Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 128

Văn bản gốc(Tây Tạng)

Trang 7 / 13 (50.000 ký tự/trang)
ག་པའི་ཤེས་རབ་ཅེས་བྱ་ཞེ་ན། དབང་དུ་བྱ་བའི་དོན་དང་། ལྷག་པའི་དོན་གྱི་ཕྱིར་ཏེ། དེ་ལ་དབང་དུ་བྱ་བའི་དོན་ཇི་ལྟ་བུ་ཡིན་ཞེ་ན། ལྷག་པའི་སེམས་ཀྱི་དབང་དུ་བྱས་པའི་ཚུལ་ཁྲིམས་གང་ཡིན་
པ་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། །ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་པའི་སེམས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །ཉོན་མོངས་པ་སྤོང་བའི་དབང་དུ་བྱས་པའི་ཡེ་ཤེས་དང་། མཐོང་བ་གང་ཡིན་པ་དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་
པ་ཡིན་ཏེ། དེ་ནི་དབང་དུ་བྱས་པའི་དོན་ཡིན་ནོ། །ལྷག་པའི་དོན་ཇི་ལྟ་བུ་ཡིན་ཞེ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཡིན་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་གང་ཡིན་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཡིན་པའི་བསླབ་པ་དེ་དག་ནི་བསྟན་པ་འདི་ཁོ་ན་ལ་ཡོད་
ཀྱི། འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པ་སྟེ། འདི་ནི་ལྷག་པའི་དོན་ཡིན་ནོ། །ལྷག་པའི་སེམས་ཀྱི་བསླབ་པ་གང་ཡིན་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྐྱེད་པར་བྱེད་པ་ཡང་ཡོད། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཡིན་པས་ལྷག་པའི་སེམས་ཀྱི་བསླབ་པ་སྐྱེད་
པར་བྱེད་པ་ཡང་ཡོད་དེ། འདི་ལྟ་སྟེ། འཕགས་པ་ཉན་ཐོས་སློབ་པ་བཞི་མཐོང་བ། བསམ་གཏན་རྣམས་ཀྱི་དངོས་གཞི་མ་ཐོབ་པ་དེའི་འོག་ཏུ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར་བརྩོན་པར་བྱེད་པ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་པ་དང་།
བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་བར་དག་སྒོམ་པར་བྱེད་པའི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དེ་ནི་ལྷག་པའི་སེམས་ཀྱི་བསླབ་པ་སྐྱེད་པར་བྱེད་པ་ཡིན་ནོ། །ལྷག་པའི་སེམས་ཀྱི་བསླབ་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྐྱེད་པར་བྱེད་པ་དེ་ནི་སྔར་བསྟན་པ་ཁོ་ན་བཞིན་ནོ། །དེ་ལ་ལྷག་
པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ལ། ལྷག་པའི་སེམས་མེད་པ་དང་། ལྷག་པའི་ཤེས་རབ་མེད་པ་ཡང་ཡོད། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཡོད་ལ། ལྷག་པའི་ཤེས་རབ་མེད་པ་ཡང་ཡོད། ལྷག་པའི་ཤེས་རབ་ཡོད་ལ། ལྷག་པའི་ཚུལ་ཁྲིམས་དང་།

ལྷག་པའི་སེམས་མེད་པ་ནི་མི་སྲིད་དེ། དེའི་ཕྱིར་གང་ན་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོད་པ་དེ་ན་བསླབ་པ་གསུམ་ཆར་ཡོད་པར་རིག་པར་བྱའོ། །དེ་ནི་རེ་ཞིག་གང་ལ་རྣལ་འབྱོར་པ་རྣལ་འབྱོར་ལ་བརྩོན་པས། བསླབ་པར་བྱ་བའི་བསླབ་པ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་བདེན་
པ་རྣམས་མངོན་པར་རྟོགས་པར་བྱེད་པའི་གང་ཟག་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་མ་བྲལ་བ་དང་། འདོད་ཆགས་དང་ཤས་ཆེར་བྲལ་བ་དང་། འདོད་ཆགས་དང་བྲལ་བའོ། །དེ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་འདོད་ཆགས་དང་མ་
བྲལ་བས་བདེན་པ་རྣམས་མངོན་པར་རྟོགས་ན། བདེན་པ་རྣམས་མངོན་པར་རྟོགས་མ་ཐག་ཏུ་རྒྱུན་དུ་ཞུགས་པར་འགྱུར་རོ། །འདོད་ཆགས་དང་ཤས་ཆེར་བྲལ་བས་བདེན་པ་མངོན་པར་རྟོགས་ན་བདེན་པ་རྣམས་མངོན་པར་རྟོགས་མ་ཐག་ཏུ་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །འདོད་
ཆགས་དང་བྲལ་བས་བདེན་པ་རྣམས་མངོན་པར་རྟོགས་ན། བདེན་པ་རྣམས་མངོན་པར་རྟོགས་མ་ཐག་ཏུ་ཕྱིར་མི་འོང་བར་འགྱུར་རོ། །དེ་ལ་དབང་པོ་ནི་གསུམ་སྟེ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་
དབང་པོའོ། །དབང་པོ་དེ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། བདེན་པ་རྣམས་མངོན་པར་མ་རྟོགས་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་བརྩོན་པ་ལ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་རྣམ་པར་གཞག་གོ། །སློབ་པ་བདེན་པ་མངོན་པར་རྟོགས་པ་དང་ལྡན་པ་ལ་ནི་ཀུན་
ཤེས་པའི་དབང་པོ་རྣམ་པར་གཞག་གོ། །མི་སློབ་པ་དགྲ་བཅོམ་པ་བྱ་བ་བྱས་པ་ལ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་རྣམ་པར་གཞག་གོ། །དེ་ལ་རྣམ་པར་ཐར་པའི་སྒོ་ནི་གསུམ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པའོ། །རྣམ་པར་ཐར་
པའི་སྒོ་གསུམ་པོ་དེ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། འདི་ནི་གཉིས་ཡིན་ཏེ། འདུས་བྱས་དང་། འདུས་མ་བྱས་སོ། །དེ་ལ་འདུས་བྱས་ནི་ཁམས་གསུམ་པ་དང་ལྡན་པའི་ཕུང་པོ་ལྔའོ། །འདུས་མ་བྱས་ནི་མྱ་ངན་ལས་འདས་པའོ། །འདུས་བྱས་གང་

ཡིན་པ་དང་། འདུས་མ་བྱས་གང་ཡིན་པ་དེ་གཉིས་ནི་ཡོད་པ་ཞེས་བྱའོ། །བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་ཞེས་བྱ་བ་གང་ཡིན་པ་དེ་ནི་མེད་པ་ཞེས་བྱའོ། །དེ་ལ་འདུས་བྱས་ལ་སྐྱོན་དུ་མཐོང་བ་དང་། ཉེས་དམིགས་སུ་མཐོང་བའི་
ཕྱིར་སྨོན་པར་མི་བྱེད་དོ། །མི་སྨོན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་རྣམ་པར་གཞག་གོ། །མྱ་ངན་ལས་འདས་པ་དེ་ལ་སྨོན་པ་དང་ལྡན་པས་ཞི་བར་ལྟ། གྱ་ནོམ་པར་ལྟ། ངེས་པར་འབྱུང་བར་ལྟ་ཞིང་སྨོན་པར་བྱེད་དེ། དེ་ལ་ངེས་པར་འབྱུང་བར་ལྟ་བའི་ཕྱིར། རྣམ་པར་
ཐར་པ་སྒོ་མཚན་མ་མེད་པ་རྣམ་པར་གཞག་གོ། །མེད་ཅིང་ཡོད་པ་མ་ཡིན་པ་དེ་ལ་སྨོན་པ་ཡང་མེད་སྨོན་པ་མེད་པ་ཡང་མེད་དོ་ཞེས་ཇི་ལྟ་བུ་ཁོ་ནར་མེད་པ་དེ་ལྟ་བུ་ཁོ་ནར་མེད་པ་ཡིན་ནོ་ཞེས་ཤེས་ཤིང་མཐོང་བའི་སྒོ་ནས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྣམ་པར་གཞག་སྟེ། དེ་ནི་རྣམ་པར་ཐར་པའི་སྒོ་གསུམ་
པོ་དེ་དག་གི་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་བསླབ་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་གང་ཞེ་ན། སྨྲས་པ། བསླབ་པ་དང་མི་མཐུན་པའི་ཆོས་བཅུ་ཡོད་དེ། དེ་དག་གི་གཉེན་པོ་བཅུ་ནི་བསླབ་པ་དང་རྗེས་སུ་མཐུན་པ་ཡིན་པར་རིག་པར་བྱའོ། །དེ་ལ་བསླབ་པ་དང་རྗེས་སུ་མི་མཐུན་
པའི་ཆོས་བཅུ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་གཞོན་ནུ་ཁ་དོག་བཟང་བ་ཆགས་པར་འགྱུར་བ་ནི་རིགས་ཀྱི་བུ་བསླབ་པ་ལ་བརྩོན་པའི་བར་ཆད་བྱེད་ཅིང་། ལམ་འགོག་པར་བྱེད་པ་ཆེན་པོ་ཡིན་པ་དང་། འཇིག་ཚོགས་སུ་གཏོགས་པའི་འདུ་བྱེད་རྣམས་ལ་འཆུམས་པར་བྱེད་པ་དང་། ལེ་ལོ་
དང་། སྙོམ་ལས་བྱེད་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། ཁམས་ཀྱི་ཟས་ལ་བརྟེན་ཏེ་རོ་ལ་ཆགས་པ་དང་། འཇིག་རྟེན་གྱི་གཏམ་རྒྱུད་ཀྱི་གཏམ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་བཀྲམ་པ་དག་ལ་འདུན་པའི་འདོད་ཆགས་ཀྱི་རྗེས་སུ་ཆགས་པ་དང་། ཆོས་སེམས་ཤིང་
རྣལ་འབྱོར་ཡིད་ལ་བྱེད་པའི་སྐྱོན་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། དཀོན་མཆོག་དང་། བདེན་པ་དང་། ཕུང་པོ་དང་། ལས་དང་འབྲས་བུ་དག་ལ་ནེམ་ནུར་དང་། ཡིད་གཉིས་དང་། ཐེ་ཚོམ་ཟ་བ་དང་། སྤོང་བ་ལ་བརྩོན་པའི་ལུས་ཀྱི་གནས་ངན་ལེན་པ་དང་། ལྷོད་པའི་

ཞི་གནས་དང་། ལྷག་མཐོང་གི་སྐྱོན་ཡིད་ལ་བྱེད་པ་དང་། རྨུགས་པ་དང་། གཉིད་ཀྱིས་སེམས་ཟིལ་གྱིས་ནོན་ཅིང་སེམས་མངོན་པར་བསྡུས་པ་དང་། ཧ་ཅང་བརྩལ་དྲགས་པས་ལུས་ངལ་ཞིང་སེམས་འཁྲུགས་པ་དང་། བརྩོན་འགྲུས་ཧ་ཅང་ཞན་པས་ཁྱད་པར་མི་འཐོབ་ཅིང་
དག་པའི་ཕྱོགས་གཏུགས་པ་དང་། རྙེད་པ་དང་། གྲགས་པ་དང་། བསྔགས་པ་དང་། བདེ་བ་གང་ཡང་རུང་བ་ཆུང་ཟད་ཙམ་གྱིས་དགའ་ཞིང་། ཡིད་བདེ་བ་དང་། རྒོད་ཅིང་ཉེ་བར་མ་ཞི་བ་དང་། འཕྱར་ཞིང་གཡེང་བར་བྱེད་པ་དང་། འཇིག་ཚོགས་འགོག་པའི་མྱ་ངན་ལས་
འདས་པ་ལ་སྐྲག་ཅིང་དངང་བར་བྱེད་པ་དང་། དྲོད་མི་འཛིན་པར་སྨྲ་བ་ལ་བརྩོན་ཞིང་ཧ་ཅང་མང་དུ་སྨྲ་ལ། ཆོས་དང་ལྡན་པའི་གཏམ་ཟེར་ན་རྩོད་པའི་གཏམ་དང་། ཉེས་རྩོམ་གྱི་རྗེས་སུ་བརྩོན་པ་དང་། སྔོན་མཐོང་བ་དང་། ཐོས་པ་དང་། ཉམས་སུ་མྱོང་བ་དང་། རྣམ་པར་ཤེས་
པ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་དག་ལ་སེམས་འཕྲོ་ཞིང་སེམས་གཡེང་བར་བྱེད་པ་དང་། བསམ་གྱིས་མི་ཁྱབ་པའི་གནས་གཞན་དག་ལ་ངེས་པར་རྟོག་པར་བྱེད་པ་ཉིད་ཡིན་ཏེ། ཆོས་སེམས་ཤིང་རྣལ་འབྱོར་ཡིད་ལ་བྱེད་པའི་སྐྱོན་ཡིན་པར་རིག་པར་བྱ་བ་དེ་དག་དང་། བསམ་
གཏན་དང་སྙོམས་པར་འཇུག་པའི་བདེ་བའི་རོ་མྱོང་བར་བྱེད་པ་དང་། མཚན་མ་མེད་པ་ལ་སྙོམས་པར་འཇུག་པར་འདོད་པ་འདུ་བྱེད་ཀྱི་མཚན་མའི་རྗེས་སུ་འབྲང་བ་དང་། ལུས་ཀྱི་རེག་པ་སྡུག་བསྔལ་བ་དག་དང་། སྲོག་འཕྲོག་པར་བྱེད་པའི་བར་དག་གིས་རེག་པར་འགྱུར་བ་སྲོག་ལ་
འཆུམས་ཤིང་སྲོག་ལ་རེ་ལ། དེ་ལ་རེ་བ་དང་ལྡན་པའི་མྱ་ངན་དང་། ངལ་བ་དང་། སྨྲེ་སྔགས་འདོན་པ་སྟེ། བཅུ་པོ་དེ་དག་ནི་བསླབ་པ་དང་མི་མཐུན་པའི་ཆོས་རྣམས་ཡིན་ནོ། །བསླབ་པ་དང་མི་མཐུན་པ་དེ་དག་གི་གཉེན་པོ་བསླབ་པ་དང་རྗེས་སུ་མཐུན་པ་བཅུ་གང་ཞེ་ན། འདི་
ལྟ་སྟེ། མི་སྡུག་་པའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་

