ཉིད་དང་། །ཕྱོགས་དང་དུས་དང་རིགས་པ་དང་། །མཐུན་དང་གོམས་དང་མ་ནོར་དང་། །མི་ལྷོད་དུས་དང་ཉེར་བརྟགས་དང་། །ཆོག་མི་ཤེས་དང་མི་འགལ་དང་། །
ཡང་དག་སྦྱོར་བ་ཉིད་རྣམས་ནི། །རྣམ་པ་དགུ་པོ་གཉིས་སུ་འདོད། །ངོ་བོ་ཉིད་དང་གཞི་དང་ནི། །ཉེས་དམིགས་གཉེན་པོ་བསྒོམ་པ་ནི། །སྒྲིབ་པ་རྣམ་པར་སྦྱོང་བ་ཡིན། །དེ་ལ་ཡིད་ལ་བྱེད་པ་བསྒོམ་པ་གང་ཞེ་ན། སྨྲས་པ། དེ་ལྟར་ཁྱབ་པའི་མཚན་ཉིད་རྣམ་པར་གཞག་པ་ལ། སེམས་རྩེ་གཅིག་པ་
ཉིད་དང་། སྒྲིབ་པ་རྣམ་པར་སྦྱོང་བའི་ལོག་པར་སྦྱོར་བ་སྤོང་བར་བྱེད་ཅིང་། ཡང་དག་པའི་སྦྱོར་བ་ལ་སློབ་པར་བྱེད་པའི་ལས་དང་པོ་ལས་ཐོག་མ་པ་སྟེ། དང་པོར་སེམས་རྩེ་གཅིག་པ་ཉིད་དང་། སྤོང་བ་ལ་མངོན་པར་དགའ་བ་ཐོབ་པར་བྱའོ་ཞེས་ཡིད་ལ་བྱེད་པ་རྣམ་པ་བཞིས་རབ་ཏུ་བརྩོན་པར་བྱེད་དོ། །བཞི་
གང་ཞེ་ན། སེམས་ཀུན་དུ་གདུང་བར་འགྱུར་བའི་ཡིད་ལ་བྱེད་པ་དང་། སེམས་མངོན་པར་བརླན་པར་འགྱུར་བའི་ཡིད་ལ་བྱེད་པ་དང་། ཤིན་ཏུ་སྦྱངས་པ་སྐྱེད་པའི་ཡིད་ལ་བྱེད་པ་དང་། ཡེ་ཤེས་དང་མཐོང་བ་རྣམ་པར་སྦྱོང་བའི་ཡིད་ལ་བྱེད་པས་སོ། །དེ་ལ་སེམས་ཀུན་དུ་གདུང་བར་འགྱུར་བའི་ཡིད་ལ་བྱེད་པ་གང་
ཞེ་ན། སྨྲས་པ། ཡིད་ལ་བྱེད་པ་གང་གིས་དེ་ཀུན་དུ་སྐྱོ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་ཀུན་དུ་སྐྱོ་བར་བྱེད་པ་སྟེ། དེ་ནི་སེམས་ཀུན་དུ་གདུང་བར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་སེམས་མངོན་པར་བརླན་པར་འགྱུར་བའི་ཡིད་ལ་བྱེད་པ་གང་ཞེ་ན། སྨྲས་པ། ཡིད་ལ་
བྱེད་པ་གང་གིས་དེ་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མངོན་པར་དགའ་བར་བྱེད་པ་སྟེ། དེ་ནི་སེམས་མངོན་པར་བརླན་པར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་ཤིན་ཏུ་སྦྱངས་པ་སྐྱེད་པའི་ཡིད་ལ་བྱེད་པ་གང་ཞེ་ན། སྨྲས་པ། ཡིད་ལ་བྱེད་པ་གང་གིས་དེ་
དུས་དུས་སུ་ཀུན་དུ་སྐྱོ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་ཀུན་དུ་སྐྱོ་བར་བྱས་ཤིང་། དུས་དུས་སུ་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མངོན་པར་དགའ་བར་བྱས་ནས། སེམས་ནང་དུ་ཞི་བར་བྱེད་ཅིང་། མཚན་མ་མེད་པ་དང་རྣམ་པར་རྟོག་པ་མེད་པ་

ལ་ཉེ་བར་འཇོག་པར་ཡང་བྱེད་ལ། དྲན་པ་རྩེ་གཅིག་པ་ལ་ཡང་འཇུག་པར་བྱེད་དེ། རྒྱུ་དེ་དང་རྐྱེན་དེས་དེའི་ལུས་དང་སེམས་ཀྱི་གནས་ངན་ལེན་གྱི་གཉེན་པོ་ལུས་དང་སེམས་རབ་ཏུ་ཚིམ་པར་བྱེད་པ། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་སྐྱེད་པར་བྱེད་པ་སྟེ། དེ་ནི་ཤིན་ཏུ་སྦྱངས་
པ་སྐྱེད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་དང་མཐོང་བ་རྣམ་པར་སྦྱོང་བའི་ཡིད་ལ་བྱེད་པ་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། ནང་གི་སེམས་ཀྱི་ཞི་གནས་དེ་ཉིད་ལ་བརྟེན་ན། དེ་ལྟར་སེམས་ནང་དུ་ཡང་དག་པར་རབ་ཏུ་ཞི་བའི་ཡིད་ལ་བྱེད་པ་དེས། དུས་དུས་སུ་ལྷག་པའི་ཤེས་རབ་
ཆོས་རྣམ་པར་འབྱེད་པ་ལ་ཡང་དང་ཡང་དུ་ཕྱིར་ཞིང་ཕྱིར་ཞིང་རྣལ་འབྱོར་དུ་བྱེད་པ་སྟེ། དེ་ནི་ཡེ་ཤེས་དང་། མཐོང་བ་རྣམ་པར་སྦྱོང་བའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་དེ་ལྟར་དུས་དུས་སུ་ཀུན་དུ་སྐྱོ་བར་འགྱུར་བ་དང་། མཐུན་པའི་ཆོས་རྣམས་ལ་སེམས་ཀུན་དུ་སྐྱོ་བར་བྱེད་པས་ན། དེའི་སེམས་
དེ་འདི་ལྟ་སྟེ། ཟག་པ་རྣམས་ཟག་པ་དང་མཐུན་པའི་ཆོས་རྣམས་ལ་གདུང་བ་དང་། ཀུན་དུ་གདུང་བ་དང་། སྐྱོ་བ་དང་། ཀུན་དུ་སྐྱོ་བར་འགྱུར་རོ། །དེ་ལ་ཀུན་དུ་སྐྱོ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་གང་ཞེ་ན། སྨྲས་པ་བཞི་སྟེ། འདི་ལྟ་སྟེ། བདག་གི་རྒུད་པ་སྟེ། གཞན་གྱི་རྒུད་པ་ཉེ་བར་གྱུར་ཅིང་
མངོན་སུམ་དུ་གྱུར་པ་ན། ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུས་ཀུན་དུ་སྐྱོ་བར་འགྱུར་བ་དང་། མཐུན་པའི་གནས་ཡིན་པ་དང་། བདག་གི་འབྱོར་པ་དང་གཞན་གྱི་འབྱོར་པ་མངོན་པར་འདས་པ་དང་། ཟག་པ་དང་འགགས་པ་དང་བྲལ་བ་དང་རྣམ་པར་གྱུར་པ་ན། ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུས་ཀུན་
དུ་སྐྱོ་བར་འགྱུར་བ་དང་། མཐུན་པའི་གནས་ཡིན་པའོ། །དེ་དེ་ལྟར་དུས་དུས་སུ་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མངོན་པར་དགའ་བར་བྱེད་པ་ན། མངོན་པར་དགའ་བར་གྱུར་པ་དེའི་སེམས་དེ་འདི་ལྟ་སྟེ། མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་
རྣམས་ལ། འཇམ་པ་དང་། སྣུམ་པ་དང་། གཤེར་བ་དང་། རླན་པ་དང་། ཤིན་ཏུ་དང་བ་དང་། རབ་ཏུ་གསལ་བར་འགྱུར་རོ། །དེ་ལ་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་གང་ཞེ་ན། སྨྲས་པ། མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་གནས་ནི་རྣམ་པ་

གསུམ་སྟེ། དཀོན་མཆོག་རྣམས་དང་། བསླབ་པའི་གཞི་ཡོངས་སུ་དག་པ་དང་། བདག་ཉིད་ལ་ཁྱད་པར་རྟོག་པ་འབྱུང་ཞིང་སྐྱེ་བ་ཡོད་པས་སེམས་ཀུན་དུ་འཁྲུག་པ་མེད་པའོ། །དེ་དཀོན་མཆོག་དག་རྗེས་སུ་དྲན་པ་དང་། འདི་ལྟར་སེམས་མངོན་པར་དགའ་བར་
བྱེད་དོ། །བདག་གི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ཡང་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །བདག་གིས་ཚངས་པ་མཚུངས་
པར་སྤྱོད་པ་དག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་པ། དགེ་བའི་ཆོས་ཅན་ཤ་སྟག་ཡིན་པ་ཡང་བདག་གིས་རྙེད་པ་ལེགས་པར་རྙེད་པ་ཡིན་ཏེ། བདག་གི་འཆི་བ་ནི་བཟང་པོ་ཡིན་ནོ། །འཆི་བའི་དུས་བྱེད་པ་ཡང་བཟང་བ་ཡིན་ནོ། །ཚེ་ཕྱི་མ་ཡང་བཟང་བ་ཡིན་ནོ་ཞེས་དེ་ལྟར་དཀོན་མཆོག་
དག་རྗེས་སུ་དྲན་པ་ན། སེམས་མངོན་པར་དགའ་བར་བྱེད་དོ། །བསླབ་པའི་གཞི་ཡོངས་སུ་དག་པ་དང་ཚུལ་ཁྲིམས་ཡོངས་སུ་དག་པ་རྗེས་སུ་དྲན་པ་ན། ཇི་ལྟར་སེམས་མངོན་པར་དགའ་བར་བྱེད་ཅེ་ན། བདག་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེའི་
ལེགས་པར་གསུངས་པའི་ཆོས་འདུལ་བ་དང་། དེ་ལ་ལེགས་པར་ཞུགས་པ་ཉན་ཐོས་ཀྱི་དགེ་འདུན་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་དང་། ཚུལ་ཁྲིམས་མཚུངས་པར་གྱུར་ཅིང་བསླབ་པའི་གཞི་མཚུངས་པར་གྱུར་པ་དང་། ལྟ་བ་མཚུངས་པར་འགྱུར་བ་དང་། རྙེད་པ་མཚུངས་ཤིང་རྙེད་པ་ཐུན་མོང་དུ་ལོངས་
སྤྱོད་པ་དང་། བྱམས་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་ལྡན་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་ཞེས་དེ་ལྟར་བསླབ་པའི་གཞི་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་རྗེས་སུ་དྲན་པ་ན། འདི་ལྟ་སྟེ། འགྱོད་པ་མེད་པ་དང་མཆོག་ཏུ་དགའ་བའི་
རིམ་གྱིས་སེམས་མངོན་པར་དགའ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་བདག་ཉིད་ལ་ཁྱད་པར་རྟོགས་པར་འབྱུང་ཞིང་སྐྱེ་བ་ཡོད་པ་ལ་བརྟེན་ཏེ་སེམས་མངོན་པར་དགའ་བར་བྱེད་ཅེ་ན་བདག་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། མཐུ་ཡོད་ཅིང་སྣོད་དུ་གྱུར་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་དམ་པ་ཡང་དག་

