Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 128

Văn bản gốc(Tây Tạng)

Trang 6 / 13 (50.000 ký tự/trang)
ན། འདི་ལྟ་སྟེ། སྐྲ་
དང་། སྤུ་དང་། སེན་མོ་དང་། སོ་དང་། གློག་པ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། ཆུ་རྒྱུས་དང་། རྩ་དང་། མཁལ་མ་དང་། སྙིང་དང་། མཆིན་པ་དང་། གློ་བ་དང་། རྒྱུ་མ་དང་། གཉེ་མ་དང་། ཕོ་བ་དང་། ལོང་ཀ་དང་། མཆེར་པ་དང་།
ཕྱི་ས་དག་སྟེ། དེ་ནི་ནང་གི་སའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་སའི་ཁམས་དེ་ཡང་གང་ཞེ་ན། །འདི་ལྟ་སྟེ། ཤིང་དང་། བོང་བ་དང་། གསེག་མ་དང་། གྱོ་མོ་དང་། ཤིང་ལྗོན་པ་དང་། རིའི་རྩེ་མོ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ཕྱི་རོལ་གྱི་སའི་
ཁམས་ཞེས་བྱའོ། །དེ་ལ་ཆུའི་ཁམས་གང་ཞེ་ན། ཆུའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ། །དེ་ལ་ནང་གི་ཆུའི་ཁམས་གང་ཞེ་ན། ནང་གི་སོ་སོའི་ལུས་ཟིན་པ་དང་། ཟིན་པར་གྱུར་པ་འདི་ལ་གཤེར་བ་དང་། གཤེར་བར་གྱུར་པ་དང་། རླན་པ་དང་།

རླན་པར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། མཆི་མ་དང་། རྔུལ་དང་། མཆིལ་མ་དང་། སྣབས་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། མཁྲིས་པ་དང་། བད་ཀན་དང་། རྣག་དང་། ཁྲག་དང་། གླད་སྤྲི་དང་། གླད་རྒྱས་དང་། གཅིན་དག་སྟེ། དེ་
ནི་ནང་གི་ཆུའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་ཆུའི་ཁམས་གང་ཞེ་ན། ཕྱི་རོལ་མ་ཟིན་པ་དང་། མ་ཟིན་པར་གྱུར་པ་ལ་གཤེར་བ་དང་། གཤེར་བར་གྱུར་པ་དང་། རླན་པ་དང་། རླན་པར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། རྫིང་བུ་དང་། མཚོ་དང་། ལྟེང་ཀ་དང་། ཆུ་
ཀླུང་དང་། འབབ་ཆུ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ཕྱི་རོལ་གྱི་ཆུའི་ཁམས་ཞེས་བྱའོ། །དེ་ལ་མེའི་ཁམས་གང་ཞེ་ན། མེའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ། །དེ་ལ་ནང་གི་མེའི་ཁམས་གང་ཞེ་ན། ནང་གི་སོ་སོའི་ལུས་ལ་ཟིན་པ་དང་།
ཟིན་པར་གྱུར་པ་ལ་ཚ་བ་དང་། ཚ་བར་གྱུར་པ་དང་། དྲོ་བ་དང་། དྲོ་བར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། ལུས་འདི་ལ་མེ་ཡོད་ཅིང་། དེས་ལུས་འདི་གདུང་བར་བྱེད། ཀུན་དུ་གདུང་བར་བྱེད། ཡོངས་སུ་གདུང་བར་བྱེད་པ་དང་། གང་གིས་དེས་ཟོས་པ་དང་། འཐུངས་
པ་དང་། འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་འགྱུར་བ་དང་། གང་གི་ཤས་ཆེ་བར་གྱུར་ན། རིམས་ཀྱིས་བཏབ་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་གང་ཡིན་པ་སྟེ། དེ་ནི་ནང་གི་མེའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། ཕྱི་རོལ་མ་ཟིན་པ་དང་།
མ་ཟིན་པར་གྱུར་པ་ལ་ཚ་བ་དང་། ཚ་བར་གྱུར་པ་དང་། དྲོ་བ་དང་། དྲོ་བར་གྱུར་པ་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། མེ་གཙུབ་ཤིང་ཐོགས་པ་དག་ལས་ལྕི་བའི་ཕྱེ་མ་བརྩལ་ཏེ། གང་བྱུང་བ་ན་གྲོང་ཡང་སྲེག་པར་བྱེད། གྲོང་གི་ཉེན་ཀོར་དང་། གྲོང་ཁྱེར་དང་། གྲོང་ཁྱེར་གྱི་ཉེན་
ཀོར་དང་། ལྗོངས་དང་། ལྗོངས་ཀྱི་ཉེན་ཀོར་དང་། གླིང་དང་། ལྡམ་ལྡུམ་དང་། ནགས་ཚལ་དང་། ཤིང་དང་། རྩ་དང་། ལྕི་བ་དག་ཀྱང་སྲེག་པར་འགྱུར་བ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ཕྱི་རོལ་གྱི་མེའི་ཁམས་ཞེས་བྱའོ། །དེ་ལ་རླུང་གི་ཁམས་གང་ཞེ་ན།

རླུང་གི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ། །དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། ནང་གི་སོ་སོའི་ལུས་ཟིན་པ་དང་། ཟིན་པར་གྱུར་པ་ལ་རླུང་དང་། རླུང་དུ་གྱུར་པ་དང་། ཡང་བ་ཉིད་དང་། གཡོ་བ་ཉིད་ཡོད་པ་གང་ཡིན་པ་སྟེ། དེ་ཡང་
འདི་ལྟ་སྟེ། ལུས་འདི་ཉིད་ལ་གྱེན་དུ་འགྲོ་བའི་རླུང་དང་། ཐུར་དུ་འགྲོ་བའི་རླུང་དང་། ཐད་ཀར་འཕྲེས་པའི་རླུང་དང་། ལྟོར་འཁྱིལ་པའི་རླུང་དང་། རྒྱབ་ཏུ་འཁྱིལ་པའི་རླུང་དང་། རླུང་སྐྲན་སྲ་བའི་རླུང་དང་། རླུང་སྐྲན་གྱི་རླུང་དང་། སྤུ་གྲི་ལྟ་བུའི་རླུང་དང་། ཤིང་པིབ་པ་ལའི་ལོ་མ་ལྟ་བུའི་
རླུང་དང་། མཚོན་ཆ་ལྟ་བུའི་རླུང་དང་། གསུད་པར་བྱེད་པའི་རླུང་དང་། དབུགས་རྔུབ་པ་དང་། དབུགས་རྔུབ་པའི་རླུང་དང་། ཡན་ལག་དང་ཉིང་ལག་གི་ནང་དུ་འཇུག་པའི་རླུང་དག་ཡོད་པ་སྟེ། དེ་ནི་ནང་གི་རླུང་གི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་རླུང་གི་ཁམས་གང་ཞེ་ན། ཕྱི་རོལ་
རོལ་མ་ཟིན་པ་དང་། མ་ཟིན་པར་གྱུར་པ་ལ་རླུང་དང་། རླུང་གི་གྱུར་པ་དང་། ཡང་བ་ཉིད་དང་། གཡོ་བ་ཉིད་ཡོད་པ་གང་ཡིན་པ་སྟེ། དེ་ཡང་འདི་ལྟ་སྟེ། ཕྱི་རོལ་ན་ཤར་གྱི་རླུང་དང་། ལྷོའི་རླུང་དང་། ནུབ་ཀྱི་རླུང་དང་། བྱང་གི་རླུང་དང་། རླུང་དམར་དང་། རླུང་དམར་མ་ཡིན་པ་དང་།
རླུང་ཆུང་ངུ་དང་། རླུང་ཆེན་པོ་དང་། ཁྱབ་པའི་རླུང་དང་། རྣམ་པར་འཐོར་བའི་རླུང་དང་། རླུང་གི་དཀྱིལ་འཁོར་དང་། རླུང་གི་ཚོགས་ཆེན་པོ་ལངས་པའི་དུས་དང་། ཤིང་ལྗོན་པའི་རྩེ་མོ་འདུད་པར་བྱེད་པ་དང་། རྩིག་པའི་རྩེ་མོ་འགུལ་བར་བྱེད་པ་དང་། རིའི་རྩེ་མོ་
འགུལ་བར་བྱེད་པ་དང་། འགུལ་བར་བྱས་ནས་ཀྱང་ཕྱིར་མི་འོང་བར་འགྲོ་བ་དག་དང་། སེམས་ཅན་དག་གི་གོས་དང་། ཏ་ལའི་ལོ་མ་དང་། རླུང་ཡབ་ཀྱི་གཡབ་མོས་བརྩལ་བར་བྱ་བའི་རླུང་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་རླུང་དང་ཡོད་པ་གང་ཡིན་པ་སྟེ། དེ་ནི་ཕྱི་རོལ་གྱི་
རླུང་གི་ཁམས་ཞེས་བྱའོ། །དེ་ལ་ནམ་མཁའི་ཁམས་གང་ཞེ་ན། མིག་སྦུབས་ཡོད་པ་དང་། རྣ་བའི་སྦུབས་ཡོད་པ་དང་། སྣ་སྦུབས་ཡོད་པ་དང་། ཁ་སྦུབས་ཡོད་པ་དང་། མགྲིན་པ་སྦུབས་ཡོད་པ་དང་། གང་གིས་མིད་པར་བྱེད་པ་དང་། གང་དུ་མིད་པར་བྱེད་པ་དང་། གང་

གིས་མིད་པ་ན་སྨད་ཀྱི་ཆར་འཛག་པར་བྱེད་པ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དག་སྟེ། དེ་ནི་ནམ་མཁའི་ཁམས་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་
ཤེས་པ་གང་ཡིན་པའོ། །དེ་ཡང་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཡིན་ཏེ། དེ་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་ལ་གང་ཟག་ང་རྒྱལ་སྤྱད་པ་ཁམས་རབ་ཏུ་དགེ་བ་འདི་དག་ཡིད་ལ་བྱེད་ན། ལུས་ལ་རིལ་པོར་འདུ་ཤེས་པ་རྣམ་པར་འཇིག་པར་བྱེད་ཅིང་། མི་སྡུག་
པའི་འདུ་ཤེས་ཀྱང་འཐོབ་པར་འགྱུར་ལ། དེས་ཁེངས་པར་ཡང་མི་འགྱུར་ཞིང་། ང་རྒྱལ་ཡང་སྲབ་མོར་བྱེད་ལ། ང་རྒྱལ་སྤྱད་པ་དེ་ལས་ཀྱང་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དེ་ནི་ཁམས་རབ་ཏུ་དབྱེ་བ་ཞེས་བྱ་སྟེ། གང་ཟག་ང་རྒྱལ་སྤྱད་པའི་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ཡིན་ནོ། །
དེ་ལ་དབུགས་རྔུབ་པ་དང་། དབུགས་འབྱུང་བ་གང་ཞེ་ན། དབུགས་རྔུབ་པ་དང་། དབུགས་འབྱུང་བའི་དམིགས་པ་དྲན་པ་གང་ཡིན་པ་སྟེ། དེ་ལ་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པ་ཞེས་བྱའོ། །དེ་ལ་དབུགས་རྔུབ་པ་ཡང་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན།
དབུགས་རྔུབ་པ་དང་། བར་དུ་དབུགས་རྔུབ་པའོ། །དབུགས་འབྱུང་བ་ཡང་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། དབུགས་འབྱུང་བ་དང་། བར་དུ་དབུགས་འབྱུང་བའོ། །དེ་ལ་དབུགས་རྔུབ་པ་ནི། དབུགས་བྱུང་བའི་འཇུག་ཐོགས་སུ་ཁ་ནང་དུ་བལྟས་པའི་རླུང་ལྟེ་བའི་ཕྱོགས་
ཡན་ཆད་དུ་ནང་དུ་འཇུག་པ་གང་ཡིན་པ་སྟེ། དེ་ནི་དབུགས་རྔུབ་པ་ཞེས་བྱའོ། །དེ་ལ་བར་དུ་དབུགས་རྔུབ་པ་ནི། དབུགས་རྔུབ་པ་དེ་ཆད་ནས། རེ་ཞིག་དབུགས་འབྱུང་བམ་བྱུང་གི་བར་དུ། དུས་ཆུང་ངུ་ཞིག་ངལ་བསོ་བ་དང་ལྡན་པའི་གནས་སྐབས་ན་དེ་དང་འདྲ་བའི་རླུང་ནང་དུ་འཇུག་པ་གང་
ཡིན་པ་སྟེ། དེ་ནི་བར་དུ་དབུགས་རྔུབ་པ་ཞེས་བྱའོ། །དབུགས་རྔུབ་པ་དང་། བར་དུ་དབུགས་རྔུབ་པ་ཇི་ལྟ་བ་བཞིན་དུ། དབུགས་འབྱུང་བ་དང་། དེ་ནི་དབུགས་རྔུབ་པ་ཞེས་བྱའོ། །བར་དུ་དབུགས་འབྱུང་བ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། ཁ་ཕྱིར་བལྟས་