དང་། སྣང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་ཏེ། འདུ་ཤེས་བཅུ་པོ་དེ་དག་ཀུན་དུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ན་བསླབ་པའི་བར་ཆད་རྣམ་པ་བཅུ་
པོ་བསླབ་པ་དང་མི་མཐུན་པའི་ཆོས་བཅུ་པོ་དེ་དག་སྤོང་བར་འགྱུར་རོ། །དེ་ལ་དོན་གྱི་སྐབས་འདིར་སྣང་བའི་འདུ་ཤེས་ནི་ཆོས་སེམས་ཤིང་རྣལ་འབྱོར་ཡིད་ལ་བྱེད་པའི་བར་དུ་གཅོད་པ་སྤོང་བའི་ཕྱིར་ཆོས་ཀྱི་སྣང་བ་དང་། དོན་གྱི་སྣང་བ་དང་། ཞི་གནས་ཀྱི་སྣང་བ་དང་། ལྷག་མཐོང་
གི་སྣང་བ་སྟེ། སྣང་བ་དེ་དག་གི་དབང་དུ་བྱས་པ་ཡིན་པར་དགོངས་སོ། །དེ་ལས་གཞན་ཡང་བསླབ་པ་དང་རྗེས་སུ་མཐུན་པའི་ཆོས་བཅུ་ཡོད་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་རྒྱུ་དང་། རྗེས་སུ་མཐུན་པའི་ལུང་དང་། ཚུལ་བཞིན་ལ་རབ་ཏུ་སྦྱོར་བ་དང་། རྟག་
ཏུ་གུས་པར་བྱས་ཏེ་བྱེད་པ་དང་། འདུན་པ་དྲག་པོ་དང་། རྣལ་འབྱོར་གྱི་སྟོབས་སྐྱེད་པ་དང་། ལུས་དང་སེམས་ཀྱི་གནས་ངན་ལེན་ཤིན་ཏུ་སྦྱངས་པ་དང་། ཡང་དང་ཡང་དུ་སོ་སོར་རྟོག་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། མངོན་པའི་ང་རྒྱལ་མེད་པའོ། །དེ་ལ་སྔོན་གྱི་རྒྱུ་གང་
ཞེ་ན། སྔོན་དབང་པོ་ཡོངས་སུ་སྨིན་པ་ལ་བརྩོན་པར་བྱས་པ་དང་། དབང་པོ་ཡང་དག་པར་བསྒྲུབས་པ་གང་ཡིན་པའོ། །དེ་ལ་རྗེས་སུ་མཐུན་པའི་ལུང་གང་ཞེ་ན། ཕྱིན་ཅི་མ་ལོག་པ་དང་། གོ་རིམས་སུ་བབ་པའི་ལུང་གང་ཡིན་པའོ། །དེ་ལ་ཚུལ་བཞིན་ལ་རབ་ཏུ་སྦྱོར་བ་གང་ཞེ་ན།
ཇི་ལྟར་གདམས་པ་དེ་ཁོ་ན་བཞིན་དུ་རབ་ཏུ་སྦྱོར་བར་བྱེད་ཅིང་། དེ་ལྟར་རབ་ཏུ་སྦྱོར་བ་ན་ཡང་དག་པའི་ལྟ་བ་སྐྱེད་པར་བྱེད་པའོ། །དེ་ལ་རྟག་ཏུ་གུས་པར་བྱས་ཏེ་བྱེད་པ་གང་ཞེ་ན། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ཇི་ལྟ་བུས་དུས་འབྲས་བུ་ཡོད་པར་བྱེད་པ་དང་། མྱུར་བ་ཁོ་ནར་དགེ་བའི་ཕྱོགས་ཡང་
དག་པར་སྒྲུབ་པར་བྱེད་པའོ། །དེ་ལ་འདུན་པ་དྲག་པོ་གང་ཞེ་ན། འདི་ལྟ་སྟེ། ནམ་ཞིག་ན་བདག་གིས་འཕགས་པའི་གནས་གང་ཡིན་པ་བསྒྲུབས་ཏེ། གནས་པར་འགྱུར་བའི་གནས་དེ་བསྒྲུབས་ཏེ་གནས་པར་འགྱུར་ཞིག་གུ་སྙམ་ནས་རྣམ་པར་ཐར་པ་གོང་མ་ལ་དགའ་བ་སྐྱེད་པར་

བྱེད་པའོ། །དེ་ལ་རྣལ་འབྱོར་གྱི་སྟོབས་སྐྱེད་པ་གང་ཞེ་ན། རྒྱུ་གཉིས་ཀྱིས་རྣལ་འབྱོར་གྱི་སྟོབས་སྐྱེད་པ་ཐོབ་པར་འགྱུར་ཏེ། གཉིས་གང་ཞེ་ན། རང་བཞིན་གྱིས་དབང་པོ་རྣོ་བ་དང་། ཡུན་རིང་པོ་ནས་གོམས་ཤིང་ཡོངས་སུ་བྱང་བར་བྱས་པས་སོ། །དེ་ལ་ལུས་དང་སེམས་ཀྱི་
གནས་ངན་ལེན་ཤིན་ཏུ་སྦྱངས་པ་གང་ཞེ་ན། འདི་ལྟ་སྟེ། ལུས་དུབ་ཅིང་ལུས་ངལ་བ་ལས། ལུས་ཀྱི་གནས་ངན་ལེན་དང་། སེམས་ཀྱི་གནས་ངན་ལེན་སྐྱེ་བ་དེ་དག་སྤྱོད་ལམ་གཞན་གྱིས་བརྟགས་པས་ཤིན་ཏུ་སྦྱོང་བར་བྱེད་པ་དང་། ཧ་ཅང་རྣམ་པར་རྟོག་པ་དང་། ཧ་ཅང་རྣམ་པར་
དཔྱོད་པ་ལས་ལུས་དང་སེམས་ཀྱི་གནས་ངན་ལེན་སྐྱེ་བ་དེ་དག་སེམས་ནང་དུ་ཞི་གནས་སུ་བྱ་བའི་ཚུལ་གྱིས་ཤིན་ཏུ་སྦྱོང་བར་བྱེད་པ་འམ། རང་བཞིན་གྱིས་ཤིན་ཏུ་སྦྱོང་བར་བྱེད་པ་དང་། རྨུགས་པ་དང་གཉིད་ཀྱི་ཀུན་ནས་དཀྲིས་པས་སེམས་མངོན་པར་བསྡུས་ཤིང་སེམས་ཞུམ་པར་གྱུར་པ་
ལས། ལུས་དང་སེམས་ཀྱི་གནས་ངན་ལེན་སྐྱེ་བ་དེ་དག་ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པ་དང་། རབ་ཏུ་དང་བར་འགྱུར་བ་ཡིད་ལ་བྱེད་པས་ཤིན་ཏུ་སྦྱོང་བར་བྱེད་པའམ། རང་བཞིན་གྱིས་ཤིན་ཏུ་སྦྱོང་བར་བྱེད་པ་དང་། ཉོན་མོངས་པ་མ་སྤངས་པ་ལས་ཉོན་མོངས་པའི་
ཕྱོགས་ཀྱི་ལུས་དང་། སེམས་ཀྱི་གནས་ངན་ལེན་དང་མ་བྲལ་ཞིང་རྟག་ཏུ་རྗེས་སུ་འབྲེལ་པ་དེ་དག་ཡང་དག་པའི་ལམ་བསྒོམས་པས་ཤིན་ཏུ་སྦྱོང་བར་བྱེད་པའོ། །དེ་ལ་ཡང་དང་ཡང་དུ་སོ་སོར་རྟོག་པ་གང་ཞེ་ན། ཚུལ་ཁྲིམས་དག་ལས་བརྩམས་ཏེ། ཡང་དང་ཡང་དུ་ཉེས་པར་བྱས་
པ་དང་། ལེགས་པར་བྱས་པ་ལ་སོ་སོར་རྟོག་པར་བྱེད་པ་དང་། མ་བྱས་པ་དང་བྱས་པ་ལ་སོ་སོར་རྟོག་པར་བྱེད་ཅིང་ཉེས་པར་བྱས་པ་དང་མ་བྱས་པ་ལས་ལྡོག་པར་བྱེད་པ་དང་། ལེགས་པར་བྱས་པ་དང་། བྱས་པ་ལས་ལྡོག་པར་མི་བྱེད་དེ། མ་བྱས་པ་ལས་ལྡོག་ཅིང་བྱས་པ་
ལས་མི་ལྡོག་པ་དེ་ལ་དེ་ལྟར་ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་ལ་དཔྱོད་པའི་ཡིད་ལ་བྱེད་པའི་དབང་དུ་བྱས་ནས། ཡང་དང་ཡང་དུ་སོ་སོར་རྟོག་པར་བྱེད་པ་སྟེ། དེ་ལ་སྤངས་པར་ཤེས་ནས། ཡིད་བདེ་བར་འགྱུར་ལ། མ་སྤངས་པར་ཤེས་ན་ཡང་དང་ཡང་དུ་ལམ་དེ་ཉིད་ལ་

སྒོམ་པར་བྱེད་པའོ། །དེ་ལ་ཡོངས་སུ་གདུང་བ་མེད་པ་གང་ཞེ་ན། དུས་གཞན་གྱིས་ཤེས་པར་བྱ་བ་དང་། མཐོང་བར་བྱ་བ་དང་། རྟོགས་པར་བྱ་བ་གང་ཡིན་པ་སྟེ། མ་ཤེས་པ་དང་། མ་མཐོང་བ་དང་། མ་རྟོགས་པའི་སྒོ་ནས་སེམས་ངལ་བ་དང་། སེམས་
ལ་གནོད་པའི་ཡོངས་སུ་གདུང་བ་སྐྱེ་སྟེ། དེ་དག་སྐྱེས་པ་ན་དང་དུ་མི་ལེན་ཅིང་སྤོང་བར་བྱེད་པའོ། །དེ་ལ་མངོན་པའི་ང་རྒྱལ་མེད་པ་གང་ཞེ་ན། རྟོགས་པ་དང་། ཐོབ་པ་དང་། རེག་པ་ལ་མངོན་པའི་ང་རྒྱལ་མེད་ཅིང་ཕྱིན་ཅི་མ་ལོག་པར་འཛིན་པ་སྟེ། ཐོབ་པ་ལ་ཐོབ་པར་འདུ་ཤེས་པ་དང་།
རྟོགས་པ་ལ་རྟོགས་པར་འདུ་ཤེས་པ་དང་། མངོན་སུམ་དུ་བྱས་པ་ལ་མངོན་སུམ་དུ་བྱས་པར་འདུ་ཤེས་པའོ། །ཆོས་བཅུ་པོ་དེ་དག་ནི་དང་པོ་དང་བར་པ་དང་ཐ་མ་ལ་བརྟེན་ཏེ། རྣལ་འབྱོར་པ་བསླབ་པ་འདོད་པའི་བསླབ་པ་དང་རྗེས་སུ་མཐུན་པར་བྱེད་པ་ཡིན་པས། དེའི་ཕྱིར་བསླབ་པ་དང་རྗེས་སུ་
མཐུན་པ་རྣམས་ཞེས་བྱའོ། །དེ་ལ་རྣལ་འབྱོར་ཉམས་པ་གང་ཞེ་ན། སྨྲས་པ། རྣལ་འབྱོར་ཉམས་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། རྣལ་འབྱོར་ཉམས་པ་གཏན་དུ་བ་ཡང་ཡོད། རེ་ཞིག་པ་ཡང་ཡོད། ཐོབ་པ་ལས་ཡོངས་སུ་ཉམས་པ་ཡང་
ཡོད། །ལོག་པར་སྒྲུབ་པས་བྱས་པ་ཡང་ཡོད་དོ། །དེ་ལ་རྣལ་འབྱོར་ཉམས་པ་གཏན་དུ་བ་གང་ཞེ་ན། གང་ཟག་རིགས་མེད་པ་ལ་གནས་པ་རྣམས་ཀྱི་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པའི་ཕྱིར།
རྣལ་འབྱོར་ལས་གཏན་དུ་ཉམས་པ་ཁོ་ན་ཡིན་ནོ། །དེ་ལ་རེ་ཞིག་པ་གང་ཞེ་ན། འདི་ལྟ་སྟེ། གང་ཟག་རིགས་ལ་གནས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་རྐྱེན་དང་མི་ལྡན་པ་རྣམས་ཀྱི་ཡིན་ཏེ། དེ་དག་ནི་ཤིན་ཏུ་རིང་དུ་སོང་ཡང་གདོན་མི་ཟ་བར་རྐྱེན་བསྒྲུབ་པར་འགྱུར་ཞིང་།
རྣལ་འབྱོར་ཡང་མངོན་དུ་བྱས། གོམས་པར་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་པར་འགྱུར་ཏེ། དེའི་ཕྱིར་དེ་ནི་དེ་དག་གི་རྣལ་འབྱོར་ཉམས་པ་རེ་ཞིག་པ་ཡིན་ནོ། །དེ་ལ་ཐོབ་པ་ལས་ཡོངས་སུ་ཉམས་པའི་རྣལ་འབྱོར་ཉམས་པ་ནི་འདི་ལྟར་འདི་ན་ལ་ལ་ཐོབ་པ་དང་། རྟོགས་པ་