པར་སོང་བ་སྐྱེས་བུ་དམ་པ་དེ་དག་དང་ཚུལ་ཁྲིམས་མཚུངས་པར་གྱུར་པ་དང་། ལྟ་བ་མཚུངས་པར་གྱུར་པ་དང་། རྙེད་པ་ཐུན་མོང་དུ་ལོངས་སྤྱོད་པར་གྱུར་པའི་སྐལ་བ་ཡོད་པ་དང་། བདག་དེ་ལྟར་གྱུར་ཅིང་དེ་ལྟར་ཞུགས་པས་ན། ཚེ་འདི་ཉིད་ལ་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་།
མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་སྐལ་བ་ཡོད་པ་ཡིན་ནོ་ཞེས་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་དོ། །དེ་ལྟར་བདག་ཉིད་ལ་ཁྱད་པར་རྟོགས་པར་འབྱུང་ཞིང་སྐྱེ་བ་ཡོད་པ་ལ་བརྟེན་ཏེ། སེམས་མངོན་པར་དགའ་བར་བྱེད་དོ། །གཞན་ཡང་དེས་སྔ་ཕྱིར་བརྩོན་འགྲུས་བརྩམས་ཏེ་གནས་པ་ན་ཁྱད་
པར་ཐོབ་པར་བྱས་པ་གང་ཡིན་པ་རྗེས་སུ་དྲན་པ་ན། དེའི་གང་དུ་ཡང་ཁྱད་པར་ཐོབ་པར་བྱ་བ་ལ་མངོན་པར་དད་ཅིང་། སེམས་མངོན་པར་དགའ་བར་བྱེད་པ་སྟེ། དེ་ནི་རྣམ་གྲངས་གཞན་ཡིན་ནོ། །དེ་དེ་ལྟར་ཀུན་དུ་སྐྱོ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མངོན་པར་གདུང་བར་བྱེད་
པ་ན། ཟག་པ་རྣམས་དང་ཟག་པ་དང་མཐུན་པར་འགྱུར་བའི་ཆོས་རྣམས་ལ་སེམས་མི་ཕྱོགས་པར་བྱེད་ཅིང་། མི་མཐུན་པར་བྱེད། ཕྱིར་ཕྱོགས་པར་འཇོག་པར་བྱེད། རྣམ་པར་འབྲལ་བར་བྱེད་དོ། །མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་མངོན་པར་དགའ་བར་བྱེད་པ་དང་།
མངོན་པར་རླན་པར་བྱེད་ན་ནི་ངེས་པར་འབྱུང་བ་དང་རབ་ཏུ་དབེན་པ་ལས་སྐྱེས་པའི་ཆོས་རྣམས་ལ་སེམས་སྣུམ་པ་དང་བཅས་པས་མངོན་སུམ་དུ་བྱེད་ཅིང་། ཉེ་བར་སྦྱོར་བར་བྱེད་དགའ་བར་བྱེད། ཀུན་དུ་སྦྱོར་བར་བྱེད་དེ། དེ་ལྟར་ན་དེའི་སེམས་དེ་ཆོས་གཉིས་པོ་འདི་ལྟ་སྟེ། ཀུན་དུ་སྦྱོར་བར་འགྱུར་བ་དང་།
མངོན་པར་དགའ་བར་འགྱུར་བ་དེ་གཉིས་ཀྱིས་ནག་པོའི་ཕྱོགས་ཐམས་ཅད་ལ་མི་ཕྱོགས་པ་དང་། དཀར་པོའི་ཕྱོགས་ཐམས་ཅད་ལ་མངོན་དུ་ཕྱོགས་པ་ལ་འཇུག་པར་འགྱུར་རོ། །དེས་དེ་ལྟར་སེམས་དེ་སེམས་ཀུན་དུ་གདུང་བར་འགྱུར་བའི་ཡིད་ལ་བྱེད་པས་ན་ནག་པོའི་ཕྱོགས་ཐམས་ཅད་ལ་མི་
ཕྱོགས་པར་བྱས་ཤིང་། སེམས་མངོན་པར་བརླན་པར་འགྱུར་བའི་ཡིད་ལ་བྱེད་པས་དཀར་པོའི་ཕྱོགས་ཐམས་ཅད་ལ་མངོན་དུ་ཕྱོགས་པར་བྱས་ནས། དུས་དུས་སུ་འདི་ལྟ་སྟེ། ཤིན་ཏུ་སྦྱངས་པས་སྐྱེད་པའི་ཡིད་ལ་བྱེད་པས་ནང་གི་སེམས་ཀྱི་ཞི་གནས་ལ་རབ་ཏུ་འཇོག་པར་བྱེད་ཅིང་དུས་དུས་སུ་འདི་

ལྟ་སྟེ། ཡེ་ཤེས་དང་མཐོང་བ་རྣམ་པར་སྦྱོར་བའི་ཡིད་ལ་བྱེད་པས། ཆོས་རྣམས་རྣམ་པར་འབྱེད་པར་བྱེད། རབ་ཏུ་རྣམ་པར་འབྱེད་པར་བྱེད། ཡོངས་སུ་རྟོག་པར་བྱེད། ཡོངས་སུ་དཔྱོད་པར་བྱེད་དེ། དེ་ལྟར་ན་དེའི་སེམས་ཞི་གནས་དང་། ལྷག་མཐོང་གིས་ཡོངས་སུ་ཟིན་
ཅིང་། རྣམ་པ་ཐམས་ཅད་དུ་ཡོན་ཏན་ཐམས་ཅད་ཀྱི་རྒྱུར་ཉེ་བར་སོང་བ་ཡིན་པས། དུས་དུས་སུ་ཉིན་མོ་དང་། མཚན་མོ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེ་དང་། དེ་དག་འདས་ནས་ཁྱད་པར་དུ་འགྲོ་བར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་མགར་བའམ། མགར་བའི་སློབ་མ་
མཁས་པ་ཞིག་གིས། གང་གི་ཚེ་གསེར་རམ། དངུལ་ཞིག་དྲི་མ་དང་སྙིགས་མ་ཐམས་ཅད་སྦྱངས་པའི་ཕྱིར། དུས་དུས་སུ་མེར་བསྲེགས་ཤིང་ཆུས་བཀྲུས་ན། རྒྱན་དེ་དང་དེ་དག་ཏུ་བྱ་བ་ལ་མཉེན་ཞིང་ལས་སུ་རུང་བའི་ཚུལ་གྱིས་མངོན་སུམ་དུ་བྱས་པར་འགྱུར་ཏེ། དེ་ལ་མགར་བའམ་མགར་བའི་སློབ་མ་
མཁས་པ་དེ་དང་མཐུན་པའི་བཟོ་ཤེས་པ་དེས་མགར་སྤྱད་ཀྱིས་རྒྱན་གྱི་རྣམ་པ་ཅི་འདོད་པ་དེར་སྒྱུར་བར་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པས་ཀྱང་གང་གི་ཚེ་སེམས་དེ་བརྣབ་སེམས་ལ་སོགས་པའི་དྲི་མ་དང་སྙིགས་མ་ལ་མི་ཕྱོགས་པ་ཉིད་ཀྱིས་སྦྱོར་བར་བྱས་ལ། ཉོན་མོངས་པ་ཅན་གྱི་ཡིད་མི་བདེ་བ་ལ་མི་ཕྱོགས་
པ་ཉིད་དང་། དགེ་བའི་ཕྱོགས་ལ་མངོན་པར་དགའ་བ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱིས་མངོན་པར་དགའ་བར་བྱས་ན། རྣལ་འབྱོར་པ་དེས་སེམས་དེ་ཞི་གནས་ཀྱི་ཕྱོགས་སམ། ལྷག་མཐོང་གི་ཕྱོགས་གང་དང་གང་དག་ལ་ངེས་པར་སྦྱོར་བར་བྱེད་པ་དེ་དང་དེ་དག་ལ་ཤིན་ཏུ་ཉེ་བར་འབྱོར་པ་དང་། ཤིན་ཏུ་རྣལ་འབྱོར་
དུ་འབབ་པ་དང་། མི་གཡོ་བ་དང་། མི་འགུལ་བར་འགྱུར་ཞིང་། ཇི་ལྟར་བསམས་པའི་དོན་ཡང་དག་པར་འགྲུབ་པའི་ཕྱིར་འགྲོ་བར་ཡང་འགྱུར་རོ། །དེ་ལ་ཇི་ལྟར་ན་ལས་དང་པོ་པ་ལས་ཐོག་མ་པ་དེ་ཡིད་ལ་བྱེད་པ་བསྒོམ་པ་ལ་ངེས་པར་སྦྱོར་བར་བྱེད་ཅེ་ན། དེ་དེ་ལྟར་ངེས་པར་སྦྱོར་བར་བྱེད་ཅིང་
སྒྲུབ་པར་བྱེད་པའི་ཚེ། དང་པོར་སྤོང་བ་ལ་མངོན་པར་དགའ་བ་དང་། སེམས་རྩེ་གཅིག་པ་ཉིད་ལ་རེག་པར་བྱེད་པ་ན། རྣལ་འབྱོར་པ་རྣལ་འབྱོར་ཤེས་པ་དེས། ལས་དང་པོ་པ་རྣལ་འབྱོར་ལ་བརྩོན་པ་དེ་ལ་དང་པོར་འདི་སྐད་གདམས་པར་བྱ་སྟེ། བཞིན་བཟངས་ཚུར་ཤོག །ཁྱོད་ཀྱི་མཚན་མར་

འཛིན་པའི་རྒྱུ་གསུམ་པོ་འདི་ལྟ་སྟེ། མཐོང་བའམ། ཐོས་པ་འམ། སེམས་ཀྱི་རྗེས་སུ་དཔག་པའི་དབང་གིས་ཡོངས་སུ་བརྟགས་པ་ལ་བརྟེན་ལ། མཚན་མ་ལྔ་པོ་འདི་ལྟ་སྟེ། ཀུན་ཏུ་སྐྱེ་བར་འགྱུར་བ་དང་། དང་བར་འགྱུར་བ་དང་། ཉེས་དམིགས་ཀྱི་མཚན་མ་དང་། སྣང་བའི་མཚན་མ་དང་།
དངོས་པོ་ལ་བརྟག་པའི་མཚན་མ་དག་ཟུང་ཤིག་ཅེས་གདམས་པར་བྱའོ། དེ་ལ་གལ་ཏེ་ལས་དང་པོ་པ་རྣལ་འབྱོར་ལ་བརྩོན་པ་དེ་འདོད་ཆགས་སྤྱད་པ་ཞིག་ཡིན་ཏེ། མི་སྡུག་པས་འདུལ་བ་ཞིག་ཡིན་ན། དེས་མཚན་མ་ལྔ་པོ་དག་གཟུང་བའི་ཕྱིར། ཇི་སྐད་གདམས་པར་བྱ་ཞེ་ན། དེ་ལ་འདི་སྐད་
གདམས་པར་བྱ་སྟེ། བཞིན་བཟངས་ཚུར་ཤོག། ཁྱོད་གྲོང་ངམ། གྲོང་རྡལ་གང་དང་གང་དག་ལ་བརྟེན་ཅིང་། གནས་པའི་གྲོང་དང་། གྲོང་རྡལ་གང་ཡང་རུང་བ་གཞན་ཞིག་ཏུ་སྐྱེས་པའམ། བུད་མེད་གང་ཡང་རུང་བ་ཞིག་ནད་ཀྱིས་བཏབ་སྟེ། སྡུག་བསྔལ་ཞིང་ནད་ཚབས་ཆེ་བའམ། ཤི་ཞིང་འཆི་བའི་དུས་ལས་
འདས་པར་ཐོས་ཀྱང་རུང་སྐྱེས་པའམ། བུད་མེད་དེ་དེ་ལྟར་མ་གྱུར་ན་ཡང་། སྐྱེས་པའམ་བུད་མེད་དེའི་མཛའ་བཤེས་སམ། བློན་པོའམ། ཉེ་དུའམ། སྣག་གི་གཉེན་མཚམས་གང་ཡང་རུང་བ་ཞིག་དེ་ལྟར་ཐོས་པར་གྱུར་ཀྱང་རུང་། གྲོང་ངམ། གྲོང་རྡལ་དེར་གཏོགས་པའི་སྐྱེ་བོའི་ཚོགས་ཀྱི་ལོངས་
སྤྱོད་ཕ་རོལ་གྱི་དམག་ཚོགས་ཀྱིས་ཕུང་བར་བྱས་སམ། མེས་ཚིག་གམ། ཆུས་ཁྱེར་རམ། གཏེར་ངན་པར་སྦས་པས་ཆུད་ཟོས་སམ། ལས་ཀྱི་མཐའ་ལེགས་པར་མ་བྱས་པས་ཉམས་སམ། རིགས་རྒྱུད་སྡང་བ་དག་གི་དབང་དུ་བྱས་སམ། རིགས་ཀྱི་ནང་ན་ཕ་ཚན་གྱི་དཀྲུགས་མ་བྱེད་པས་ཆུད་
གསན་ཏེ། ཕུང་བར་བྱས་པ་ཐོས་ཀྱང་རུང་། གལ་ཏེ་མ་ཐོས་ན་མངོན་སུམ་དུ་མཐོང་ཡང་རུང་། གལ་ཏེ་གྲོང་ངམ། གྲོང་རྡལ་གཞན་དུ་མ་ཡིན་གྱི། གྲོང་ངམ། <གོང་‚གྲོང་>རྡལ་དེ་ཉིད་དུ་དེ་ལྟར་གྱུར་ཀྱང་རུང་། གལ་ཏེ་གྲོང་ངམ། གྲོང་རྡལ་དེ་ཉིད་དུ་ཡང་མ་བྱུང་། གཞན་དག་ཏུ་ཡང་མ་བྱུང་མོད་
ཀྱི། འོན་ཀྱང་བདག་ཉིད་ལ་རྒྱས་པར་སྔ་མ་བཞིན་དུ་ལུས་ཀྱི་ཚོར་བ་སྡུག་བསྔལ་བ་མི་བཟད་པ་རྩུབ་པ། ཚ་བ་དྲག་པོ་དག་གིས་རེག་པར་གྱུར་ཀྱང་རུང་སྟེ། ཁྱོད་ཀྱིས་དེ་དག་མཐོང་ངམ་ཐོས་ན་འདི་ལྟར་སེམས་ཀུན་དུ་སྐྱོ་བར་གྱིས་ཤིག །ཀྱེ་མ་འཁོར་བ་འདི་ནི་སྡུག་བསྔལ་བ་ཡིན་ནོ། །ལུས་འཐོབ་