པའི་རླུང་ལྟེ་བའི་ཕྱོགས་ཡན་ཆད་ནས་ཁའམ། སྣའི་རྩེ་མོའམ། དེ་ལས་ཕྱི་རོལ་ཚུན་ཆད་ཀྱི་བར་དུ་ཕྱིར་འབྱུང་བ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་གི་རྒྱུ་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། དེ་ལ་འཕེན་པར་བྱེད་
པའི་ལས་དང་། ལྟེ་བའི་ཕྱོགས་སྦུབས་ཡོད་པའམ། ལུས་ལ་བདེ་བས་ལྷག་པའི་སྦུབས་ཡོད་པའོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་གི་རྟེན་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། ལུས་དང་། སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ལ་ཡང་བརྟེན། སེམས་ལ་
ཡང་བརྟེན་ནས་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་འབྱུང་བའི་ཕྱིར་རོ། །དེ་ཡང་ཅི་རིགས་སུ་སྦྱར་རོ། །གལ་ཏེ་ལུས་ལ་བརྟེན་པ་ཁོ་ན་ལས་འབྱུང་བར་གྱུར་ན་ནི། འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པ་དང་། འགོག་པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པའི་
སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་ལ་ཡང་འབྱུང་བར་འགྱུར་རོ། །གལ་ཏེ་སེམས་ཅན་ལ་བརྟེན་པ་ཁོ་ན་ལས་འབྱུང་བར་འགྱུར་ན་ནི་དེས་ན་གཟུགས་མེད་པ་ལ་སྙོམས་པར་ཞུགས་པ་དང་། སྐྱེས་པའི་སེམས་ཅན་རྣམས་ལ་ཡང་འབྱུང་བར་འགྱུར་རོ། །གལ་ཏེ་ལུས་ལ་ཡང་
བརྟེན། སེམས་ལ་ཡང་བརྟེན་ནས་འབྱུང་བར་གྱུར་ན་ནི་དེ་ཡང་ཅི་རིགས་པ་མ་ཡིན་ཏེ། དེས་ན་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དང་། སྐྱེས་པའི་སེམས་ཅན་དང་། མེར་མེར་པོར་གྱུར་པ་དང་། ནུར་ནུར་པོར་གྱུར་པ་དང་། ལྟར་ལྟར་པོར་གྱུར་པའི་སེམས་ཅན་རྣམས་ལ་ཡང་
འབྱུང་བར་འགྱུར་བ་ཞིག་ན། འབྱུང་བར་ཡང་མི་འགྱུར་ཏེ། དེ་ལྟ་བས་ན་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ནི་ལུས་ལ་ཡང་བརྟེན། སེམས་ལ་ཡང་བརྟེན་ནས་འབྱུང་བར་འགྱུར་ཏེ། དེ་ཡང་ཅི་རིགས་སུ་སྦྱར་རོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་གི་བགྲོད་པ་ནི་
རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། དབུགས་རྔུབ་པ་དག་གི་བགྲོད་པ་ནི་ཐུར་དུའོ། །དབུགས་འབྱུང་བ་དག་གི་བགྲོད་པ་ནི་གྱེན་དུའོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ནི་སེམས་ཅན་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། སྦུབས་རགས་པ་ཡོད་པ་དང་། སྦུབས་

ཕྲ་བ་ཡོད་པའོ། །དེ་ལ་སྦུབས་རགས་པ་ཡོད་པ་གང་ཞེ་ན། ལྟེ་བའི་ཕྱོགས་ཡན་ཆད་ནས་ཁ་དང་སྣའི་བར་རམ། ཁ་དང་སྣ་མན་ཆད་ནས་ལྟེ་བའི་ཕྱོགས་ཀྱི་བར་ཡན་ཆད་སྦུབས་རགས་པ་ཡོད་པའོ། །སྦུབས་ཕྲ་བ་ཡོད་པ་གང་ཞེ་ན། ལུས་ཐམས་ཅད་དང་ལྡན་པའི་སྤུའི་ཁུང་བུ་རྣམས་སོ། །
དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་གི་མིང་གི་རྣམ་གྲངས་འདི་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། རླུང་དང་། དབུགས་འོང་བ་དང་། དབུགས་འགྲོ་བ་དང་། དབུགས་རྔུབ་པ་དང་། དབུགས་འབྱུང་བ་དང་། ལུས་ཀྱི་འདུ་བྱེད་དག་གོ། །དེ་ལ་འདི་ལྟ་སྟེ། རླུང་ཞེས་བྱ་བ་ནི་
རླུང་གཞན་དག་དང་མིང་གི་རྣམ་གྲངས་གཅིག་སྟེ། ཐུན་མོང་པ་ཡིན་ནོ། །དེ་ལས་གཞན་པ་གསུམ་པོ་དག་གི་ཐུན་མོང་མ་ཡིན་པའོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ལ་བརྩོན་པའི་སྐྱོན་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། སྦྱོར་བ་ཧ་ཅང་ལྷོད་པ་དང་། སྦྱོར་བ་ཧ་ཅང་
དམ་པའོ། །དེ་ལ་སྦྱོར་བ་ཧ་ཅང་ལྷོད་པས་ནི་ལེ་ལོ་དང་ལྡན་པའི་སེམས་རྨུགས་པ་དང་། གཉིད་ཀྱིས་ཀུན་ནས་དཀྲིས་པའམ། སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་བྱེད་དོ། །དེ་ལ་སྦྱོར་བ་ཧ་ཅང་དམ་པས་ནི་ལུས་ལ་གནོད་པའམ། སེམས་ལ་གནོད་པ་སྐྱེད་པར་བྱེད་དོ། །དེ་ལ་ཇི་
ལྟར་ན་ལུས་ལ་གནོད་པ་སྐྱེད་པར་བྱེད་ཅེ་ན། མཐུ་ཀར་བོར་ཏེ། དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་གིས་གནོད་པར་འགྱུར་བའི་ལུས་ལ་རླུང་མི་མཉམ་པ་དག་འཇུག་པར་འགྱུར་ཞིང་། དེ་དག་གིས་དང་པོ་ཁོ་ནར་དེའི་ཡན་ལག་དང་། ཉིང་ལག་དེ་དང་དེ་དག་ཁྱབ་པར་བྱེད་དེ།
དེ་དག་ནི་ཁྱབ་བྱེད་ཅེས་བྱའོ། །རླུང་ཁྱབ་བྱེད་དེ་དག་རྣམ་པར་འཕེལ་བ་ན་ནད་བྱེད་ཅེས་བྱ་བ་དག་ཏུ་འགྱུར་ཞིང་། དེ་དག་གིས་དེའི་ཡན་ལག་དང་ཉིང་ལག་དེ་དང་དེ་དག་ལ་ནད་སྐྱེད་པར་བྱེད་དེ། དེ་ནི་ལུས་ལ་གནོད་པ་ཞེས་བྱའོ། །ཇི་ལྟར་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་ཅེ་ན། དེའི་
སེམས་རྣམ་པར་གཡེང་བར་བྱེད་པའམ། ཡིད་མི་བདེ་བའམ། འཁྲུག་པ་རབ་ཏུ་མང་པོ་དག་གིས་ཟིལ་གྱིས་གནོན་པར་བྱེད་དེ། དེ་ལྟར་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་པ་ཡིན་ནོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་འདི་ལ་ཡོངས་སུ་སྦྱང་བ་རྣམ་པ་ལྔ་ཡོད་པར་རིག་པར་བྱ་

སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བགྲང་བས་ཡོངས་སུ་སྦྱང་བ་དང་། ཕུང་པོ་ལ་འཇུག་པས་ཡོངས་སུ་སྦྱང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པས་ཡོངས་སུ་སྦྱང་བ་དང་། བདེན་པ་ལ་འཇུག་པས་ཡོངས་སུ་སྦྱང་བ་དང་། རྣམ་པ་བཅུ་
དྲུག་གིས་ཡོངས་སུ་སྦྱང་བའོ། །དེ་ལ་བགྲང་བས་ཡོངས་སུ་སྦྱང་བ་གང་ཞེ་ན། བགྲང་བས་ཡོངས་སུ་སྦྱང་བ་ནི་རྣམ་པ་བཞི་སྟེ། མདོར་བསྡུ་ན་རྣམ་པ་བཞི་ནི་འདི་ལྟ་སྟེ། རེ་རེ་ནས་བགྲང་བ་དང་། ཟུང་དུ་བགྲང་བ་དང་། རྗེས་སུ་མཐུན་པར་བགྲང་བ་དང་། རྗེས་སུ་མི་མཐུན་པར་
བགྲང་བའོ། །དེ་ལ་རེ་རེ་ནས་བགྲང་བ་གང་ཞེ་ན། དབུགས་རྔུབ་པ་དང་། དབུགས་འབྱུང་བ་ལ་དམིགས་པ་དང་ལྡན་པའི་དྲན་པས། གང་གི་ཚེ་དབུགས་རྔུབ་པ་བརྔུབས་པ་དེའི་ཚེ། གཅིག་ཅེས་བགྲང་བར་བྱེད་པ་དང་། གང་གི་དབུགས་རྔུབ་པ་འགགས་ཏེ། དབུགས་འབྱུང་བ་འཐོན་ཞིང་བྱུང་
བར་གྱུར་པ་དེའི་ཚེ་ན། གཉིས་ཞེས་བགྲང་བར་བྱེད་ཅིང་དེ་ལྟར་བགྲང་བའི་གྲངས་དེ་དག་ཧ་ཅང་ཡང་མི་ཉུང་། ཧ་ཅང་ཡང་མི་མང་བར་བཅུའི་བར་དུ་བགྲང་བར་བྱེད་པ་དེ་ནི། རེ་རེ་ལས་བགྲང་བ་ཞེས་བྱའོ། །ཟུང་དུ་བགྲང་བ་གང་ཞེ་ན། གང་གི་ཚེ་དབུགས་རྔུབ་པ་བརྔུབས་ཏེ་འགགས་པར་
གྱུར་ནས། དབུགས་འབྱུང་བ་འཐོན་ཞིང་བྱུང་བར་གྱུར་པ་དེའི་ཚེ་ན། གཅིག་ཅེས་བགྲང་བར་བྱེད་ཅིང་བགྲང་བའི་ཚུལ་དེས་བཅུའི་བར་དུ་བགྲང་བར་བྱེད་པ་དེ་ནི་ཟུང་དུ་བགྲང་བ་ཞེས་བྱ་སྟེ། དབུགས་རྔུབ་པ་དང་། དབུགས་འབྱུང་བ་དེ་གཉིས་གཅིག་ཏུ་བསྡུས་ནས་གཅིག་ཅེས་བགྲང་བར་
བྱེད་པ་ནས། དེའི་ཕྱིར་ཟུང་དུ་བགྲང་བ་ཞེས་བྱའོ། །རྗེས་སུ་མཐུན་པར་བགྲང་བ་གང་ཞེ་ན། རེ་རེ་ནས་བགྲང་བའམ། ཟུང་དུ་བགྲང་བ་འདིས་གཅིག་ནས་བཅུའི་བར་དུ་གྲངས་ཀྱི་ལུགས་བཞིན་དུ་བགྲང་བ་སྟེ། དེ་ནི་རྗེས་སུ་མཐུན་པར་བགྲང་བ་ཞེས་བྱའོ། །རྗེས་སུ་མི་མཐུན་པར་བགྲང་བ་
གང་ཞེ་ན། བཅུ་ནས་བཟུང་སྟེ་དགུ་དང་། བརྒྱད་དང་། བདུན་དང་། དྲུག་དང་། ལྔ་དང་། གཅིག་གི་བར་དུ་གྲངས་གཅིག་གི་ལུགས་དང་མི་མཐུན་པར་བགྲང་བ་སྟེ། དེ་ནི་རྗེས་སུ་མི་མཐུན་པར་བགྲང་བ་ཞེས་བྱའོ། །དེ་གང་གི་ཚེ་རེ་རེ་ནས་བགྲང་བའམ། ཟུང་དུ་བགྲང་བ་ལ་བརྟེན་ནས་