དང་། ཡེ་ཤེས་དང་། མཐོང་བ་དང་། རེག་པ་ལས་ཡོངས་སུ་ཉམས་པ་ཡིན་ནོ། །དེ་ལ་ལོག་པར་སྒྲུབ་པས་བྱས་པའི་རྣལ་འབྱོར་ཉམས་པ་ནི་འདི་ལྟར་འདི་ན་ལ་ལ་ཚུལ་བཞིན་མ་ཡིན་པ་ལ་རབ་ཏུ་བརྩོན་པར་བྱེད་པ་ན། རྣལ་འབྱོར་ཐོབ་པར་མི་འགྱུར་ཞིང་རིགས་པའི་
ཆོས་དགེ་བ་ཐོབ་པར་མི་འགྱུར་བ་སྟེ། འདི་ལྟར་འདི་ན་ལ་ལ་ཉོན་མོངས་པ་མང་བ་དང་། འདོད་ཆགས་ཆེ་བའི་རང་བཞིན་ཅན་ཡིན་ལ། རྣམ་པར་ཤེས་པ་སྒྲིན་པ་དང་། བློ་རྣོ་བ་དང་། ལྷན་ཅིག་སྐྱེས་པའི་བློ་དང་ལྡན་པ་ཡིན་ཏེ། དེ་ཐོས་པ་ཉུང་ངུའམ། མང་པོ་ཡང་འཛིན་
པར་བྱེད་ཅིང་། ཐོས་པ་ཀུན་ཆུབ་པར་ཡང་བྱེད་ལ། དགོན་པར་གནས་པ་ན་ཁྱིམ་པ་དང་། རབ་ཏུ་བྱུང་བ་དྲང་པོ་དང་། དྲང་པོའི་རང་བཞིན་ཅན་དག་འོངས་ཤིང་ལྷགས་པ་རྣམས་ལ་ཆོས་སྟོན་པ་དང་། ཚུལ་འཆོས་པའི་རྗེས་སུ་སྤྱོད་པའི་ལུས་དང་ངག་དང་ལྡན་པའི་སྤྱོད་པས་
སེམས་མགུ་བར་བྱེད་དེ། རྒྱུ་དེ་དང་རྐྱེན་དེས་དེ་ལ་རྙེད་པ་དང་། བཀུར་སྟིའི་ཚོགས་འབྱུང་ཞིང་། དེ་བསོད་ནམས་ཆེ་བ་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་རྙེད་པ་ཡིན་པར་ཤེས་ཤིང་། རྒྱལ་བོ་
དང་། བློན་པོ་ཆེན་པོ་དང་། དེད་དཔོན་གྱི་བར་དག་ལ་ཡང་དགྲ་བཅོམ་པ་ཡིན་པར་གྲགས་ཤིང་བཀུར་སྟིར་བྱེད། བླ་མར་བྱེད་པ་དང་། ཉན་ཐོས་ཀྱི་ཁྱིམ་པ་དང་། རབ་ཏུ་བྱུང་བ་དག་ཀྱང་དེའི་རྗེས་སུ་འབྲང་བར་འགྱུར་ཏེ། རྗེས་སུ་ལྷགས་པ་དག་ལ་ཞེན་པ་སྐྱེད་ཅིང་མང་པོ་བསྡུ་བའི་
ཕྱིར་འཇུག་པར་བྱེད་པས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཉན་ཐོས་ཀྱི་ཁྱིམ་པ་དང་། རབ་ཏུ་བྱུང་བ་གང་དག་བདག་དགྲ་བཅོམ་པར་གྲགས་པ་ཡིན་པར་ཡིད་ཆེས་པ་དེ་དག་ལྷགས་ཏེ། གལ་ཏེ་བདག་ལ་རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ཞི་གནས་དང་། ལྷག་མཐོང་གི་
དྲི་བ་འདྲི་བར་གྱུར་ན། དེ་དག་ལ་བདག་གིས་མི་ཤེས་སོ་ཞེས་དྲིས་པའི་ལན་བཏབ་པར་གྱུར་ན། དེ་ལྟར་ན་བདག་དགྲ་བཅོམ་པར་གྲགས་པ་ཡིན་ནོ་སྙམ་དུ་ཡིད་ཆེས་པ་གང་ཡིན་པ་དེ་ཉམས་པར་འགྱུར་བས། བདག་གིས་རང་ཉིད་ཀྱིས་བསམས་ཤིང་གཞལ་ལ་ཉེ་བར་བརྟགས་ཏེ་རྣལ་འབྱོར་

རྣམ་པར་གཞག་པར་བྱའོ་སྙམ་ནས་དེ་རྙེད་པ་དང་བཀུར་སྟི་ལ་ཆགས་པས་དོན་དེ་ཉིད་ཀྱི་དབང་དུ་བྱས་ཏེ། གཅིག་པུ་དབེན་པར་སོང་ནས་རང་ཉིད་ཀྱིས་བསམས་ཤིང་གཞལ་ལ་ཉེ་བར་བརྟགས་ཏེ་རྣལ་འབྱོར་རྣམ་པར་འཇོག་པར་བྱེད་དེ། དེའི་རྣལ་འབྱོར་དེ་ཡང་མདོ་
སྡེ་ལ་མི་འཇུག །འདུལ་བ་ལ་ཡང་དག་པར་མི་སྣང་ཞིང་། ཆོས་ཉིད་དང་འགལ་བ་ཡིན་ཏེ། དེ་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་གང་དག་ཡིན་པ་དེ་དག་ལ་ཡང་རྣལ་འབྱོར་གྱི་གནས་དེ་འཆབ་པར་བྱེད་ཅིང་། སྟོན་པར་མི་བྱེད་དོ། །དེ་ཉན་ཐོས་ཀྱི་
ཁྱིམ་པ་དང་། རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ལ་ཡང་རྣལ་འབྱོར་དེ་གསང་ངོ་ཞེས་སྒོ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དེ་དག་གིས་རྣལ་འབྱོར་གྱི་གནས་དེ་ཐོས་ནས་མདོ་སྡེ་ལ་འཇུག་པར་གྱུར་ན། དེ་ཡང་འཇུག་པར་འགྱུར་བ་མ་
ཡིན་པ་དང་། འདུལ་བ་ལ་ཡང་དག་པར་ལྟ་བར་གྱུར་ན་དེ་ཡང་ཡང་དག་པར་སྣང་བར་འགྱུར་བ་མ་ཡིན་པ་དང་། ཆོས་ཉིད་ཀྱིས་ཉེ་བར་རྟོགས་པར་གྱུར་ན་དེ་ཡང་ཆོས་ཉིད་དང་འགལ་བར་འགྱུར་བས། གཞི་དེ་དག་མི་དགའ་བར་འགྱུར་ཞིང་མི་དགའ་བའི་ཚིག་གིས་བདག་ལ་བསྐུལ་
བར་འགྱུར་ཞིང་རྩོད་པ་སྐྱེད་པར་འགྱུར་ཏེ། དེ་ལྟར་ན་བདག་ལ་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། ཕྱུག་པོ་དང་། ཚོང་དཔོན་དང་། དེད་དཔོན་གྱི་བར་དག་གིས་བསྙེན་བཀུར་བྱས་པར་མི་འགྱུར། བླ་མར་བྱས་པར་མི་འགྱུར་ཞིང་ཆོས་གོས་དང་། བསོད་སྙོམས་དང་། མལ་
ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་དག་ཀྱང་རྙེད་པར་མི་འགྱུར་ན་མི་རུང་ངོ་སྙམ་པའི་ཕྱིར་ཏེ། དེ་རྙེད་པ་དང་བཀུར་སྟི་འདོད་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་བཞིན་དུ། འདུ་ཤེས་དང་། འདོད་པ་བསྒྱུར་ནས་
ཆོས་མ་ཡིན་པ་ཆོས་ཀྱི་སྒོ་ནས་སྟོན་ཅིང་ཡང་དག་པར་སྟོན་པར་བྱེད་དོ། །དེ་ལ་དེའི་ལྟ་བ་དང་མཐུན་པར་སྒྲུབ་པར་བྱེད་པ་གང་དག་ཡིན་པ་དེ་དག་ནི་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ཡིན་ཏེ། དེ་དག་ནི་དམན་པ་དང་རྨོངས་པ་ཡིན་པའི་ཕྱིར་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་

ཡིན་པས། ཇི་ལྟར་གཏམས་པ་བཞིན་སྒྲུབ་པར་བྱེད་ན་ཡང་ལོག་པར་སྒྲུབ་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། ལོག་པར་སྒྲུབ་པས་བྱས་པའི་རྣལ་འབྱོར་ཉམས་པ་དེ་ལྟ་བུ་དེ་ནི་དམ་པའི་ཆོས་ནུབ་པར་བྱ་བའི་ཕྱིར། དམ་པའི་ཆོས་ལྟར་བཅོས་པ་ཡིན་གྱི་དམ་པའི་ཆོས་ནི་མ་ཡིན་ནོ། །
དེ་ལྟར་ན་རྣལ་འབྱོར་ཉམས་པ་བཞི་པོ་དེ་དག་ནི་དགེ་སློང་བསམ་གཏན་པ་རྣལ་འབྱོར་སྤྱོད་པས་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །དེ་ལ་རྣལ་འབྱོར་རྣམས་གང་ཞེ་ན། སྨྲས་པ། རྣལ་འབྱོར་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། དད་པ་དང་། འདུན་
པ་དང་། བརྩོན་འགྲུས་དང་། ཐབས་སོ། །དེ་ལ་དད་པ་ནི་རྣམ་པ་གཉིས་དང་། གཞི་རྣམ་པ་གཉིས་ཏེ། མངོན་པར་ཡིད་ཆེས་པའི་རྣམ་པ་དང་། རབ་ཏུ་དང་བའི་རྣམ་པ་དང་། ཆོས་དང་རིགས་པ་རྣམ་པར་དཔྱོད་པའི་གཞི་དང་། གང་ཟག་གི་མཐུ་ལ་མོས་པའི་གཞིའོ། །
འདུན་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། འཐོབ་པའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་རྣམ་པར་ཐར་པ་གོང་མ་ལ་དགའ་བ་སྐྱེད་པར་བྱེད་པའོ་ཞེས་རྒྱས་པར་སྔར་བསྟན་པ་བཞིན་ནོ། །ཡོངས་སུ་དྲི་བའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་མ་ཐོས་པ་མཉན་པར་བྱ་བ་དང་། ཐོས་པ་ཡོངས་སུ་
བྱང་བར་བྱ་བའི་ཕྱིར་ཀུན་དགའི་ར་བར་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣལ་འབྱོར་ཤེས་པ་རྣམས་ཀྱི་དྲུང་དུ་འགྲོ་བར་དགའ་བ་སྐྱེད་པར་བྱེད་པའོ། །ཚོགས་ཡང་དག་པར་སྒྲུབ་པའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཟས་ཀྱི་
ཚོད་རིག་པ་ཉིད་དང་། མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་དང་། ཤེས་བཞིན་དུ་སྤྱོད་པ་ཉིད་ལ་གོང་ནས་གོང་དུ་དགའ་བ་སྐྱེད་པར་བྱེད་པའོ། །རྗེས་སུ་བརྩོན་པའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་རྟག་ཏུ་སྦྱོར་བ་དང་། གུས་པར་བྱས་ཏེ་སྦྱོར་བ་དང་། ལམ་བསྒོམ་པ་ལ་དགའ་བ་སྐྱེད་
པར་བྱེད་ཅིང་། འདོད་པ་དང་། བྱེད་འདོད་པ་སྟེ། དེ་ལྟར་ན་འདུན་པ་དེ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། འཐོབ་པའི་ཕྱིར་དང་། ཡོངས་སུ་དྲི་བའི་ཕྱིར་དང་། ཚོགས་ཡང་དག་པར་བསྒྲུབ་པའི་ཕྱིར་དང་། རྗེས་སུ་བརྩོན་པའི་ཕྱིར་འདུན་པའོ། །དེ་ལ་བརྩོན་འགྲུས་ཀྱང་རྣམ་པ་

བཞི་སྟེ། འདི་ལྟ་སྟེ། མཉན་པའི་ཕྱིར་དང་། བསམ་པའི་ཕྱིར་དང་། བསྒོམ་པའི་ཕྱིར་དང་། སྒྲིབ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་བརྩོན་པའོ། །དེ་ལ་མཉན་པའི་ཕྱིར་བརྩོན་པ་ནི་མ་ཐོས་པ་མཉན་པར་བྱེད་པ་དང་། ཐོས་པ་ཡོངས་སུ་བྱང་བར་བྱེད་པ་ན་སེམས་
མངོན་པར་སྤྲོ་ཞིང་སྦྱོར་བ་མི་གཏོང་བ་གང་ཡིན་པའོ། །དེ་ལ་བསམ་པའི་ཕྱིར་བརྩོན་པ་ནི་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་གཅིག་པུ་དབེན་པར་སོང་སྟེ། སེམས་པར་བྱེད། འཇལ་བར་བྱེད། དེ་ཉེ་བར་རྟོག་པར་བྱེད་པ་ན། སེམས་མངོན་པར་སྤྲོ་ཞིང་སྦྱོར་བ་མི་གཏོང་བ་གང་ཡིན་པའོ། །
དེ་ལ་བསྒོམ་པའི་ཕྱིར་བརྩོན་པ་ནི་ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། དུས་དུས་སུ་ཞི་གནས་དང་། ལྷག་མཐོང་སྒོམ་པར་བྱེད་པ་ན། སེམས་མངོན་པར་སྤྲོ་ཞིང་སྦྱོར་བ་མི་གཏོང་བ་གང་ཡིན་པའོ། །དེ་ལ་སྒྲིབ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་བརྩོན་པ་ནི་ཉིན་མཚན་དུ་བརྩོན་པར་བྱེད་
ཅིང་། འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ན་སེམས་མངོན་པར་སྤྲོ་ཞིང་སྦྱོར་བ་མི་གཏོང་བ་གང་ཡིན་པའོ། །དེ་ལ་ཐབས་ཀྱང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་དང་། དབང་པོའི་སྡོམ་
པའི་དབང་དུ་བྱས་ཏེ། དྲན་པ་ཤིན་དུ་ཉེ་བར་གཞག་པ་དང་། དེ་ལྟར་དྲན་པ་ཉེ་བར་གཞག་པ་དེ་བག་ཡོད་པར་སེམས་ཀུན་དུ་བསྲུང་ཞིང་དགེ་བའི་ཆོས་རྣམས་ལ་བརྟེན་པར་བྱེད་པ་དང་། དེ་ལྟར་བག་ཡོད་པར་གྱུར་པས་སེམས་ནང་དུ་ཞི་གནས་སུ་བྱ་བ་ལ་སྦྱོར་བ་དང་། ལྷག་པའི་ཤེས་
རབ་ཀྱི་ཆོས་རྣམ་པར་འབྱེད་པར་བྱེད་པ་སྟེ། རྣལ་འབྱོར་རྣམ་པ་བཞི་པོ་དེ་ལ་ཡང་རྣམ་པ་བཅུ་དྲུག་ཡོད་དོ། །དེ་ལ་དད་པས་ནི་འཐོབ་པར་བྱ་བའི་དོན་ལ་མངོན་པར་ཡིད་ཆེས་པར་བྱེད་པ་དང་། འཐོབ་པ་ལ་མངོན་པར་ཡིད་ཆེས་པའི་ཕྱིར་དགེ་བའི་ཆོས་རྣམས་ལ་བྱེད་འདོད་
བ་སྐྱེད་པར་བྱེད་པ་དང་། དེ་དེ་ལྟར་བྱེད་འདོད་པས་ཉིན་མཚན་དུ་བརྩོན་པར་གནས་ཤིང་སྤྲོ་བ་དང་ལྡན་པ་དང་། ཕ་རོལ་གནོན་པ་བརྟན་པར་བྱེད་པ་དང་། བརྩོན་འགྲུས་དེ་ཡང་ཐབས་ཀྱིས་ཡོངས་སུ་ཟིན་ན་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་

སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་འཇུག་པར་འགྱུར་བའི་དེའི་ཕྱིར་ཆོས་བཞི་པོ་དེ་དག་ནི་རྣལ་འབྱོར་ཞེས་བྱའོ། །དེ་ལ་ཡིད་ལ་བྱེད་པ་གང་ཞེ་ན། ཡིད་ལ་བྱེད་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ་བསྒྲིམས་ཏེ་འཇུག་པ་དང་། སྐབས་སུ་འཆད་ཅིང་འཇུག་པ་
དང་། སྐབས་སུ་འཆད་པ་མེད་པར་འཇུག་པ་དང་། རྩོལ་བ་མེད་པར་འཇུག་པའོ། །དེ་ལ་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། ལས་དང་པོ་པ་སེམས་ནང་ཁོ་ནར་འཇོག་པར་བྱེད་ཅིང་། ཡང་དག་པར་འཇོག་པར་བྱེད་པའམ། ཆོས་རབ་ཏུ་རྣམ་པར་
འབྱེད་པར་བྱེད་ན་ཇི་སྲིད་དུ་ཡིད་ལ་བྱེད་པ་མ་ཐོབ་པ་དེ་སྲིད་དུ་དེ་བསྒྲིམས་ཏེ་དེ་ཡིད་ལ་བྱེད་པ་ལ་འཇུག་ཅིང་། བསྒྲིམས་པ་ལ་བརྟེན་ཅིང་། སེམས་རྩེ་གཅིག་པ་ཉིད་དུ་འཇོག་པར་བྱེད་པས་ན། དེའི་ཕྱིར་བསྒྲིམས་ཏེ་འཇུག་པ་ཞེས་བྱའོ། །དེ་ལ་སྐབས་སུ་འཆད་ཅིང་འཇུག་པའི་ཡིད་ལ་
བྱེད་པ་གང་ཞེ་ན། ཡིད་ལ་བྱེད་པ་ཐོབ་པའི་འོག་ཏུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་འགྲོ་བ་ན་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་གང་ཡིན་པ་སྟེ། འདི་ལྟར་དེ་ལ་བསམ་པ་དང་། ཏིང་ངེ་འཛིན་རྣམ་པར་འདྲེ་བར་བྱེད་ཅིང་བསྒོམ་པའི་རྣམ་པས་གཅིག་
ཏུ་འཇུག་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་གང་ཞེ་ན། མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པའི་འོག་ཏུ་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་མན་ཆད་ཀྱི་བར་གྱི་གང་ཡིན་པའོ། །དེ་ལ་རྩོལ་བ་མེད་པར་འཇུག་པའི་ཡིད་ལ་
བྱེད་པ་གང་ཞེ་ན། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་གང་ཡིན་པའོ། །གཞན་ཡང་ཡིད་ལ་བྱེད་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མཐུན་པ་ལས་བྱུང་བ་དང་། གཉེན་པོ་ལས་བྱུང་བ་དང་། དད་པར་བྱ་བར་འོས་པ་དང་། སོ་སོར་བརྟག་པར་འོས་པའོ། །དེ་
ལ་མཐུན་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ནི་གང་གིས་དམིགས་པ་སུན་འབྱིན་པར་བྱེད་ཅིང་། ཡང་དག་པའི་སྦྱོར་བ་ཡང་རྩོམ་པར་བྱེད་ལ། ཉོན་མོངས་པ་སྤོང་བར་ནི་མི་བྱེད་པའོ། །དེ་ལ་གཉེན་པོ་ལས་བྱུང་བའི་ཡིད་ལ་བྱེད་པ་ནི་གང་གིས་ཉོན་མོངས་པ་སྤོང་བར་བྱེད་པའོ། །དེ་ལ་དད་

བར་བྱ་བར་འོས་པའི་ཡིད་ལ་བྱེད་པ་ནི་གང་གིས་རབ་ཏུ་འཛིན་པར་བྱེད་པའི་མཚན་མ་དག་གིས་སེམས་ཞུམ་པ་མངོན་པར་རབ་ཏུ་དགའ་བར་བྱེད་དེ། ཡང་དག་པར་རབ་ཏུ་དགའ་བར་བྱེད་ཅིང་རབ་ཏུ་འཛིན་པར་བྱེད་པའོ། །དེ་ལ་སོ་སོར་བརྟག་པར་འོས་པའི་ཡིད་ལ་བྱེད་པ་ནི། འདི་
ལྟ་སྟེ། དཔྱོད་པའི་ཡིད་ལ་བྱེད་པ་སྟེ། དེའི་དབང་དུ་བྱས་ནས་ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་དག་ལ་སོ་སོར་རྟོག་པར་བྱེད་པའོ། །དེ་ལ་དམིགས་པ་ཡིད་ལ་བྱེད་པས། མཚན་མ་དུ་ཞིག་ཡིད་ལ་བྱ་བ་ཡིན་ཞེ་ན། སྨྲས་པ། བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ།
དམིགས་པའི་མཚན་མ་དང་། གཞིའི་མཚན་མ་དང་། ཡོངས་སུ་སྤང་བར་བྱ་བའི་མཚན་མ་དང་། སོ་སོར་སྟོན་པར་བྱ་བའི་མཚན་མའོ། །དེ་ལ་དམིགས་པའི་མཚན་མ་ནི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་དང་། སྣང་བརྙན་གང་ཡིན་པའོ། །<ད་‚དེ་>ལ་གཞིའི་
མཚན་མ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་གྱི་ཚོགས་བསགས་པ་དང་། རྗེས་སུ་མཐུན་པའི་ལུང་དང་། སྒོམ་པ་དང་ལྡན་པའི་འདུན་པ་དྲག་པོ་དང་། སྐྱོ་བར་བྱ་བའི་ཆོས་རྣམས་ལ་སྐྱོ་བ་དང་། རྣམ་པར་གཡེང་བ་དང་། རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པར་བྱ་བ་ལ་སེམས་
གཏོད་པ་དང་། གཞན་ལས་གཡོ་བར་འགྱུར་བ་མིས་བྱས་པའམ། མི་མ་ཡིན་པས་བྱས་པའམ། སྒྲས་བྱས་པའམ་བརྩལ་བས་བྱས་པ་མེད་པ་དང་། དེ་བཞིན་དུ་སེམས་ནང་དུ་མངོན་པར་བསྡུས་པ་ལྷག་མཐོང་གི་སྔོན་དུ་བཏང་བ་ནི་ཕྱིས་ལྷག་མཐོང་གསལ་བར་འགྱུར་བའི་
གཞིའི་མཚན་མ་ཡིན་པ་དང་། དེ་བཞིན་དུ་ལྷག་མཐོང་ཞི་གནས་ཀྱི་སྔོན་དུ་བཏང་བ་ནི་ཕྱིས་ཞི་གནས་གསལ་བར་འགྱུར་བའི་གཞིའི་མཚན་མ་ཡིན་ནོ། །དེ་ལ་ཡོངས་སུ་སྤང་བར་བྱ་བའི་མཚན་མ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། བྱིང་བའི་མཚན་མ་དང་། རྒོད་པའི་མཚན་མ་
དང་། ཆགས་པའི་མཚན་མ་དང་། རྣམ་པར་གཡེང་བའི་མཚན་མའོ། །དེ་ལ་བྱིང་བའི་མཚན་མ་ནི་དམིགས་པའི་མཚན་མ་དང་། གཞིའི་མཚན་མ་གང་གིས་སེམས་བྱིང་བ་ཉིད་དུ་འགྱུར་བའོ། །དེ་ལ་རྒོད་པའི་མཚན་མ་ནི་དམིགས་པའི་མཚན་མ་དང་། གཞིའི་མཚན་མ་

གང་གིས་སེམས་རྒོད་པར་འགྱུར་བའོ། །དེ་ལ་ཆགས་པའི་མཚན་མ་ནི་དམིགས་པའི་མཚན་མ་དང་། གཞིའི་མཚན་མ་གང་གིས་སེམས་དམིགས་པ་ལ་ཆགས་པར་བྱེད། ཀུན་དུ་ཆགས་པར་བྱེད་ཅིང་ཀུན་དུ་ཉོན་མོངས་པར་བྱེད་པའོ། །དེ་ལ་རྣམ་པར་གཡེང་བའི་མཚན་མ་ནི་དམིགས་པའི་མཚན་མ་དང་། གཞིའི་མཚན་མ་
གང་གིས་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་བྱེད་པ་སྟེ། མཚན་མ་དེ་དག་ནི་མཉམ་པར་གཞག་པའི་ས་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །ཡིད་ལ་བྱེད་པ་དེ་དག་གིས་དམིགས་པ་ལ་མོས་པར་བྱེད་པ་ལ་མོས་པ་དུ་ཡོད་ཅེ་ན། སྨྲས་པ། མོས་པ་ནི་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། འོད་གསལ་བ་དང་
འོད་གསལ་བ་མ་ཡིན་པ་དང་། བླུན་པ་དང་། སྒྲིན་པ་དང་། ཆུང་ངུ་དང་། ཆེན་པོར་གྱུར་པ་དང་། ཚད་མེད་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་དག་པ་མ་ཡིན་པའོ། །དེ་ལ་མོས་པ་འོད་གསལ་བ་ནི་སྣང་བའི་མཚན་ལེགས་པར་བཟུང་བ་ན། སྣང་བ་དང་ལྡན་པ་གང་ཡིན་པའོ། །དེ་ལ་མོས་པ་འོད་གསལ་བ་མ་ཡིན་པ་
ནི་འདི་ལྟ་སྟེ། སྣང་བའི་མཚན་མ་བཟུང་བ་ན་མུན་པ་དང་ལྡན་པ་གང་ཡིན་པའོ། །དེ་ལ་མོས་པ་བླུན་པ་ནི་དབང་པོ་རྟུལ་པོའི་རྒྱུད་དུ་གཏོགས་པ་གང་ཡིན་པའོ། །དེ་ལ་མོས་པ་སྒྲིན་པ་ནི་དབང་པོའི་རྣོ་བའི་རྒྱུད་དུ་གཏོགས་པ་གང་ཡིན་པའོ། །དེ་ལ་མོས་པ་ཆུང་ངུ་ནི་དད་པ་དང་འདུན་པ་ཆུང་ངུ་དང་ལྡན་པ་དང་། དམིགས་པ་ཆུང་བ་གང་ཡིན་པ་
སྟེ། དེ་ལྟར་ཡིད་ལ་བྱེད་པ་ཆུང་ངུ་དང་། དམིགས་པ་ཆུང་བའི་ཕྱིར་མོས་པ་ཆུང་ངུ་ཡིན་ནོ། །དེ་ལ་མོས་པ་ཆེན་པོར་གྱུར་པ་ནི་དད་པ་དང་འདུན་པ་ཆེན་པོར་གྱུར་པ་དང་ལྡན་པ་དང་། དམིགས་པ་ཆེན་པོར་གྱུར་པ་ལ་མོས་པའི་མོས་པ་གང་ཡིན་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་ཆེན་པོར་གྱུར་པ་དང་། དམིགས་པ་ཆེན་པོར་གྱུར་པའི་ཕྱིར་
མོས་པ་ཆེན་པོར་གྱུར་པ་ཡིན་ནོ། །དེ་ལ་མོས་པ་ཚད་མེད་པ་ནི་དད་པ་དང་འདུན་པ་ཚད་མེད་པ་དང་ལྡན་པ་དང་། དམིགས་པ་མཐའ་ཡས་མུ་མེད་པ་ལ་མོས་པའི་མོས་པ་གང་ཡིན་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་ཚད་མེད་པ་དང་། དམིགས་པ་ཚད་མེད་པའི་ཕྱིར་མོས་པ་ཚད་མེད་པ་ཡིན་ནོ། །དེ་ལ་མོས་པ་ཡོངས་སུ་
དག་པ་ནི་ལེགས་པར་བསྒོམས་པ་དང་། ཡོངས་སུ་གྲུབ་པ་དང་། མཐར་ཐུག་པར་གྱུར་པ་གང་ཡིན་པའོ། །དེ་ལ་མོས་པ་ཡོངས་སུ་དག་པ་མ་ཡིན་པ་ནི་ལེགས་པར་བསྒོམས་པ་མ་ཡིན་པ་དང་། ཡོངས་སུ་གྲུབ་པ་མ་ཡིན་པ་དང་། མཐར་ཐུག་པར་གྱུར་པ་མ་ཡིན་པ་གང་ཡིན་པའོ། །དེ་ལ་རྣལ་འབྱོར་གྱི་རྣལ་འབྱོར་