པ་ཡང་དཀའ་བ་ཡིན་ཏེ། གང་ལ་བདག་དང་གཞན་གྱི་རྒུད་པ་འདི་ལྟ་སྟེ། ནད་མེད་པས་རྒུད་པ་དང་། ཉེ་དུས་རྒུད་པ་དང་། ལོངས་སྤྱོད་ཀྱིས་རྒུད་པ་དང་། ནད་དང་ན་བའི་ཆོས་ཅན་ཉིད་དང་། འཆི་བ་དང་། འཆི་བའི་ཆོས་ཅན་ཉིད་དེ། དེ་ལྟ་བུ་དག་ཡོད་པ་དང་། གཞན་ཡང་
ཁ་ཅིག་ཚུལ་ཁྲིམས་ཀྱིས་རྒུད་པ་དང་། ལྟ་བས་རྒུད་པ་དག་ཀྱང་ཡོད་དེ། གཞི་དེ་དག་གིས་སེམས་ཅན་རྣམས་ཚེ་འདི་ལ་ཡང་སྡུག་བསྔལ་བར་གནས་པར་འགྱུར་ལ། ཚེ་ཕྱི་མ་ལ་ཡང་ངན་འགྲོར་འགྲོ་བར་འགྱུར་བ་དང་། ཚེ་འདི་ལ་བདེ་བར་གནས་པར་འགྱུར་བ་དང་། ཚེ་ཕྱི་མ་ལ་ཡང་བདེ་འགྲོར་འགྲོ་བར་
འགྱུར་བའི་འབྱོར་པ་གང་དག་ཡིན་པ་དེ་དག་ཀྱང་མི་རྟག་པ་ཡིན་པས། མི་རྟག་པ་དེ་དག་ཡོད་པ་དང་། གལ་ཏེ་རྒུད་པ་མངོན་སུམ་དུ་གྱུར་ཏམ། བྲལ་བར་གྱུར་ཀྱང་། དེའི་ཚེ་འབྱོར་བ་མངོན་སུམ་དུ་གྱུར་བ་མ་ཡིན་པས། འབྱོར་པ་དཀོན་པ་དེ་ནི་ཆུད་ཟ་བའི་ཆོས་ཅན་ཡིན་ནོ་ཞེས་དེ་ལྟར་ཀུན་དུ་
སྐྱོ་བར་གྱིས་ཤིག །དེ་ལྟར་སེམས་སྐྱོ་བར་བྱས་ནས་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འདི་ལྟར་སེམས་ལེགས་པར་རབ་ཏུ་གཏད་པར་གྱིས་ཤིག བདག་འཁོར་བ་ན་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མ་འདས་ལ། སེམས་རྣམ་པར་མ་གྲོལ་གྱི་བར་དུ་བདག་རྒུད་པ་དང་། འབྱོར་པ་དེ་དག་དང་བྲལ་
བ་དང་། མངོན་སུམ་དུ་མི་འགྱུར་བ་དང་། གཞི་དེས་བདག་ལ་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་དྲག་པོ་ཡིད་དུ་མི་འོང་བ་སྐྱེ་བར་མི་འགྱུར་བ་མི་ཐོབ་པའི་གནས་གང་ཡིན་པའི་གནས་དེ་ནི་ཡིད་བརྟན་ཏུ་མི་རུང་ཞིང་ཡིད་བརྟན་པར་བྱ་བ་མ་ཡིན་ཏེ། དེའི་ཕྱིར་བདག་གིས་དོན་དེ་ཉིད་ཀྱི་དབང་དུ་བྱས་ནས། བག་ཡོད་པས་
སྤོང་བའི་དགའ་བ་ལ་དགའ་བར་བྱ་སྟེ། བདག་དེ་ལྟར་ལན་མང་དུ་གནས་ན་གནོད་པ་དེ་ཉིད་མཐར་བྱེད་པར་འགྱུར་རོ་ཞེས་དེ་ལྟར་ཚུལ་བཞིན་ལ་ལེགས་པར་རབ་ཏུ་གཏད་པར་གྱིས་ཤིག། དེ་ལྟར་ཁྱོད་ཀྱིས་ཀུན་དུ་སྐྱོ་བར་འགྱུར་བའི་མཚན་མ་བཟུང་ནས་ཡང་དང་པོར་འགྱུར་བའི་མཚན་མ་གཟུང་བར་བྱ་སྟེ།
ཅི་བདག་གི་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ནམ། འོན་ཏེ་ཡོངས་སུ་མ་དག་པ་ཡིན་ནམ། བདག་བརྗེད་ངས་པའམ། མ་གུས་པའམ། ཉོན་མོངས་པ་མང་བའམ། མ་བྱང་བའམ། གཅིག་གིས་བསླབ་པ་ལས་འགལ་བར་གྱུར་པ་ལྟ་མེད་གྲང་། བསླབ་པ་ལས་འགལ་ན་ཡང་བདག་གིས་

ཆོས་བཞིན་དུ་ཕྱིར་བྱས་ཤིང་། ལྷག་པའི་བསམ་པས་ཡང་མི་བྱ་བར་སེམས་བསྐྱེད་དམ་མ་བསྐྱེད། ཅི་བདག་གིས་བྱ་བ་དག་བྱས་ཤིང་མི་བྱ་བ་དག་མ་བྱས་པ་ཡིན་ནམ་མ་ཡིན། མདོར་ན་བདག་འདི་ལྟ་སྟེ། བསླབ་པའི་གཞི་རྣམས་ལ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་
སུམ་ཚོགས་པ་ཡིན་ནམ་མ་ཡིན་ཞེས་བདག་ཉིད་ཀྱི་ཚུལ་ཁྲིམས་ལ་སོ་སོར་རྟོགས་ཤིང་། ཁྱོད་དེ་ལྟར་སོ་སོར་རྟོགས་པ་ན་གལ་ཏེ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་ཡིན་ན་ཁྱོད་ཀྱིས་ཅི་བདག་ལ་འགྱོད་པ་མེད་པ་སྐྱེ་བར་འགྱུར་རམ་ཞེས་ཡང་བསམ་པར་མི་བྱ་སྟེ། འདི་ལྟར་གང་དེ་ལྟར་ཚུལ་
ཁྲིམས་རྣམ་པར་དག་པ་ལ་འགྱོད་པ་མེད་པ་སྐྱེ་བར་འགྱུར་བ་དེ་ནི། ཆོས་ཉིད་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟར་འགྱོད་པ་མེད་པར་གྱུར་ན་ཁྱོད་ཀྱིས་བདག་ལ་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་རམ་ཞེས་ཡང་བསམ་པར་མི་བྱ་སྟེ། འདི་ལྟར་གང་དེ་ལྟར་འགྱོད་པ་མེད་ལ་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་བ་
དེ་ནི་ཆོས་ཉིད་ཁོ་ན་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱིས་རེ་ཞིག་མཆོག་ཏུ་དགའ་བའི་གནས་དེ་གཅིག་པུས་འགྱོད་པ་མེད་པ་སྔོན་དུ་བཏང་བའི་མཆོག་ཏུ་དགའ་བ་བསྐྱེད་པར་བྱའོ། །བསྐྱེད་ནས་ཀྱང་ཕྱིས་ཡང་དག་པར་རབ་ཏུ་དགའ་བའི་གནས་ཀྱིས་དགའ་བ་བསྐྱེད་པར་བྱ་སྟེ། བདག་དེ་ལྟར་བཅོམ་ལྡན་འདས་ཀྱི་
བསླབ་པ་དག་ལ་ཚུལ་ཁྲིམས་ཡོངས་སུ་དག་པར་གནས་པས་ནི་ཚེ་འདི་ཉིད་ལ་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་སྐལ་བ་ཡོད་ཅིང་མཐུ་དང་ལྡན་པ་ཡིན་ནོ་ཞེས་གནས་དེས་ཀྱང་ཡིད་རབ་ཏུ་དགའ་བར་གྱིས་ཤིག །
གལ་ཏེ་ཁྱོད་ཀྱིས་རིམ་གྱིས་ཁྱད་པར་རྟོགས་པ་ཆུང་ངུ་ཞིག་ཐོབ་ན་ཡང་དེའི་དབང་དུ་བྱས་ནས་འདི་ལྟ་སྟེ། དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་ཉན་ཐོས་གཞན་དག་གི་ཁྱད་པར་རྟོགས་པ་ཡོངས་སུ་རྫོགས་པ་དེ་ལ་བདག་གིས་ཀྱང་ཕྱིས་དེ་ལྟ་བུའི་ཁྱད་པར་རྟོགས་པར་འགྱུར་རོ་ཞེས་ཡིད་
ཆེས་པ་བསྐྱེད་ཅིང་ཡིད་རབ་ཏུ་དགའ་བར་གྱིས་ཤིག །དེ་ལྟར་རྣམ་པ་དེ་དག་གིས་ཁྱོད་ཀྱི་ཡིད་རབ་ཏུ་དགའ་བ་སྔ་མ་གང་ཡིན་པ་དེ་ནི་རབ་ཏུ་དགའ་བ་ཡིན་ནོ། །ད་ལྟར་གྱིས་ནི་ཡིད་དགའ་བ་ཞེས་བྱའོ་ཞེས་དེ་ལྟར་དང་བར་འགྱུར་བའི་མཚན་མ་འཛིན་དུ་འཇུག་པར་བྱེད་དོ། །འཛིན་དུ་བཅུག་ནས་ཡང་འདི་ལྟར་རྗེས་སུ་སྟོན་

པར་བྱེད་དེ། བཞིན་བཟངས་ཚུར་ཤོག། །ཁྱོད་ཀྱིས་ཀུན་དུ་སྐྱོ་བར་འགྱུར་བའི་མཚན་མས་སེམས་གདུང་བར་བྱས་ཤིང་དང་བར་འགྱུར་བའི་མཚན་མས་སེམས་མངོན་པར་བརླན་པར་བྱས་ཟིན་པས། འཇིག་རྟེན་པ་བརྣབ་སེམས་དང་། ཡིད་ལ་མི་བདེ་བ་སྤངས་པའི་ཕྱིར་ལན་མང་དུ་
གནས་པར་གྱིས་ཤིག་དང་ཞི་གནས་ཀྱི་ཕྱོགས་སམ། ལྷག་མཐོང་གི་ཕྱོགས་ཀྱི་དམིགས་པ་གང་དང་གང་ལ་རབ་ཏུ་སྦྱོར་བར་བྱེད་པའི་དམིགས་པ་དེ་དང་དེ་ལ། ཁྱོད་ཀྱི་སེམས་གནས་པ་དང་། ནང་དུ་ཡང་དག་པར་གནས་པར་འགྱུར་ཞིང་ལུས་དང་སེམས་ཤིན་ཏུ་སྦྱངས་པ་དང་། སེམས་རྩེ་གཅིག་
པ་ཉིད་ཀྱང་ཐོབ་པར་འགྱུར་རོ། །དེ་ལྟར་འདི་ལྟ་སྟེ། ཀུན་དུ་སྦྱོར་བ་དང་། མངོན་པར་བརླན་པས་ནག་པོའི་ཕྱོགས་ལ་མི་ཕྱོགས་པར་བྱས་ཤིང་། དཀར་པོའི་ཕྱོགས་ལ་མངོན་དུ་ཕྱོགས་པར་བྱས་ནས་ཡང་ཁྱོད་ཀྱིས་འདི་ལྟ་སྟེ། མཚན་མ་དང་། རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པ་དག་ལ་
ཉེས་དམིགས་ཀྱི་མཚན་མ་ཉེ་བར་ཟུང་ཤིག །དེ་ལ་མཚན་མ་ནི་གཟུགས་ཀྱི་མཚན་མ་ལ་སོགས་པ་བཅུའོ། །རྣམ་པར་རྟོག་པ་ནི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་བརྒྱད་དོ། །ཉེ་བའི་ཉོན་མོངས་པ་ནི་འདོད་པ་ལ་རབ་ཏུ་འདུན་པ་ལ་སོགས་པ་ལྔ་སྟེ། དེ་དག་ལ་འདི་ལྟར་མཚན་མ་འདི་དག་ནི་སེམས་གཡེང་བར་
བྱེད་པ་ཡིན་ནོ། །རྣམ་པར་རྟོག་པ་འདི་དག་ནི་སེམས་སྤྲོ་བ་དང་། ཀུན་དུ་འཁྲུག་པར་བྱེད་པ་ཡིན་ནོ། །ཉེ་བའི་ཉོན་མོངས་པ་འདི་དག་ནི་སེམས་ཉེ་བར་མ་ཞི་བར་བྱེད་པ་ཡིན་ཏེ། མཚན་མས་སེམས་གཡེང་བར་བྱས་པ་གང་ཡིན་པ་དང་། རྣམ་པར་རྟོག་པས་སྤྲོ་བ་དང་། ཀུན་དུ་འཁྲུག་པར་བྱས་པ་
གང་ཡིན་པ་དང་། ཉེ་བའི་ཉོན་མོངས་པས་ཉེ་བར་མ་ཞི་བར་བྱས་པ་གང་ཡིན་པ་དེ་ནི། སེམས་སྡུག་བསྔལ་བར་གནས་པ་ཡིན་པས། དེའི་ཕྱིར་མཚན་མ་དང་རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པ་འདི་དག་ནི། སྡུག་བསྔལ་བ་འཕགས་པ་མ་ཡིན་པ་གནོད་པ་དང་ལྡན་པ་སྟེ། སེམས་རྣམ་
པར་གཡེང་བ་དང་། ཀུན་དུ་འཁྲུག་པ་དང་། ཀུན་ནས་ཉོན་མོངས་པར་བྱེད་པ་ཡིན་ནོ་ཞེས་ཉེས་དམིགས་སུ་ཉེ་བར་ཟུང་ཤིག །དེ་ལྟར་ཉེས་དམིགས་ཀྱི་མཚན་མ་བཟུང་ནས། སེམས་རྩེ་གཅིག་པ་ཉིད་དང་། སེམས་གནས་པ་དང་། སེམས་རྣམ་པར་མི་གཡེང་བ་ལ་འདུ་ཤེས་རྣམ་པ་དྲུག་པོ་