རྗེས་སུ་མཐུན་པར་བགྲང་བ་དང་། རྗེས་སུ་མི་མཐུན་པར་བགྲང་བ་ལ་ཡོངས་སུ་སྦྱང་བར་གྱུར་ཅིང་། བར་དུ་དེའི་སེམས་རྣམ་པར་མི་གཡེང་ལ། སེམས་རྣམ་པར་གཡེང་བ་མེད་པས་བགྲང་བར་བྱེད་པ་དེའི་ཚེ་ན། དེ་ལ་གོང་དུ་བགྲང་བའི་ཁྱད་པར་བརྗོད་པར་བྱ་སྟེ། དེ་ལ་བགྲང་བའི་ཁྱད་
པར་གང་ཞེ་ན། རེ་རེ་ནས་བགྲང་བའམ། ཟུང་དུ་བགྲང་བས་གཉིས་གཅིག་ཏུ་བྱས་ཏེ་བགྲང་བར་བྱེད་པའོ། །དེ་ལ་ཟུང་དུ་བགྲང་བས་གཉིས་གཅིག་ཏུ་བྱས་ཏེ། བགྲང་བ་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་བཞི་ལ་གཅིག་ཏུ་འགྱུར་རོ། །རེ་རེ་ནས་བགྲང་བས་གཉིས་གཅིག་ཏུ་བྱས་
ཏེ། བགྲང་ན་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་གཉིས་ལ་གཅིག་ཏུ་འགྱུར་ཏེ། དེ་ལྟ་བུས་བཅུའི་བར་དུ་བགྲང་བར་བྱེད་དོ། །དེ་ལྟར་གོང་ནས་གོང་དུ་བསྐྱེད་ནས་བརྒྱའི་བར་དུ་ཡང་གཅིག་ཏུ་བྱས་ཏེ། བགྲང་བར་བྱེད་ཅིང་བརྒྱ་གཅིག་ཏུ་བགྲང་བ་དེས་རིམ་གྱིས་བཅུའི་བར་དུ་ཡང་
བགྲང་བར་བྱེད་དོ། །དེ་ལྟར་བགྲང་བ་ལ་བརྩོན་པ་བཅུ་བཅུའི་བར་དུ་གཅིག་ཏུ་བྱས་ཏེ། བགྲང་བར་བྱེད་པ་དེའི་བཅུ་ཚང་གི་བར་དུ་བཅུ་གཅིག་ཏུ་བགྲང་བ་དེས་དེའི་སེམས་བར་དུ་རྣམ་པར་གཡེང་བར་མི་འགྱུར་ན་དེ་ཙམ་གྱིས་ན་དེ་བགྲང་བས་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །བགྲང་བ་ལ་བརྩོན་
པ་དེ་གལ་ཏེ་བར་དུ་སེམས་རྣམ་པར་གཡེངས་པར་གྱུར་ན། དེའི་ཚེ་ཕྱིར་ཡང་གཞི་ནས་བསླངས་ཏེ། རྗེས་སུ་མཐུན་པའམ། རྗེས་སུ་མི་མཐུན་པའི་དང་པོ་ནས་བཟུང་སྟེ། བགྲང་བ་རྩོམ་པར་བྱེད་དོ། །གང་གི་ཚེ་བགྲང་བ་ཡོངས་སུ་བྱང་བས་དེའི་སེམས་དེ་རང་གི་ངང་ཁོ་ནས་ཕྱི་རོལ་གྱི་ལམ་
དུ་མི་འཇུག་ཅིང་། དབུགས་རྔུབ་པ་དང་། དབུགས་འབྱུང་བའི་དམིགས་པ་དང་། འཕྲལ་ལ་བར་ཆད་མེད་པར་རྒྱུན་དུ་འཇུག་པར་འགྱུར་ཞིང་། དབུགས་རྔུབ་པ་དང་འཇུག་པར་ཡང་འཇུག་པར་འཛིན་ལ་དབུགས་རྔུབ་པ་ལྡོག་པ་ན་ཡང་ལྡོག་པར་འཛིན་ཅིང་། དབུགས་འབྱུང་བས་སྟོང་
པའི་གནས་སྐབས་སུ་འཛིན་པ་དང་། དབུགས་འབྱུང་བ་འཇུག་པ་ན་ཡང་འཇུག་པར་འཛིན་ཅིང་། ལྡོག་པ་ན་ཡང་ལྡོག་པར་འཛིན་ཅིང་། དབུགས་རྔུབ་པས་སྟོང་པའི་གནས་སྐབས་སུ་འཛིན་པ་མི་གཡོ་མི་འགྱུར་ཞིང་། རྣམ་པར་གཡེང་བ་མེད་པའི་རྣམ་པ་དང་། མངོན་པར་དགའ་

བ་དང་བཅས་པས་འཇུག་པར་གྱུར་ན། དེ་ཙམ་གྱིས་ན་བགྲང་བའི་ས་ལས་ཡང་དག་པར་འདས་པ་ཡིན་ཏེ། དེས་ཡང་བགྲང་བར་བྱ་བ་མེད་པ་ཡིན་པས། དབུགས་རྔུབ་པ་དང་། དབུགས་འབྱུང་བའི་དམིགས་པ་ལ་སེམས་ཉེ་བར་གཏོད་པ་འབའ་ཞིག་བྱེད་དོ། །དབུགས་
རྔུབ་པ་དང་། དབུགས་འབྱུང་བའི་བར་སྐབས་སུ་དབུགས་འབྱུང་བ་དང་། དབུགས་རྔུབ་པ་འཇུག་པ་དང་། ལྡོག་པའི་གནས་སྐབས་དག་རྗེས་སུ་རྟོགས་པར་བྱ་ཞིང་། ཉེ་བར་ཤེས་པར་བྱ་བ་ཁོ་ནར་ཟད་དེ། དེ་ནི་བགྲང་བས་ཡོངས་སུ་སྦྱང་བ་ཞེས་བྱའོ། །བགྲང་བས་ཡོངས་སུ་སྦྱང་བ་དེ་
ཡང་དབང་པོ་རྟུལ་པོ་རྣམས་ལ་བསྟན་པ་ཡིན་ཏེ། དེ་ནི་དེ་དག་གི་སེམས་གནས་པར་བྱ་བ་དང་། སེམས་མངོན་པར་དགའ་བར་བྱ་བ་ལ་རྣམ་པར་མི་གཡེང་བའི་གནས་ཡིན་གྱི། གཞན་དུ་ན་བགྲང་བ་མེད་ན་དེ་དག་གི་སེམས་རྨུགས་པ་དང་། གཉིད་ཀྱིས་ཀུན་ནས་དཀྲིས་པའམ། སེམས་
ཕྱི་རོལ་དུ་རྣམ་པར་གཡེང་བར་འགྱུར་བས། བགྲང་བ་ལ་བརྩོན་པ་དེ་དག་ནི་དེ་མི་འབྱུང་ངོ་། །དབང་པོ་རྣོན་པོ་བློ་གསལ་བ་གང་ཡིན་པ་དེ་དག་ནི་བགྲང་བའི་སྦྱོར་བས་དགའ་ཞིང་འཇུག་པ་མ་ཡིན་ཏེ། བགྲང་བའི་སྦྱོར་བ་ལུང་ཕོག་པ་ཉིད་ཀྱིས་མྱུར་བ་མྱུར་བ་ཁོ་ནར་རྟོགས་པར་འགྱུར་བས་དེས་
མངོན་པར་དགའ་བར་མི་བྱེད་དོ། །དེ་དག་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་དམིགས་པ་ལ་དྲན་པ་ཉེ་བར་གཏད་ནས། གང་དུ་འཇུག་པ་དང་། ཅི་ཙམ་དུ་འཇུག་པ་དང་། ཇི་ལྟར་འཇུག་པ་དང་། གང་གི་ཚེ་འཇུག་པ་དེ་དག་ཐམས་ཅད་དྲན་པ་ཉེ་བར་གཞག་པས་རྗེས་སུ་རྟོགས་
པར་བྱེད། ཉེ་བར་ཤེས་པར་བྱེད་དེ། དེ་ལྟ་བུ་དེ་ནི་དེ་དག་གི་སྦྱོར་བ་ཡིན་ནོ། །སྦྱོར་བ་དེ་ལ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་ཡང་སྐྱེ་བར་འགྱུར་ཞིང་རྩེ་གཅིག་པ་ཉིད་ལ་ཡང་རེག་པར་འགྱུར། དམིགས་
པར་མངོན་པར་དགའ་བ་ཡང་ཐོབ་པར་འགྱུར་རོ། །དེ་ལྟར་ལུས་ཡོངས་སུ་སྦྱང་བ་བྱས་པ་སྟེ། དེ་ནི་གཟུང་བ་དང་འཛིན་པའི་དངོས་པོ་ཡིད་ལ་བྱེད་པས་ཕུང་པོ་རྣམས་ལ་འཇུག་པར་བྱེད་དེ། ཇི་ལྟར་འཇུག་པར་བྱེད་ཅེ་ན། དབུགས་རྔུབ་པ་དང་། དབུགས་འབྱུང་བ་གང་དག་ཡིན་པ་དེ་དག་གི་རྟེན་གྱི་

ལུས་གང་ཡིན་པ་དེ་ཡིད་ལ་བྱེད་པ་ན། གཟུགས་ཀྱི་ཕུང་པོ་ལ་འཇུག་པ་ཡིན་ནོ། །དབུགས་རྔུབ་པ་དང་། དབུགས་འབྱུང་བ་དེ་དག་ལ། དེར་འཛིན་པའི་དྲན་པ་དང་མཚུངས་པར་ལྡན་པའི་རོ་མྱང་བ་གང་ཡིན་པ་དེ་ནི། ཚོར་བའི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །ཀུན་ཤེས་པར་
བྱེད་པ་གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །དྲན་པ་གང་ཡིན་པ་དེ་དང་། སེམས་པ་གང་ཡིན་པ་དེ་དང་། དེ་ལ་ཤེས་རབ་གང་ཡིན་པ་དེ་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །སེམས་དང་། ཡིད་དང་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རྣམ་
པར་ཤེས་པའི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །དེ་ལྟར་ཕུང་པོ་རྣམས་ལ་ཞུགས་པ་དེ་ལ་ལན་མང་དུ་གནས་པ་གང་ཡིན་པ་དེ་ནི་ཕུང་པོ་ལ་འཇུག་པས་ཡོངས་སུ་སྦྱང་བ་ཞེས་བྱའོ། །གང་གི་ཚེ་དེས་ཕུང་པོ་ཙམ་དང་། འདུ་བྱེད་ཙམ་དང་། དངོས་པོ་ཙམ་དུ་མཐོང་ཞིང་ཡོངས་སུ་ཤེས་པར་གྱུར་པ་དེའི་ཚེ། འདུ་
བྱེད་དེ་དག་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པར་བྱེད་དེ། ཇི་ལྟར་འཇུག་པར་བྱེད་ཅེ་ན། དེ་འདི་ལྟར་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དེ་དག་གི་རྟེན་ནི་གང་ཡིན། རྐྱེན་ནི་གང་ཡིན་ཞེས་ཡང་དག་པར་ཚོལ་ཞིང་ཡོངས་སུ་ཚོལ་བར་བྱེད་པ་ན། དེ་འདི་སྙམ་དུ་སེམས་ཏེ།
དབུགས་རྔུབ་པ་དང་། དབུགས་འབྱུང་བ་འདི་དག་ནི་ལུས་ལ་བརྟེན་ཞིང་ལུས་ཀྱི་རྐྱེན་དང་། སེམས་ལ་བརྟེན་ཞིང་སེམས་ཀྱིས་རྐྱེན་དུ་བྱས་པ་ཡིན་ནོ་སྙམ་དུ་སེམས་ཤིང་། དེ་ལུས་དང་སེམས་ཀྱི་རྐྱེན་ཡང་གང་ཡིན་ཞེ་ན། ལུས་དང་སེམས་ཀྱི་རྐྱེན་ནི་སྲོག་གི་དབང་པོ་ཡིན་ནོ་ཞེས་
འཇུག་པར་བྱེད་པ་དང་། དེ་སྲོག་གི་དབང་པོའི་རྐྱེན་གང་ཞེ་ན། སྲོག་གི་དབང་པོའི་རྐྱེན་ནི་སྔོན་གྱི་འདུ་བྱེད་ཡིན་ནོ་ཞེས་འཇུག་པར་བྱེད་པ་དང་། དེ་སྔོན་གྱི་འདུ་བྱེད་ཀྱི་རྐྱེན་གང་ཞེ་ན། སྔོན་གྱི་འདུ་བྱེད་ཀྱི་རྐྱེན་མ་རིག་པ་ཡིན་ནོ་ཞེས་འཇུག་པར་བྱེད་དེ། དེ་ལྟར་ན་མ་རིག་པའི་རྐྱེན་གྱིས་སྔོན་གྱི་
འདུ་བྱེད་སྔོན་གྱི་འདུ་བྱེད་ཀྱི་རྐྱེན་གྱིས་སྲོག་གི་དབང་པོ། །སྲོག་གི་དབང་པོའི་རྐྱེན་གྱིས་ལུས་དང་སེམས། ལུས་དང་སེམས་ཀྱི་རྐྱེན་གྱིས་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ཡོད་པས། དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་སྲོག་

གི་དབང་པོ་འགག །སྲོག་གི་དབང་པོ་འགགས་པས་ལུས་དང་སེམས་འགག །ལུས་དང་སེམས་འགགས་པས་དབུགས་རྔུབ་པ་དང་། དབུགས་འབྱུང་བ་འགག་གོ་སྙམ་དུ་སེམས་ཏེ་དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པ་ཡིན་ནོ། །དེ་དེ་ལ་ལན་
མང་དུ་གནས་པས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པས་ཡོངས་སུ་སྦྱོང་བ་བྱས་པ་ཞེས་བྱ་སྟེ། དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པས་ཡོངས་སུ་སྦྱང་བ་ཞེས་བྱའོ།། །།ཉན་ཐོས་ཀྱི་ས། བམ་པོ་དགུ་པ། དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡོངས་སུ་
སྦྱང་བ་བྱས་པས་འདུ་བྱེད་གང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་ནི་མི་རྟག་པ་ཡིན་ནོ། །མི་རྟག་པའི་ཕྱིར་སྔོན་མ་བྱུང་བ་ལས་བྱུང་བ་དང་། བྱུང་ནས་ཀྱང་འཇིག་པར་འགྱུར་བ་ཡིན་ཏེ། གང་དག་སྔོན་མ་བྱུང་བ་ལ་བྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་བ་དེ་དག་ནི་སྐྱེ་བའི་
ཆོས་ཅན་དང་། རྒ་བའི་ཆོས་ཅན་དང་། ན་བའི་ཆོས་ཅན་དང་། འཆི་བའི་ཆོས་ཅན་ཡིན་ནོ། །གང་དག་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་ཆོས་ཅན་ཡིན་པ་དེ་དག་ནི་སྡུག་བསྔལ་བ་ཡིན་ནོ། །གང་དག་སྡུག་བསྔལ་བ་དེ་དག་གི་བདག་མེད་པ་དང་། རང་དབང་མེད་པ་དང་།
བདག་པོ་དང་བྲལ་བ་ཡིན་ནོ་ཞེས་འཇུག་པར་བྱེད་དེ། དེ་ལྟར་ན་དེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་དག་གིས་བདེན་པ་སྡུག་བསྔལ་ལ་ཞུགས་པ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་བྱེད་དེ་དག་གིས་སྡུག་བསྔལ་བར་གྱུར་པ་དང་།
ནད་དུ་གྱུར་པ་དང་། འབྲས་སུ་གྱུར་པ་གང་ཅུང་ཟད་མངོན་པར་གྲུབ་པ་དེ་དག་ཐམས་ཅད་ནི་སྲིད་པའི་རྐྱེན་ལས་བྱུང་བ་ཡིན་པས་སྡུག་བསྔལ་སྐྱེད་པར་བྱེད་པའི་སྲེད་པས་གང་ཡིན་པ་འདི་མ་ལུས་པར་སྤངས་པ་དེ་ནི་ཞི་བ། དེ་ནི་གྱ་ནོམ་པ་སྟེ། བདག་གིས་དེ་ལྟར་ཤེས་ཤིང་། དེ་ལྟར་མཐོང་
ལ་དེ་ལྟར་ལན་མང་དུ་གནས་པར་བྱས་ན་སྲེད་པ་མ་ལུས་པར་ཟད་པར་འགྱུར་རོ་སྙམ་དུ་སེམས་ཏེ། དེ་ལྟར་ན་དེ་བདེན་པ་ཀུན་འབྱུང་བ་དང་། བདེན་པ་འགོག་པ་དང་། བདེན་པ་ལམ་ལ་ཞུགས་པ་ཡིན་ནོ། །དེ་གང་གི་ཚེ་དེ་ལ་ལན་མང་དུ་གནས་པར་བྱེད་ཅིང་། བདེན་པ་རྣམས་མངོན་པར་