དུ་བྱ་བ་དག་དུ་ཞེ་ན། སྨྲས་པ། བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞི་འགག་པ་དང་། གཞི་འཕོ་བ་དང་། དམིགས་པ་ཡོངས་སུ་ཤེས་པ་དང་། དམིགས་པ་ལ་མངོན་པར་དགའ་བའོ། །དེ་ལ་གཞི་འགག་པ་ནི་རྣལ་འབྱོར་དང་ཡིད་
ལ་བྱེད་པ་བསྒོམ་པ་ལ་རྗེས་སུ་བརྩོན་པའི་གནས་ངན་ལེན་དང་ལྡན་པའི་གཞི་གང་ཡིན་པ་དེ་ནི་རིམ་གྱིས་འགག་པའོ། །ཤིན་ཏུ་སྦྱངས་པ་དང་ལྡན་པ་ནི་གཞི་འཕོ་བ་སྟེ། གཞི་འགག་པ་དེ་དང་། གཞི་འཕོ་བ་དེ་ནི་རྣལ་འབྱོར་དུ་བྱ་བ་ཡིན་ནོ། །དེ་ལ་དམིགས་པ་ཡོངས་སུ་ཤེས་པ་
དང་། དམིགས་པ་ལ་མངོན་པར་དགའ་བ་ཞེས་བྱ་བ་ལ་དམིགས་པ་ཡོངས་སུ་ཤེས་པ་དང་། དམིགས་པ་ལ་མངོན་པར་དགའ་བ་ནི་གཞི་འགག་པ་དང་། གཞི་འཕོ་བའི་སྔོན་དུ་འགྲོ་ཞིང་དམིགས་པ་ཡོངས་སུ་ཤེས་པ་དང་། དམིགས་པ་ལ་མངོན་པར་དགའ་བ་གང་ཡིན་པའི་
དབང་དུ་བྱས་ནས། གཞི་འགག་ཅིང་འཕོ་བ་ཡང་ཡོད་དོ། །དམིགས་པ་ཡོངས་སུ་ཤེས་པ་དང་། དམིགས་པ་ལ་མངོན་པར་དགའ་བ་ནི་གཞི་རྣམ་པར་དག་པ་གང་ཡིན་པ་སྔོན་དུ་བཏང་བས་གཞི་རྣམ་པར་དག་པའི་དབང་དུ་བྱས་ཏེ། དགོས་པ་ཡོངས་སུ་གྲུབ་པའི་དུས་ན་
དམིགས་པ་ལ་ཤེས་པ་ཤིན་ཏུ་རྣམ་པར་དག་པ་དང་མངོན་པར་དགའ་བའི་འཇུག་པ་ཡང་ཡོད་དེ། དེའི་ཕྱིར་གཞི་བཞི་པོ་དེ་དག་ནི་རྣལ་འབྱོར་གྱི་རྣལ་འབྱོར་དུ་བྱ་བ་དག་ཅེས་བྱའོ། །དེ་ལ་རྣལ་འབྱོར་སྤྱོད་པ་རྣམ་པ་དུ་ཞེ་ན། སྨྲས་པ། གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་
སྟེ། ལས་དང་པོ་པ་དང་། ཡོངས་སུ་སྦྱངས་པ་བྱས་པ་དང་། ཡིད་ལ་བྱེད་པ་ལས་འདས་པའོ། །དེ་ལ་རྣལ་འབྱོར་སྤྱོད་པ་ལས་དང་པོ་པ་ནི་རྣམ་པ་གཉིས་ཏེ། ཡིད་ལ་བྱེད་པའི་ལས་དང་པོ་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པའོ། །དེ་ལ་ཡིད་ལ་བྱེད་
པའི་ལས་དང་པོ་པ་ནི་རྩེ་གཅིག་ཏུ་བྱ་བ་ཉིད་ལ། ཇི་སྲིད་དུ་ཡིད་ལ་བྱེད་པ་མ་ཐོབ་ཅིང་སེམས་རྩེ་གཅིག་པ་ཉིད་ལ་མ་རེག་གི་བར་དུ་ལས་དང་པོ་པ་ཉིད་ཡིན་ནོ། །དེ་ལ་ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པ་ནི་ཡིད་ལ་བྱེད་པ་ཐོབ་པ་ཉོན་མོངས་པ་རྣམས་ལས་སེམས་སྦྱོང་བར་འདོད་པའི་

མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་གང་ཡིན་པ་ལ་བརྩམས་ཤིང་ལེན་པ་ལ་གོམས་པ་སྟེ། དེ་ནི་ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པ་ཡིན་ནོ། །དེ་ལ་ཡོངས་སུ་སྦྱོང་བ་བྱས་པ་གང་ཞེ་ན། མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་མ་གཏོགས་པ་དེ་ལས་གཞན་
པ་སྦྱོར་བ་མཐར་ཐུག་པའི་བར་གྱི་ཡིད་ལ་བྱེད་པ་ལྔ་པོ་དག་ལ་ཤིན་ཏུ་ཡོངས་སུ་སྦྱངས་པ་བྱས་པ་ཡིན་ནོ། །དེ་ལ་ཡིད་ལ་བྱེད་པ་ལས་འདས་པ་གང་ཞེ་ན། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་སྦྱོར་བའི་སྒོམ་པ་ཡིད་ལ་བྱེད་པ་ལས་ཤིན་ཏུ་
འདས་པ་དང་། བསྒོམས་པའི་འབྲས་བུ་ལ་གནས་པ་ཡིན་པས་ན། དེའི་ཕྱིར་ཡིད་ལ་བྱེད་པ་ལས་འདས་པ་ཞེས་བྱའོ། །གཞན་ཡང་དགེ་བའི་ཆོས་ལ་འདུན་པ་ནས་བཟུང་སྟེ། རབ་ཏུ་བརྩོན་པར་བྱེད་པ་ནི་ཇི་སྲིད་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་སྐྱེད་པར་
མི་བྱེད་པ་དེ་སྲིད་དུ་ནི་ལས་དང་པོ་པ་ཡིན་ནོ། །གང་གི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་ལྟ་སྟེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་དང་། །འཇིག་རྟེན་པའི་ཆོས་ཀྱི་མཆོག་དག་སྐྱེད་པར་བྱེད་པ་དེའི་ཚེ་ན་ནི་ཡོངས་སུ་སྦྱངས་པ་བྱས་པ་ཡིན་
ནོ། །གང་གི་ཚེ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་འཇུག་ཅིང་། བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་ལ། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་ཅིང་། གཞན་གྱིས་བསླུར་མི་ཟུག་པ་དེའི་ཚེ་ན་ནི་ཡིད་ལ་བྱེད་པ་ལས་འདས་པ་ཡིན་ཏེ། གཞན་གྱི་དྲིང་མི་འཇོག་ཅིང་ཡིད་
ལ་བྱེད་པ་ལས་ཤིན་ཏུ་འདས་ཤིང་། གཞན་གྱི་དྲིང་མི་འཇོག་པ་ལ་གནས་པ་ཡིན་པས་ན། དེའི་ཕྱིར་ཡིད་ལ་བྱེད་ལ་ལས་འདས་བ་ཞེས་བྱའོ། །དེ་ལ་རྣལ་འབྱོར་བསྒོམ་པ་གང་ཞེ་ན། སྨྲས་པ། རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། འདུ་ཤེས་བསྒོམ་པ་དང་།
བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའོ། །དེ་ལ་འདུ་ཤེས་བསྒོམ་པ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་པའི་ལམ་ལ་བརྩོན་པ་ནི་ས་འོག་མ་ཐམས་ཅད་ལ་ཉེས་དམིགས་ཀྱི་འདུ་ཤེས་སྒོམ་པར་བྱེད་དོ། །མྱ་ངན་ལས་འདས་པ་ལ་བརྩོན་པ་སྤོང་བའི་དབྱིངས་དང་། འདོད་ཆགས་དང་

བྲལ་བའི་དབྱིངས་དང་། འགོག་པའི་དབྱིངས་ལ་ཞི་བར་ལྟ་བ་ནི་སྤང་པའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་སྒོམ་པར་བྱེད་དོ། །ཞི་གནས་ལ་བརྩོན་པ་ནི་ཞི་གནས་ཀྱི་ཕྱོགས་སྟོད་དང་། སྨད་ཀྱི་འདུ་ཤེས་
སྒོམ་པར་བྱེད་དོ། །ལྷག་མཐོང་ལ་བརྩོན་པ་ནི་ལྷག་མཐོང་གི་ཕྱོགས་རྒྱབ་དང་། མདུན་གྱི་འདུ་ཤེས་སྒོམ་པར་བྱེད་དོ། །དེ་ལ་སྟོད་དང་སྨད་ཀྱི་འདུ་ཤེས་ཞེས་བྱ་བ་ནི་ལུས་འདི་ཉིད་ལ་རྐང་པའི་མཐིལ་ནས་སྟོད་ཀྱི་བར་དང་། སྐྲ་དང་གླད་པ་ནས་སྨད་ཀྱི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་
ཀྱིས་གང་བ་ཇི་ལྟར་གནས་པ་དང་། ཇི་ལྟར་གྲུབ་པ་བཞིན་དུ་ལུས་འདི་ལ་སྐྲ་དང་སྤུ་ལ་སོགས་པ་ཡོད་དོ་ཞེས་རྒྱས་པར་སྔ་མ་བཞིན་དུ་སོ་སོར་རྟོག་པར་བྱེད་པའོ། །དེ་ལ་རྒྱབ་དང་མདུན་གྱི་འདུ་ཤེས་ཞེས་བྱ་བ་ནི་འདི་ལྟ་སྟེ། ལ་ལ་ཞིག་གིས་སོ་སོར་རྟོག་པའི་མཚན་ཉིད་ཤིན་ཏུ་ལེགས་པར་
རབ་ཏུ་བཟུང་ཞིང་ཤིན་ཏུ་ཡིད་ལ་བྱས་ཤིན་ཏུ་བསྟེན། ཤིན་ཏུ་སོ་སོར་བརྟགས་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་འགྲེང་བས་འདུག་པ་ལ་སོ་སོར་རྟོག་པ་དང་། འདུག་པས་ཉལ་བ་ལ་སོ་སོར་རྟོག་པ་དང་། མདུན་དུ་འགྲོ་བ་ལ་ཕྱི་ནས་འོང་བས་སོ་སོར་རྟོག་པ་བཞིན་ནོ། །དེ་ཡང་
དུས་གསུམ་གྱི་འདུ་བྱེད་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་ལྷག་མཐོང་གི་རྣམ་པས་སོ་སོར་རྟོག་པར་བྱེད་པ་ཡིན་པར་ཡོངས་སུ་བསྟན་ཏེ། དེ་ལ་འགྲེང་བས་འདུག་པ་ལ་སོ་སོར་རྟོག་པར་བྱེད་པ་ཞེས་གང་གསུངས་པ་དེ་ནི་ད་ལྟར་གྱི་ཡིད་ལ་བྱེད་པས་མ་འོངས་པའི་ཤེས་བྱ་ལ་སོ་སོར་རྟོག་
པར་བྱེད་པ་བསྟན་ཏེ། ད་ལྟར་གྱི་ཡིད་ལ་བྱེད་པའི་གནས་སྐབས་ནི་སྐྱེས་པ་ཡིན་པའི་ཕྱིར་འགྲེང་བ་ཞེས་བྱའོ། །མ་འོངས་པའི་ཤེས་བྱའི་གནས་སྐབས་ནི་མ་སྐྱེས་པ་དང་། སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་འདུག་པ་ཞེས་བྱའོ། །འདུག་པས་ཉལ་བ་ལ་སོ་སོར་རྟོག་པར་
བྱེད་པ་ཞེས་གང་གསུངས་པ་དེས་ནི་ད་ལྟར་བྱུང་བའི་ཡིད་ལ་བྱེད་པས་འདས་པའི་ཤེས་བྱའི་དངོས་པོ་ལ་སོ་སོར་རྟོག་པར་བྱེད་པ་བསྟན་ཏེ། ད་ལྟར་བྱུང་བའི་ཡིད་ལ་བྱེད་པའི་གནས་སྐབས་ནི་འགག་པ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་འདུག་པ་ཞེས་བྱའོ། །འདས་པའི་ཤེས་བྱའི་

གནས་སྐབས་ནི་འགགས་པ་ཡིན་པའི་ཕྱིར། ཉལ་བ་ཞེས་བྱའོ། །མདུན་དུ་འགྲོ་བ་ལ་ཕྱི་ནས་འོང་བས་སོ་སོར་རྟོག་པར་བྱེད་པས་ཞེས་གང་གསུངས་པ་དེས་ནི་ད་ལྟར་བྱུང་བའི་ཡིད་ལ་བྱེད་པ་འགག་མ་ཐག་པ་ལ་སོ་སོར་རྟོག་པར་བྱེད་པ་བསྟན་ཏོ། །དེ་ལ་ཡིད་ལ་བྱེད་པ་བྱུང་ཞིང་བྱུང་ཞིང་
འགག་མ་ཐག་པ་གང་ཡིན་པ་དེ་ནི་མདུན་དུ་འགྲོ་བ་ཡིན་ནོ། །དེ་ལ་ཡིད་ལ་བྱེད་པ་མཇུག་ཐོགས་མཇུག་ཐོགས་སུ་སྐྱེས་པ། གསར་དུ་གསར་དུ་འགགས་མ་ཐག་གོ་ཅོག་ལ་འཛིན་པར་བྱེད་པ་གང་ཡིན་པ་དེ་ནི་ཕྱི་ནས་འོང་བ་ཡིན་ཏེ། དེ་ལ་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་ན། སྣང་
བའི་འདུ་ཤེས་ཀྱི་ཕྱོགས་དེ་གཉི་ག་སྒོམ་པར་བྱེད་དེ། དེ་ནི་འདུ་ཤེས་བསྒོམ་པ་ཡིན་ནོ།། །།ཉན་ཐོས་ཀྱི་ས། བམ་པོ་བཅུ་གཅིག་པ། དེ་ལ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་པོ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་
དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་
པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་། སེམས་རབ་ཏུ་འཛིན་པར་བྱེད།
རབ་ཏུ་འཇོག་པར་བྱེད་པ་དང་། ཡང་དག་པའི་སྤོང་བ་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པ་དང་། ཕྱིར་ཞིང་འབྱུང་བ་དང་། འཕེལ་བ་དང་། རྒྱས་པར་བྱ་བའི་ཕྱིར་འདུན་པ་
སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་པ་དང་། འདུན་པའི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་

སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་དང་།
དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་
དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ལ་གོམས་པ་དང་། ཡོངས་སུ་འདྲིས་པ་དང་། ཀུན་དུ་བསྟེན་པ་དང་། སྒོམ་པ་དང་། ལན་མང་དུ་
བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ཞེས་བྱའོ། །དེ་ལ་ལུས་ནི་གང་། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་གང་། དྲན་པ་ནི་གང་། དྲན་པ་ཉེ་བར་གཞག་པ་ནི་གང་ཞེ་ན། སྨྲས་བ། ལུས་ནི་རྣམ་པ་སུམ་ཅུ་རྩ་ལྔ་ཡོད་དེ། འདི་ལྟ་སྟེ། ནང་གི་དང་། ཕྱི་རོལ་གྱི་དང་། དབང་
པོས་ཟིན་པ་དང་། དབང་པོས་ཟིན་པ་མ་ཡིན་པ་དང་། སེམས་ཅན་དུ་བགྲང་བ་དང་། སེམས་ཅན་དུ་བགྲང་བ་མ་ཡིན་པ་དང་། གནས་ངན་ལེན་དང་ལྡན་པ་དང་། ཤིན་ཏུ་སྦྱངས་པ་དང་ལྡན་པ་དང་། འབྱུང་བའི་ལུས་དང་། འབྱུང་བ་ལས་གྱུར་པའི་ལུས་དང་། མིང་གི་ལུས་དང་།
གཟུགས་ཀྱི་ལུས་དང་། སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། ཡི་དགས་ཀྱི་ཡུལ་པ་དང་། མིའི་དང་། ལྷའི་དང་། རྣམ་པར་ཤེས་པ་དང་བཅས་པ་དང་། རྣམ་པར་ཤེས་པ་མེད་པ་དང་། ནང་གི་ལུས་དང་། ཕྱི་རོལ་གྱི་ལུས་དང་། ཡོངས་སུ་གྱུར་
པ་དང་། ཡོངས་སུ་མ་གྱུར་པ་དང་། བུད་མེད་ཀྱི་ལུས་དང་། སྐྱེས་པའི་ལུས་དང་། མ་ནིང་གི་ལུས་དང་། མཛའ་བཤེས་ཀྱི་ལུས་དང་། དགྲ་བོའི་ལུས་དང་། ཐ་མལ་པའི་ལུས་དང་། ལུས་ངན་པ་དང་། ལུས་འབྲིང་དང་། ལུས་བཟང་པོ་དང་། གཞོན་ནུའི་ལུས་དང་།

ལང་ཚོའི་ལུས་དང་། རྒན་པོའི་ལུས་ཏེ། དེ་ནི་རེ་ཞིག་ལུས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་རྗེས་སུ་ལྟ་བ་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་དབང་དུ་བྱས་ནས་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པ་སྟེ། ཤེས་
རབ་དེས་ལུས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཡང་དག་པ་ཁོ་ནར་ཉེ་བར་རྟོག་པར་བྱེད་ཅིང་། ཀུན་དུ་རྟོག་པར་བྱེད། རྗེས་སུ་འཇུག་པར་བྱེད། རྗེས་སུ་རྟོག་པར་བྱེད་པའོ། །དེ་ལ་དྲན་པ་ནི་དེས་ལུས་ཀྱི་དབང་དུ་བྱས་ནས། ཆོས་གང་དག་གཟུང་བའི་ཆོས་དེ་དག་ཁོ་ནའི་དོན་
བསམས་པ་གང་ཡིན་པ་དང་། གང་དག་བསྒོམས་པས་མངོན་སུམ་དུ་བྱས་པའི་ཚིག་འབྲུ་དང་། དོན་དང་མངོན་སུམ་དུ་བྱས་པ་དེ་སེམས་ཀྱིས་མི་བརྗེད་པ་གང་ཡིན་པའོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ནི་བདག་གིས་ཆོས་དེ་དག་ལེགས་པར་བཟུང་ངམ། འོན་ཏེ་མ་ཡིན། ཤེས་རབ་
ཀྱིས་དེ་དང་དེ་དག་ལ་ལེགས་པར་བརྟགས་སམ། འོན་ཏེ་མ་ཡིན། རྣམ་པར་གྲོལ་བས་དེ་དང་དེ་དག་ལ་ལེགས་པར་རེག་པར་བྱས་སམ། འོན་ཏེ་མ་ཡིན་ཞེས་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། དེ་ནི་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཞན་ཡང་དྲན་པ་ཀུན་དུ་བསྲུང་བ་དང་།
ཡུལ་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་དང་། དམིགས་པ་ལ་ཉེ་བར་གཏོད་པའི་ཕྱིར། དྲན་པ་ཉེ་བར་འཇོག་པ་ཡིན་ཏེ། དེ་ལ་དྲན་པ་ཀུན་དུ་བསྲུང་བ་ནི་དྲན་པ་ཀུན་དུ་བསྲུངས་པ་དང་། དྲན་པ་ལ་རྟག་འགྲུས་བྱེད་པ་ཡིན་ནོ་ཞེས་སྔར་ཇི་སྐད་བསྟན་པ་ཁོ་ན་བཞིན་ནོ། །དེ་ལ་ཡུལ་གྱིས་
ཀུན་ནས་ཉོན་མོངས་པ་མེད་པ་ནི་དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང་། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པ་དང་མཚན་མར་མི་འཛིན་པ་དང་། མངོན་རྟགས་སུ་མི་འཛིན་པ་དང་། ཡིད་ཀྱི་དབང་པོ་བསྲུངས་པ་དང་། ཡིད་ཀྱི་དབང་པོས་ཀྱང་། སྡོམ་པ་སྒྲུབ་པར་
བྱེད་པ་ཡིན་ཏེ། ཞེས་བྱ་བའི་བར་དུ་རྒྱས་པར་ཇི་སྐད་སྔར་བསྟན་པ་བཞིན་ནོ། །དེ་ལ་དམིགས་བ་ལ་ཉེ་བར་གཏོད་པ་ནི་དམིགས་པ་རྣམ་པ་བཞི་པོ་འདི་ལྟ་སྟེ། ཁྱབ་པའི་དམིགས་པ་དང་། སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པའི་དམིགས་པ་དང་།

ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་ལ་དྲན་པ་ཉེ་བར་གཏོད་པ་ཡིན་ནོ། །ཞེས་ཇི་སྐད་སྔར་བསྟན་པ་ཡིན་ཏེ། རྒྱུ་གསུམ་པོ་དེ་དག་གིས་དྲན་པ་ལེགས་པར་ཉེ་བར་གཞག་པ་ཉིད་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་ཚོར་བ་གང་ཞེ་
ན། འདི་ལྟ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་ཚོར་བའོ། །དེ་ལ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཡང་ལུས་ཀྱིའོ། །ལུས་ཀྱི་ཇི་ལྟ་བ་བཞིན་དུ་སེམས་ཀྱི་ཡང་དེ་དང་
འདྲའོ། །བདེ་བ་དང་སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཡང་ཟང་ཟིང་དང་བཅས་པའོ། །ཟང་ཟིང་མེད་པ་ཡང་དེ་དང་འདྲའོ། །བདེ་བ་དང་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཞེན་པ་ལ་བརྟེན་པ་དང་། ངེས་
པར་འབྱུང་བ་ལ་བརྟེན་པ་ཡང་དེ་དང་འདྲ་སྟེ། དེ་དག་ནི་ཚོར་བ་རྣམ་པ་ཉི་ཤུ་རྩ་གཅིག་གམ། རྣམ་པ་དགུར་འགྱུར་རོ། །དེ་ལ་སེམས་གང་ཞེ་ན། འདི་ལྟ་སྟེ། སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་
བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། ཀུན་དུ་བསྡུས་པ་དང་། རྣམ་པར་གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་བཟུང་བ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། ཉེ་བར་ཞི་བ་དང་། ཉེ་བར་ཞི་བ་མ་ཡིན་པ་དང་། མཉམ་པར་གཞག་པ་དང་།
མཉམ་པར་གཞག་པ་མ་ཡིན་པ་དང་། ལེགས་པར་བསྒོམས་པ་དང་། ལེགས་པར་བསྒོམས་པ་མ་ཡིན་པ་དང་། སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་། སེམས་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པ་སྟེ། དེ་དག་གཅིག་ཏུ་བསྡུས་པ་ནི་སེམས་རྣམ་པ་ཉི་ཤུ་ཡིན་ནོ། །དེ་ལ་ཆོས་
རྣམས་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། འདོད་ཆགས་འདུལ་བ་དང་། ཞེ་སྡང་དང་། ཞེ་སྡང་འདུལ་བ་དང་། གཏི་མུག་དང་། གཏི་མུག་འདུལ་བ་དང་། ཀུན་དུ་བསྡུས་པ་དང་། རྣམ་པར་གཡེང་བ་དང་། ཞུམ་པ་དང་། རབ་ཏུ་འཛིན་པ་དང་། རྒོད་པ་

དང་། རྒོད་པ་མ་ཡིན་པ་དང་། ཉེ་བར་ཞི་བ་དང་། ཉེ་བར་ཞི་བ་མ་ཡིན་པ་དང་། ལེགས་པར་མཉམ་པར་གཞག་པ་དང་། ལེགས་པར་མཉམ་པར་གཞག་པ་མ་ཡིན་པ་དང་། ལམ་ལེགས་པར་བསྒོམས་པ་དང་། ལམ་ལེགས་པར་བསྒོམས་པ་མ་ཡིན་པ་དང་། ཤིན་ཏུ་
རྣམ་པར་གྲོལ་བ་དང་། ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པ་སྟེ། དེ་དག་ནི་ནག་པོ་དང་། དཀར་པོའི་ཕྱོགས་རྣམ་པར་གཞག་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཉི་ཤུ་ཡིན་པར་རིག་པར་བྱའོ། །དེ་ལ་བདེ་བར་ཚོར་བ་ནི་བདེ་བ་མྱོང་བར་འགྱུར་བའི་རེག་
པ་ལ་བརྟེན་ཏེ། སྐྱེས་པའི་ཚོར་བའི་རྣམ་པ་སྟེ། བདེ་བར་ཚོར་བ་གང་ཡིན་པའོ། །དེ་ཡང་རྣམ་པར་ཤེས་བའི་ཚོགས་ལྔ་དང་། མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་ལུས་ཀྱིའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་སེམས་ཀྱིའོ། །བདེ་བ་
མྱོང་བར་འགྱུར་བ་ལས་ཇི་ལྟ་བ་བཞིན་དུ། སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ། སྐྱེས་པའི་ཚོར་བའི་རྣམ་པ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡང་དེ་དང་འདྲ་སྟེ། དེ་ནི་
སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་ནོ། །བདེ་བ་ཡང་མ་ཡིན་པའི་ཚོར་བ་ཞེས་བྱའོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་ལུས་ཀྱིའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་སེམས་ཀྱིའོ། །
མྱ་ངན་ལས་འདས་པ་དང་མཐུན་པ་ངེས་པར་འབྱེད་པ་ལས་བྱུང་བ། ཤིན་ཏུ་མཐར་ཐུག་པ་དང་ཤིན་ཏུ་དྲི་མ་མེད་པ་དང་། ཤིན་ཏུ་ཚངས་པར་སྤྱོད་པ་ལ་གནས་པའི་ཕྱིར་འཇུག་པར་འགྱུར་བ་གང་ཡིན་པ་དེ་ནི་ཟང་ཟིང་མེད་པ་ཡིན་ནོ། །ཁམས་སུ་གཏོགས་པ་གང་ཡིན་པ་དེ་ནི་ཟང་ཟིང་
དང་བཅས་པ་ཡིན་ནོ། །གཟུགས་དང་། གཟུགས་མེད་པ་དང་ལྡན་པ་དང་། འདོད་ཆགས་དང་བྲལ་བ་དང་རྗེས་སུ་མཐུན་པ་གང་ཡིན་པ་དེ་ནི་ངེས་པར་འབྱུང་བ་ལ་བརྟེན་པ་ཡིན་ནོ། །འདོད་པ་དང་ལྡན་པ་དང་། འདོད་ཆགས་དང་བྲལ་བ་དང་། རྗེས་སུ་མི་མཐུན་པ་གང་ཡིན་པ་