འདི་ལྟ་སྟེ། མཚན་མ་མེད་པའི་འདུ་ཤེས་དང་། མཚན་མ་མེད་པ་ལ་གཡེང་བ་མེད་པའི་འདུ་ཤེས་དང་། རྣམ་པར་རྟོག་པ་མེད་པའི་འདུ་ཤེས་དང་། དེ་ལྟར་རྣམ་པར་རྟོག་པ་མེད་པ་ལ་སྤྲོས་པ་མེད་པ་དང་། ཀུན་དུ་འཁྲུག་པ་མེད་པའི་འདུ་ཤེས་དང་། ཉེ་བར་ཞི་བའི་འདུ་ཤེས་
དང་། ཉེ་བར་ཞི་བ་ལ་ཡོངས་སུ་གདུང་བ་མེད་པ་དང་། ཡིད་བརྟན་དུ་རུང་བ་དང་། སྡུག་པའི་འདུ་ཤེས་ཀྱི་མཚན་མར་ཟུང་ཤིག །དེ་ལྟར་མཚན་མར་བཟུང་ནས། གཞན་ཡང་འདི་ལྟ་སྟེ། མར་མེའི་འོད་ལས་སམ། མེའི་ཕུང་པོའི་འོད་ལས་སམ། ཉི་མའི་དཀྱིལ་འཁོར་ལས་སྣང་བའི་
མཚན་མ་ཟུང་ཤིག །དེ་ལྟར་སྣང་བའི་མཚན་མ་བཟུང་ནས། དུར་ཁྲོད་དུ་སོང་ལ་ཕྱིན་པ་དང་། འདི་ལྟ་སྟེ། རྣམ་པར་བསྔོས་པ་ལས་སམ། རུས་པའི་ཀེང་རུས་ཀྱི་བར་དག་ལས་མི་སྡུག་པའི་མཚན་མ་ཟུང་ཤིག །གལ་ཏེ་དུར་ཁྲོད་ལས་མ་ཡིན་ན་ཡང་རི་མོར་བྲིས་པ་ལས་སམ། ཤིང་ངམ། འཇིམ་པ་
ལས་བྱས་པ་ལས་མི་སྡུག་པའི་མཚན་མ་ཟུང་ཤིག །དེ་ལྟར་མི་སྡུག་པའི་མཚན་མ་བཟུང་ནས་གནས་མལ་དུ་སོང་ལ་ཕྱིན་པ་དང་། དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁྱིམ་གྱིས་སྟོང་པ་ན་འདུག་ཀྱང་རུང་སྟེ། རྐང་པ་བཀྲུས་ལ་ཁྲིའམ། ཁྲིའུའམ། རྩྭ་བཏིང་བའི་སྟེང་དུ་
སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲངས་ནས་དྲན་པ་ཕྱོགས་པར་གཞག་སྟེ་འདུག་ཤིག །དེ་ལྟར་འདུག་ནས་ཀྱང་དང་པོ་ཁོ་ནར་སེམས་རྩེ་གཅིག་པ་ཉིད་དང་། སེམས་རྣམ་པར་མི་གཡེང་བ་ཉིད་ལ་དྲན་པ་ཉེ་བར་གཏད་པར་གྱིས་ཤིག །དེར་ཡང་འདུ་ཤེས་རྣམ་པ་དྲུག་པོ་མཚན་མ་མེད་པའི་
འདུ་ཤེས་དང་། རྣམ་པར་རྟོག་པ་མེད་པའི་འདུ་ཤེས་དང་། ཉེ་བར་ཞི་བའི་འདུ་ཤེས་དང་། གཡེང་བ་མེད་པའི་འདུ་ཤེས་དང་། སྤྲོས་པ་མེད་པ་དང་། ཀུན་དུ་འཁྲུག་པ་མེད་པའི་འདུ་ཤེས་དང་། ཡོངས་སུ་གདུང་བ་མེད་པ་དང་། ཡིད་བརྟན་དུ་རུང་བ་དང་། སྡུག་པའི་འདུ་ཤེས་ཡིད་
ལ་གྱིས་ཤིག །དེར་ཁྱོད་ཀྱིས་རྣམ་པར་གཡེང་བ་དང་། རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པ་ལ་སེམས་གཏོད་ཅིང་ཉེ་བར་གནས་པར་གྱིས་ཤིག །རྣམ་པར་གཡེང་བ་དང་། རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པ་ལ་སེམས་གཏོད་པ་དེས་མཚན་མ་དང་། རྣམ་པར་རྟོག་པ་

དང་། ཉེ་བའི་ཉོན་མོངས་པ་དེ་དང་དེ་དག་ལ་རྣམ་པར་གཡེང་བ་དང་། སེམས་རྩེ་གཅིག་པ་ཉིད་དང་། འདུ་ཤེས་དྲུག་པོ་བསྒོམ་པ་དང་ལྡན་པ་ལ་རྣམ་པར་གཡེང་བ་མེད་པ་ཡང་ཡོངས་སུ་ཤེས་པར་གྱིས་ཤིག །རྣམ་པར་གཡེང་བ་དང་། རྣམ་པར་གཡེང་བ་མེད་པ་
ལ་ཁྱོད་ཀྱིས་ཅི་ནས་ཀྱང་རྩེ་གཅིག་པ་ཉིད་ལ་ཉེ་བར་གཏོད་པ་དང་ནང་གི་སེམས་ཀྱི་ཞི་གནས་ལ་ཉེ་བར་གཏོད་པའི་རིམ་གྱིས་སེམས་ཀྱི་རྒྱུད་དང་། སེམས་ཀྱི་རྣམ་པ་ཐམས་ཅད་མཚན་མ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ཉེ་བར་ཞི་བར་འགྱུར་བ་དེ་ལྟ་དེ་ལྟར་སེམས་གཏད་པར་གྱིས་ཤིག །དེ་ལྟར་ཞི་
གནས་ཀྱི་སེམས་ཐོབ་པ་ན། གལ་ཏེ་བརྗེད་ངས་པ་དང་། མ་གོམས་པའི་ཉེས་པས། མཚན་མ་དང་། རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པ་དག་གིས་སྣང་བར་འགྱུར། སྒོ་སྟོན་པར་འགྱུར། དམིགས་པར་བྱེད་པར་གྱུར་ན་དེ་དག་བྱུང་ངོ་ཅོག་ལ་འདི་ལྟ་སྟེ། ཉེས་དམིགས་སྔར་
མཐོང་བ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བྱ་སྟེ། འདི་ལྟར་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པས་དམིགས་པ་དེ་རྣམ་པར་བཤིག་ཅིང་རྣམ་པར་བཙལ་ན། སྣང་བ་མེད་པ་ཉིད་ལ་ཉེ་བར་གཞག་པར་འགྱུར་རོ། །བཞིན་བཟངས་དམིགས་པ་དེ་ནི་ཕྲ་བ་
དང་རྟོགས་པར་དཀའ་བ་ཡིན་པས། ཁྱོད་ཀྱིས་དེ་རྟོགས་པར་བྱ་བའི་ཕྱིར་འདུན་པ་དང་། འབད་པ་དྲག་ཏུ་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དམིགས་པ་དེ་ལ་དགོངས་ནས། དགེ་སློང་དག་ཡུལ་གྱི་བཟང་མོ་ཡུལ་གྱི་བཟང་མོ་ཞེས་བྱ་བ་ནི། སྐྱེ་བོ་མང་པོ་འདུ་བར་འགྱུར་བ་ཡིན་ནོ། །ཡུལ་གྱི་བཟང་མོ་དེ་
ཡང་གར་དང་། གླུ་དང་། རོལ་མོ་མཆོག་ཏུ་མཁས་པར་གྱུར་ན། སྐྱེ་བོ་མང་པོ་དག་རྒྱ་ཆེར་འདུ་བར་འགྱུར་རོ། །དེར་སྐྱེས་བུ་བྱིས་པའི་རང་བཞིན་ཅན་མ་ཡིན་པ་ཞིག་འོངས་པར་གྱུར་པ་དེ་ལ་ལ་ལ་ཞིག་གིས། འདི་སྐད་དུ་ཀྱེ་སྐྱེས་བུ་ཁྱོད་སྣོད་འབྲུ་མར་གྱིས་ཁ་ད་ཅད་དུ་གང་བ་འདི་མ་བོར་བར་ཡུལ་གྱི་བཟང་
མོའི་བར་དང་། སྐྱེ་བོ་མང་པོའི་བར་དུ་ཁྱེར་ཅིག །ཁྱོད་ཀྱི་ཕྱི་བཞིན་དུ་གཤེད་མའི་མི་རལ་གྱི་གཟས་པ་ཐོགས་པ་འདི་ཡང་འབྲང་བར་འགྱུར་ཏེ། གལ་ཏེ་ཁྱོད་ཀྱིས་སྣོད་འབྲུ་མར་གྱིས་གང་བ་འདི་ལས་ཐིགས་པ་གཅིག་ཙམ་ཞིག་ས་ལ་བོ་བར་གྱུར་ན། དེའི་ཕྱིར་གཤེད་མའི་མི་རལ་གྲི་