རྟོགས་པར་བྱེད་པ་དེ་ནི། དེའི་བདེན་པ་ལ་འཇུག་པས་ཡོངས་སུ་སྦྱང་བ་ཞེས་བྱའོ། །དེ་ལྟར་བདེན་པ་དག་ལ་ཡོངས་སུ་སྦྱང་བ་བྱས་པ་དེའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ན། བསྒོམ་པས་སྤང་བར་བྱ་བ་རྣམས་མ་ལུས་པས་དེ་དག་སྤང་བར་བྱ་བའི་ཕྱིར་རྣམ་
པ་བཅུ་དྲུག་གིས་ཡོངས་སུ་སྦྱོང་བར་བྱེད་དོ། །རྣམ་པ་བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། དྲན་བཞིན་དུ་དབུགས་བརྔུབས་ན་དྲན་བཞིན་དུ་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། དྲན་བཞིན་དུ་དབུགས་ཕྱུང་ན་དྲན་བཞིན་དུ་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་དང་། དབུགས་རིང་
བ་དང་། ཐུང་བ་དང་། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། དབུགས་རིང་བ་དང་། ཐུང་བ་དང་། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་ཕྱུང་ན། ལུས་ཀྱི་
ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་དང་། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས། དབུགས་བརྔུབས་ན་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་སོ་སྙམ་དུ་སློབ་བར་བྱེད་པ་ལ། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན་ལུས་ཀྱི་
འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་དང་། དགའ་བ་ཡང་དག་པར་མྱོང་བ་དང་། བདེ་བ་ཡང་དག་པར་མྱོང་བ་དང་། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་བ་དང་། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན། སེམས་ཀྱི་འདུ་བྱེད་ཤིན་
ཏུ་སྦྱངས་ནས་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། དགའ་བ་ཡང་དག་པར་མྱོང་བ་དང་། བདེ་བ་ཡང་དག་པར་མྱོང་བ་དང་། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་བ་དང་། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་
དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་དང་། སེམས་ཡང་དག་པར་མྱོང་བ་དང་། སེམས་མངོན་པར་རབ་ཏུ་དགའ་བ་དང་། སེམས་ཏིང་ངེ་འཛིན་དུ་གཞག་པ་དང་། སེམས་རྣམ་པར་གྲོལ་ཞིང་དབུགས་བརྔུབས་ན་སེམས་རྣམ་པར་གྲོལ་ཞིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་

ལ། སེམས་ཡང་དག་པར་མྱོང་བ་དང་། སེམས་མངོན་པར་རབ་ཏུ་དགའ་བ་དང་། སེམས་ཏིང་ངེ་འཛིན་དུ་གཞག་པ་དང་། སེམས་རྣམ་པར་གྲོལ་ཞིང་དབུགས་ཕྱུང་ན། སེམས་རྣམ་པར་གྲོལ་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་དང་། མི་རྟག་པར་རྗེས་སུ་
ལྟ་བ་དང་། སྤང་བར་རྗེས་སུ་ལྟ་བ་དང་། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་ཞིང་དབུགས་བརྔུབས་ན་འགོག་པར་རྗེས་སུ་ལྟ་ཞིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། མི་རྟག་པར་རྗེས་སུ་ལྟ་བ་དང་། སྤོང་བར་རྗེས་སུ་ལྟ་བ་དང་། འདོད་ཆགས་
དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ན། འགོག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པའོ། །དེ་ལ་རྣམ་པ་བཅུ་དྲུག་པོ་དེ་དག་གི་རྣམ་པར་དབྱེ་བ་ཇི་ལྟ་བུ་ཡིན་ཞེ་ན། སློབ་པ་བཞི་མཐོང་ན། དྲན་པ་ཉེ་བར་གཞག་པ་བཞི་ཐོབ་པ་དེ་ཀུན་
དུ་སྦྱོར་བ་ལྷག་མ་རྣམས་སྤང་བར་བྱ་བའི་ཕྱིར། དབུགས་བརྔུབས་པ་དང་། དབུགས་འབྱུང་བའི་དམིགས་པ་ཡིད་ལ་བྱེད་པ་རྩོམ་པས་ན། དེའི་ཕྱིར་དྲན་བཞིན་དུ་དབུགས་བརྔུབས་ན། དྲན་བཞིན་དུ་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། དྲན་བཞིན་དུ་དབུགས་ཕྱུང་ན།
དྲན་བཞིན་དུ་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །གང་གི་ཚེ་དབུགས་བརྔུབས་པ་དང་། དབུགས་འབྱུང་བ་ལ་དམིགས་པར་བྱེད་པ་དེའི་ཚེ་ནི་དབུགས་རིང་དུ་བརྔུབས་ན། དབུགས་རིང་དུ་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། དབུགས་རིང་དུ་ཕྱུང་ན།
དབུགས་རིང་དུ་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། །གང་གི་ཚེ་བར་དུ་དབུགས་བརྔུབས་པ་དང་། བར་དུ་དབུགས་འབྱུང་བ་ལ་དམིགས་པར་བྱེད་པ་དེའི་ཚེ་ནི། དབུགས་ཐུང་ངུ་བརྔུབས་ན། བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། དབུགས་ཐུང་ངུ་ཕྱུང་ན། དབུགས་ཐུང་ངུ་
ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། །འདི་ལྟར་དབུགས་བརྔུབས་པ་དང་། དབུགས་འབྱུང་བ་དག་ནི་རིང་དུ་འཇུག་པ་ཡིན་ལ། བར་དུ་དབུགས་བརྔུབས་པ་དང་། བར་དུ་འབྱུང་བ་དག་ནི་ཐུང་ངུར་འཇུག་པ་ཡིན་པས་ན། དེ་དག་ཇི་ལྟར་འཇུག་པ་དེ་ལྟར་ཉེ་བར་མཚོན་པར་བྱེད་ཅིང་

ཤེས་པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་དབུགས་བརྔུབས་པ་དང་། དབུགས་འབྱུང་བ་དག་ལུས་ལ་སྤུའི་ཁུང་བུའི་སྦུབས་ཕྲ་བ་དག་ཡོད་པའི་རྗེས་སུ་ཞུགས་པར་མོས་ཤིང་དམིགས་པར་བྱེད་པ་དེའི་ཚེ་ནི། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན།
ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། །གང་གི་ཚེ་དབུགས་བརྔུབས་པ་དང་།
བར་དུ་དབུགས་འབྱུང་བ་དག་འགགས་ཤིང་དབུགས་བརྔུབས་པ་དང་། དབུགས་འབྱུང་བ་དག་གིས་སྟོང་ལ། དབུགས་བརྔུབས་པ་དང་དབུགས་འབྱུང་བ་དག་མེད་པའི་གནས་སྐབས་ལ་དམིགས་པར་བྱེད་པ་དང་། དབུགས་འབྱུང་བ་དང་། བར་དུ་དབུགས་འབྱུང་བ་དག་
འགགས་ཤིང་། དབུགས་བརྔུབས་པ་དང་། བར་དུ་དབུགས་བརྔུབས་པ་དག་མ་བྱུང་ལ། དབུགས་འབྱུང་བ་དང་། དབུགས་བརྔུབས་པ་དག་གིས་སྟོང་ཞིང་། དེ་དག་མེད་པས་དེ་དག་གིས་མཆོད་པའི་གནས་སྐབས་སྟོང་པ་ལ་དམིགས་པར་བྱེད་པ་དེའི་ཚེ་ནི། ལུས་ཀྱི་འདུ་
བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས། དབུགས་ཕྱུང་ན་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་སློབ་པ་ཡིན་ནོ། །གཞན་ཡང་
དེས་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་སྔོན་ཡོངས་སུ་སྦྱངས་པར་མ་བྱས་པའི་དབུགས་བརྔུབས་པ་དང་། དབུགས་འབྱུང་བ་རྩུབ་པ་རེག་ན་སྡུག་བསྔལ་བ་གང་དག་འབྱུང་བར་འགྱུར་བ་དེ་དག་ཤིན་ཏུ་སྦྱངས་པར་གྱུར་ཅིང་ཡོངས་སུ་སྦྱངས་པར་བྱས་པའི་
དབུགས་བརྔུབས་པ་དང་། དབུགས་འབྱུང་བ་འཇམ་པ་རེག་ན་བདེ་བ་གཞན་དག་འབྱུང་བར་འགྱུར་བས། དེའི་ཕྱིར་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། ལུས་ཀྱི་

འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པའི་སྦྱོར་བས་རབ་ཏུ་བརྩོན་པ་དེས། གལ་ཏེ་བསམ་
གཏན་དང་པོའམ། བསམ་གཏན་གཉིས་པ་ཐོབ་པར་གྱུར་ན། དེ་དེའི་ཚེ་ན་དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། དགའ་བ་ཡང་དག་
པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། །གལ་ཏེ་དེས་དགའ་བ་མེད་པའི་བསམ་གཏན་གསུམ་པ་ཐོབ་པར་གྱུར་ན། དེའི་ཚེ་ན་དེ་བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ།
བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། །བསམ་གཏན་གསུམ་པ་ཡན་ཆད་ལ་ནི་དབུགས་བརྔུབས་པ་དང་། དབུགས་འབྱུང་བ་དྲན་པའི་སྦྱོར་བ་མེད་པས་ན། དེའི་ཕྱིར་བསམ་གཏན་གསུམ་
པ་ཡན་ཆད་དུ་ཡོངས་སུ་བསྒྲགས་ཤིང་བསྡུས་པ་ཡིན་ནོ། །དེ་ལྟར་དགའ་བ་ཡང་དག་པར་མྱོང་བའམ། བདེ་བ་ཡང་དག་པར་མྱོང་བ་དེ། གལ་ཏེ་བརྒྱ་ལ་བརྒྱ་ལ་མ་ན་བརྗེད་ངས་པས་བདག་གོ་ཞེའམ། འདི་ནི་བདག་གི་བདག་གོ་ཞེའམ། བདག་འབྱུང་བར་འགྱུར་རོ་ཞེའམ། འབྱུང་བར་
མི་འགྱུར་རོ་ཞེའམ། གཟུགས་ཅན་དུ་འགྱུར་རོ་ཞེའམ། གཟུགས་ཅན་མ་ཡིན་པར་འགྱུར་ཞེའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པར་འགྱུར་རོ་སྙམ་པ་འབྱུང་ཞིང་། དེ་ལྟར་སེམས་པ་དང་
ལྡན་པའི་འདུ་ཤེས་ཀུན་ཏུ་རྨོངས་པ་གཡོས་པ། བསམས་པ་སྤྲོས་པས་མངོན་པར་འདུས་བྱས་པ་སྲེད་པའི་རྣམ་པར་སྐྱེ་བར་གྱུར་ན། དེས་ན་དེ་སྐྱེས་པ་ན་མྱུར་བ་མྱུར་བ་ཁོ་ནར་ཤེས་རབ་ཀྱིས་སོ་སོར་རྟོགས་ཤིང་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་