དེ་ནི་ཞེན་པ་ལ་བརྟེན་པ་ཡིན་ནོ། །དེ་ལ་སེམས་འདོད་ཆགས་དང་བཅས་པ་ནི་ཆགས་པར་འགྱུར་བའི་དངོས་པོ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་གང་ཡིན་པའོ། །འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་
པའོ། །ཞེ་སྡང་དང་བཅས་པ་ནི་ཞེ་སྡང་བར་འགྱུར་བའི་དངོས་པོ་ལ་ཞེ་སྡང་གིས་ཀུན་ནས་དཀྲིས་པའི་གང་ཡིན་པའོ། །ཞེ་སྡང་དང་བྲལ་བ་ནི་ཞེ་སྡང་གིས་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་པའོ། །དེ་ལ་གཏི་མུག་དང་བཅས་པ་ནི་རྨོངས་པར་འགྱུར་བའི་དངོས་པོ་ལ་གཏི་མུག་གིས་
ཀུན་ནས་དཀྲིས་པ་གང་ཡིན་པའོ། །གཏི་མུག་དང་བྲལ་བ་ནི་གཏི་མུག་གིས་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་པའོ། །སེམས་དྲུག་པོ་དེ་དག་ནི་རྒྱུ་བ་དང་ལྡན་པ་དག་ཡིན་པར་རིག་པར་བྱ་སྟེ། དེ་ལ་གསུམ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡིན་ནོ། །གསུམ་ནི་ཀུན་ནས་ཉོན་མོངས་
བའི་གཉེན་པོའི་ཕྱོགས་ཡིན་ནོ། །དེ་ལ་སེམས་ཀུན་དུ་བསྡུས་པ་ནི་ཞི་གནས་ཀྱི་རྣམ་པས་ནང་གི་དམིགས་པ་ལ་ཉེ་བར་གཏོད་པ་གང་ཡིན་པའོ། །རྣམ་པར་གཡེང་བ་ནི་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྗེས་སུ་ཞུགས་པ་གང་ཡིན་པའོ། །དེ་ལ་སེམས་ཞུམ་པ་ནི་རྨུགས་
བ་དང་གཉིད་དང་ལྡན་པ་གང་ཡིན་པའོ། །རབ་ཏུ་བཟུང་བ་ནི་དང་བར་འགྱུར་བའི་དམིགས་པ་ལ་ཡང་དག་པར་རབ་ཏུ་དགའ་བར་བྱས་པ་གང་ཡིན་པའོ། །སེམས་རྒོད་པ་ནི་ཧ་ཅང་ཡང་དག་པར་གཟུང་བའི་ཕྱིར་རྒོད་པས་ཀུན་ནས་དཀྲིས་པ་གང་ཡིན་པའོ། །སེམས་རྒོད་པ་མ་ཡིན་
པ་ནི་རབ་ཏུ་འཛིན་པའི་དུས་དང་། ཀུན་དུ་སྡུད་པའི་དུས་ལ་བཏང་སྙོམས་སུ་འགྱུར་བ་གང་ཡིན་པའོ། །དེ་ལ་སེམས་ཉེ་བར་ཞི་བ་ནི་སྒྲིབ་པ་དག་ལས་རྣམ་པར་གྲོལ་བ་གང་ཡིན་པའོ། །ཉེ་བར་ཞི་བ་མ་ཡིན་པ་ནི་རྣམ་པར་མ་གྲོལ་བ་གང་ཡིན་པའོ། །དེ་ལ་སེམས་མཉམ་པར་གཞག་པ་
ནི་སྒྲིབ་པ་དག་ལས་རྣམ་པར་གྲོལ་བའི་ཕྱིར་བསམ་གཏན་གྱི་དངོས་གཞི་ལ་ཞུགས་པ་གང་ཡིན་པའོ། །མཉམ་པར་གཞག་པ་མ་ཡིན་པ་ནི་མ་ཞུགས་པ་གང་ཡིན་པའོ། །དེ་ལ་སེམས་ལེགས་པར་བསྒོམས་པ་ནི་ཡུན་རིང་པོ་ནས་ཏིང་ངེ་འཛིན་དེ་ཉིད་ལ་ཡོངས་སུ་སྦྱང་བ་བྱས་པའི་ཕྱིར་མྱུར་དུ་

སྙོམས་པར་འཇུག་པ་ཅི་འདོད་པ་བཞིན་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་དང་། ཚེགས་མེད་པར་ཐོབ་པ་གང་ཡིན་པའོ། །དེ་ལ་སེམས་ལེགས་པར་བསྒོམས་པ་མ་ཡིན་པ་ནི་དེ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །དེ་ལ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་ཐམས་ཅད་དང་
གཏན་དུ་རྣམ་པར་གྲོལ་བ་གང་ཡིན་པའོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པ་ནི་ཐམས་ཅད་དང་གཏན་དུ་རྣམ་པར་གྲོལ་བ་མ་ཡིན་པ་གང་ཡིན་པ་སྟེ། སེམས་བཅུ་བཞི་པོ་དེ་དག་ནི་སྤྱོད་པར་གཏོགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་སྒྲིབ་པ་རྣམ་པར་དག་པའི་ས་ལས་བརྩམས་པའི་སྤྱོད་
པར་གཏོགས་པའི་སེམས་ནི་བརྒྱད་དེ། ཀུན་དུ་བསྡུས་པ་དང་། རྣམ་པར་གཡེངས་པ་དང་། ཉེ་བར་ཞི་བ་དང་། ཉེ་བར་ཞི་བ་མ་ཡིན་པའི་བར་དག་གོ། །ཉོན་མོངས་པ་རྣམ་པར་དག་པ་ལས་བརྩམས་པའི་སྤྱོད་པར་གཏོགས་པའི་སེམས་ནི་དྲུག་སྟེ། ཤིན་ཏུ་རྣམ་པར་གྲོལ་བ་
དང་། ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པའི་བར་དག་གོ། །ནང་ན་སྒྲིབ་པ་ཡོད་པ་ན་ཡང་བདག་ལ་སྒྲིབ་པ་ཡོད་དོ་ཞེས་རབ་ཏུ་ཤེས་པ་དང་། སྒྲིབ་པ་མེད་ན་ཡང་བདག་ལ་སྒྲིབ་པ་མེད་དོ་ཞེས་རབ་ཏུ་ཤེས་པ་དང་། སྒྲིབ་པ་མ་སྐྱེས་པ་ཇི་ལྟར་སྐྱེ་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ་དང་། སྐྱེས་
པ་དང་ཇི་ལྟར་འབྲལ་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པར་འགྱུར་བ་གང་ཡིན་པ་དང་། དེ་ལ་མིག་གི་ཀུན་དུ་སྦྱོར་བ་དང་། ཡིད་ཀྱི་བར་གྱི་ཀུན་དུ་སྦྱོར་བ་ཡོད་ན་ཡང་བདག་ལ་ཡིད་ཀྱི་བར་གྱི་ཀུན་དུ་སྦྱོར་བ་ཡོད་དོ་ཞེས་རབ་ཏུ་ཤེས་པ་དང་། ཡིད་ཀྱི་བར་གྱི་ཀུན་དུ་སྦྱོར་བ་མེད་ན་ཡང་བདག་ལ་
ཡིད་ཀྱི་བར་གྱི་ཀུན་དུ་སྦྱོར་བ་མེད་དོ་ཞེས་རབ་ཏུ་ཤེས་པ་དང་། དེའི་ཡིད་ཀྱི་བར་གྱི་ཀུན་དུ་སྦྱོར་བ་མ་སྐྱེས་པ་ཇི་ལྟར་སྐྱེ་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ་དང་། སྐྱེས་པ་ཇི་ལྟར་འགག་པར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ་གང་ཡིན་པ་དང་། ནང་ན་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་
ཡོད་ན་ཡང་བདག་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡོད་དོ་ཞེས་རབ་ཏུ་ཤེས་པ་དང་། མེད་ན་ཡང་བདག་ལ་མེད་དོ་ཞེས་རབ་ཏུ་ཤེས་པ་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྐྱེས་པ་ཇི་ལྟར་སྐྱེ་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ་དང་། སྐྱེས་པ་ཇི་ལྟར་གནས་པ་དང་།

མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པ་དང་། ཕྱིར་ཞིང་འབྱུང་བ་དང་། འཕེལ་བ་དང་རྒྱས་པར་འགྱུར་བ་དེ་ཡང་རབ་ཏུ་ཤས་པ་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཇི་ལྟ་བ་བཞིན་དུ་ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་།
དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཀྱང་དེ་དང་འདྲ་བར་རིག་པར་བྱ་སྟེ། དེ་ལྟར་ངོ་བོ་ཉིད་དང་། གཞི་དང་། ཉེས་དམིགས་དང་། གཉེན་པོའི་རྣམ་པ་དག་གིས་ཀུན་ནས་ཉོན་མོངས་པའི་ཆོས་ཡོངས་སུ་
ཤེས་པ་གང་ཡིན་པ་དེ་ནི་ཆོས་དྲན་པ་ཉེ་བར་གཞག་པའི་ལུས་ཡིན་ནོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་ཇི་སྐད་བསྟན་པ་དེ་བཞིན་དུ། ཚོར་བ་དང་། སེམས་དང་། ཆོས་རྣམས་ལ་ཡང་ཅི་རིགས་སུ་རིག་པར་བྱའོ། །དེ་ལ་ཇི་ལྟར་ན་ནང་གི་ལུས་ལ་ལུས་ཀྱི་
རྗེས་སུ་ལྟ་ཞིང་གནས་པ་ཡིན། ཇི་ལྟར་ན་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན། ཇི་ལྟར་ན་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ཞེ་ན། གང་གི་ཚེ་སེམས་ཅན་དུ་བགྲང་བ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་ནི་ནང་གི་ལུས་
ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཕྱི་རོལ་གྱི་གཟུགས་ལ་དམིགས་པར་བྱེད་པ་དེ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་སེམས་ཅན་དུ་བགྲང་བའི་ཕྱི་རོལ་གཞན་གྱི་གཟུགས་ལ་དམིགས་
པར་བྱེད་པ་དེ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་ལ་སེམས་ཅན་དུ་བགྲང་བ་རང་གི་ནང་གི་གཟུགས་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་། སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་དམིགས་པར་བྱེད་པ་ནི་ནང་གི་ཚོར་བ་དང་། སེམས་དང་ཆོས་
རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །སེམས་ཅན་དུ་བགྲང་བ་མ་ཡིན་པ་ཕྱི་རོལ་གྱི་གཟུགས་ལ་བརྟེན་ཏེ། སྐྱེས་པའི་ཚོར་བ་དང་། སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་དམིགས་པར་བྱེད་པ་ནི་ཕྱི་རོལ་གྱི་ཚོར་བ་དང་སེམས་དང་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་

ལྟ་ཞིང་གནས་པ་ཡིན་ནོ། །སེམས་ཅན་དུ་བགྲང་བའི་ཕྱི་རོལ་གྱི་གཞན་གྱི་གཟུགས་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་དམིགས་པར་བྱེད་པ་ནི་ནང་དང་ཕྱི་རོལ་གྱི་ཚོར་བ་དང་སེམས་དང་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་
ཡིན་ནོ། །རྣམ་གྲངས་གཞན་ཡང་དབང་པོས་ཟིན་པའི་གཟུགས་ལ་དམིགས་པར་བྱེད་པ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དབང་པོས་མ་ཟིན་པ་ཟིན་པ་མ་ཡིན་ཞིང་མ་ཟིན་པའི་གཟུགས་ལ་དམིགས་པར་བྱེད་པ་ནི། ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་
ཞིང་གནས་པ་ཡིན་ནོ། །དབང་པོས་ཟིན་པ་ཁོ་ན་ཡིན་ལ། ཟིན་ཅིང་ཟིན་པར་གྱུར་པའི་ནང་གི་གཟུགས་ལ་དམིགས་པར་བྱེད་པ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་བཞིན་དུ་གཟུགས་གསུམ་པོ་དེ་དག་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་
ཆོས་གང་དག་ཡིན་པ་དེ་དག་ལ་ཅི་རིགས་པར་དམིགས་པར་བྱེད་པ་ནི་དེ་ལྟར་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །ཞེས་སྔ་མ་བཞིན་དུ་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་མཉམ་པར་གཞག་པའི་ས་པའི་གཟུགས་ཤིན་ཏུ་སྦྱངས་པ་དང་ལྡན་པ་ལ་དམིགས་པར་བྱེད་པ་གང་ཡིན་
པ་དེ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །ནང་གི་རང་ཁོ་ནའི་གཟུགས་མཉམ་པར་གཞག་པའི་ས་པ་མ་ཡིན་པ་གནས་ངན་ལེན་དང་ལྡན་པ་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གཞན་གྱི་གཟུགས་
ཤིན་ཏུ་སྦྱངས་པ་དང་ལྡན་པ་དང་། གནས་ངན་ལེན་དང་ལྡན་པ་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་བཞིན་དུ་དེ་དག་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་། སེམས་དང་ཆོས་གང་དག་ཡིན་པ་དེ་
དག་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་ནང་གི་འབྱུང་བའི་གཟུགས་ལ་དམིགས་པར་བྱེད་པ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །ཕྱི་རོལ་གྱི་འབྱུང་བའི་གཟུགས་ལ་དམིགས་པར་བྱེད་པ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་

གནས་པ་ཡིན་ནོ། །འབྱུང་བའི་གཟུགས་དེ་ལ་བརྟེན་ནས་དབང་པོ་དང་ཡུལ་དུ་བསྡུས་པ་རྒྱུར་བྱས་པའི་གཟུགས་སྐྱེས་པ་གང་ཡིན་པ་དེ་ལ་དམིགས་པར་བྱེད་པ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་བཞིན་དུ་དེ་དག་ལ་
བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་། གང་གི་ཚེ་ནང་གི་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་དམིགས་པར་བྱེད་པ་དེ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །
སེམས་ཅན་དུ་བགྲང་བའི་གཟུགས་རྣམ་པར་ཤེས་པ་མེད་པ། རྣམ་པར་བསྔོས་པ་ལ་སོགས་པའི་གནས་སྐབས་སུ་གྱུར་པ་ལ་དམིགས་པར་བྱེད་པ་དེ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །རྣམ་པར་ཤེས་པ་མེད་པའི་གཟུགས་འདས་པའི་དུས་ན་རྣམ་པར་
ཤེས་པ་དང་བཅས་པ་དང་། རྣམ་པར་ཤེས་པ་དང་བཅས་པའི་གཟུགས་མ་འོངས་པའི་དུས་ན་རྣམ་པར་ཤེས་པ་མེད་པར་འགྱུར་བར་ཆོས་མཚུངས་པ་ཉིད་དང་། ཆོས་མཉམ་པ་ཉིད་ལ་དམིགས་པར་བྱེད་པ་དེ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་བཞིན་
དུ་དེ་དག་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་བདག་ཉིད་ཀྱི་ནང་གི་ལུས་ལ་སྐྲ་དང་སྤུ་དང་སེན་མོ་ལ་སོགས་པའི་རྣམ་པ་དག་གིས་དམིགས་པར་བྱེད་པ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་
ལྟ་ཞིང་གནས་པ་ཡིན་ནོ། །གཞན་དག་གི་ནང་གི་ལུས་ལ་སྐྲ་དང་སྤུ་དང་སེན་མོ་ལ་སོགས་པའི་རྣམ་པ་དག་གིས་དམིགས་པར་བྱེད་པ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །བདག་ཉིད་ཀྱི་ཕྱི་རོལ་གྱི་ལུས་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་དག་གིས་མ་ཉམས་
པ་དང་། གཞན་དག་གི་ཕྱི་རོལ་གྱི་ལུས་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་དག་གིས་ཉམས་ཀྱང་རུང་། མ་ཉམས་ཀྱང་རུང་བ་ལ་ཆོས་ཉིད་མཚུངས་པས་དམིགས་པར་བྱེད་པ་དེ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་དག་ལ་བརྟེན་ཏེ་སྐྱེས་

པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཀྱི་རབ་ཏུ་དབྱེ་བས་དེ་ལྟ་བུ་དང་མཐུན་པའི་རྣམ་གྲངས་མང་པོ་དག་ཀྱང་ཡོད་པར་རིག་པར་བྱ་སྟེ། རྣམ་གྲངས་ཉུང་ཤས་ཤིག་ཡང་
དག་པར་བསྟན་པ་ནི་དེ་དག་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དྲན་པ་ཉེ་བར་གཞག་པ་བཞི་ནི་ཕྱིན་ཅི་ལོག་བཞིའི་གཉེན་པོར་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ནི་མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་
བཅོམ་ལྡན་འདས་ཀྱིས་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་མི་སྡུག་པ་དང་། ལྡང་བའི་དུར་ཁྲོད་རྣམ་པ་བཞི་བསྟན་པ་དེས་དེ་དག་ལན་མང་དུ་ཡིད་ལ་བྱེད་པ་ན་མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཚོར་བ་དྲན་པ་ཉེ་བར་གཞག་པ་
ནི་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་ཚོར་བ་དག་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པ་ནི་གང་ཅུང་ཟད་ཅི་ཚོར་ཡང་རུང་སྟེ། དེ་དག་དེ་ལ་སྡུག་བསྔལ་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ན་དེའི་ཕྱིར་དེའི་སྡུག་
བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་སེམས་དྲན་པ་ཉེ་བར་གཞག་པ་ནི་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་དེའི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པའི་རབ་ཏུ་དབྱེ་བས་
ཉིན་མོ་དང་མཚན་མོ་དང་སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་དེ་དང་དེ་དག་འདས་པར་གྱུར་པའི་ཕྱིར་སེམས་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་མཐོང་ནས་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཆོས་དྲན་པ་ཉེ་བར་གཞག་པ་ནི་
བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་དེ་ལ་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་གང་དག་ཡིན་པ་རྣམས་ནི་ཡོད་ལ། བདག་མེད་པར་ལྟ་བ་ལ་སོགས་པ་དགེ་བའི་ཆོས་དེ་དག་ནི་མེད་པའི་ཕྱིར། ཕུང་པོ་རྣམས་ལ་བདག་ཏུ་

ལྟ་བར་འགྱུར་བས་དེས་དེ་ལྟར་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཆོས་ལ་ཆོས་ཀྱི་རྗེས་སུ་བལྟས་ཤིང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །རྣམ་གྲངས་གཞན་
ཡང་འཇིག་རྟེན་ནི་ཕལ་ཆེར་འདི་ལྟར་ཞུགས་པ་ཡིན་ཏེ། ཕུང་པོ་རྣམས་ལ་ཕུང་པོ་ཙམ་དང་ཆོས་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས། འདི་ལྟར་བདག་ནི་ལུས་ལ་བརྟེན་པ་ཡིན་ཏེ། དེ་ལ་བརྟེན་ནས་བདེ་བ་དང་སྡུག་བསྔལ་མྱོང་བར་འགྱུར་ལ། བདེ་བ་དང་སྡུག་
བསྔལ་མྱོང་བ་ན་ཆོས་དང་ཆོས་མ་ཡིན་པ་དག་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་རོ། །ཞེས་དེ་ལྟར་ཞུགས་པ་ཡིན་པས། དེ་ལ་བདག་ཉིད་ཀྱི་ལུས་ཀྱི་དངོས་པོ་ལ་ཀུན་ཏུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ནི་ལུས་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ། །
བདག་ཉིད་ཀྱིས་མྱོང་བའི་དངོས་པོ་ལ་ཀུན་དུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ། །དེ་དག་སེམས་དང་ཡིད་དང་། རྣམ་པར་ཤེས་པ་གང་ཁོ་ན་ལ་བདག་ཏུ་འཛིན་པས་ཀུན་ཏུ་རྨོངས་པར་འགྱུར་བའི་བདག་གི་གཞི་ལ་ཀུན་ཏུ་རྨོངས་པ་
བསལ་བར་བྱ་བའི་ཕྱིར་ནི་སེམས་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ། །སེམས་དེ་ཁོ་ནའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ལ་ཀུན་དུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ནི། ཆོས་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ། །རྣམ་གྲངས་གཞན་
ཡང་གང་ལ་ལས་བྱེད་པ་དང་། གང་གི་དོན་དུ་བྱེད་པ་དང་། གང་ཞིག་ལས་བྱེད་པ་དང་། གང་གིས་བྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་གཞག་པ་ཡིན་ཏེ། དེ་ལ་གང་ལ་ལས་བྱེད་ཅེ་ན་ལུས་ལ་བྱེད་དོ། །གང་གི་དོན་དུ་
བྱེད་ཅེ་ན་ཚོར་བའི་དོན་དུ་བྱེད་དོ། །གང་ཞིག་ལས་བྱེད་ཅེ་ན། སེམས་ཀྱིས་བྱེད་དོ། །གང་གིས་བྱེད་ཅེ་ན། དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱིས་བྱེད་དོ། །རྣམ་གྲངས་གཞན་ཡང་གང་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་བ་དང་། གང་ལས་དང་།

གང་ཞིག་དང་། གང་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་གཞག་པ་ཡིན་ཏེ། དེ་ལ་གང་ལ་ཞེ་ན། ལུས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་རོ། །
གང་ལས་ཤེ་ན། ཚོར་བ་དག་ལས་སོ། །གང་ཞིག་ཅེ་ན། སེམས་ཀྱིས་སོ། །གང་གིས་ཤེ་ན། ཆོས་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་རོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་དོན་གང་ཞེ་ན། སྨྲས་པ། གང་ལ་དྲན་པ་ཉེ་བར་འཇོག་པར་
བྱེད་པ་དང་། གང་གིས་དྲན་པ་ཉེ་བར་འཇོག་པར་བྱེད་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་གང་ལ་དྲན་པ་ཉེ་བར་འཇོག་པར་བྱེད་ཅེ་ན། དེ་ནི་དམིགས་པ་ལ་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གང་གིས་དྲན་པ་ཉེ་བར་འཇོག་པར་བྱེད་ཅེ་ན། དེ་ལ་ཤེས་རབ་དང་ཏིང་ངེ་འཛིན་
ཡང་དག་པར་སྡུད་པར་བྱེད་པའི་དྲན་པ་གང་ཡིན་པ་སྟེ། དེ་ནི་ངོ་བོ་ཉིད་ཀྱི་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །དེ་ལས་གཞན་པ་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ནི་མཚུངས་པར་ལྡན་པས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཞན་
ཡང་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་རྣམས་ཀྱི་དབང་གིས་དགེ་བ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ལམ་ཡང་དག་པར་སྐྱེས་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། དེ་ཡང་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་།
བསྒོམས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་ཐོས་པ་དང་བསམས་པ་ལས་བྱུང་བ་ནི་ཟག་པ་དང་བཅས་པ་ཁོ་ན་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ནི་ཟག་པ་དང་བཅས་པ་ཡང་ཡོད། །ཟག་པ་མེད་པ་ཡང་ཡོད་དོ། །དེ་དེ་ལྟར་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་ཡོངས་སུ་སྦྱོང་བ་བྱས་ཤིང་
ཕྱིན་ཅི་ལོག་རགས་པ་རགས་པ་དག་བསལ་ཏེ། དགེ་བ་དང་མི་དགེ་བའི་ཆོས་རྣམས་མངོན་པར་ཤེས་པ་ནི་དེའི་འོག་ཏུ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་པ་ནས། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེས་པ་དང་། སྐྱེས་པ་རྣམས་གནས་

པ་དང་། མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པ་དང་། ཕྱིར་ཞིང་འབྱུང་བ་དང་། འཕེལ་བ་དང་། རྒྱས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་
འཇོག་པར་བྱེད་པའི་བར་དུ་རྒྱས་པར་སྔ་མ་བཞིན་དུ་བྱེད་དོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་རྣམས་གང་ཞེ་ན། འདོད་པ་ན་སྤྱོད་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཉོན་མོངས་པ་ཅན་རྣམས་ཏེ། ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པར་བསྡུས་པ་གང་དག་
ཡིན་པ་དང་། དེ་དག་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་གང་དག་ཡིན་པའོ། །དེ་དག་ཀྱང་གང་དག་ཕྲད་པར་མ་གྱུར་ཅིང་མངོན་དུ་མ་གྱུར་པ་དེ་དག་ནི་མ་སྐྱེས་པ་ཡིན་ནོ། །གང་དག་ཕྲད་པར་གྱུར་ཅིང་མངོན་དུ་གྱུར་པ་དེ་དག་ནི་སྐྱེས་པ་ཡིན་ནོ། །དེ་ལ་དགེ་བའི་
ཆོས་རྣམས་ཞེས་བྱ་བ་ནི་གང་དག་དེ་དག་གི་གཉེན་པོར་གྱུར་པའི་ཆོས་རྣམས་ཏེ། ཉེས་པར་སྤྱད་པའི་གཉེན་པོར་གྱུར་པ་དང་། སྒྲིབ་པའི་གཉེན་པོར་གྱུར་པ་དང་། ཀུན་དུ་སྦྱོར་བའི་གཉེན་པོར་གྱུར་པ་རྣམས་སོ། །དེ་དག་མ་སྐྱེས་པ་དང་། སྐྱེས་པ་ཡང་སྡིག་པ་མི་དགེ་བའི་ཆོས་རྣམས་ཇི་ལྟ་བ་དེ་
ཁོ་ན་བཞིན་དུ་རིག་པར་བྱའོ། །དེ་ལ་གང་གི་ཚེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བསྐྱེད་པར་མི་བྱ་བ་དང་། སྐྱེས་ཤིང་ཕྲད་པ་རྣམས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དང་དུ་མི་བླང་ཞིང་སྤང་བ་དང་བསྩལ་བར་བྱའོ་ཞེས་སྤྲོ་བ་
སྐྱེད་པར་བྱེད་ཅིང་སྨོན་ལམ་འདེབས་པར་བྱེད་པ་དེ་ནི་འདུན་པ་སྐྱེད་པར་བྱེད་པ་ཡིན་ནོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་དང་པོ་ཉིད་ནས་མི་སྐྱེད་པའི་ཕྱིར་སྤྲོ་བ་སྐྱེད་པར་བྱེད། སྨོན་ལམ་འདེབས་པར་བྱེད་ཅིང་དང་དུ་ལེན་པར་མི་འདོད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་རྣམས་མི་སྐྱེད་
པའི་ཕྱིར་འདུན་པ་ཡིན་ནོ། །སྐྱེས་པ་རྣམས་དང་དུ་མི་ལེན་ཅིང་སྤང་བར་བྱེད་པ་གང་ཡིན་པ་དེ་ནི་སྤང་བའི་ཕྱིར་འདུན་པ་ཡིན་ནོ། །སྡིག་པ་མི་དགེ་བའི་ཆོས་དེ་དག་ཀྱང་འདས་པའི་དངོས་པོ་ལ་དམིགས་པ་དང་། མ་འོངས་པའི་དངོས་པོ་ལ་དམིགས་པ་དང་། ད་ལྟར་བྱུང་བའི་ཡུལ་ལ་

དམིགས་ཏེ་སྐྱེའོ། །དེ་དག་ཀྱང་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པ་དང་། མངོན་སུམ་གྱི་ཡུལ་ལ་དམིགས་པ་ཡིན་ཏེ། གང་དག་འདས་པ་དང་། མ་འོངས་པའི་དངོས་པོ་ལ་དམིགས་པ་དེ་དག་ནི་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པ་ཡིན་ནོ། །གང་དག་ད་ལྟར་བྱུང་བའི་
ཡུལ་ལ་དམིགས་པ་དེ་དག་ནི་མངོན་སུམ་གྱི་ཡུལ་ལ་དམིགས་པ་ཡིན་ཏེ། དེ་ལ་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །མངོན་སུམ་གྱི་ཡུལ་ལ་དམིགས་པ་མ་
སྐྱེད་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ཏེ། འདི་ལྟར་དེ་དག་ནི་བརྩོན་འགྲུས་བརྩམས་པ་ཤིན་ཏུ་བརྟན་པོས་མི་སྐྱེད་པ་དང་། སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་ཀུན་ནས་དཀྲིས་པ་ཆུང་ངུ་དང་། འབྲིང་པོ་མ་སྐྱེས་པ་
རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །ཀུན་ནས་དཀྲིས་པ་ཆེན་པོ་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ནོ། །གལ་ཏེ་འདས་པའི་དམིགས་པ་ལ་སྤྱོད་པར་བྱེད་ན་ཡང་དེ་ལ་དམིགས་
པ་དེས་ཅི་ནས་ཀྱང་ཉོན་མོངས་པ་སྐྱེ་བར་མི་འགྱུར་བ་དེ་ལྟར་སྤྱོད་པར་བྱེད་དོ། །གལ་ཏེ་བརྗེད་ངས་པའི་ཕྱིར་སྐྱེ་བར་འགྱུར་ན་ཡང་དེ་དང་དུ་མི་ལེན་ཅིང་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་དོ། །འདས་པའི་དམིགས་པ་ལ་ཇི་ལྟ་བ་བཞིན་དུ་མ་འོངས་པའི་དམིགས་པ་ལ་ཡང་དེ་
བཞིན་དུ་རིག་པར་བྱ་སྟེ། དེ་ལྟར་ན