གཟས་པ་ཐོགས་པ་འདིས་ཁྱོད་ཀྱི་མགོ་མགྲིན་པ་ནས་གཅོད་པར་འགྱུར་རོ་ཞེས་བསྒོ་ན། དགེ་སློང་དག་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་སྣོད་འབྲུ་མར་གྱིས་གང་བ་དེ་ཡིད་ལ་མི་བྱེད་ཅིང་། གཤེད་མའི་མི་རལ་གྱི་གཟས་པ་ཐོགས་པ་དེ་ཡང་ཡིད་ལ་མི་བྱེད་པར་ཡུལ་གྱི་བཟང་མོའམ། སྐྱེ་
བོ་མང་པོ་དེ་དག་ཡིད་ལ་བྱེད་པར་འགྱུར་སྙམ་མམ། གསོལ་པ་བཙུན་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་གཤེད་མའི་མི་སུག་པ་ན་རལ་གྲི་གཟས་པ་ཐོགས་པ་འདིས། སླད་བཞིན་དུ་འབྲང་བ་མཐོང་ལགས་པས། དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་
སྣོད་འབྲུ་མར་གྱིས་གང་བ་འདི་ལས་ཐིགས་པ་གཅིག་ཙམ་ཞིག་ས་ལ་བོ་བར་གྱུར་ན། དེའི་ཕྱིར་གཤེད་མའི་མི་རལ་གྲི་གཟས་པ་ཐོགས་པ་འདིས་བདག་གི་མགོ་བོ་མགྲིན་པ་ནས་གཅོད་པར་འགྱུར་རོ་སྙམ་དུ་སེམས་པའི་སླད་དུ་སྟེ། སྐྱེས་བུ་དེ་ནི་ཡུལ་གྱི་བཟང་མོའམ་སྐྱེ་བོ་མང་པོ་དག་ཡིད་ལ་བྱེད་
ལ་མི་བགྱིད་ཅིང་སྣོད་འབྲུ་མར་གྱིས་བལྟམས་པ་དེ་ཉི་ཚེ་ལ་སེམས་ཐམས་ཅད་ཀྱིས་བསམས་ཏེ། ལེགས་པ་ཁོ་ནར་འཚལ་ཏེ། འཆི་བ་འབའ་ཞིག་ཏུ་བགྱིད་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ་གང་ལ་ལ་དག་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་སེམས་ཐམས་ཅད་ཀྱིས་
བསམས་ཏེ། བསྟི་སྟང་དུ་བྱས། བླ་མར་བྱས་ནས། སྒོམ་པར་བྱེད་ན། དེ་དག་ནི་ངའི་ཉན་ཐོས་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཡུལ་གྱི་བཟང་མོ་ཞེས་བྱ་བ་དེ་ནི་འདོད་པ་ལ་འདུན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་རྣམས་ཀྱི་ཚིག་བླ་དགས་ཡིན་ནོ། །
གར་དང་གླུ་དང་། རོལ་མོ་མཆོག་ཏུ་མཁས་པ་ཞེས་བྱ་བ་དེ་ནི་རྣམ་པར་རྟོག་པ་དང་། སྤྲོས་པ་དང་། ཀུན་དུ་འཁྲུག་པ་དང་མཐུན་པའི་ཆོས་རྣམས་ཀྱི་ཚིག་བླ་དགས་ཡིན་ནོ། །སྐྱེ་བོ་མང་པོ་དག་ཅེས་བྱ་བ་དེ་ནི་གཟུགས་ཀྱི་མཚན་མ་ལ་སོགས་པ་མཚན་མ་བཅུ་པོ་དག་གི་ཚིག་བླ་དགས་
ཡིན་ནོ། །སྐྱེས་བུ་བྱིས་པའི་རང་བཞིན་ཅན་མ་ཡིན་པ་ཞེས་བྱ་བ་དེ་ནི། རྣལ་འབྱོར་སྤྱོད་པའི་རྣལ་འབྱོར་པའི་ཚིག་བླ་དགས་ཡིན་ནོ། །སྣོད་འབྲུ་མར་གྱིས་ཁ་ད་ཅད་དུ་གང་བ་ཞེས་བྱ་བ་དེ་ནི། ལུས་དང་སེམས་ཤིན་ཏུ་སྦྱངས་པའི་སྣུམ་པའི་དོན་གྱིས་ཞི་གནས་ལ་ཉེ་བར་གཏད་པའི་

སེམས་ཀྱི་ཚིག་བླ་དགས་ཡིན་ནོ། །གཤེད་མའི་མི་རལ་གྲི་གཟས་པ་ཐོགས་པ་ཞེས་བྱ་བ་དེ་ནི་མཚན་མ་དང་། རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པ་དག་ལ་སྔོན་ཉེས་དམིགས་ཀྱི་མཚན་མར་བཟུང་བའི་ཚིག་བླ་དགས་ཡིན་ནོ། །ཐིགས་པ་གཅིག་
ཙམ་ཡང་ས་ལ་མི་བོ་བར་ལེགས་པ་ཁོ་ནར་ཁྱེར་ཏེ་ཞེས་བྱ་བ་དེ་ནི། རྣམ་པར་གཡེང་བ་དང་། རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པ་ལ་སེམས་གཏད་པས། ཡོངས་སུ་ཟིན་པའི་ཞི་གནས་ཀྱི་ལམ་གྱི་ཚིག་བླ་དགས་ཡིན་ཏེ། དེས་ན་དེའི་སེམས་ཀྱི་རྒྱུད་དང་། སེམས་ཀྱི་རྒྱུན་ཐམས་ཅད་བརྩོན་
འགྲུས་ཀྱི་སྟོབས་ཀྱིས་རིམ་གྱིས་མཐར་ཆགས་སུ་མཚན་མ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ཉེ་བར་ཞི་བར་འགྱུར་ཞིང་། མཚན་མ་ལ་དམིགས་པའམ། རྣམ་པར་རྟོག་པ་ལ་དམིགས་པའམ། ཉེ་བའི་ཉོན་མོངས་པ་ལ་དམིགས་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མི་བྱའོ། །རྣལ་
འབྱོར་པ་དེས་ཞི་གནས་ལ་རབ་ཏུ་བརྩོན་པའི་ལས་དང་པོ་པ་དེ་ལ་འདི་སྐད་རྗེས་སུ་འདོམས་པར་ཡང་བྱེད་དེ། བཞིན་བཟངས་ཁྱོད་ནི་ཅི་ཙམ་དུ་དེ་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་ཅིང་དྲན་པ་དང་། ཤེས་བཞིན་དང་ལྡན་པའི་ཞི་གནས་ཀྱི་ལམ་ལ་རབ་ཏུ་བརྩོན་པར་བྱེད་ཅིང་། སེམས་མངོན་པར་དགའ་བ་
དང་བཅས་པར་འགྱུར་བ་དེ་ཙམ་དུ། ཁྱོད་ཀྱིས་ཞི་གནས་ཀྱི་ལམ་ཉིད་བསྒོམ་པར་བྱའོ། །གལ་ཏེ་མ་གོམས་པའི་ཉེས་པས་མངོན་པར་མི་དགའ་ཞིང་འཁྲུག་པ་དང་བཅས་པ་ལ་བསྒྲིམས་ཏེ། བྱ་དགོས་པར་སྣང་ན། དེའི་ཚེ་མྱུར་བ་མྱུར་བ་ཁོ་ནར་རྣམ་པར་རྟོག་པ་མེད་པའི་དམིགས་པ་དེ་
ལས་ལངས་ཏེ། རྣམ་པར་རྟོག་པ་དང་བཅས་པའི་དམིགས་པ་ལ་དྲན་པ་ཉེ་བར་གཏད་པར་བྱ་སྟེ། ཁྱོད་ཀྱིས་སྔར་མི་སྡུག་པའི་མཚན་མ་འདི་ལྟ་སྟེ། རྣམ་པར་བསྔོས་པའམ། རྣམ་པར་རྣགས་པ་ནས་རུས་པའི་ཀེང་རུས་ཀྱི་བར་དག་བཟུང་བ་གང་ཡིན་པ་དེ་ཉིད་ལ་དང་པོ་ཁོ་ནར་མཚན་མ་ཙམ་
གྱི་རྗེས་སུ་འབྲང་བའི་ལྷག་མཐོང་གིས་ཡིད་ལ་གྱིས་ཤིག །དེ་ལྟར་རབ་ཏུ་བརྩོན་པར་བྱེད་པ་ན། དང་པོ་ཁོ་ནར་རྣམ་པར་བསྔོས་པ་གཅིག་ནས་རུས་པའི་ཀེང་རུས་ཀྱི་བར་གཅིག་ལ་མོས་པར་གྱིས་ཤིག་དང་། དེས་ན་དེ་ལ་ཁྱོད་ཀྱི་སེམས་ཡོངས་སུ་སྦྱང་བ་བྱས་པ་དང་། འོད་གསལ་བར་

འགྱུར་ཞིང་དམིགས་པ་དེ་ལ་མོས་པར་ཡང་འགྱུར་རོ། །དེས་ན་རྣམ་པར་བསྔོས་པ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། བརྒྱ་དང་། སྟོང་ནས་རྣམ་པར་བསྔོས་པའི་རྣམ་པ་ཚད་མེད་པས་ཕྱོགས་དང་། ཕྱོགས་
མཚམས་ཐམས་ཅད་འདབ་ཆགས་སུ་ཡོངས་སུ་གང་སྟེ། དེ་དག་གི་བར་སྐབས་ཐ་ན་ཁར་བའི་རྩེ་མོ་གཟུགས་པའི་གཏོས་ཙམ་ཡང་མེད་པར་མོས་པར་གྱིས་ཤིག །རྣམ་པར་བསྔོས་པ་ལ་ཇི་ལྟ་བ་བཞིན་དུ་རུས་པའི་ཀེང་རུས་ཀྱི་བར་དག་ལ་ཡང་དེ་བཞིན་དུ་མོས་པར་གྱིས་ཤིག། །།
ཉན་ཐོས་ཀྱི་ས་བམ་པོ་བཅུ་དྲུག་པ། ཁྱོད་ཀྱིས་མོས་པ་ཡིད་ལ་བྱེད་པ་དེ་ཉིད་ལ་བརྟེན་ལ་ཡང་དག་པ་ཡིད་ལ་བྱེད་པ་ལ་ཡང་འཇུག་པར་བྱ་སྟེ། འདི་ལྟར་ཞུགས་ཤིག །བདག་གིས་རྣམ་པར་བསྔོས་པ་དང་རུས་པའི་ཀེང་རུས་ཀྱི་བར་དག་ཇི་སྙེད་ཅིག་ལ་མོས་པར་བྱེད་པ་དེ་བས་ནི། བདག་
གི་སྔོན་གྱི་མཐའ་ལས་བརྩམས་ཏེ། སྲིད་པ་དང་། འགྲོ་བ་དེ་དང་དེ་དག་ཏུ་བདག་འཆི་འཕོ་ཞིང་སྐྱེ་བ་དག་ན། ཤི་ཞིང་དུས་ལ་འདས་པར་གྱུར་པའི་རྣམ་པར་བསྔོས་པར་གྱུར་པ་གང་དག་ཡིན་པ་དང་། རུས་པའི་ཀེང་རུས་ཀྱི་བར་དུ་གྱུར་པ་གང་ཡིན་པ་དེ་དག་ཆེས་ཚད་མེད་པ་ཡིན་ཏེ། དེ་དག་
གི་སྔོན་གྱི་མཐའ་ནི་མི་མངོན་ནོ། །གལ་ཏེ་དེ་ལྟར་གྱུར་པ་དེ་དག་ལ་ལ་ཞིག་གིས་བསྡུས་ཤིང་བསྡུས་ནས་ཀྱང་ཞིག་པར་མ་གྱུར། རུལ་བར་མ་གྱུར་དུ་ཟིན་ན། གང་དུ་དེ་དག་ཤོང་བར་འགྱུར་བའི་ས་ཕྱོགས་ཀྱང་མེད་དོ། །བསྐལ་པ་གཅིག་གིས་རྣམ་པར་བསྔོས་པ་ནས་རུས་པའི་ཀེང་རུས་ཀྱི་བར་
དེ་དག་ཀྱང་སྡུད་པར་བྱེད་པ་འགའ་ཞིག་ཡོད་པར་གྱུར་ན། དེ་དག་བསྡུས་པའི་ཕུང་པོ་ཡང་རི་ངོས་ཙམ་མོ། །སྔོན་གྱི་མཐའ་ལས་བརྩམས་པ་ཇི་ལྟ་བ་བཞིན་དུ་ཇི་སྲིད་སྡུག་བསྔལ་མཐར་ཕྱིན་པར་མ་གྱུར་གྱི་བར་དུ་ཕྱི་མའི་མཐའི་ཡང་དེ་དང་འདྲ་སྟེ། དེ་ལྟར་ཁྱོད་ཀྱིས་མོས་པ་ཡིད་ལ་བྱེད་པ་ལ་བརྟེན་
ནས་ཡང་དག་པ་ཡིད་ལ་བྱེད་པ་ལ་འཇུག་པར་འགྱུར་རོ། །ལྷག་མཐོང་ལ་རབ་ཏུ་བརྩོན་པས་རྣམ་པར་བསྔོས་པ་དང་། རུས་པའི་ཀེང་རུས་ཀྱི་བར་དེ་དག་ལ་ལན་ཅིག་རྣམ་པར་བལྟ་བར་བྱ་བ་མ་ཡིན་གྱི། རྣམ་པར་བསྔོས་པ་གཅིག་ཁོ་ན་ལ་མོས་པར་བྱས་ནས། ཡང་སེམས་ཞི་བར་བྱས་ཏེ།