པ་དེའི་ཚེ་ནི། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་བ་དང་། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་བ་དང་། སེམས་ཀྱི་
འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་པ་ཡིན་ནོ། །གལ་ཏེ་དེས་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དག་གིས་དངོས་གཞི་དག་མ་ཐོབ་པར་གྱུར་ཀྱང་། དེ་བསམ་གཏན་
དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་གདོན་མི་ཟ་བར་ཐོབ་པ་ཡིན་པས། དེ་དེ་ལ་བརྟེན་ནས་རང་གི་སེམས་འདོད་ཆགས་དང་བཅས་པའམ། འདོད་ཆགས་དང་བྲལ་བའམ། ཞེ་སྡང་དང་བཅས་པའམ། ཞེ་སྡང་དང་བྲལ་བའམ། གཏི་མུག་དང་བཅས་པའམ། གཏི་
མུག་དང་བྲལ་བའམ། བསྡུས་པའམ། རྣམ་པར་གཡེང་བའམ། ཞུམ་པའམ། རབ་ཏུ་བཟུང་བའམ། རྒོད་པའམ། རྒོད་པ་མ་ཡིན་པའམ། ཉེ་བར་ཞི་བའམ། ཉེ་བར་ཞི་བ་མ་ཡིན་པའམ། མཉམ་པར་བཞག་པའམ། མཉམ་པར་བཞག་པ་མ་ཡིན་པའམ།
ལེགས་པར་བསྒོམས་པའམ། ལེགས་པར་བསྒོམས་པ་མ་ཡིན་པའམ། སེམས་རྣམ་པར་གྲོལ་བའམ། སེམས་རྣམ་པར་གྲོལ་བ་མ་ཡིན་པར་བྱུང་ངོ་ཅོག་ལ་སོ་སོར་རྟོག་པར་བྱེད་ཅིང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་བྱེད། ཡང་དག་པར་མྱོང་བར་བྱེད་པས་
ན། དེའི་ཕྱིར་སེམས་ཡང་དག་པར་མྱོང་ཞིང་། དབུགས་བརྔུབས་ན། སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན་སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་
བྱ་བ་གསུངས་སོ། །དེ་གང་གི་ཚེ་ནང་དུ་ཡང་དག་པར་ཞི་བར་བྱེད་པ་ན་རྨུགས་པ་དང་། གཉིད་ཀྱི་སྒྲིབ་པས་སེམས་བསྒྲིབས་པར་གྱུར་པ་དེའི་ཚེ། རབ་ཏུ་དང་བར་གྱུར་པའི་དམིགས་པ་གང་ཡང་རུང་བས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད།

ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་པས་ན། དེའི་ཕྱིར་སེམས་མངོན་པར་རབ་ཏུ་དགའ་ཞིང་དབུགས་བརྔུབས་ན། སེམས་མངོན་པར་རབ་ཏུ་དགའ་ཞིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། སེམས་མངོན་
པར་རབ་ཏུ་དགའ་ཞིང་དབུགས་ཕྱུང་ན། སེམས་མངོན་པར་རབ་ཏུ་དགའ་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེ་གང་གི་ཚེ་མངོན་པར་རབ་ཏུ་འཛིན་པར་བྱེད་པས་ན། རྒོད་པའི་སྒྲིབ་པ་དང་། འགྱོད་པའི་སྒྲིབ་པས་སེམས་བསྒྲིབས་པར་
མཐོང་བ་དེའི་ཚེ། སེམས་ནང་ཁོ་ནར་འཇོག་པར་བྱེད་ཅིང་། ཞི་བར་བྱེད། ཏིང་ངེ་འཛིན་གྱི་བར་དུ་བྱེད་པས་ན། དེའི་ཕྱིར་སེམས་ཏིང་ངེ་འཛིན་དུ་གཞག་ཅིང་དབུགས་བརྔུབས་ན། སེམས་ཏིང་ངེ་འཛིན་དུ་གཞག་ཅིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། སེམས་
ཏིང་ངེ་འཛིན་ཏུ་གཞག་ཅིང་དབུགས་ཕྱུང་ན་སེམས་ཏིང་ངེ་འཛིན་དུ་གཞག་ཅིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེ་གང་གི་ཚེ་སེམས་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་སྒྲིབ་པ་ཀུན་འབྱུང་བ་དག་ལས་རིང་དུ་བྱས་
ཤིང་། སྒྲིབ་པ་དག་ལས་རྣམ་པར་སྦྱངས་པས་ན། དེའི་ཕྱིར་སེམས་རྣམ་པར་གྲོལ་ཞིང་དབུགས་བརྔུབས་ན། སེམས་རྣམ་པར་གྲོལ་ཞིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། སེམས་རྣམ་པར་གྲོལ་ཞིང་དབུགས་ཕྱུང་ན། སེམས་རྣམ་པར་གྲོལ་ཞིང་དབུགས་ཕྱུང་
ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །སྒྲིབ་པ་དག་ལས་སེམས་རྣམ་པར་གྲོལ་བ་དེའི་ལམ་སྒོམ་པའི་བར་དུ་གཅོད་པ་དག་གི་བག་ལ་ཉལ་གྱི་ལྷག་མ་སྤང་བར་བྱ་བ་དག་ཡོད་པས། དེ་དག་སྤང་བར་བྱ་བའི་ཕྱིར་འདི་ལྟ་སྟེ། འདུ་བྱེད་རྣམས་ཀྱི་མི་རྟག་པ་ཉིད་ལ་
ཚུལ་བཞིན་དུ་ལེགས་པར་རབ་ཏུ་སོ་སོར་རྟོག་པར་བྱེད་ཅིང་ལམ་མངོན་དུ་བྱེད་པས་ན། དེའི་ཕྱིར་མི་རྟག་པར་རྗེས་སུ་ལྟ་ཞིང་དབུགས་བརྔུབས་ན་མི་རྟག་པར་རྗེས་སུ་ལྟ་ཞིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། མི་རྟག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ན། མི་རྟག་

པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེས་སྔར་ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དག་ལ་བརྟེན་ཏམ། མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཞི་གནས་ལ་རྣལ་འབྱོར་དུ་བྱས་སོ། །དེ་ལྟར་ནི་མི་རྟག་པར་
རྗེས་སུ་ལྟ་བས་ལྷག་མཐོང་ལ་རྣལ་འབྱོར་དུ་བྱེད་དེ། དེ་ལྟར་ཞི་གནས་དང་ལྷག་མཐོང་ཡོངས་སུ་བསྒོམས་པས་དེའི་སེམས་དེ་དབྱིངས་རྣམས་སུ་འདི་ལྟ་སྟེ། བག་ལ་ཉལ་དག་ལས་རྣམ་པར་གྲོལ་ལོ། །དབྱིངས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་སྤོང་བའི་དབྱིངས་གང་ཡིན་པ་
དང་། འདོད་ཆགས་དང་བྲལ་བའི་དབྱིངས་གང་ཡིན་པ་དང་། འགོག་པའི་དབྱིངས་གང་ཡིན་པའོ། །དེ་ལ་འདུ་བྱེད་ཐམས་ཅད་ཀྱི་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པའི་ཕྱིར་སྤོང་བའི་དབྱིངས་སོ། །འདུ་བྱེད་ཐམས་ཅད་ཀྱི་བསྒོམ་པས་སྤང་བར་བྱ་བ་རྣམས་སྤངས་པའི་ཕྱིར་
འདོད་ཆགས་དང་བྲལ་བའི་དབྱིངས་སོ། །ཕུང་པོ་ཐམས་ཅད་འགག་པའི་ཕྱིར་འགོག་པའི་དབྱིངས་ཏེ། དེ་དེ་ལྟར་དབྱིངས་གསུམ་པོ་དག་ཞི་བ་དང་། བདེ་བ་དང་། ནད་མེད་པའི་སྒོ་ནས་ཡིད་ལ་བྱེད་པས་ན་ཞི་གནས་དང་། ལྷག་མཐོང་སྒོམ་པར་བྱེད་ཅིང་ཀུན་ཏུ་བསྟེན། གོམས་པར་
བྱས། ལན་མང་དུ་བྱས་པའི་རྒྱུ་དེས་ན། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ལྷག་མ་རྣམས་ལས་དེའི་སེམས་རྣམ་པར་གྲོལ་བས་ན། དེའི་ཕྱིར་སྤོང་བར་རྗེས་སུ་ལྟ་བ་དང་། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་ཞིང་དབུགས་
བརྔུབས་ན། འགོག་པར་རྗེས་སུ་ལྟ་ཞིང་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་ལ། སྤོང་བར་རྗེས་སུ་ལྟ་བ་དང་། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་སྙམ་དུ་སློབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་དེས་མཐོང་
བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ན། དགྲ་བཅོམ་པ་ཟག་པ་ཟད་པར་འགྱུར་ཏེ། དེ་ལ་དེ་ལས་གོང་དུ་བྱ་བ་མེད་ཅིང་། རབ་ཏུ་རྣམ་པར་དབྱེ་བ་ཡང་བྱས་ཟིན་པ་ཡིན་ཏེ། དེ་ནི་རྣམ་པ་བཅུ་དྲུག་གིས་ཡོངས་སུ་སྦྱང་བ་ཞེས་བྱའོ། །ཡོངས་སུ་སྦྱང་

བ་རྣམ་པ་ལྔ་པོ་གང་ཡིན་པ་དེ་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པ་ཞེས་བྱ་སྟེ། གང་ཟག་རྣམ་པར་རྟོག་པ་སྤྱད་པས། དེ་ལ་རབ་ཏུ་སྦྱོར་བར་བྱེད་ཅིང་། ནང་གི་སོ་སོའི་དམིགས་པ་བྱ་བ་དང་བཅས་པ། རྣམ་པར་གཡེང་བ་དང་བཅས་པ། ཉེ་བ་དེ་ལ་དགའ་
བ་སྐྱེད་དེ། རབ་ཏུ་སྦྱོར་བར་བྱེད་ན་དེས་དེ་ལ་རབ་ཏུ་སྦྱོར་བར་བྱེད་པ་དེའི་རྣམ་པར་རྟོག་པ་ཀུན་ཏུ་འཁྲུག་པ་གང་ཡིན་པ་དེ་འབྱུང་བར་མི་འགྱུར་ཞིང་། མྱུར་བ་མྱུར་བར་དམིགས་པ་ལ་དེ་སེམས་ཀུན་ཏུ་གནས་པ་དང་། མངོན་པར་དགའ་བ་ཡང་དག་པར་སྐྱེ་བར་འགྱུར་ཏེ། དེ་ནི་གང་ཟག་རྣམ་པར་
རྟོག་པ་སྤྱད་པའི་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ལྔ་པོ་ཡིན་ནོ། །དེ་ལ་མཁས་པའི་དམིགས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་
གནས་མ་ཡིན་པ་ལ་མཁས་པའོ། །དེ་ལ་ཕུང་པོ་རྣམས་ནི་གང་། ཕུང་པོ་ལ་མཁས་པ་ནི་གང་ཞེ་ན། སྨྲས་པ་ཕུང་པོ་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལ་
གཟུགས་ཀྱི་ཕུང་པོ་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཡིན་ནོ། །དེ་ཡང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ནང་གི་དང་། ཕྱི་རོལ་གྱི་དང་། རགས་པ་
དང་། ཕྲ་བ་དང་། ངན་པ་དང་། བཟང་པོ་དང་། ཐག་རིང་བ་དང་། ཐག་ཉེ་བ་དག་གོ། །དེ་ལ་ཚོར་བའི་ཕུང་པོ་གང་ཞེ་ན། བདེ་བར་ཚོར་བ་དང་། སྡུག་བསྔལ་བར་ཚོར་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པར་ཚོར་བའི་རེག་པ་ལ་བརྟེན་ཏེ། འབྱུང་བ་ཚོར་
བའི་ཚོགས་དྲུག་པོ་དག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམས་སོ། །དེ་ལ་འདུ་ཤེས་ཀྱི་ཕུང་པོ་གང་ཞེ་ན། འདི་ལྟ་སྟེ། མཚན་མའི་འདུ་ཤེས་དང་། མཚན་མ་

མེད་པའི་འདུ་ཤེས་དང་། ཆུང་ངུའི་འདུ་ཤེས་དང་། ཆེན་པོར་གྱུར་པའི་འདུ་ཤེས་དང་། ཚད་མེད་པའི་འདུ་ཤེས་དང་། ཆུང་ཟད་ཀྱང་མེད་དོ་ཞེས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་སོ། །འདུ་ཤེས་ཀྱི་ཚོགས་དྲུག་པོ་དག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་
དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་རྣམས་སོ། །དེ་ལ་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་པོ་དག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་།
ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ་རྣམས་དང་། ཚོར་བ་དང་འདུ་ཤེས་མ་གཏོགས་པ་གང་དག་དེ་ལས་གཞན་པའི་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོ་གང་ཞེ་ན། སེམས་དང་། ཡིད་དང་རྣམ་པར་ཤེས་པ་གང་ཡིན་
པའོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དག་གོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དེ་དག་དང་། རྣམ་པར་ཤེས་པ་དེ་ཡང་འདས་པ་དང་། མ་འོངས་
པ་དང་། ད་ལྟར་བྱུང་བ་དང་། ནང་གི་དང་། ཕྱི་རོལ་གྱི་དང་། རགས་པ་དང་། ཕྲ་བ་དང་། ངན་པ་དང་། བཟང་པོ་དང་། ཐག་རིང་བ་དང་། ཐག་ཉེ་བ་དག་ཡིན་ཏེ། དེ་ནི་ཕུང་པོ་རྣམས་ཞེས་བྱའོ། །དེ་ལ་ཕུང་པོ་ལ་མཁས་པ་གང་ཞེ་ན། ཇི་སྐད་བསྟན་པའི་ཆོས་དེ་དག་བདག་ཉིད་ཐ་དད་པ་དང་།
བདག་ཉིད་མང་པོར་ཤེས་ཤིང་དེ་ལས་ལྷག་པར་མི་དམིགས་ཤིང་། རྣམ་པར་རྟོག་པ་མི་བྱེད་པ་གང་ཡིན་པ་སྟེ། དེ་ནི་མདོར་བསྡུ་ན་ཕུང་པོ་ལ་མཁས་པ་ཞེས་བྱའོ། །དེ་ལ་ཕུང་པོ་རྣམས་ཀྱི་བདག་ཉིད་ཐ་དད་པ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་ཡང་གཞན། ཚོར་བའི་ཕུང་པོ་ཡང་གཞན་
ལ། དེ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོའི་བར་ཡང་གཞན་པ་སྟེ། དེ་ནི་བདག་ཉིད་ཐ་དད་པ་ཡིན་ནོ། །དེ་ལ་བདག་ཉིད་དང་མང་པོ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་ཡང་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་བྱེ་བྲག་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་

བ་ལ་སོགས་པའི་ཕུང་པོའི་རྣམ་པའི་བྱེ་བྲག་གི་རྣམ་པ་དུ་མ་དང་། རྣམ་པ་མང་པོ་སྣ་ཚོགས་ཡོད་པ་གང་ཡིན་པ་སྟེ། དེ་ནི་གཟུགས་ཀྱི་ཕུང་པོའི་བདག་ཉིད་མང་པོ་ཞེས་བྱའོ། །དེ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །དེ་ལས་ལྷག་
པ་ཅི་ཞིག་མི་དམིགས་ཤིང་རྣམ་པར་རྟོག་པར་མི་བྱེད་ཅེ་ན། ཕུང་པོ་ཙམ་དང་དངོས་པོ་ཙམ་དུ་དམིགས་པར་ཟད་ཀྱི་ཕུང་པོ་ལས་ལྷག་པའི་བདག་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། རྣམ་པར་མི་འགྱུར་བའི་ཆོས་ཅན་མི་དམིགས་ཤིང་བདག་གིར་བྱ་བ་ཡང་ཅི་ཡང་
མེད་པ་སྟེ། དེ་ལས་ལྷག་པ་དེ་མི་དམིགས་ཤིང་རྣམ་པར་རྟོག་པར་མི་བྱེད་པ་ཡིན་ནོ། །དེ་ལ་ཁམས་རྣམས་ནི་གང་། ཁམས་ལ་མཁས་པ་ནི་གང་ཞེ་ན། སྨྲས་པ། ཁམས་ནི་བཅོ་བརྒྱད་དེ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་
ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་
དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། དེ་ནི་ཁམས་རྣམས་ཞེས་བྱའོ། །དེ་ལ་ཁམས་ལ་མཁས་པ་གང་ཞེ་ན། ཆོས་བཅོ་བརྒྱད་པོ་དེ་དག་རང་རང་གི་ཁམས་
དང་། རང་རང་གི་ས་བོན་དང་། རང་རང་གི་རིགས་ལས་སྐྱེ་བ་དང་། འཇུག་པ་དང་། འབྱུང་བར་ཤེས་ཤིང་དགའ་ལ་ངེས་པར་རྟོག་པ་གང་ཡིན་པ་སྟེ། དེ་ནི་ཁམས་ལ་མཁས་པ་ཞེས་བྱའོ། །འདི་ལྟ་སྟེ། ཁམས་ལ་མཁས་པས་ཆོས་བཅོ་བརྒྱད་པོ་རྣམས་རང་རང་གི་ཁམས་ལས་བྱུང་
བར་ཤེས་པ་གང་ཡིན་པ་དེ་ནི་རྒྱུའི་རྐྱེན་ལ་མཁས་པ་ཉིད་ཡིན་ནོ། །དེ་ལ་སྐྱེ་མཆེད་རྣམས་ནི་གང་། སྐྱེ་མཆེད་ལ་མཁས་པ་ནི་གང་ཞེ་ན། སྨྲས་པ། སྐྱེ་མཆེད་ནི་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་།

སྣའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དེ། དེ་ནི་སྐྱེ་མཆེད་རྣམས་ཞེས་བྱའོ། །དེ་ལ་སྐྱེ་མཆེད་ལ་མཁས་པ་གང་ཞེ་ན། དེ་ལ་མིག་
ནི་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྐྱེ་བའི་བདག་པོའི་རྐྱེན་ཡིན་ནོ། །གཟུགས་རྣམས་ནི་དམིགས་པའི་རྐྱེན་ཡིན་ནོ། །འགགས་མ་ཐག་པའི་ཡིད་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །དེ་ལ་རྣ་བ་ནི་རྣ་བའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་
པ་སྐྱེ་བའི་བདག་པོའི་རྐྱེན་ཡིན་ནོ། །སྒྲ་ནི་དམིགས་པའི་རྐྱེན་ཡིན་ནོ། །འགགས་མ་ཐག་པའི་ཡིད་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །དེ་བཞིན་དུ་ཡིད་ཀྱི་བར་ལ་ཡང་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྐྱེ་བའི་བདག་
པོའི་རྐྱེན་ཡིན་ནོ། །ཆོས་ནི་དམིགས་པའི་རྐྱེན་ཡིན་ནོ། །འགགས་མ་ཐག་པའི་ཡིད་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དེ་ལྟར་ན་རྐྱེན་གསུམ་པོ་མཚུངས་པ་དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་གྱིས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་མཚུངས་
པར་ལྡན་པ་དང་བཅས་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་རྐྱེན་ལ་མཁས་པ་གང་ཡིན་པ་སྟེ། སྐྱེ་མཆེད་ལ་མཁས་པ་ཞེས་བྱའོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ནི་གང་ཞེ་ན། སྨྲས་པ།
རྟེན་ཅིང་འབྲེལ་བར་འབྱུང་བ་ནི་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་
ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམ་པ་འབྱུང་

བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་སྟེ། དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་གང་ཞེ་ན། ཆོས་རྣམས་ཁོ་ནས་ཆོས་རྣམས་མངོན་པར་སྐྱེད་
པར་བྱེད་ཅིང་། ཆོས་རྣམས་ཁོ་ན་ཡོངས་སུ་སྐྱེད་པར་བྱེད་ལ། འདུ་བྱེད་རྣམས་ཁོ་ནས་འདུ་བྱེད་རྣམས་འདྲེན་པར་བྱེད་དེ། དེ་དག་ཀྱང་རྒྱུ་ལས་ཡང་དག་པར་བྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་སྔོན་མ་བྱུང་བ་ལས་བྱུང་བ་དང་། བྱུང་ནས་ཀྱང་འཇིག་རྟེན་འགྱུར་བ་ཡིན་པས་
དེའི་ཕྱིར་འདུ་བྱེད་དེ་དག་ནི་མི་རྟག་པ་ཡིན་ནོ། །གང་དག་མི་རྟག་པ་དེ་དག་ནི་སྐྱེ་བའི་ཆོས་ཅན་དང་། རྒ་བའི་ཆོས་ཅན་དང་། ན་བའི་ཆོས་ཅན་དང་། འཆི་བའི་ཆོས་ཅན་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་
ཡིན་ཏེ། དེ་དག་ཀྱང་སྐྱེ་བའི་ཆོས་ཅན་དང་། འཁྲུག་པའི་བར་གྱི་ཆོས་ཅན་ཡིན་པའི་ཕྱིར་སྡུག་བསྔལ་བ་ཡིན་ནོ། །གང་དག་སྡུག་བསྔལ་བ་དང་། རང་དབང་མེད་པ་དང་། ཉམ་ཆུང་བ་དེ་དག་ནི་བདག་མེད་པ་ཡིན་ནོ་ཞེས་རྣམ་པ་དེ་དག་གིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་
ལ་ནི་མི་རྟག་པར་ཤེས་པ་དང་། སྡུག་བསྔལ་བར་ཤེས་པ་དང་། བདག་མེད་པར་ཤེས་པ་ལ་མཁས་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའི་བྱེ་བྲག་ཉིད་ཡིན་པར་
རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། གནས་དང་གནས་མ་ཡིན་པ་ལ་མཁས་པས་ནི་མི་འདྲ་བའི་རྒྱུ་ཤེས་པར་བྱའོ། །དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཡོད་དེ། དགེ་བའི་ལས་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་འདོད་པ་ཡིན་ནོ། །མི་དགེ་
བའི་ལས་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་མི་འདོད་པ་ཡིན་ནོ་ཞེས་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི། གནས་དང་གནས་མ་ཡིན་པ་ལ་མཁས་པ་ཞེས་བྱའོ། །གནས་ལྔ་པོ་དེ་དག་ལ་མཁས་པ་དེ་ཡང་མདོར་བསྡུ་ན། རང་གི་མཚན་ཉིད་ལ་མཁས་པ་དང་། སྤྱིའི་མཚན་ཉིད་ལ་མཁས་

པ་ཡིན་<ཏ‚ཏེ>། དེ་ལ་ཕུང་པོ་ལ་མཁས་པས་ནི་རང་གི་མཚན་ཉིད་ལ་མཁས་པ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་སྤྱིའི་མཚན་ཉིད་ལ་མཁས་པ་བསྟན་ཏེ། དེ་ནི་མཁས་པའི་དམིགས་པ་ཞེས་བྱའོ། །དེ་ལ་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ།
འདོད་པའི་ཁམས་དང་བསམ་གཏན་དང་པོ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ས་འོག་མ་རྣམས་ཀྱི་རགས་པ་ཉིད་དང་། ས་གོང་མ་རྣམས་ཀྱི་ཞི་བ་ཉིད་གང་ཡིན་པའོ། །དེ་ལ་རགས་པ་ཉིད་གང་ཞེ་ན། དེ་ལ་རགས་པ་ཉིད་ནི་རྣམ་པ་གཉིས་ཏེ། རང་བཞིན་
རགས་པ་ཉིད་དང་། གྲངས་རགས་པ་ཉིད་དོ། །དེ་ལ་རང་བཞིན་རགས་པ་ཉིད་གང་ཞེ་ན། འདོད་པའི་ཁམས་རྣམས་དང་། བསམ་གཏན་དང་པོ་ན་ཡང་ཕུང་པོ་ལྔ་ཡོད་མོད་ཀྱིས། འདོད་པ་ན་སྤྱོད་པ་གང་དག་ཡིན་པ་དེ་དག་ནི་ཆེས་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཆེས་སྡུག་བསྔལ་
བར་སྤྱོད་པ་དང་། ཆེས་དུས་ཡུན་ཐུང་ངུ་གནས་པ་དང་། ཆེས་དམན་པ་དང་། ཆེས་ཐ་ཆད་ཡིན་ཏེ། དེ་ནི་དེ་དག་གི་རང་བཞིན་རགས་པ་ཉིད་ཡིན་ནོ། །བསམ་གཏན་དང་པོ་ལ་ནི་དེ་ལྟ་མ་ཡིན་ཏེ། དེས་ན་དེ་དག་ཆེས་ཞི་བ་དང་། ཆེས་གྱ་ནོམ་པ་ཞེས་བྱའོ། །དེ་ལ་གྲངས་རགས་
པ་ཉིད་གང་ཞེ་ན། འདོད་པ་ན་སྤྱོད་པའི་གཟུགས་ཀྱི་ཕུང་པོ་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་ནི་ཆེས་མང་བ་ཡིན་ལ། རྣམ་པར་ཤེས་པའི་ཕུང་པོའི་བར་ཡང་དེ་བཞིན་ཏེ། དེ་ནི་གྲངས་རགས་པ་ཉིད་ཅེས་བྱའོ། །དེ་བཞིན་དུ་ས་གོང་མ་དག་ལ་ཡང་རང་བཞིན་རགས་པ་ཉིད་
དང་། གྲངས་རགས་པ་ཉིད་ཅི་རིགས་པར་རིག་པར་བྱ་སྟེ། རགས་པ་ཉིད་དེ་ཡང་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ཀྱི་ས་གོང་མ་རྣམས་ལ་ཡང་ས་འོག་མ་མན་ཆད་ཆེས་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཆེས་སྡུག་བསྔལ་བར་སྤྱོད་པ་དང་། ཆེས་ཡུན་ཐུང་ངུ་གནས་པ་དང་། ཆེས་
དམན་པ་དང་། ཆེས་ཐ་ཆད་ཡིན་པར་རིག་པར་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་འབའ་ཞིག་ཞི་བ་ཉིད་ཡིན་ཏེ། གོང་ན་ཆེས་ཁྱད་པར་དུ་འཕགས་པའི་ས་གཞན་མེད་པའི་ཕྱིར་རོ། །དེ་ལ་མདོར་བསྡུ་ན། རགས་པའི་དོན་ནི་ཉེས་དམིགས་ཀྱི་དོན་ཡིན་ཏེ། ས་གོང་

དང་གང་དག་ལ་ཉེས་དམིགས་ཆེས་མང་དུ་ཡོད་པ་དེ་དང་དེ་དག་ནི་ཉེས་དམིགས་ཀྱི་སྒོ་ནས་རགས་པ་ཉིད་ཅེས་བྱའོ། །ས་གང་དང་གང་དག་ལས་ཆེས་ཉེས་དམིགས་ཆུང་བ་དེ་དང་དེ་དག་ནི་ཉེས་དམིགས་ཆུང་བའི་སྒོ་ནས་ཞི་བ་ཉིད་ཅེས་བྱའོ། །དེ་ནི་འཇིག་རྟེན་པ་རྣམས་
ཀྱི་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ཡིན་ཏེ། འདི་ལྟར་ས་འོག་མ་དག་ལ་ཉེས་དམིགས་དང་། ནད་དང་། གྲུབ་པ་དང་། བདེ་བ་མ་ཡིན་པར་ལྟ་ཞིང་ས་གོང་མ་ལ་ཞི་བར་ལྟ་བ་དེའི་འདོད་པའི་ཁམས་ཡན་ཆད་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་
བར་གྱིས་འོག་མ་པའི་ཉོན་མོངས་པ་གང་དག་ཡིན་པ་དེ་དག་སྤངས་སུ་ཟིན་ཀྱང་གཏན་དུ་སྤངས་པ་མ་ཡིན་ཏེ། ཡང་དེ་དག་དང་ཕྱིར་མཚམས་སྦྱོར་བར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན།
འདི་ལྟ་སྟེ། འཕགས་པའི་བདེན་པ་སྡུག་བསྔལ་དང་། འཕགས་པའི་བདེན་པ་ཀུན་འབྱུང་བ་དང་། འཕགས་པའི་བདེན་པ་འགོག་པ་དང་། འཕགས་པའི་བདེན་པ་ལམ་མོ། །དེ་ལ་འཕགས་པའི་བདེན་པ་སྡུག་བསྔལ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་
དང་། ན་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། འདོད་པས་ཕོངས་པའི་སྡུག་བསྔལ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ། །དེ་ལ་འཕགས་པའི་བདེན་
པ་ཀུན་འབྱུང་བ་གང་ཞེ་ན། ཡང་སྲིད་པ་འབྱུང་བར་བྱེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེ་དག་ལ་མངོན་པར་དགའ་བའི་སྲེད་པའོ། །དེ་ལ་འཕགས་པའི་བདེན་པ་སྡུག་བསྔལ་འགོག་པ་གང་ཞེ་ན། དེའི་སྲེད་པ་མ་ལུས་པ་ཁོ་ནར་སྤངས་པ་གང་ཡིན་པའོ། །
དེ་ལ་འཕགས་པའི་བདེན་པ་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལ་ནག་པོའི་ཕྱོགས་དང་། དཀར་པོའི་ཕྱོགས་ལ་བརྟེན་པའི་རྒྱུ་དང་འབྲས་བུ་རྣམ་པར་གཞག་པས། བདེན་པ་བཞི་རྣམ་པར་གཞག་སྟེ། དེ་ལ་བདེན་པ་སྡུག་བསྔལ་ནི་འབྲས་བུ་ཡིན།