ཇི་སྲིད་དུ་དམིགས་པ་དེ་ཉིད་དུ་མངོན་པར་དགའ་བ་དང་། འོད་གསལ་བ་དང་། འཁྲུག་པ་མེད་པ་དང་། ཀུན་ནས་དཀྲིས་པ་མེད་པ་དང་། བསྒྲིམས་ཏེ་བྱ་མི་དགོས་པ་དེ་སྲིད་དུ་རྣམ་པར་བསྔོས་པ་དེ་ལ་མོས་པར་བྱའོ། །དེ་ནས་ཇི་སྲིད་དུ་དམིགས་པ་དེ་ལ་བསྒྲིམས་
ཏེ། བྱ་དགོས་པའི་བར་དུ་སེམས་ནང་དུ་ཡང་དག་པར་ཞི་བར་བྱས་ཏེ། རྣམ་པར་བསྔོས་པ་ལ་ཇི་ལྟ་བ་བཞིན་དུ་རུས་པའི་ཀེང་རུས་ཀྱི་བར་ཅིག་དང་། ཚད་མེད་པའི་བར་དག་ལ་ཡང་ཚུལ་འདི་ཉིད་ཀྱིས་དེ་བཞིན་དུ་རིག་པར་བྱའོ། །སེམས་ནང་དུ་ཞི་བར་བྱས་ཤིང་ཡང་དག་པར་ཞི་བར་བྱས་
ནས་ཡང་མོས་པར་བྱ་སྟེ། དེས་ན་ཐམས་ཅད་ཀྱི་ཐ་མར་སེམས་ནང་དུ་མངོན་པར་བསྡུས་པས་རྣམ་པར་བསྔོས་པ་ཚད་མེད་པ་དང་། རུས་པའི་ཀེང་རུས་ཚད་མེད་པའི་བར་དག་རྣམ་པར་འཇོག་པར་བྱེད་ཅིང་། སྣང་བ་མེད་པ་ཉིད་ལ་འཇོག་པར་བྱེད་ལ། རྣམ་པར་རྟོག་པ་དང་བཅས་པའི་
མཚན་མ་དེ་དག་ཀྱང་སྤོང་བར་མི་བྱེད་ཅིང་རྣམ་པར་རྟོག་པར་ཡང་མི་བྱེད་ལ། དམིགས་པ་དེ་ཉིད་ལ་སེམས་མཚན་མ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ཉེ་བར་ཞི་བར་འཇོག་པར་བྱེད་དོ། །དེ་ལ་ཡང་ལུང་འབོགས་པར་བྱེད་དོ། །བཞིན་བཟངས་ཁྱོད་ཀྱིས་དང་པོ་ཁོ་ནར་སྣང་
བའི་མཚན་མ་གཟུང་བ་གང་ཡིན་པ་ལ། ཁྱོད་ཀྱིས་ཞི་གནས་ཀྱི་ཕྱོགས་ཀྱི་སྦྱོར་བ་དང་། ལྷག་མཐོང་གི་ཕྱོགས་ཀྱི་སྦྱོར་བ་ཡིད་ལ་གྱིས་ཤིག །སྣང་བ་དང་ལྡན་པ་དང་། འོད་དང་ལྡན་པ་དང་། འོད་གསལ་བ་དང་། མུན་པ་མེད་པའི་སེམས་ཀྱིས་ཞི་གནས་དང་ལྷག་མཐོང་ཡང་སྒོམས་
ཤིག། ཁྱོད་དེ་ལྟར་ཞི་གནས་དང་། ལྷག་མཐོང་གི་ལམ་ལ་སྣང་བའི་འདུ་ཤེས་སྒོམ་པ་ན། གལ་ཏེ་དང་པོ་ཉིད་ནས་དམིགས་པ་ལ་མོས་པ་རྣམ་པར་མི་གསལ་ཞིང་སྣང་བ་མཚུངས་པར་གྱུར་ན་ཡང་། བསྒོམ་པ་གོམས་པར་བྱེད་པའི་རྒྱུ་དེ་དང་། རྐྱེན་དེས་དམིགས་པ་ལ་མོས་པ་རྣམ་པར་
གསལ་བ་དང་། སྣང་བ་ཆེན་པོ་ཉིད་དུ་འགྱུར་རོ། །གལ་ཏེ་དང་པོ་ཉིད་ནས་རྣམ་པར་གསལ་བ་དང་། སྣང་བ་ཆེན་པོར་གྱུར་པ་ཡིན་ན་ནི། དེའི་ཕྱིར་ཞིང་རྒྱ་ཆེར་ཤིན་ཏུ་རྣམ་པར་གསལ་བ་དང་། ཤིན་ཏུ་སྣང་བ་ཆེན་པོ་ཉིད་དུ་ཡང་འགྱུར་རོ། །ཁྱོད་ཀྱིས་དེ་ལྟར་ཀུན་དུ་སྐྱོ་བར་འགྱུར་

བའི་མཚན་མ་ལེགས་པར་བཟུང་བ་དང་། རབ་ཏུ་དང་བར་འགྱུར་བའི་མཚན་མ་དང་། ཞི་གནས་ཀྱི་མཚན་མ་དང་། ལྷག་མཐོང་གི་མཚན་མ་དང་། སྣང་བའི་མཚན་མ་ལེགས་པར་བཟུང་བས་དུས་དུས་སུ་སེམས་ནང་དུ་ཡང་དག་པར་ཞི་བར་གྱིས་ཤིག །མཚན་མ་ཙམ་
གྱིས་རྗེས་སུ་འབྲང་བའི་ལྷག་མཐོང་གི་ཆོས་རྣམས་རབ་ཏུ་རྣམ་པར་དབྱེ་བར་ཡང་གྱིས་ཤིག །འདི་ལྟ་སྟེ། མི་སྡུག་པའི་སྦྱོར་བ་ཉིད་ཀྱི་དབང་དུ་བྱས་ནས། དྲན་པ་ཉེ་བར་གཞག་པ་དག་ལ་ཡང་འཇུག་པར་བྱ་སྟེ། འདི་ལྟར་འཇུག་པར་གྱིས་ཤིག །ཕྱི་རོལ་གྱི་ལུས་ལ་སྐྲ་
ལ་སོགས་པ་ནས་བཤད་བའི་མཐར་ཐུག་པའི་བར་དུ་མི་སྡུག་པའི་རྫས་སུམ་ཅུ་རྩ་དྲུག་གི་མཚན་མ་བཟུང་ནས་རང་གི་ལུས་ལ་ཡང་མི་སྡུག་པའི་རྫས་ཀྱི་མཚན་མ་དེ་དག་ཐམས་ཅད་མོས་པར་གྱིས་ཤིག །མོས་པར་བྱས་ཤིང་མོས་པར་བྱས་ནས་ཀྱང་སེམས་ནང་དུ་ཡང་དག་
པར་ཞི་བར་གྱིས་ཤིག་དང་། དེ་ནི་འདི་ལྟ་སྟེ། བདག་ཉིད་ཀྱི་ནང་གི་ལུས་ལས་བརྩམས་ནས། ཁྱོད་ཀྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་འཇུག་པར་འགྱུར་བ་ཡིན་ནོ། །ཡང་ཁྱོད་ཀྱིས་ཕྱི་རོལ་གྱི་ལུས་ཀྱི་མི་སྡུག་པའི་མཚན་མ་བཟུང་བས། རྣམ་
པར་བསྔོས་པ་དང་། རུས་གོང་དང་། རུས་པའི་ཀེང་རུས་ཆུང་ངུ་དང་། ཆེན་པོར་གྱུར་པ་དང་། ཚད་མེད་པའི་བར་དག་ལ་མོས་པར་གྱིས་ཤིག །མོས་པར་བྱས་ཤིང་མོས་པར་བྱས་ནས་ཀྱང་སེམས་ནང་དུ་ཡང་དག་པར་ཞི་བར་བྱོས་ཤིག་དང་། དེ་ནི་འདི་ལྟ་སྟེ། གཞན་གྱི་རྒྱུད་དུ་
གཏོགས་པའི་ཕྱི་རོལ་གྱི་ལུས་ལས་བརྩམས་ནས། ཁྱོད་ཀྱི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་འཇུག་པར་འགྱུར་བ་ཡིན་ནོ། །ཡང་ཁྱོད་ཀྱིས་བདག་ཉིད་ཀྱི་ནང་གི་ལུས་ལ་མི་སྡུག་པ་ཉིད་དུ་ཡོངས་སུ་བསྒོམས་པའི་སེམས་དང་། གཞན་གྱི་ནང་དང་
ཕྱི་རོལ་གྱི་ལུས་ལ་མི་སྡུག་པ་ཉིད་དུ་ཡོངས་སུ་བསྒོམས་པའི་སེམས་ཀྱིས་བདག་ཉིད་འཆི་བར་མོས་པར་གྱིས་ཤིག །ཤི་ནས་ཀྱང་དུར་ཁྲོད་དུ་ཁྱེར་བ་དང་། ཁྱེར་ནས་ཀྱང་དུར་ཁྲོད་དུ་བོར་བ་དང་། བོར་ནས་ཀྱང་རྣམ་པར་བསྔོས་པའི་གནས་སྐབས་དང་། རྣམ་པར་རྣགས་

པའི་གནས་སྐབས་དང་། རུས་པའི་ཀེང་རུས་ཀྱི་གནས་སྐབས་ཀྱི་བར་དུ་གྱུར་པར་མོས་པར་གྱིས་ཤིག་དང་། དེ་ནི་འདི་ལྟ་སྟེ། བདག་དང་གཞན་གྱི་ལུས་ལས་བརྩམས་ནས། ཁྱོད་ཀྱི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་
བར་གཞག་པ་ལ་འཇུག་པ་ཡིན་ནོ། །ཡང་ཁྱོད་ཀྱིས་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་དག་ལ་ཐོས་པ་དང་། བསམས་པའི་དབང་གིས་བྱུང་བ་ཡོངས་སུ་རྟོག་པའི་མཚན་མར་འཛིན་པས། ཆ་གསུམ་པོ་ཞི་གནས་ཀྱི་ཕྱོགས་དང་། རྣམ་པར་གཡེང་བའི་ཕྱོགས་དང་། ལྷག་
མཐོང་གི་ཕྱོགས་རྣམས་སུ་མོས་པར་གྱིས་ཤིག །དེ་ལ་ཞི་གནས་ཀྱི་ཕྱོགས་ལ་ནི་གང་གི་ཚེ་སེམས་ནང་དུ་མངོན་པར་སྡུད་པར་བྱེད་པ་ན་དེ་ལ་མཚན་མ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ཉེ་བར་ཞི་བའི་རྣམ་པ་དང་། གཡེང་བ་མེད་པ་དང་། སྤྲོ་བ་མེད་པ་དང་། ཀུན་དུ་འཁྲུག་པ་
མེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཡིད་བརྟན་དུ་མི་རུང་བ་དང་། སྡུག་པའི་འདུ་ཤེས་ཀྱི་རྣམ་པ་དང་། རྣམ་པར་གཡེང་བ་མེད་པ་ལ་དམིགས་པའི་ཚོར་བ་ལ་སོགས་པ་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་ནི། སྐད་ཅིག་རེ་རེ་དང་། སྐད་ཅིག་རེ་རེ་ལ་གཞན་དང་། གཞན་དུ་
སར་པ་སར་པ་དང་། རྙིང་པ་མ་ཡིན་པ་དང་། རྙིང་པ་མ་ཡིན་པར་འཇུག་པར་འགྱུར་བ་ཡིན་ནོ་ཞེས་མོས་པར་གྱིས་ཤིག་དང་། དེ་ནི་ཁྱོད་ཀྱི་ནང་གི་ཚོར་བ་རྣམས་དང་། སེམས་དང་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་འཇུག་པར་འགྱུར་བ་ཡིན་ནོ། །
ཁྱོད་ཀྱིས་སྔོན་ཡུལ་ཉེ་བར་ལེན་པར་བྱེད་པ། ཡུལ་ལ་དམིགས་པར་བྱེད་པ་མཉམ་པར་མ་བཞག་པའི་ས་པར་རྟོགས་པའི་ཚོར་བ་ལ་སོགས་པ་མིང་གི་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་མངོན་པར་འདུས་ཤིང་ཟད་པ་གང་དག་ཡིན་པ་རྣམས་དང་། ད་ལྟར་བརྗེད་ངས་པས་སེམས་རྣམ་
པར་གཡེང་བ་ན་མཚན་མ་དང་། རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་ལ་དམིགས་པའི་དབང་གིས་བྱུང་བའི་ཚོར་བ་ལ་སོགས་པ་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་གང་དག་ཡིན་པ་དེ་དག་ནི་བྱུང་ནས། འཇིག་པ་ཉིད་དང་། དུས་ཡུན་མི་རིང་བ་ཉིད་དང་། ངན་པར་གནས་པ་ཉིད་དང་།