བདེན་པ་ཀུན་འབྱུང་ནི་རྒྱུ་ཡིན་ནོ། །བདེན་པ་འགོག་པ་ནི་འབྲས་བུ་ཡིན། བདེན་པ་ལམ་ནི་ཐོབ་པར་བྱ་བ་དང་། རེག་པར་བྱ་བའི་རྒྱུ་ཡིན་ནོ། །དེ་ལ་བདེན་པ་སྡུག་བསྔལ་ནི་ནད་ཀྱི་གནས་ལྟ་བུ་སྟེ། དེ་ནི་དང་པོ་ཁོ་ནར་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །བདེན་པ་ཀུན་འབྱུང་བ་ནི་ནད་ཀྱི་གཞི་ཅི་
ལས་གྱུར་པའི་གནས་སྐབས་ལྟ་བུ་སྟེ། དེ་ནི་དེའི་འོག་ཏུ་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །བདེན་པ་འགོག་པ་ནི་ནད་མེད་པའི་གནས་ལྟ་བུ་སྟེ། དེ་ནི་རེག་པར་བྱ་བ་དང་། མངོན་སུམ་དུ་བྱ་བ་ཡིན་ནོ། །བདེན་པ་ལམ་ནི་སྨན་གྱི་གནས་ལྟ་བུ་སྟེ། དེ་ནི་བསྟེན་པར་བྱ་བ་དང་། བསྒོམ་པར་བྱ་བ་
དང་། ལན་མང་དུ་བྱ་བ་ཡིན་ནོ། །དེ་དག་ནི་སྡུག་བསྔལ་ཡང་སྡུག་བསྔལ་བའི་དོན་དང་། ལམ་གྱི་བར་ལ་ཡང་ལམ་གྱི་བར་གྱི་དོན་གྱིས་ཡང་དག་པ་དེ་བཞིན་པ། མ་ནོར་བ་དེ་བཞིན་པ་སྟེ། ཕྱིན་ཅི་མ་ལོག་ཅིང་མ་བསླད་པ་ཡིན་པས་ན། དེའི་ཕྱིར་བདེན་པ་ཞེས་བྱའོ། །རང་གི་མཚན་ཉིད་
ཀྱིས་མི་སླུ་བ་དང་། དེ་མཐོང་ན་ཕྱིན་ཅི་མ་ལོག་པའི་བློ་དག་སྐྱེ་བར་འགྱུར་བས་ན། དེའི་ཕྱིར་ཡང་བདེན་པ་ཞེས་བྱའོ། །ཅིའི་ཕྱིར་དེ་དག་འཕགས་པ་རྣམས་ཁོ་ནའི་བདེན་པ་དག་ཡིན་ཞེ་ན། འཕགས་པ་རྣམས་ཀྱི་བདེན་པ་དེ་དག་དེ་ཁོ་ན་ལྟ་བུ་ཡིན་པར་བདེན་པའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་
དུ་མཁྱེན་ཅིང་གཟིགས་ཀྱི། བྱིས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བས་ན། དེའི་ཕྱིར་འཕགས་པའི་བདེན་པ་རྣམས་ཞེས་བྱའོ། །བྱིས་པ་རྣམས་ལ་ཡང་དེ་དག་ཆོས་ཉིད་ཀྱིས་བདེན་མོད་ཀྱི་རྟོགས་པས་མ་ཡིན་གྱི་འཕགས་པ་རྣམས་ལ་ནི་གཉི་གས་བདེན་པ་ཡིན་ནོ། །
དེ་ལ་སྐྱེ་བའི་སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བའི་ཚེ་ན་ལུས་དང་སེམས་ཀྱི་སྡུག་བསྔལ་གྱི་ཚོར་བ་འབྱུང་བ་ལ་བྱའི་སྐྱེ་བ་ཉིད་ནི་སྡུག་བསྔལ་ལ་མ་ཡིན་ཏེ། སྡུག་བསྔལ་གྱི་གཞི་ནི་དེ་ཡིན་ནོ། །དེ་བཞིན་དུ་འདོད་པས་ཕོངས་པའི་བར་གྱི་སྡུག་བསྔལ་ཞེས་བྱ་བ་ཡང་འདོད་པས་ཕོངས་པའི་ལུས་དང་སེམས་ཀྱི་
སྡུག་བསྔལ་གྱི་ཚོར་བ་འབྱུང་བ་ལ་བྱའི་འདོད་པས་ཕོངས་པ་ཉིད་ནི་སྡུག་བསྔལ་མ་ཡིན་ཏེ། སྡུག་བསྔལ་གྱི་གཞི་ནི་དེ་ཡིན་ནོ་ཞེས་སྔ་མ་བཞིན་དུ་སྦྱར་རོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་དེ་དག་ནི་རྣམ་གྲངས་དག་གིས་སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ན་

ཡིན་པར་ཡོངས་སུ་བསྟན་ཏོ། །དེ་ལ་ལྷག་མ་འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གང་ཡིན་པ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཉིད་ཀྱིས་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཚོར་བ་རྣམ་པ་གསུམ་དང་
ལྡན་པ་དེ་དག་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཇི་སྐད་བསྟན་པ་དེའི་སྣོད་དུ་གྱུར་པ་ཡིན་ལ། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་མ་བསྟན་པ་གང་ཡིན་པ་དེ་ཡང་དེ་དག་ཉིད་དུ་བལྟ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་
སྡུག་བསྔལ་ནི་རང་གི་སྒྲ་ཁོ་ནས་ཡོངས་སུ་བསྟན་ལ། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ནི་རྣམ་གྲངས་ཀྱིས་བསྟན་པའི་ཕྱིར་ཏེ། འདི་ལྟར་སྡུག་བསྔལ་གྱི་སྡུག་བསྔལ་ལ་ནི་འཕགས་པ་དང་བྱིས་པ་རྣམས་མཚུངས་པར་སྡུག་བསྔལ་གྱི་བློ་འཇུག་པར་འགྱུར་བ་དང་།
སྡུག་བསྔལ་གྱི་སྡུག་བསྔལ་ནི་སྔོན་ཤེས་རབ་མ་སྦྱངས་པ་རྣམས་ཀྱི་སྐྱོ་བ་སྐྱེད་པར་བྱེད་པའི་དོན་ཡིན་པ་དང་། དེ་ལྟར་བསྟན་ན་འདུལ་བ་རྣམས་བདེན་པ་དག་ལ་བདེ་བླག་ཏུ་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ལ་སྡུག་བསྔལ་རྣམ་པ་གསུམ་པོ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྐྱེ་བའི་
སྡུག་བསྔལ་དང་། འདོད་པས་ཕོངས་པའི་བར་གྱི་སྡུག་བསྔལ་ཞེས་གང་གསུངས་པ་དེས་ནི་སྡུག་བསྔལ་གྱི་ཚོར་བ་རྟེན་དང་བཅས་པ་བསྟན་ཏེ། དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་པས་དེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་རྣམ་པར་གཞག་པ་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་
འདི་ལྟ་སྟེ། རྒ་བའི་མི་མཐུན་པའི་ཕྱོགས་ལང་ཚོ་དང་། ན་བའི་ནད་མེད་པ་དང་། འཆི་བའི་གསོན་པོ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བའི་མི་སྡུག་པ་དང་མི་བྲལ་བ་དང་། འདོད་པས་ཕོངས་པའི་འདོད་པ་ཕུན་སུམ་ཚོགས་པ་གང་དག་
ཡིན་པ་རྣམས་དང་། སྡུག་བསྔལ་གྱི་ཚོར་བ་རྟེན་དང་བཅས་པ་ལ་ཞུགས་པའི་ཉོན་མོངས་པ་གང་དག་ཡིན་པ་རྣམས་དང་། ནད་མེད་པ་ལ་སོགས་པ་བདེ་བ་དང་མཐུན་པའི་ཆོས་རྣམས་ལ་ཞུགས་པའི་ཉོན་མོངས་པ་གང་དག་ཡིན་པ་རྣམས་དང་། དེ་ལས་སྐྱེས་པའི་ཚོར་བ་ལ་ཞུགས་པའི་

ཉོན་མོངས་པ་གང་དག་ཡིན་པ་དེ་དག་ནི་འགྱུར་བའི་སྡུག་བསྔལ་ཞེས་བྱའོ། །དེ་ལ་བདེ་བའི་ཚོར་བརྟེན་དང་བཅས་པ་ནི་མི་རྟག་པ་ཉིད་ཀྱིས་རྣམ་པར་འགྱུར་ཞིང་གཞན་དུ་འགྱུར་བའི་དབང་གིས་ན་སྡུག་བསྔལ་བར་འགྱུར་རོ། །ཉོན་མོངས་པ་རྣམས་ནི་ཐམས་ཅད་དུ་ཞུགས་པ་ཡིན་པས་ཀུན་ནས་
དཀྲིས་པའི་སྒོ་ཁོ་ན་ནས་སྡུག་བསྔལ་བ་ཡིན་ནོ། །འགྱུར་བ་ནི་སེམས་པ་དང་བཅས་པའི་ཡིན་པས་དེའི་ཕྱིར་འགྱུར་བའི་སྡུག་བསྔལ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་། ཉམས་ཤིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ལག་པ་ནས་བཟུང་ངམ་ཞེས་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུ་
དང་། ཡང་བཅོམ་ལྡན་འདས་ཀྱིས་འདོད་པ་ལ་འདུན་པས་ཀུན་ནས་དཀྲིས་པ་ནི་འདོད་པ་ལ་འདུན་པས་ཀུན་ནས་དཀྲིས་པའི་རྐྱེན་གྱིས་དེ་དང་འབྱུང་བའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སོ་སོར་མྱོང་བར་འགྱུར་རོ། །གནོད་སེམས་དང་། རྨུགས་པ་དང་། གཉིད་
དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པ་ཡང་དེ་དང་འདྲའོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། ཡིད་ཆེས་པའི་ལུང་མཆོག་ཏུ་ཡིད་ཆེས་པ་དེས་ནི་ཉོན་མོངས་པ་རྣམས་ལ་སྡུག་བསྔལ་གྱི་དོན་དང་། འགྱུར་བའི་དོན་ཀྱང་སྣང་བ་ཡིན་ཏེ། དེའི་ཕྱིར་ཉོན་མོངས་
པ་དང་། ཀུན་ནས་ཉོན་མོངས་པ་དེ་ནི་འགྱུར་བའི་སྡུག་བསྔལ་གྱི་རྣམ་པར་གཞག་པ་ཡིན་ནོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་ཐམས་ཅད་དུ་འགྲོ་བ་ཡིན་ཏེ། དེ་ཡང་མདོར་བསྡུ་ན་སྡུག་བསྔལ་གྱི་སྡུག་བསྔལ་གང་ཡིན་པ་དང་། ཀུན་ནས་ཉོན་མོངས་པས་
ཡོངས་སུ་ཟིན་པའི་འགྱུར་བའི་སྡུག་བསྔལ་གང་ཡིན་པ་དང་། བདེ་བའི་ཚོར་བ་རྟེན་དང་བཅས་པས་ཡོངས་སུ་ཟིན་པའི་འགྱུར་བའི་སྡུག་བསྔལ་གང་ཡིན་པ་དེ་དག་མ་གཏོགས་པ་དེ་ལས་གཞན་པའི་ཕུང་པོ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དེ་དང་ལྡན་པ་དེ་ལས་ངེས་པར་སྐྱེས་པ།
དེ་འབྱུང་བའི་རྐྱེན་དུ་གྱུར་པ། དེ་བྱུང་བ་གནས་པའི་གཞི་གང་དག་ཡིན་པ་དེ་དག་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་སྟེ། ཕུང་པོ་གང་དག་མི་རྟག་པ་འབྱུང་བ་དང་། འཇིག་པ་དང་ལྡན་པ་ལེན་པ་དང་བཅས་པ། ཚོར་བ་གསུམ་དང་རྗེས་སུ་འབྲེལ་བ་གནས་ངན་ལེན་དང་ལྡན་པ། གྲུབ་པ་དང་བདེ་

བར་གཏོགས་པ་མ་ཡིན་པ་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ལས་རྣམ་པར་མ་གྲོལ་བ། རང་གིས་དབང་སྒྱུར་བ་མེད་པ་དེ་དག་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་བྱ་སྟེ། དེ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྣམ་པར་གཞག་པ་ཡིན་ནོ། །
དེ་ལ་སྲེད་པ་དང་། འདོད་པ་དང་། མངོན་པར་འདོད་པ་དང་། མངོན་པར་དགའ་བ་ཞེས་བྱ་བ་དེ་དག་ནི་རྣམ་གྲངས་ཡིན་ནོ། །འདོད་པ་དེ་ཡང་སྒོ་གསུམ་གྱིས་ཞུགས་པ་ཡིན་ཏེ། འདི་ལྟ་སྟེ། ཡང་འབྱུང་བའི་སྲིད་པ་འདོད་པ་དང་། ཡུལ་འདོད་པའོ། །དེ་ལ་ཡང་འབྱུང་བའི་སྲིད་པ་
འདོད་པ་གང་ཡིན་པ་དེ་ནི་ཡང་སྲིད་པ་འབྱུང་བར་སྲེད་པ་ཡིན་ནོ། །ཡུལ་འདོད་པ་ནི་རྣམ་པ་གཉིས་ཏེ། ཡུལ་ཐོབ་པ་རྣམས་ལ་ཡིད་བདེ་ཞིང་ལྷག་པར་ཆགས་པ་དང་ལྡན་པ་དང་། ཡུལ་མ་ཐོབ་པ་རྣམས་ལ་ཀུན་དུ་སྦྱོར་བར་འདོད་པ་དང་ལྡན་པའོ། །དེ་ལ་ཡུལ་ཐོབ་པ་རྣམས་ལ་ཡིད་བདེ་ཞིང་
ལྷག་པར་ཆགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱའོ། །ཡུལ་མ་ཐོབ་པ་རྣམས་ལ་ཀུན་དུ་སྦྱོར་བར་འདོད་པ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་དང་དེ་དག་ལ་མངོན་པར་དགའ་བ་ཞེས་བྱའོ། །འགོག་པ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པའི་འགོག་
པ་དང་། ཉེ་བར་ཞི་བའི་འགོག་པའོ། །ལམ་ཡང་རྣམ་པ་གཉིས་ཏེ། སློབ་པའི་ལམ་དང་། མི་སློབ་པའི་འོ། །དེ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་དམིགས་པ་རྣམ་པ་བཞི་པོ་ཁྱབ་པའི་དམིགས་པ་དང་།
སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ཞེས་བྱ་བ་གསུངས་སོ། །དེ་ལ་གདམས་ངག་གང་ཞེ་ན། གདམས་ངག་ནི་རྣམ་པ་བཞི་སྟེ། ཕྱིན་ཅི་མ་ལོག་པའི་གདམས་ངག་དང་། གོ་རིམས་ཀྱི་གདམས་ངག་དང་།
ལུང་གི་གདམས་ངག་དང་། རྟོགས་པའི་གདམས་ངག་གོ། །དེ་ལ་ཕྱིན་ཅི་མ་ལོག་པའི་གདམས་ངག་གང་ཞེ་ན། ཕྱིན་ཅི་མ་ལོག་པའི་ཆོས་དང་དོན་སྟོན་པར་བྱེད་ཅིང་། ཡང་དག་པར་འཛིན་དུ་འཇུག་པ་གང་ཡིན་པ་དང་། སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བ་དང་། སྡུག་བསྔལ་མཐར་

ཕྱིན་པར་བྱ་བའི་ཕྱིར། དེ་ངེས་པར་འབྱིན་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་ཕྱིན་ཅི་མ་ལོག་པའི་གདམས་ངག་ཅེས་བྱའོ། །གོ་རིམས་ཀྱི་གདམས་ངག་གང་ཞེ་ན། དུས་སུ་ཆོས་སྟོན་པར་བྱེད་པ་གང་ཡིན་པ་སྟེ། དང་པོ་ཁོ་ནར་གསལ་བ་གསལ་བའི་གནས་དག་ཏུ་འཛིན་དུ་འཇུག་ཅིང་།
ཀློག་ཏུ་འཇུག་ལ་དེའི་འོག་ཏུ་ཟབ་མོ་དག་འཛིན་དུ་འཇུག་ཅིང་ཀློག་ཏུ་འཇུག་པ་དང་། དང་པོ་ཁོ་ནར་བདེན་པ་སྡུག་བསྔལ་མངོན་པར་རྟོགས་པར་བྱ་བའི་ཕྱིར་འདོམས་པར་བྱེད་ལ། དེའི་འོག་ཏུ་བདེན་པ་ཀུན་འབྱུང་བ་དང་། འགོག་པ་དང་ལམ་མངོན་པར་རྟོགས་པར་བྱ་བའི་ཕྱིར་འདོམས་པར་བྱེད་
བ་དང་། དང་པོ་ཁོ་ནར་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་འདོམས་པར་བྱེད་ལ། དེའི་འོག་ཏུ་བསམ་གཏན་གཞན་དག་ལ་སྙོམས་པར་འཇུག་པ་འདོམས་པར་བྱེད་པ་དང་། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་སྟེ། དེ་ནི་གོ་རིམས་ཀྱི་གདམས་ངག་ཅེས་བྱའོ། །དེ་ལ་ལུང་
གི་གདམས་ངག་གང་ཞེ་ན། དེས་བླ་མ་རྣམས་སམ། བླ་མ་ལྟ་བུ་རྣམས་སམ། རྣལ་འབྱོར་ཤེས་པ་རྣམས་སམ། སློབ་དཔོན་རྣམས་སམ། མཁན་པོའམ། དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ལས་ཇི་ལྟར་ལུང་མནོས་པ་དེ་བཞིན་དུ། དེས་ལྷག་
ཆད་མེད་པར་བྱས་ཤིང་། གཞན་ལ་འདོམས་པར་བྱེད་པ་སྟེ། དེ་ནི་ལུང་གི་གདམས་ངག་ཅེས་བྱའོ། །དེ་ལ་རྟོགས་པའི་གདམས་ངག་གང་ཞེ་ན། ཇི་ལྟར་དེས་གཅིག་པུ་དབེན་པར་གནས་པས་ཆོས་དེ་དག་རྟོག་པ་དང་། རེག་པ་དང་། མངོན་སུམ་དུ་བྱས་པ་དེ་བཞིན་དུ། གཞན་དག་
ལ་ཡང་རྟོག་པ་དང་། རེག་པ་དང་། མངོན་སུམ་དུ་བྱ་བའི་ཕྱིར་འདོམས་པར་བྱེད་པ་སྟེ། དེ་ནི་རྟོགས་པའི་གདམས་ངག་ཅེས་བྱའོ། །ཡང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གདམས་ངག་ཀྱང་ཡོད་དོ། །དེ་ཡང་གང་ཞེ་ན། ཆོ་འཕྲུལ་གསུམ་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་
བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་འདོམས་པར་བྱེད་པ་གང་ཡིན་པ་སྟེ། དེ་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ནི་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་སྟོན་པར་བྱེད་ཅིང་། བདག་ལ་གཞན་དག་རིམ་གྲོ་ཆེར་སྐྱེད་པར་བྱེད་པ་དང་། དེ་ལྟར་རིམ་གྲོ་ཆེར་སྐྱེད་པ་དེ་དག་ཀྱང་རྣ་བླགས་ཏེ་

མཉན་པ་དང་། རྣལ་འབྱོར་དང་ཡིད་ལ་བྱེད་པ་ལ་གུས་པ་སྐྱེད་པར་བྱེད་དོ། །དེ་ལ་ཀུན་དུ་བརྗོད་པའི་ཆོ་འཕྲུལ་གྱིས་ནི་སེམས་ཀྱི་སྤྱོད་པ་ཡང་དག་པར་རྗེས་སུ་བཙལ་ནས་སོ། །རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ནི་དབང་པོ་ཇི་ལྟ་བ་དང་། སྤྱད་པའི་ལྟ་བ་དང་།
འཇུག་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པ་སྟོན་པར་བྱེད་ཅིང་སྒྲུབ་པ་ལ་རྗེས་སུ་སྟོན་པར་བྱེད་དེ། དེའི་ཕྱིར་ཆོ་འཕྲུལ་གསུམ་གྱིས་ཡང་དག་པར་ཟིན་པ་དེ་ནི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གདམས་ངག་ཡིན་ནོ།། །།ཉན་ཐོས་ཀྱི་ས། བམ་པོ་བཅུ་པ། དེ་ལ་བསླབ་པ་
གང་ཞེ་ན། སྨྲས་པ། བསླབ་པ་ནི་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་ཞེས་
བྱ་བ་ལ་སོགས་པ་རྒྱས་པར་སྔ་མ་བཞིན་ནོ། །དེ་ལ་ལྷག་པའི་སེམས་ཀྱི་བསླབ་པ་གང་ཞེ་ན། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་
དང་པོ་དང་། བསམ་གཏན་བཞི་པའི་བར་དག་བསྒྲུབས་ཏེ་གནས་པ་སྟེ། དེ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །གཞན་ཡང་གཟུགས་དང་། གཟུགས་མེད་པ་དང་། དེ་ལས་གཞན་པའི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ལྷག་པའི་སེམས་ཀྱི་
བསླབ་པ་ཞེས་བྱ་སྟེ། དེ་ལྟ་མོད་ཀྱི་འོན་ཀྱང་བསམ་གཏན་རྣམས་ལ་བརྟེན་ནས་དང་པོ་ཁོ་ནར་བདེན་པ་མངོན་པར་རྟོགས་ཤིང་། སྐྱོན་མེད་པ་ལ་འཇུག་པར་འགྱུར་གྱི། བསམ་གཏན་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ན་མ་ཡིན་པས། དེའི་ཕྱིར་བསམ་གཏན་རྣམས་གཙོ་བོར་
བྱས་ཏེ། ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ཏོ། །དེ་ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཞེ་ན། བདེན་པ་བཞི་པོ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་གང་ཡིན་པ་སྟེ། དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བྱའོ། །ཅིའི་ཕྱིར་བསླབ་པ་གསུམ་པོ་ཁོ་ནར་ཟད་ལ།

དེ་ལས་ལྷག་པ་མེད་ཅེ་ན། སྨྲས་པ། ཏིང་ངེ་འཛིན་གྱི་གནས་ཀྱི་དོན་དང་། ཡེ་ཤེས་ཀྱི་རྟེན་གྱི་དོན་དང་། བྱ་བ་བྱས་པའི་དོན་གྱི་ཕྱིར་ཏེ། དེ་ལ་ཏིང་ངེ་འཛིན་གྱི་གནས་ཀྱི་དོན་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཏེ། འདི་ལྟར་ལྷག་པའི་ཚུལ་ཁྲིམས་ལ་གནས་ན་སེམས་རྩེ་
གཅིག་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་རེག་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཡེ་ཤེས་ཀྱི་རྟེན་གྱི་དོན་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ཏེ། འདི་ལྟར་སེམས་མཉམ་པར་གཞག་པའི་དྲན་པ་རྩེ་གཅིག་པས། ཤེས་བྱའི་དངོས་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་དང་མཐོང་
བ་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ལ་བྱ་བ་བྱས་པའི་དོན་ནི། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། འདི་ལྟར་ཡེ་ཤེས་དང་མཐོང་བ་ཤིན་ཏུ་རྣམ་པར་དག་པས་ཉོན་མོངས་པ་སྤོང་བ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །དེ་ནི་རང་གི་དོན་ཡིན་ཏེ། འདི་ལྟ་སྟེ། ཉོན་མོངས་པ་
སྤོང་བ་དེ་ནི་བྱ་བའི་མཆོག་ཡིན་པས། དེའི་གོང་དུ་བྱ་བ་གཞན་མེད་པའི་ཕྱིར་ཏེ། དེའི་ཕྱིར་བསླབ་པ་ནི་དེ་གསུམ་ཁོ་ནར་ཟད་དོ། །བསླབ་པ་དེ་དག་གི་གོ་རིམས་ཇི་ལྟ་བུ་ཡིན་ཞེ་ན། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ནི་འགྱོད་པ་མེད་དོ། །འགྱོད་པ་མེད་ན་དགའ་བ་དང་། མཆོག་ཏུ་དགའ་
བ་དང་། ཤིན་ཏུ་སྦྱངས་པ་དང་བདེ་བར་འགྱུར་རོ། །བདེ་བར་འགྱུར་བའི་སེམས་མཉམ་པར་འཇོག་གོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་ངོ་། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། ཡང་དག་
པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་བ་ན་སྐྱོ་བར་འགྱུར་རོ། །སྐྱོ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ན་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་ལྟར་ན་ཚུལ་ཁྲིམས་དེ་དག་གོམས་པར་བྱས་ན། འདི་ལྟ་
སྟེ། ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་མཆོག་ཉིད་ཐོབ་པར་འགྱུར་བས། དེ་ནི་བསླབ་པ་དེ་དག་གི་གོ་རིམས་ཡིན་ནོ། །དེ་ལ་ཅིའི་ཕྱིར་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ལྷག་པའི་ཚུལ་ཁྲིམས་ཞེས་བྱ། ཅིའི་ཕྱིར་ན་ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་

པའི་ཤེས་རབ་ཀྱི་བསླབ་པ་ལ་ལྷག་པའི་སེམས་དང་། ལྷ
Luận tạng Tây Tạng (Tengyur) — Tập 128 | Tra cứu Kinh điển | Tàng Kinh Việt