ཉེས་དམིགས་དང་བཅས་པ་ཉིད་དང་མི་བརྟན་པ་ཉིད་དང་། ཡིད་བརྟན་དུ་མི་རུང་བ་ཉིད་ཡིན་པར་མོས་པར་གྱིས་ཤིག །དེ་ནི་ཁྱོད་ཀྱི་ཕྱི་རོལ་གྱི་ཚོར་བ་རྣམས་དང་། སེམས་དང་། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་འཇུག་པ་ཡིན་ནོ། །ཡང་ཁྱོད་ཀྱིས་ལྷག་
མཐོང་གི་མཚན་མ་བཟུང་ནས། མཚན་མ་དང་བཅས་པ་དང་། རྣམ་པར་རྟོག་པ་དང་བཅས་པའི་ཡིད་ལ་བྱེད་པ་ལ་གནས་ཏེ། རྣམ་པར་རྟོག་པ་དང་བཅས་པ་དང་། མཚན་མ་དང་བཅས་པའི་དམིགས་པའི་དབང་གིས་བྱུང་བ་ནང་གི་ཚོར་བ་ལ་སོགས་པ་ཕུང་པོ་གཟུགས་ཅན་མ་ཡིན་པ་
བཞི་པོ་གང་དག་ཡིན་པ་དེ་དག་ལ་སྐད་ཅིག་རེ་རེ་དང་། སྐད་ཅིག་རེ་རེ་ལ་གཞན་དང་གཞན་དུ་སར་པ་སར་པ་དང་། རྙིང་པ་མ་ཡིན་པ་དང་། རྙིང་པ་མ་ཡིན་པར་འཇུག་པར་འགྱུར་བ་ཡིན་ནོ་ཞེས་སྔ་མ་བཞིན་དུ་མོས་པར་གྱིས་ཤིག་དང་དེ་ནི་ཁྱོད་ཀྱི་ནང་དང་། ཕྱི་རོལ་གྱི་ཚོར་བ་རྣམས་དང་། སེམས་
དང་། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་རྗེས་སུ་འཇུག་པར་འགྱུར་བ་ཡིན་ཏེ། དེ་ལྟར་ན་ཁྱོད་མི་སྡུག་པའི་སྦྱོར་བའི་དབང་དུ་བྱས་ནས་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་ཞུགས་པར་འགྱུར་རོ། །ཁྱོད་དྲན་པ་ཉེ་བར་གཞག་པ་ལ་རབ་ཏུ་སྦྱོར་བར་བྱེད་པ་ན། དུས་
དུས་སུ་ཞི་གནས་དང་ལྷག་མཐོང་ལ་ཡང་རབ་ཏུ་བརྩོན་པར་བྱའོ། །ཁྱོད་དེ་ལྟར་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་དྲན་པ་ཉེ་བར་གཞག་པས་གྲོང་ངམ། གྲོང་རྡལ་གང་ཡང་རུང་བ་དག་ལ་བརྟེན་ཅིང་གནས་པ་ན་ཁྱོད་གྲོང་ངམ། གྲོང་རྡལ་དེ་ཉིད་ན་དེ་ལ་གཞོལ་བ་དང་། དེ་ལ་འབབ་པ་དང་།
དེ་ལ་བབས་པའི་སེམས་ཀྱིས་དམིགས་པ་དང་། དམིགས་པའི་མཚན་མ་མ་སྤངས་པར་བསོད་སྙོམས་ཀྱི་ཕྱིར་ཞུགས་པའི་ཚེ་ན། གླང་པོ་ཆེ་དམུ་རྒོད་དང་། རྟ་དམུ་རྒོད་དང་། བ་ལང་རྡུང་རྒུས་དང་། ཁྱི་ཟ་བ་དང་། སྦྲུལ་དང་། ངམ་གྲོག་དང་། སྡོང་དུམ་དང་། ཚེར་མ་དང་། འདམ་
རྫབ་དང་། གཡང་ས་དང་། ལྗན་ལྗིན་དང་། མི་གཙང་བའི་ཁུང་བུ་དང་། སྤྱོད་ལམ་དང་། སྤྱོད་པ་དང་། གནས་མལ་སྡིག་པ་ཅན་དག་ཡོངས་སུ་སྤང་ཞིང་ཁྱོད་ཀྱིས་བདག་ཉིད་ཀྱི་ལུས་ལེགས་པར་བསྲུང་བར་གྱིས་ཤིག །ཁྱོད་ཀྱིས་ཡུལ་གྱི་མཚན་མ་གང་དག་ལ་དབང་པོ་རྣམས་གཏད་པར་

མི་བྱ་བ་དེ་དག་ལ་ཡང་བརྩལ་བ་མེད་པས། དབང་པོ་རྣམས་ལེགས་པར་བསྡམ་པར་གྱིས་ཤིག །ཁྱོད་ཀྱི་མཚན་མ་གང་དག་ལ་དབང་པོ་རྣམས་གཏད་པར་བྱ་བ་དེ་དག་ལ་ཡང་འདི་ལྟ་སྟེ། ཉོན་མོངས་པ་ཀུན་དུ་མི་རྒྱུ་བར་བྱ་བའི་ཕྱིར་དྲན་པ་ཤིན་ཏུ་ཉེ་བར་གཞག་པར་གྱིས་ཤིག། ཁྱོད་ཀྱིས་
དེ་ལྟར་ལུས་ལེགས་པར་བསྲུངས་པ་དང་། དབང་པོ་རྣམས་ལེགས་པར་བསྡམས་པ་དང་། དྲན་པ་ཤིན་ཏུ་ཉེ་བར་གཞག་པས་དེ་དང་འབྲེལ་པའི་ཡིད་ཀྱིས་ཟས་ཀྱི་ཚོད་རིག་པར་ཟོ་ཤིག །ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་། ལྷན་ཅིག་རན་པར་སྨྲ་བ་དང་། རིགས་པར་སྨྲ་
བ་དང་། དུས་སུ་སྨྲ་བ་དང་། གནམ་པོར་སྨྲ་བ་དང་། རབ་ཏུ་ཞི་བར་སྨྲ་བར་གྱིས་ཤིག །ཁྱོད་ཀྱིས་ཆོས་མ་ཡིན་པའི་གཏམ་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །ཁྱོད་ཀྱིས་ཆོས་ཀྱི་གཏམ་ཟེར་བ་ན་ཡང་རྩོད་པའི་གཏམ་མི་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་གང་ཟག་
རྩོད་པའི་གཏམ་གྱི་ཚོགས་ཀྱི་རྗེས་སུ་སྦྱོར་བ་ལ་བརྩོན་པར་གནས་པ་ནི་སྨྲ་བ་མང་པོ་ལ་སེམས་ཀུན་དུ་གནས་པར་འགྱུར་བ་དང་། སྨྲ་བ་མང་ན་རྒོད་པར་འགྱུར་བ་དང་། རྒོད་ན་ཉེ་བར་མི་ཞི་བར་འགྱུར་བ་དང་ཉེ་བར་མ་ཞི་ན་སེམས་ཏིང་ངེ་འཛིན་ལས་ཐག་རིང་དུ་འགྱུར་བའི་ཕྱིར་རོ། །ཁྱོད་དེ་ལྟར་རྒྱུ་བ་ན་
དམིགས་པ་མ་བཏང་བས་མྱུར་བ་མྱུར་བར་འདུག་ལ་ཞི་གནས་དང་ལྷག་མཐོང་ལ་མཚན་མ་ཇི་ལྟ་བཟུང་བ་དེ་ཉིད་ཀྱིས་རྒྱུན་དུ་བྱེད་པ་དང་། ལེགས་པར་བྱེད་པས་རྣལ་འབྱོར་དུ་གྱིས་ཤིག །གཙུབ་གཏན་ལས་མེ་འབྱུང་བའི་སྦྱོར་བའི་ཚུལ་གྱིས་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་སྦྱོར་བས་རྒྱུན་
དུ་གྱིས་ཤིག །འདི་ལྟར་སེམས་རབ་ཏུ་གཏད་པར་ཡང་གྱིས་ཤིག །གལ་ཏེ་འཛམ་བུའི་གླིང་ན་འཛམ་བུའི་གླིང་པའི་མི་ཐམས་ཅད་ཀྱི་ཚེ་ཇི་སྲིད་དུ་ཐུབ་པར་གྱུར་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ང་བདག་གཅིག་པུའི་ཚེ་ཚད་དུ་གྱུར་ཀྱང་། བདག་གིས་འདི་ལྟ་སྟེ། རྣལ་འབྱོར་ལ་རབ་ཏུ་བརྩོན་པ་
འདི་ཉིད་ཀྱི་འབྲས་བུ་ཆེ་བ་ཉིད་དང་། ཕན་ཡོན་ཆེ་བ་ཉིད་རིག་པས་ན་ཚེ་དཔག་ཏུ་མེད་པས་སྤོང་བ་དང་། རྣལ་འབྱོར་ཡིད་ལ་བྱེད་པ་དང་། ཞི་གནས་དང་། ལྷག་མཐོང་ལ་རྣལ་འབྱོར་མི་གཏང་བར་བྱ་བ་ན་ཚེ་ཐུང་ཞིང་སྲོག་མྱུར་ན་ཤིན་ཏུ་ཡུན་རིང་དུ་ཟིན་ཀྱང་ལོ་བརྒྱ་ལས་མི་ཐུབ་ཅིང་ཡོངས་སུ་བརྩིས་

ན་ཡུད་ཙམ་ཅིག་ལས་མེད་པ་འདིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་ལྟར་སེམས་རབ་ཏུ་གཏད་པར་གྱིས་ཤིག །དེ་ལྟར་ཁྱོད་ཇི་སྐད་རྗེས་སུ་བསྟན་པ་བཞིན་དུ་རྒྱུན་དུ་བྱེད་ཅིང་ལེགས་པར་བྱེད་ན་གང་གི་དོན་དུ་སྤོང་བར་ཁས་བླངས་པའི་དོན་ནི་འགྲུབ་པར་འགྱུར་ཏེ། དང་པོ་ཁོ་ནར་ལུས་ཤིན་ཏུ་སྦྱངས་པ་དང་།
སེམས་ཤིན་ཏུ་སྦྱངས་པ་དང་། སེམས་རྩེ་གཅིག་པ་ཆུང་ངུ་ལ་རེག་པར་འགྱུར་རོ། །དེའི་འོག་ཏུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་དག་ཀྱང་ཐོབ་པར་འགྱུར་རོ་ཞེས་འདོམས་པར་བྱེད་དོ། །དེ་ལྟར་སློབ་དཔོན་རྣལ་འབྱོར་པ་རྣལ་འབྱོར་ཤེས་པ་དེས་སློབ་མ་ལས་
དང་པོ་པ་ལས་ཐོག་མ་པ་མི་སྡུག་པ་ལ་རབ་ཏུ་བརྩོན་པ་དེ་ལས་འདོམས་པ་ན་ཡང་དག་པ་ཁོ་ནར་གཏམས་པ་ཡིན་ལ། དེ་ལྟར་སྒྲུབ་པ་ན་ཡང་ཡང་དག་པར་ཞུགས་པ་ཡིན་ནོ། །མི་སྡུག་པས་འདུལ་བ་ལ་མི་སྡུག་པས་གདམས་པ་ཇི་ལྟ་བ་བཞིན་དུ་བྱམས་པས་འདུལ་བ་ལས་དབུགས་རྔུབ་པ་དང་།
དབུགས་འབྱུང་བ་དྲན་པ་ལ་སོགས་པའི་མཐར་ཐུག་པའི་བར་གྱིས་འདུལ་བ་ལ་ཡང་དེ་བཞིན་དུ་ཅི་རིགས་སུ་སྦྱར་བར་རིག་པར་བྱའོ། །དེ་ལས་གཞན་པ་དག་གི་སྒོར་འཇུག་པ་དག་གི་ཁྱད་པར་གང་ཡིན་པ་དེ་ནི་རྣམ་པར་དབྱེ་བར་བྱ་སྟེ། དེ་ལ་ལས་དང་པོ་པ་བྱམས་པ་བསྒོམ་པ་ལ་བརྩོན་པ་ཕྱི་རོལ་གྱི་
མཛའ་བཤེས་ཀྱི་ཕྱོགས་དང་། ཐ་མལ་པའི་ཕྱོགས་ལ་མཚན་མ་བཟུང་སྟེ། གནས་མལ་ཚུལ་དང་མཐུན་པར་སོང་སྟེ། མཉམ་པར་གཞག་པའི་སའི་ཡིད་ལ་བྱེད་པ་ཕན་པ་དང་། བདེ་བའི་ལྷག་པའི་བསམ་པ་དང་ལྡན་པས། དང་པོ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་གཅིག་དང་། དགྲ་
བོའི་ཕྱོགས་གཅིག་དང་། ཐ་མལ་པའི་ཕྱོགས་གཅིག་ལ་མོས་པར་བྱས་ཏེ། ཕྱོགས་གསུམ་པོ་དེ་དག་ལ་ཕན་པ་དང་། བདེ་བའི་ལྷག་པའི་བསམ་པ་དང་ལྡན་པའི་ཡིད་ལ་བྱེད་པས། ཀྱེ་མ་སེམས་ཅན་བདེ་བ་འདོད་པ་འདི་དག་འདི་ལྟ་སྟེ། འདོད་པའི་བདེ་བ་ཁ་ན་མ་ཐོ་བ་མེད་པ་དང་། དགའ་བ་དང་
བཅས་པའི་བདེ་བ་ཁ་ན་མ་ཐོ་བ་མེད་པ་དང་། དགའ་བ་མེད་པའི་ཁ་ན་མ་ཐོ་བ་མེད་པས་བདེ་བར་གྱུར་ཅིག་ཅེས་མཚུངས་པར་ཉེ་བར་བསྒྲུབ་པར་བྱའོ། །དེའི་འོག་ཏུ་མཛའ་བཤེས་ཀྱི་ཕྱོགས་གཅིག་དང་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་།

ལྔ་བཅུ་ནས་སྔ་མ་བཞིན་དུ་ཕྱོགས་དང་། ཕྱོགས་མཚམས་ཐམས་ཅད་ཀྱི་བར་དག་མཛའ་བཤེས་ཀྱིས་འདབ་ཆགས་སུ་གང་སྟེ། གང་དུ་འདབ་ཆགས་སུ་མ་གྱུར་པའི་གོ་སྐབས་སུ་ནི་ཐ་ན་འཁར་བའི་རྩེ་མོ་གཟུགས་པའི་གཏོས་ཙམ་ཡང་མེད་པར་མོས་པར་བྱའོ། །མཛའ་བཤེས་ཀྱི་ཕྱོགས་
ལ་ཇི་ལྟ་བཞིན་དུ་དགྲ་བོའི་ཕྱོགས་དང་། ཐ་མལ་པའི་ཕྱོགས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །བྱམས་པའི་སྦྱོར་བ་དེ་ཡང་མི་སྤོང་བར་བྱམས་པ་བསྒོམ་བཞིན་དུ་དྲན་པ་ཉེ་བར་གཞག་པ་དག་ལ་འཇུག་པ་ཁོ་ནར་ཡང་བྱེད་དེ། ཇི་ལྟར་འཇུག་པར་བྱེད་ཅེ་ན། འདི་ལྟར་མོས་པར་བྱེད་པ་ན་འཇུག་པར་བྱེད་
དེ། འདི་ལྟ་སྟེ། བདག་ཀྱང་གཞན་དག་གི་མཛའ་བཤེས་སུ་གྲགས་པ་ཡང་ཡིན། དགྲ་བོར་གྲགས་པ་ཡང་ཡིན། ཐ་མལ་པར་གྲགས་པ་ཡིན་ལ། བདག་ཀྱང་བདེ་བར་འདོད་པ་དང་། སྡུག་བསྔལ་དང་། མི་མཐུན་པ་ཡིན་ནོ་ཞེས་དེ་ལྟར་མོས་པར་བྱེད་པ་དེ་ནི་དེའི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་
བའི་བྱམས་པ་བསྒོམ་པ་ཡིན་ནོ། །སེམས་ཅན་འདི་དག་ཀྱང་བདག་ཇི་ལྟ་བ་བཞིན་དུ་གཞན་དག་གི་མཛའ་བཤེས་སུ་གྱུར་བ་ཡང་ཡིན། དགྲ་བོར་གྱུར་པ་ཡང་ཡིན། ཐ་མལ་པར་གྱུར་པ་ཡང་ཡིན་ལ། སེམས་ཅན་འདི་དག་ཀྱང་བདེ་བར་འདོད་པ་དང་། སྡུག་བསྔལ་དང་མི་མཐུན་པ་ཡིན་ནོ་ཞེས་དེ་ལྟར་
མོས་པར་བྱེད་པ་དེ་ནི་དེའི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་བྱམས་པ་བསྒོམ་པ་ཡིན་ནོ། །སེམས་ཅན་འདི་དག་ཀྱང་བདག་ཇི་ལྟ་བ་དེ་ལྟ་བུ་ཡིན་པས། ཇི་ལྟར་ཁོ་བོ་བདག་ལ་བདེ་བ་ཚོལ་བ་དེ་བཞིན་དུ་སེམས་ཅན་འདི་དག་ཀྱང་བདག་དང་མཉམ་ཞིང་བདག་དང་མཚུངས་པས་ན། བདག་གིས་
སེམས་ཅན་འདི་དག་ལ་ཡང་བདེ་བ་ཉེ་བར་བསྒྲུབ་པར་བྱའོ་ཞེས་དེ་ལྟར་མོས་པར་བྱེད་པ་དེ་ནི་དེའི་ནང་དང་། ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་བྱམས་པ་བསྒོམ་པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལས་ཆོས་དྲན་པ་ཉེ་བར་གཞག་པ་ནི་ཕུང་པོ་འདྲེན་མ་ལ་དམིགས་པའི་ཕྱིར་
འདྲེན་མ་ལ་དམིགས་པའི་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །རྣལ་འབྱོར་པས་གཟུགས་ཀྱི་མཚན་མ་ཁ་དོག་དང་དབྱིབས་ཀྱི་མཚན་མ་དང་། རྣམ་པར་རིག་བྱེད་ཀྱི་མཚན་མ་བཟུང་ནས་མཛའ་བཤེས་དང་། དགྲ་བོ་དང་། ཐ་མལ་པའི་ཕྱོགས་ལ་མོས་པར་བྱེད་པས་ན་དེའི་ཕྱིར་དེ་ནི་ལུས་དྲན་པ་ཉེ་བར་གཞག་

པ་ཁོ་ན་ཡིན་པར་རྣམ་པར་གཞག་གོ། །དེ་ལ་མོས་པ་ཡིད་ལ་བྱེད་པ་ལ་བརྟེན་ནས། ཡང་དག་པ་ཡིད་ལ་བྱེད་པ་ལ་ཡང་འཇུག་སྟེ། ཇི་ལྟར་འཇུག་ཅེ་ན། འདི་ལྟར་མོས་པར་བྱེད་པ་ན་འཇུག་པར་བྱེད་དེ། བདག་གིས་ཕན་པ་དང་བདེ་བ་དང་ལྡན་པའི་ལྷག་པའི་བསམ་པས་སེམས་ཅན་ཚད་
མེད་པའི་བར་དེ་དག་ལ་མོས་པར་བྱས་པ་དེ་བས་ནི། བདག་གིས་སྔོན་གྱི་མཐའ་ལས་བརྩམས་ཏེ་སེམས་ཅན་གང་དག་བདག་གི་མཛའ་བཤེས་སུ་གྱུར་པ་ལས་དགྲ་བོ་དང་། ཐ་མལ་པར་སོང་བ་དང་། དགྲ་བོར་གྱུར་པ་ལས་མཛའ་བཤེས་དང་། ཐ་མལ་པར་སོང་བ་དང་། ཐ་མལ་པར་གྱུར་པ་ལས་མཛའ་
བཤེས་དང་། དགྲ་བོར་སོང་བའི་མཛའ་བཤེས་དང་། དགྲ་བོ་དང་ཐ་མལ་པའི་ཕྱོགས་མངོན་པར་འདས་པའི་སེམས་ཅན་དེ་དག་ཆེས་ཚད་མེད་པ་ཡིན་པས་དེའི་ཕྱིར་ན་རྣམ་གྲངས་དེས་ན། སེམས་ཅན་འདི་དག་ཐམས་ཅད་ནི་མཉམ་ཞིང་མཚུངས་པ་ཡིན་ཏེ། འདི་ལ་མཛའ་བཤེས་དང་། དགྲ་བོ་དང་།
ཐ་མལ་པ་ཡིན་ཞེས་བྱ་བར་ཡོངས་སུ་གྲུབ་པ་ནི་འགའ་ཡང་མེད་པས་ན། རྣམ་པ་དེ་ཉིད་ཀྱིས་ཀྱང་ཕྱོགས་གསུམ་པོ་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང་། ཕན་པ་དང་། བདེ་བ་ཉེ་བར་བསྒྲུབ་པ་ལ་ཡང་མཉམ་པ་ཉིད་དུ་བྱའོ། །སྔོན་གྱི་མཐའ་ལས་བརྩམས་ནས་ཇི་ལྟ་བ་བཞིན་དུ་ཕྱི་མའི་མཐའ་ལས་
བརྩམས་ནས་ཀྱང་འཁོར་བ་ན་འཁོར་བ་ཡོད་ཀྱི་བར་དུ་དེ་བཞིན་དུ་རིག་པར་བྱའོ། །བདག་གིས་སྔོན་གྱི་མཐའ་ལས་བརྩམས་ཏེ། སེམས་ཅན་གང་དག་ལ་བྱམས་པའི་སེམས་ཀྱིས་རྗེས་སུ་སྙིང་བརྩེ་བར་མ་བྱས་པར་དེ་དག་མངོན་པར་འདས་སུ་ཟིན་གྱིས་ཀྱང་། འོན་ཀྱང་དེ་དག་ལ་བདག་གིས་འདི་ལྟ་
སྟེ། རང་གི་སེམས་ལ་རྟོག་པ་མེད་པ་དང་། གནོད་སེམས་སུ་གྱུར་པ་མེད་པ་ཉེ་བར་བཟུང་སྟེ། ཀྱེ་མ་འདས་པའི་སེམས་ཅན་འདི་དག་ཀྱང་བདེ་བར་གྱུར་ཅིག་ཅེས་རྗེས་སུ་སྙིང་བརྩེ་བར་བྱའོ། །གང་དག་མ་འོངས་པའི་དུས་ཀྱི་སེམས་ཅན་མ་འདས་པ་དེ་དག་ཀྱང་། བདེ་བར་གྱུར་ཅིག་ཅེས་དེ་
ལྟར་མོས་པར་བྱེད་པ་ན་འཇུག་པར་བྱེད་དོ། །ད་ལྟར་ཡང་དག་པ་ཡིད་ལ་བྱེད་པ་རྗེས་སུ་ཞུགས་པའི་བྱམས་པ་ལ་གནས་པ་དེའི་བསོད་ནམས་ཀྱི་རྒྱུན་དང་། དགེ་བའི་རྒྱུན་གང་ཡིན་པ་དེའི་གན་ན་མོས་པ་ལས་བྱུང་བའི་བྱམས་པ་ལ་གནས་པ་དེའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་བརྒྱའི་

ཆར་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་རྐྱེན་འདི་པ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རབ་ཏུ་བརྩོན་པའི་ལས་དང་པོ་པ་ནི་ཐོས་པ་དང་བསམས་པའི་དབང་གིས་བྱུང་བའི་
ཡོངས་སུ་རྟོག་པས་མཚན་མ་འཛིན་པར་བྱེད་དོ། །སེམས་ཅན་འདི་དག་ལ་ནི་མི་ཤེས་པས་ཀུན་དུ་རྨོངས་པ་ཡོད་དེ། དེས་ནི་འདི་དག་མངོན་སུམ་དུ་མི་རྟག་པ་ལ་ནི་རྟག་པར་རྟོག་པར་བྱེད། མངོན་སུམ་དུ་མི་སྡུག་པ་ལ་ནི་སྡུག་པར། སྡུག་བསྔལ་བ་ནི་བདེ་བར། བདག་མེད་པ་ལ་ནི་བདག་དུ་རྟོག་པར་བྱེད་
པས་ན། སེམས་ཅན་འདི་དག་ནི་ཕྱིན་ཅི་ལོག་གིས་བསླད་པ་ཡིན་ཏེ། བསླད་པའི་རྒྱུས་ཚེ་འདི་ལ་ཚོར་བ་རྣམས་དང་། ཚེ་ཕྱི་མ་ལ་ལུས་མངོན་པར་འགྲུབ་པ་ལ་སྲིད་པ་སྐྱེད་པར་བྱེད་དོ། །སྲེད་པར་གྱུར་པས་སྐྱེ་བའི་རྩ་བའི་ལས་རྣམས་བྱས་པས་ན། དེས་ན་ཕྱི་མ་ལ་ལས་དང་། ཉོན་མོངས་པའི་རྒྱུ་ལས་
བྱུང་བ་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་མངོན་པར་འགྲུབ་པར་བྱེད་དོ་ཞེས་མཚན་མར་འཛིན་པར་བྱེད་དོ། །དེ་ལྟར་མཚན་མ་བཟུང་ནས་ཀྱང་། བདག་གི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་ཡང་དེ་ཁོ་ན་ལྟ་བུར་གྱུར་པ་ཡིན་ནོ་ཞེས་ནང་ལ་མོས་པར་བྱེད་དོ། །ལུས་གང་དག་མཐའ་ཡས་མུ་མེད་
པའི་སྔོན་གྱི་མཐའ་ནས་བརྩམས་པ་དེ་དག་ནི་སྔོན་གྱི་མཐའ་མི་མངོན་ཏེ། དེ་དག་ཀྱང་དེ་ལྟ་བུར་གྱུར་པ་ཡིན་ལ། སེམས་ཅན་འདི་དག་གི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལུས་སྡུག་བསྔལ་གྱི་ཕུང་པོས་ཀུན་དུ་ཟིན་པ་དེ་དག་ཐམས་ཅད་ཀྱང་དེ་ལྟ་བུ་ཁོ་ནར་མངོན་པར་གྲུབ་པ་དང་།
ཕྱིས་ཀྱང་སྐྱེ་བར་འགྱུར་བ་ཡིན་ནོ་ཞེས་མོས་པར་བྱེད་དོ། །རྐྱེན་འད