Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 128
Văn bản gốc(Tây Tạng)
Trang 11 / 13 (50.000 ký tự/trang)
ི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་བྱེད་པ་འདི་དག་ཐམས་ཅད་ནི་ཡང་དག་པ་ཉིད་ཡིད་ལ་བྱེད་པ་ལས་བྱུང་བ་ཡིན་གྱི་མོས་པ་ལས་བྱུང་བ་ནི་མེད་དོ། །དེ་ལ་ཡང་གང་གི་ཚེ་བདག་ཉིད་ཀྱི་ད་ལྟར་གྱི་ཕུང་པོ་རྟེན་ཅིང་འབྲེལ་པར་ འབྱུང་བ་དག་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། ནང་གི་ལུས་དང་ཆོས་རྣམས་ཀྱི་བར་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་གཞན་དག་གི་ད་ལྟར་གྱི་ཕུང་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་དག་ཡིད་ལ་བྱེད་པ་དེའི་ཚེ་ན་ནི་ཕྱི་རོལ་གྱི་ལུས་དང་ཆོས་རྣམས་ཀྱི་བར་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ ཡིན་ནོ། །གང་གི་ཚེ་བདག་དང་གཞན་དག་གིས་འདས་པ་དང་མ་འོངས་པའི་ཕུང་པོ་རྟེན་ཅིང་འབྲེལ་པ་འབྱུང་བ་དག་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། ནང་དང་ཕྱི་རོལ་གྱི་ལུས་དང་། ཆོས་རྣམས་ཀྱི་བར་དག་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལ་ ཁམས་རབ་ཏུ་དབྱེ་བ་ལ་རབ་ཏུ་བརྩོན་པའི་ལས་དང་པོ་པ་ནི་ཕྱི་རོལ་གྱི་སའི་ཁམས་འདི་ལྟ་སྟེ། ས་དང་། རི་དང་། རྩྭ་དང་། ནགས་ཚལ་དང་། གསེག་མ་དང་། གྱོ་མོ་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུ་རྱ་དང་། རིན་པོ་ཆེ་ཤང་ཀ་ཤི་ལ་དང་། བྱི་རུ་ལ་སོགས་པ་ཐམས་ཅད་ལ་སྲ་བའི་མཚན་ མ་བཟུང་ནས། ནང་གི་སྲ་བ་ཉིད་ལ་མོས་པར་བྱེད་དོ། །ཕྱི་རོལ་གྱི་ཆུའི་ཕུང་པོ་འདི་ལྟ་སྟེ། ཆུ་ཀླུང་དང་། འབབ་ཆུ་དང་། མཚོ་དང་། ལྟེང་ཀ་དང་། ཁྲོན་པ་ལ་སོགས་པ་དག་ལ་གཤེར་བའི་མཚན་མ་བཟུང་ཞིང་དེ་བཞིན་དུ་ཕྱི་རོལ་གྱི་མེ་འདི་ལྟ་སྟེ། མེའི་ཕུང་པོ་ཆེན་པོ་དང་། དཔྱིད་ཀའི་ཉི་ མའི་འོད་ཟེར་གྱིས་གདུངས་པ་དང་། སེམས་ཅན་རིམས་ཀྱིས་བཏབ་པ་དང་། ཁྱིམ་མེ་ཆེན་པོས་ཚིག་པ་ལ་སོགས་པ་དང་། དེ་བཞིན་དུ་ཕྱི་རོལ་གྱི་རླུང་གི་ཕུང་པོ་འདི་ལྟ་སྟེ། ཤར་དང་ལྷོ་དང་ནུབ་དང་། བྱང་གི་རླུང་ལ་སོགས་པ་དང་། དེ་བཞིན་དུ་ཕྱི་རོལ་གྱི་རླུང་གི་དཀྱིལ་འཁོར་གྱི་བར་དག་དང་། དེ་ བཞིན་དུ་གང་དག་ཡུལ་གྱིས་མ་ཁྱབ་པ་དང་། གཟུགས་ཀྱི་རྣམ་པས་ཁྱབ་པར་བྱ་བ་མ་ཡིན་པ་དང་། བུ་གུ་དང་བཅས་པ་དང་། སྦུབས་ཡོད་པ་དང་། གོ་སྐབས་ཡོད་པའི་ནམ་མཁའི་ཁམས་དེ་དག་ལས་མཚན་མ་བཟུང་ནས། ནང་གི་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་ལ་མོས་པར་བྱེད་དོ། །དེ་བཞིན་དུ་ཐོས་པ་དང་བསམས་པའི་དབང་གིས་བྱུང་བའི་ཡོངས་སུ་རྟོག་པས་འདི་ལྟར་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་འཛིན་པར་ཡང་བྱེད་དོ། །གལ་ཏེ་ནང་གི་སྐྱེ་མཆེད་མིག་ཡོངས་སུ་མ་ཉམས་ཤིང་གཟུགས་སྣང་བར་གྱུར་དུ་ཟིན་ཀྱང་། དེ་དང་ འབྱུང་བ་ཡིད་ལ་བྱེད་པ་ཉེ་བར་གནས་པར་མ་གྱུར་ན། དེ་དང་འབྱུང་བའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། དེ་ལས་བཟློག་ན་འབྱུང་བར་འགྱུར་རོ། །ཡིད་དང་ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བར་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་དེ་ལྟར་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ མ་འཛིན་པར་བྱེད་དོ། །དེས་དེ་ལྟར་མཚན་མ་བཟུང་ནས་ཀྱང་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་ལུས་འདི་ལ་ནི་རྣམ་པར་ཤེས་པ་དེ་དག་ཐམས་ཅད་ཀྱི་ས་བོན་དང་། ཁམས་དང་། རིགས་དང་། རང་བཞིན་ཡོད་དོ་ཞེས་མོས་པར་བྱེད་དོ། །འབྱུང་བ་ཆེན་པོ་བཞི་པོ་དེ་དག་ཀྱང་དང་པོ་ཁོ་ནར་ ཡན་ལག་དང་། ཉིང་ལག་དག་ལ་རགས་པར་ཡོད་དོ་ཞེས་མོས་པར་བྱེད་དོ། །དེའི་འོག་ཏུ་ཆ་ཤས་ཀྱི་རབ་ཏུ་དབྱེ་བས་ཤིན་ཏུ་ཕྲ་བར་མོས་པར་བྱེད་དོ། །དེ་བཞིན་དུ་ཉི་ཟེར་གྱི་ནང་ན་ཡོད་པའི་རྡུལ་དང་མཉམ་པའི་བར་དང་། དེ་བཞིན་དུ་ཁད་ཀྱིས་ཁད་ཀྱིས་རྡུལ་ཕྲ་རབ་ཀྱི་བར་དུ་མོས་པར་བྱེད་ དོ། །དེ་ཡན་ལག་དང་། ཆ་ཤས་རེ་རེ་ལ་ཡང་རྡུལ་ཕྲ་རབ་ཀྱི་ཚོགས་ཚད་མེད་པ་དག་ཡོད་པར་མོས་པར་བྱེད་ན། ལུས་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་རེ་ཞིག་ཁམས་རབ་ཏུ་དབྱེ་བ་ལ་རབ་ཏུ་བརྩོན་པའི་ཁམས་གཟུགས་ཅན་རྣམས་ཀྱི་རབ་ཏུ་དབྱེ་བའི་མཐའ་ཡིན་ནོ། །ནམ་མཁའི་ ཁམས་ལ་ནི་དང་པོ་ཁོ་ནར་མིག་སྦུབས་ཡོད་པ་དང་། རྣ་བ་དང་། སྣ་དང་། མིད་པ་སྦུབས་ཡོད་པ་དང་། གང་གིས་མིད་པར་བྱེད་པ་དང་། གང་དུ་མིད་པར་བྱེད་པ་དང་། གང་གིས་དེའི་མིད་པ་སྨད་ཀྱི་ཆར་འཛག་པར་བྱེད་པ་དེ་ནི། ནམ་མཁའི་ཁམས་རགས་པ་ཡིན་ནོ་ཞེས་མོས་པར་བྱེད་དོ། །དེའི་འོག་ ཏུ་ཁད་ཀྱིས་ཁད་ཀྱིས་སྤུའི་ཁུང་བུ་ཐམས་ཅད་ཀྱི་བར་དུ་སྦུབས་དང་ལྡན་པར་མོས་པར་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ལ་ནི་ཁད་ཀྱིས་ཁད་ཀྱིས་གནས་པ་དང་། དམིགས་པ་དང་། ཡིད་ལ་བྱེད་པ་དང་། དུས་དང་། རྣམ་པའི་བར་དུ་དབྱེ་བ་ཚད་མེད་པ་ཡོད་པར་མོས་པར་བྱེད་དོ། །རྣམ་ པར་ཤེས་པའི་ཁམས་ཁོ་ན་ལ་མོས་པར་བྱེད་པ་ན། གནས་དང་དམིགས་པ་ལ་མོས་པས་རྣམ་པར་ཤེས་པའི་ཁམས་དེ་ཉིད་ཀྱི་རྒྱུར་བྱས་པའི་གཟུགས་རྣམ་པ་བཅུ་པོ་དག་ལ་ཡང་མོས་པར་བྱེད་དེ། དེ་དག་ཀྱང་ཇི་ལྟར་གྱུར་པ་དེ་ལྟ་བུ་ཁོ་ན་ཡིན་ནོ། །དེ་གལ་ཏེ་བདག་ཉིད་ཀྱི་ནང་གི་ཁམས་ ལ་མོས་པར་བྱེད་པས་ན། དེ་ནང་གི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་སེམས་ཅན་དུ་བགྲང་བ་མ་ཡིན་པ་གཞན་དག་གི་ཁམས་ལ་མོས་པར་བྱེད་ན་ནི་ཕྱི་རོལ་གྱི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་སེམས་ཅན་དུ་བགྲང་བ་གཞན་དག་གི་ཁམས་ ལ་མོས་པར་བྱེད་ན་ནི། ནང་དང་ཕྱི་རོལ་གྱི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་ཡིན་ནོ། །གཞན་ཡང་བདག་ཉིད་ཀྱི་ལུས་འདི་འཆི་བ་དང་། སྔ་མ་བཞིན་དུ་རྣམ་པར་རྣགས་པའི་གནས་སྐབས་སུ་གྱུར་པའི་བར་དུ་མོས་པར་བྱེད་དེ། རྣམ་པར་རྣགས་པ་ཡང་རྣག་རབ་ཏུ་འཛག་པར་ མོས་པར་བྱེད་ཅིང་། དེ་ཁད་ཀྱིས་ཁད་ཀྱིས་རྣག་གི་རྒྱུན་དེས་རྒྱ་མཚོའི་མཐར་ཐུག་པའི་བར་གྱི་ས་གཞི་ཆེན་པོ་རྣག་གིས་ཡོངས་སུ་གང་བར་མངོན་པར་སྤེལ་ཞིང་མོས་པར་ཡང་བྱེད་དོ། །ལུས་དེ་རྣམ་པ་མཐའ་ཡས་པར་མོས་པར་བྱས་ནས་མེའི་ཕུང་པོ་ཆེན་པོ་མཐའ་ཡས་མུ་མེད་པའི་མེས་ཚིག་པར་ཡང་མོས་ པར་བྱེད་ཅིང་། མེ་ཞི་ནས་ཀྱང་རུས་པའི་ལྷག་རོལ་དང་། ཐལ་བའི་ལྷག་རོལ་ཙམ་ཞིག་ལུས་ལ་མོས་པ་མཐའ་ཡས་མུ་མེད་པས་མོས་པར་བྱེད་དོ། །རུས་པ་དེ་དག་ཀྱང་རླུང་གི་ཕུང་པོ་ཚད་མེད་པས་ཕྱེ་མར་ལྷགས་ཏེ། ཕྱོགས་ཕྱོགས་སུ་གཏོར་ཞིང་ཁྱེར་བར་ཡང་མོས་པར་བྱེད་དོ། །ཁྱེར་ ནས་ཀྱང་རུས་པ་དེ་དག་དང་། ཐལ་བ་དེ་དག་དང་། རླུང་དེ་དག་མི་སྣང་བར་ལྷག་མ་ནམ་མཁའི་ཁམས་ཙམ་ཞིག་ལུས་པར་སྣང་བར་མོས་པར་བྱེད་དེ། དེ་ལྟར་ན་རེ་ཞིག་ནང་དང་། ཕྱི་རོལ་གྱི་མི་སྡུག་པའི་སྦྱོར་བ་ལ་བརྟེན་པའི་མོས་པ་ཡིད་ལ་བྱེད་པས་ཁམས་རབ་ཏུ་དབྱེ་བ་ལ་འཇུག་པའི་ཕྱིར་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་དོ། །དེ་ལྟར་མོས་པར་བྱེད་པ་ན་ཡང་དག་པའི་ཡིད་ལ་བྱེད་པས་ཀྱང་འདི་ལྟར་ནང་དང་། ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་དེ། བདག་གི་ཆུའི་ཁམས་དང་། མེའི་ཁམས་དང་། སའི་ཁམས་དང་། རླུང་གི་ཁམས་ དང་། ནམ་མཁའི་ཁམས་ཀྱི་བར་ཚད་མེད་པ་དེ་དག་ལ་མོས་པར་བྱས་པ་དེ་བས་ནི། བདག་འཁོར་བ་ན་འཁོར་བའི་ཚེ། མ་ཤི་བ་དང་། ཕ་ཤི་བ་དག་དང་། ཕུ་ནུ་དང་། བུ་སྲིང་དང་། ཉེ་དུ་ཤི་བ་དག་དང་། ལོངས་སྤྱོད་ཟད་པ་དང་། ནོར་ཟད་པ་དག་ན་མཆི་མ་རབ་ཏུ་ཟགས་ཤིང་མཆི་མ་རྒྱུད་བླགས་ པ་དང་། མའི་ནུ་ཞོ་འཐུངས་པ་དང་། རྐུན་པོ་དང་། ལམ་འགོག་པ་དང་། ཁྱིམ་འབུགས་པ་དང་། མདུད་པ་འགྲོལ་བ་དག་འབྱུང་བས་དེ་ལག་པ་བཅད་པ་དང་། རྐང་པ་བཅད་པ་དང་། མགོ་བཅད་པ་དང་། སྣ་བཅད་པ་དང་། ཡན་ལག་དང་། ཉིང་ལག་རྣམ་པ་སྣ་ཚོགས་དཔག་ཏུ་ མེད་པ་དག་བཅད་པ་ཉམས་སུ་མྱོང་བར་གྱུར་པ་དེས་ན། ཁྲག་དཔག་ཏུ་མེད་པ་དག་བྱུང་ཞིང་རབ་ཏུ་ཟགས་པར་གྱུར་པ་གང་ཡིན་པ་དེ་དག་ཆེས་དཔག་ཏུ་མེད་དེ། མཆི་མ་དང་། འོ་མ་དང་། ཁྲག་གིས་ཡོངས་སུ་ཟིན་པའི་ཆུའི་ཁམས་ཀྱི་ཆུའི་ཕུང་པོ་གང་ཡིན་པ་དེའི་གན་ན། རྒྱ་མཚོ་ཆེན་པོ་བཞི་ཆུས་ཡོངས་སུ་གང་བས་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ནོ། །སྲིད་པ་དང་འགྲོ་བ་དེ་དང་དེ་དག་ཏུ་འཆི་འཕོ་བ་དང་། སྐྱེ་བ་དག་ན་ལུས་རྣམས་མེས་བསྲེགས་པར་གྱུར་པའི་མེའི་ཕུང་པོ་གང་ཡིན་པ་དེ་ཡང་ཆེས་ཚད་མེད་དེ། དེ་ལ་ནི་དཔེ་ཡང་ཚད་མེད་དོ། ། སའི་ཁམས་ཀྱི་རུས་པ་ཞིགས་པར་གྱུར་པ་དག་ཀྱང་ཆེས་ཚད་མེད་དོ། །གང་གི་ལུས་དེ་དག་རབ་ཏུ་གཡོ་བར་བྱེད་པའི་རླུང་གི་ཁམས་དེ་ཡང་ཆེས་ཚད་མེད་དོ། །ལུས་དེ་དག་གི་མིག་ལ་སོགས་པ་སྦུབས་ཡོད་པའི་ནམ་མཁའི་ཁམས་ཀྱང་ཆེས་ཚད་མེད་དོ། །ད་ལྟར་གྱི་ཐ་མའི་ལུས་འདི་ལ་ཐུག་ པའི་བར་གྱི་ལུས་སར་པ་སར་པ་དག་ཡང་དང་ཡང་དུ་ལེན་པར་བྱེད་པའི་རྣམ་པར་ཤེས་པའི་རྒྱུན་དེ་ཡང་ཆེས་ཚད་མེད་དེ། དེའི་རྣམ་པར་ཤེས་པའི་རྒྱུན་ལ་གནས་པའི་འགྲོ་བ་དེ་ཡང་ཕྱི་མའི་མཐར་ནི་མ་ངེས་ཏེ། དེ་ལྟར་རྣམ་པར་ཤེས་པའི་ཁམས་ཀྱི་བར་འདི་ནི་ཚད་མེད་པ་ཡིན་ནོ་ཞེས་དེ་ལྟར་ མོས་པར་བྱེད་དོ། །དེ་ལ་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དྲན་པའི་རྣལ་འབྱོར་ལ་རབ་ཏུ་བརྩོན་པའི་ལས་དང་པོ་པ་ནི། གནས་ཁང་གཡས་གཡོན་གྱི་སྒོའི་རྣམ་པ་ལས་སམ། ལྕགས་མགར་གྱི་སྦུད་པ་དག་ལས་སམ། གསེར་མགར་གྱི་ཤིང་སྦུད་ལས་སམ། ཕྱི་རོལ་གྱི་རླུང་གི་ཕུང་པོ་དག་ལས་རླུང་ཕྱིར་འབྱུང་བ་དང་། ནང་དུ་འཇུག་པ་དང་། འོང་བ་དང་། འགྲོ་བའི་མཚན་མ་བཟུང་ནས་ནང་གི་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་དམིགས་པ་དྲན་པས། དབུགས་རྔུབ་པ་དང་། དབུགས་འབྱུང་བ་ལ་མོས་པར་བྱེད་དོ། །དེ་དང་ པོ་ཁོ་ནར་ཁ་དང་སྣའི་ཕྱོགས་སུ་སྦུབས་རགས་པ་ནས། འགྲོ་བ་དང་ལྡོག་པའི་རླུང་ཤིན་ཏུ་ཕྲ་ཞིང་ཆུང་བ་ལ་མོས་པར་བྱེད་དོ། །དེ་ནས་ཁད་ཀྱིས་ཁད་ཀྱིས་རླུང་དེ་ཆེས་ཆེ་བ་དང་། ཆེས་མང་བར་མོས་པར་བྱེད་ཅིང་སྤུའི་ཁུང་བུ་ཐམས་ཅད་ཀྱི་བར་དུ་ཞུགས་པར་མོས་པར་བྱེད་དེ། འདི་ལྟར་ ལུས་ཐམས་ཅད་རླུང་གི་ཕུང་པོ་དང་འབྲེལ་པ་དང་། རླུང་གི་ཕུང་པོས་ཡོངས་སུ་བསྐོར་བ་དང་། རླུང་གི་ཕུང་པོས་ཉེ་བར་དཀྲིས་པ་དང་། རླུང་གི་ཕུང་པོ་ཚད་མེད་པའི་ནང་ན་འདུག་ཅིང་འདི་ལྟ་སྟེ། དཔེར་ན། ཤིང་བལ་གྱི་འདའ་བ་དང་། རས་བལ་གྱི་འདའ་བ་ལྟར་ཡང་བ་ཉིད་དུ་མོས་ པར་ཡང་བྱེད་དོ། །དེ་གང་གི་ཚེ་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་རྒྱུན་འཇུག་པ་མ་ཉམས་པ་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་གཞན་དག་གི་ཤི་བའི་ལུས་རྣམ་པར་བསྔོས་པ་ལ་སོགས་པའི་གནས་སྐབས་སུ་གྱུར་ ཅིང་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་རྒྱུན་འཇུག་པ་མ་ཉམས་པ་ཡིད་ལ་བྱེད་པ་དེའི་ཚེ་ན་ནི། ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་བདག་ཉིད་འཆི་བའམ། ཤི་བར་མོས་པར་བྱེད་ཅིང་དབུགས་རྔུབ་པ་དང་། དབུགས་འབྱུང་བའི་རྒྱུན་འཇུག་པ་དང་ བྲལ་བར་མོས་པར་བྱེད་པ་དེའི་ཚེ་ན་ནི། ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །སྦྱོར་བ་ཐམས་ཅད་ལ་ཡང་ཞི་གནས་ཀྱི་ཕྱོགས་དང་ལྡན་པ་དང་། ཞི་གནས་ཀྱི་ཕྱོགས་ཀྱིས་ཡོངས་སུ་ཟིན་པར་མོས་པར་བྱེད་དེ། ལྷག་མ་གཞན་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་ བྱའོ། །དེ་ལྟར་ལས་དང་པོ་པ་ཡང་དག་པར་གཏམས་པ་དེ་ཡང་དག་པ་ཉིད་དུ་སྒྲུབ་པར་བྱེད་པ་ན། བརྟུན་པ་དང་། ཤེས་བཞིན་དང་། དྲན་པ་དང་ལྡན་ཞིང་འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཏེ་གནས་པ་ཡིན་ནོ། །དེ་ལ་རེ་ཞིག་སྦྱོར་བ་དེ་ལ་རྒྱུན་དུ་བྱེད་པ་དང་། ལེགས་པར་བྱེད་ཅིང་ཡིད་ལ་བྱེད་པ་ཡང་དག་པར་ཐོབ་པ་བྲེ་མོ་གཏམ་ལ་སོགས་པས་སྤོང་བར་མི་བྱེད་པ་གང་ཡིན་པ་དེ་ནི་དེའི་བརྟུན་པ་ཡིན་ནོ། །དེའི་ཞི་གནས་དང་ལྷག་མཐོང་སྒོམ་པའི་སྦྱོར་བ་དེ་ལ་རྣམ་པར་གཡེང་བ་དང་། རྣམ་པར་གཡེང་བ་མེད་པ་ཡོངས་སུ་ཤེས་པ་ལ་སེམས་གཏོད་པ་གང་ ཡིན་པ་དེ་ནི། དེའི་ཤེས་བཞིན་དང་དྲན་པ་དང་ལྡན་པ་ཡིན་ནོ། །ཀུན་དུ་སྐྱོ་བར་འགྱུར་བའི་མཚན་མ་དང་། དང་བར་འགྱུར་བའི་མཚན་མ་ལེགས་པར་རབ་ཏུ་གཟུང་བ་གང་ཡིན་པ་དེ་ནི་དེའི་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་བ་ཡིན་ནོ། །དེ་ལྟར་བརྟུན་པ་དང་འཇིག་ རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་བའི་བར་ལ་གནས་པ་དེའི་དང་པོ་ཁོ་ནར་ཡང་དག་པའི་སྦྱོར་བ་ལ་བརྩོན་པའི་<ཆེ་‚ཚེ་>སེམས་ཤིན་ཏུ་སྦྱངས་པ་དང་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་དང་ལུས་ལས་སུ་རུང་བ་འབྱུང་བ་ནི་ཕྲ་བ་སྟེ། བརྟག་པར་དཀའ་བ་ཡིན་ནོ། །དེ་ལ་ ཞི་གནས་དང་ལྷག་མཐོང་བསྒོམ་པ་ན་སེམས་ཤིན་ཏུ་སྦྱངས་པ་དང་། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་དང་ལུས་ལས་སུ་རུང་བ་གང་ཡིན་པ་དེ་ནི་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཡིན་ནོ། །དེ་ནི་སེམས་རྩེ་གཅིག་པ་ཉིད་དང་། སེམས་དང་ལུས་ཤིན་ཏུ་སྦྱངས་པ་དེ་ཉིད་མངོན་པར་འཕེལ་བ་ན། འདི་ལྟ་སྟེ། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ལེན་པའི་ཚུལ་གྱིས་རགས་ཤིང་བརྟག་པར་སླ་བའི་སེམས་རྩེ་གཅིག་པ་ཉིད་དང་། སེམས་དང་ལུས་ཤིན་ཏུ་སྦྱངས་པ་འདྲེན་པར་བྱེད་དེ། ཇི་ཙམ་ན་དེའི་རགས་ཤིང་བརྟག་པར་སླ་བའི་སེམས་རྩེ་གཅིག་པ་ཉིད་དང་། སེམས་དང་ལུས་ཤིན་ཏུ་སྦྱངས་ པ་ཡང་རིང་པོར་མི་ཐོགས་པར་སྐྱེ་བར་འགྱུར་བའི་སྔ་ལྟས་སུ་དེའི་སྲ་བ་ལྕི་བར་སྣང་བ་སྐྱེ་བར་འགྱུར་ཏེ། དེ་ཡང་གནོད་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་སྐྱེས་མ་ཐག་ཏུ་སྤོང་བ་ལ་དགའ་བའི་བར་ཆད་བྱེད་པ་ཉོན་མོངས་པ་རྣམས་ཀྱི་ཕྱོགས་སུ་གྱུར་པ་སེམས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་སྤོང་ བར་འགྱུར་ཞིང་དེའི་གཉེན་པོ་སེམས་ལས་སུ་རུང་བ་དང་། སེམས་ཤིན་ཏུ་སྦྱངས་པ་ཡང་སྐྱེ་བར་འགྱུར་རོ། །དེ་སྐྱེས་པས་ལུས་ཤིན་ཏུ་སྦྱངས་པ་སྐྱེ་བ་དང་མཐུན་པ། འབྱུང་བ་ཆེན་པོའི་རླུང་དག་ལུས་ལ་རྒྱུ་བར་འགྱུར་ཏེ། དེ་དག་ཀྱང་རྒྱུ་བའི་རྒྱུས་ན་སྤོང་བ་ལ་དགའ་བའི་བར་ཆད་བྱེད་པའི་ ཉོན་མོངས་པའི་ཕྱོགས་སུ་གྱུར་པ་ལུས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་དང་འབྲལ་བར་འགྱུར་ཞིང་། དེའི་གཉེན་པོ་ལུས་ཤིན་ཏུ་སྦྱངས་པས་ལུས་ཐམས་ཅད་རྒྱས་ཏེ་གང་བ་བཞིན་དུ་སྣང་བར་འགྱུར་རོ། །དང་པོར་དེ་སྐྱེས་པར་གྱུར་པ་དེའི་ཚེ་ན་སེམས་དགའ་བ་དང་། སེམས་ཤིན་ཏུ་ཉམས་བདེ་བ་ དང་། སེམས་མཆོག་ཏུ་དགའ་བ་དང་ལྡན་པ་ལ་དམིགས་པ་དང་། མངོན་པར་དགའ་བ་དང་བཅས་པ་ཡང་སྣང་བར་འགྱུར་རོ། །དེའི་འོག་ཏུ་ཤིན་ཏུ་སྦྱངས་པའི་ཤུགས་དང་པོ་སྐྱེས་པ་གང་ཡིན་པ་དེ་ཁད་ཀྱིས་ཁད་ཀྱིས་ཤིན་ཏུ་ཕྲ་བར་འགྱུར་ཞིང་། ལུས་ལ་ཤིན་ཏུ་སྦྱངས་པ་གྲིབ་མ་ལྟ་བུ་དང་ལྡན་པར་ འགྱུར་རོ། །སེམས་དགའ་བ་གང་ཡིན་པ་དེ་ཡང་སྤོང་བར་འགྱུར་ཞིང་། སེམས་ཞི་གནས་ཀྱིས་ཉེ་བར་བརྟན་ཞིང་རབ་ཏུ་ཞི་བའི་རྣམ་པས་དམིགས་པ་ལ་འཇུག་པར་འགྱུར་རོ། །དེའི་འོག་ཏུ་རྣལ་འབྱོར་པ་ལས་དང་པོ་པ་དེ་ཡིད་ལ་བྱེད་པ་དང་བཅས་པ་ཡིན་ཏེ། ཡིད་ལ་བྱེད་པ་དང་བཅས་པ་ཞེས་ བྱ་བའི་གྲངས་སུ་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེས་དང་པོར་གཟུགས་ན་སྤྱོད་པ་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་ཆུང་ངུ་ཐོབ་པའི་ཕྱིར་ཏེ། དེས་ན་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱའོ། །ལས་དང་པོ་པ་ཡིད་ལ་བྱེད་པ་དང་བཅས་པ་དེའི་རྟགས་ནི་འདི་དག་ཡིན་ཏེ། དེས་གཟུགས་ན་སྤྱོད་པའི་སེམས་ ཆུང་ངུ་ཐོབ་པ་དང་། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དང་། སེམས་རྩེ་གཅིག་པ་ཆུང་ངུ་ཐོབ་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་སྦྱོར་བའི་སྐལ་པ་ཡོད་ཅིང་ནུས་པ་དང་། དེའི་སེམས་ཀྱི་རྒྱུད་འཇམ་པར་འགྱུར་བ་དང་། ཞི་གནས་ཀྱིས་ཉེ་བར་དཀྲིས་པ་དང་། དེས་སྤྱད་པ་རྣམ་ པར་སྦྱོང་བ་ཡང་སྤྱད་ཟིན་པ་ཡིན་ཏེ། གལ་ཏེ་ཆགས་པར་འགྱུར་བའི་ཡུལ་ལ་སྤྱོད་པར་གྱུར་ཀྱང་། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དྲག་པོ་སྐྱེ་བར་མི་འགྱུར་ཞིང་། གཉེན་པོ་ཅུང་ཟད་ཙམ་དང་ངན་ངོན་ཙམ་ལ་བརྟེན་ཅིང་ཅུང་ཟད་བརྩལ་བ་ཙམ་གྱིས་སེལ་ནུས་པར་འགྱུར་བ་དང་། ཞེ་སྡང་ བར་འགྱུར་བ་དང་། གཏི་མུག་པར་འགྱུར་བ་དང་། ཁེངས་པར་འགྱུར་བ་དང་། མཐུན་པ་དང་། རྣམ་པར་རྟོག་པར་འགྱུར་བ་དང་། མཐུན་པའི་ཡུལ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ནང་དུ་ཡང་དག་འཇོག་ལ་འདུག་སྟེ། སེམས་གཏོད་པར་བྱེད་པ་ན། མྱུར་བ་མྱུར་བར་ སེམས་དང་ལུས་ཤིན་ཏུ་སྦྱངས་པར་འགྱུར་བ་དང་། ལུས་ཀྱི་གནས་ངན་ལེན་དག་གིས་ཤིན་ཏུ་གནོད་པར་མི་འགྱུར་བ་དང་། སྒྲིབ་པ་རྣམས་ཤས་ཆེར་ཀུན་དུ་མི་རྒྱུ་བ་དང་། འདོད་པ་དང་དགའ་བ་དང་། ཡོངས་སུ་གདུང་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་ཤས་ཆེར་ཀུན་དུ་མི་འབྱུང་ བ་དང་། ལངས་ཏེ་རྒྱུ་བ་ན་ཡང་ལུས་དང་སེམས་ལ་ཤིན་ཏུ་སྦྱངས་པ་ཁ་ཅིག་དང་ལྡན་པར་འགྱུར་བ་དང་། དེ་ལྟ་བུ་དང་མཐུན་པ་དག་ནི་ཡིད་ལ་བྱེད་པ་དང་བཅས་པའི་རྟགས་དང་། མཚན་མ་ཡོངས་སུ་བྱང་བ་དག་ཡིན་པར་རིག་པར་བྱའོ། །བསྡུས་པའི་སྡོམ་ནི། འགྲོ་བ་དང་ནི་ གསོལ་བ་དང་། །གཟེངས་བསྟོད་དྲི་དང་བརྟག་པ་དང་། །བསྲུང་ཞིང་བསགས་དང་རབ་དབེན་དང་། །རྩེ་གཅིག་སྒྲིབ་པ་རྣམ་སྦྱོང་དང་། །ཡིད་ལ་བྱེད་པ་བསྒོམ་པ་ལ། །ངེས་པར་སྦྱར་བར་བྱ་བ་ཡིན། །རྣལ་འབྱོར་སྤྱོད་པའི་ས་ཉན་ཐོས་ཀྱི་སར་གཏོགས་པ་ལས། རྣལ་འབྱོར་གྱི་གནས་གསུམ་པ་རྫོགས་སོ།། །།ཉན་ཐོས་ཀྱི་ས་བམ་པོ་བཅུ་བདུན་པ། དེ་ལྟར་ཡིད་ལ་བྱེད་པ་ཐོབ་པའི་རྣལ་འབྱོར་པ་སྤོང་བའི་དགེ་བ་ཆུང་ངུ་ལ་ཞུགས་པ་དེའི་གྲོང་དུ་བགྲོད་པར་བྱ་བ་ནི་གཞན་མེད་དེ་གཉིས་པོ་ཁོ་ནར་ཟད་དོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་པའི་དང་། འཇིག་རྟེན་ལས་འདས་པའི་འོ། །དེ་ལ་ལས་དང་པོ་པའི་རྣལ་འབྱོར་པ་ཡིད་ལ་བྱེད་པ་དང་བཅས་པ་དེ་ནི། བདག་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའི་བགྲོད་པས་འགྲོ་བར་བྱའོ་སྙམ་ནས། ཡིད་ལ་བྱེད་པ་དེ་ཉིད་ལ་ལན་མང་དུ་བྱེད་དོ། །ཇི་ལྟ་ཇི་ལྟར་ ལན་མང་དུ་བྱེད་པ་དེ་ལྟ་དེ་ལྟར་ཉིན་མཚན་དེ་དང་དེ་དག་འདས་པས་དེའི་ལུས་ཤིན་ཏུ་སྦྱངས་པ་དང་སེམས་རྩེ་གཅིག་པ་ཉིད་དེ་འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་རོ། གང་གི་ཚེ་དེའི་ཡིད་ལ་བྱེད་པ་དམ་ཞིང་བརྟན་ལ་སྲ་བ་དང་། དམིགས་པ་ཡོངས་སུ་དག་པ་ལ་མོས་པ་འཇུག་པར་འགྱུར་ བ་དང་། ཞི་གནས་དང་། ལྷག་མཐོང་གི་ཕྱོགས་ཀྱི་མཚན་མ་རྣམས་ཀྱང་ཡོངས་སུ་ཟིན་པར་གྱུར་པ་དེའི་ཚེ་ན་དེ་ལ་འཇིག་རྟེན་པའི་ལམ་མམ། འཇིག་རྟེན་ལས་འདས་པའི་ལམ་གང་གིས་འགྲོ་བར་འདོད་པ་དེ་ལ་སྦྱོར་བ་བརྩོན་པར་བྱེད་དོ། །དེ་ལ་གང་དག་ཚེ་འདི་ལ་འཇིག་རྟེན་པའི་ལམ་ཁོ་ནས་འགྲོ་བར་འགྱུར་ ཞིང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་མ་ཡིན་པའི་གང་ཟག་དུ་ཡོད་ཅེ་ན། སྨྲས་པ། བཞི་སྟེ། འདི་ལྟ་སྟེ། འདི་ལས་ཕྱི་རོལ་པ་ཐམས་ཅད་དང་། ཆོས་འདི་པ་ཡིན་ཡང་སྔོན་ཞི་གནས་སྤྱོད་སྤྱོད་པ་དབང་པོ་རྟུལ་བ་དང་། དེ་བཞིན་དུ་དབང་པོ་རྣོ་ཡང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དང་། བྱང་ཆུབ་སེམས་ དཔའ་ཕྱི་མ་ལ་བྱང་ཆུབ་ཐོབ་པར་འདོད་ཅིང་ཚེ་འདི་ལ་མ་ཡིན་པ་སྟེ། གང་ཟག་དེ་བཞི་ནི་ཚེ་འདི་ཉིད་ལ་འཇིག་རྟེན་པའི་ལམ་གྱིས་འགྲོ་བར་འགྱུར་བ་ཡིན་ནོ། །འཇིག་རྟེན་པའི་ལམ་གྱིས་འགྲོ་བ་དེ་ཡང་རྣམ་པ་གཉིས་ཏེ། འཆིང་བ་མཐའ་དག་ཡོད་པ་སོ་སོའི་སྐྱེ་བོ་རྣམས་དང་། འཆིང་བ་མ་ཚང་བའི་སློབ་ མ་རྣམས་སོ། །དེ་དག་ཀྱང་གང་ཞེ་ན། འདོད་པ་རྣམས་ལ་རགས་པར་ལྟ་ཞིང་སྙོམས་པར་འཇུག་པ་དང་། སྐྱེ་བ་དང་བཅས་པའི་བསམ་གཏན་དང་པོ་ལ་ཞི་བར་ལྟ་བར་འདོད་པའི་འདོད་ཆགས་དང་བྲལ་བར་འགྲོ་བ་གང་ཡིན་པ་དང་། དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་ བར་བྱ་བ་དང་། དེ་བཞིན་དུ་འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་མངོན་པར་སྒྲུབ་པར་བྱེད་པ་རྣམས་ཡིན་པར་རིག་པར་བྱའོ། །དེ་ལ་འདོད་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་རབ་ཏུ་བརྩོན་པའི་རྣལ་འབྱོར་པ་ནི་ཡིད་ལ་བྱེད་པ་རྣམ་པ་ བདུན་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་འཐོབ་པོ། །བདུན་པོ་དེ་དག་ཀྱང་གང་ཞེ་ན། སྨྲས་པ། མཚན་ཉིད་སོ་སོར་རིག་པ་དང་། མོས་པ་ལས་བྱུང་བ་དང་། རབ་ཏུ་དབེན་པ་དང་། དགའ་བ་སྡུད་པ་དང་། སྤྱོད་པའི་ཡིད་ལ་བྱེད་པ་དང་། སྦྱོར་བའི་མཐར་ཐུག་པ་དང་། སྦྱོར་བ་མཐར་ཐུག་ པའི་འབྲས་བུ་ཡིད་ལ་བྱེད་པའོ། །དེ་ལ་མཚན་ཉིད་དུ་སོ་སོར་རིག་པའི་ཡིད་ལ་བྱེད་པ་གང་ཞེ་ན། སྨྲས་པ། ཡིད་ལ་བྱེད་པ་གང་གིས་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་ཅིང་། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་པའོ། །ཇི་ལྟར་ན་འདོད་ པ་རྣམས་ལ་རགས་པའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་ཅེ་ན། སྨྲས་པ། འདོད་པ་རྣམས་ཀྱི་གཞི་དྲུག་པོ་དོན་དང་། དངོས་པོ་དང་། མཚན་ཉིད་དང་། ཕྱོགས་དང་། དུས་དང་། རིགས་པ་ཡོངས་སུ་ཚོལ་བ་ན་རགས་པའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་དེ། དེ་ལ་རེ་ཞིག་རགས་པའི་ དོན་ཡོངས་སུ་ཚོལ་བ་ནི། འདི་ལྟར་འདོད་པ་འདི་དག་ནི་ཉེས་དམིགས་དང་བཅས་པའོ། །གནོད་པ་མང་བའོ། །ཡམས་ཀྱི་ནད་ལྟ་བུ་མང་བའོ། །འགོ་བའི་ནད་ལྟ་བུ་མང་བའོ་ཞེས། རགས་པའི་དོན་ཡོངས་སུ་ཚོལ་བར་བྱེད་པ་སྟེ། འདོད་པ་དེ་དག་ལ་ཉེས་དམིགས་མང་པོ་དང་། འགོ་བའི་ ནད་ལྟ་བུ་མང་པོའི་བར་དག་ཡོད་པ་གང་ཡིན་པ་དེ་དག་ནི་རགས་པའི་དོན་ཡིན་ནོ། །དེ་ལ་དངོས་པོ་ཡོངས་སུ་ཚོལ་བ་ནི་ནང་གི་འདོད་པ་དག་ལ་འདོད་པ་ལ་འདུན་པ་ཡོད་པ་དང་། ཕྱི་རོལ་གྱི་འདོད་པ་དག་ལ་ཡང་འདོད་པ་ལ་འདུན་པ་ཡོད་དོ་ཞེས་ཡོངས་སུ་ཚོལ་བར་བྱེད་པའོ། །དེ་ལ་རང་གི་མཚན་ཉིད་ཡོངས་སུ་ཚོལ་ བ་ནི་འདི་དག་ནི་ཉོན་མོངས་པའི་འདོད་པའོ། །འདི་དག་ནི་དངོས་པོའི་འདོད་པའོ། །དེ་དག་ཀྱང་བདེ་བའི་གནས་དང་མཐུན་པ་དག་དང་། སྡུག་བསྔལ་གྱི་གནས་དང་མཐུན་པ་དག་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་གནས་དང་མཐུན་པ་དག་ སྟེ། དེ་ལ་བདེ་བའི་གནས་དང་མཐུན་པ་དག་ནི་འདོད་པའི་འདོད་ཆགས་ཀྱི་གནས་དང་། འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་གི་གནས་དག་ཡིན་ནོ། །སྡུག་བསྔལ་གྱི་གནས་དང་མཐུན་པ་དག་ནི། ཞེ་སྡང་གི་གནས་དང་། ཁྲོ་བ་དང་ཁོན་དུ་འཛིན་པའི་གནས་དག་ཡིན་ནོ། །སྡུག་ བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་གནས་དང་མཐུན་པ་དག་ནི། འཆབ་པ་དང་། འཚིག་པ་དང་། སྒྱུ་དང་། གཡོ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པའི་གནས་དང་། ལྟ་བ་ཕྱིན་ཅི་ལོག་གི་གནས་དག་ཡིན་ཏེ། དེ་ལྟར་ན་འདོད་པ་འདི་དག་ནི་རབ་ཏུ་གནོད་པའི་ཚོར་བ་དང་ལྡན་ པ་དང་། རབ་ཏུ་གནོད་པའི་ཉོན་མོངས་པ་དང་ལྡན་པ་ཡིན་ནོ་ཞེས་དེ་ལྟར་འདོད་པ་རྣམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལ་ཇི་ལྟར་ན་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདོད་པ་འདི་དག་ཐམས་ཅད་ནི་སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། འདོད་པས་ཕོངས་བའི་སྡུག་བསྔལ་གྱི་བར་དང་། མཉམ་ཞིང་མཚུངས་པར་རྗེས་སུ་འབྲེལ་ཞིང་གནས་པ་ཡིན་ཏེ། གང་དག་འདོད་པ་ལ་ལོངས་སྤྱོད་པའི། འདོད་པའི་འབྱོར་པ་ཆེན་པོ་དང་ལྡན་པ་དེ་དག་ཀྱང་སྐྱེ་བ་ལ་སོགས་པའི་ཆོས་ཉིད་ལས་རྣམ་པར་མ་གྲོལ་བས་དེ་དག་གི་འབྱོར་བ་དེ་ཡང་ བརྙན་མ་ཡིན་ནོ་ཞེས་དེ་ལྟར་འདོད་པ་རྣམས་ཀྱི་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ན་ཕྱོགས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདོད་པ་འདི་དག་ནི་ནག་པོའི་ཕྱོགས་ཁོ་ནར་གཏོགས་པ་ཏེ། རུས་པའི་ཀེང་རུས་ལྟ་བུ་དང་། ཤའི་ཁམ་ཚད་ལྟ་བུ་དང་། རྩྭའི་སྒྲོན་མ་ལྟ་བུ་དང་། མེ་མདག་གི་ དོང་ལྟ་བུ་དང་། སྦྲུལ་གདུག་པ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བརྙན་པོའི་རྒྱན་ལྟ་བུ་དང་། ཤིང་ཀིམ་པ་ཀའི་འབྲས་བུ་ལྟ་བུ་ཡིན་ཏེ། སེམས་ཅན་རྣམས་འདོད་པ་ཡོངས་སུ་ཚོལ་བར་བྱེད་པ་ན་ཡང་འདོད་པ་ཡོངས་སུ་ཚོལ་བ་ལས་བྱུང་བའི་སྡུག་བསྔལ་དུ་མ་ཉམས་སུ་མྱོང་བར་འགྱུར་བ་དང་། ཀུན་དུ་བསྲུང་བ་ལས་བྱུང་བ་དང་། མཛའ་བ་ཡོངས་སུ་ཉམས་པ་ལས་བྱུང་བ་དང་། ངོམས་ནི་ཤེས་པ་ལས་བྱུང་བ་དང་། རང་དབང་མེད་པ་ལས་བྱུང་བ་དང་། ཉེས་པར་སྤྱད་པ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། དེ་དག་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་ བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལྟར་འདོད་པ་ལ་བརྟེན་པའི་ཉེས་དམིགས་ལྔ་གསུངས་ཏེ། འདོད་པ་རྣམས་ནི་མནོག་ཆུང་ལ་སྡུག་བསྔལ་མང་ཞིང་ཉེས་དམིགས་མང་བ་དང་། འདོད་པ་རྣམས་ལ་བརྟེན་པ་ན་ངོམས་མི་མྱོང་། ཆོག་མི་ཤེས་ཤིང་སྙིང་ཚིམ་པའི་མཐའ་མེད་པ་དང་། དམ་ པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་འདོད་པ་རྣམས་རྣམ་གྲངས་དུ་མས་སྨད་པ་དང་། འདོད་པ་རྣམས་ལ་བརྟེན་པ་ན་ཀུན་དུ་སྦྱོར་བ་རྣམས་ཉེ་བར་སྩོགས་པར་འགྱུར་བ་དང་། དེས་སྡིག་པ་མི་དགེ་བའི་ཆོས་མི་བྱ་བ་ཅུང་ཟད་ཀྱང་མེད་དོ་ཞེས་གསུངས་སོ། །དེ་ལྟ་ བས་ན་འདོད་པ་དེ་དག་ནི་མི་ངོམས་པར་བྱེད་པ་དང་། མང་པོ་དང་ཐུན་མོང་ཡིན་པ་དང་། ཆོས་མ་ཡིན་པ་དང་། སྤྱོད་པ་ངན་པའི་རྒྱུར་འགྱུར་བ་དང་། འདོད་པ་དང་། སྲེད་པ་འཕེལ་བར་བྱེད་པ་དང་། དམ་པ་རྣམས་ཀྱིས་སྤང་བའི་འོས་སུ་གྱུར་པ་དང་། མྱུར་དུ་འཇིག་པར་གྱུར་པ་དང་། རྐྱེན་ལ་བརྟེན་པ་དང་། བག་མེད་པའི་ས་ཡིན་ཏེ། མི་རྟག་པ་དང་། གསོག་དང་། གསོབ་དང་། བརྫུན་པ་དང་། སླུ་བའི་ཆོས་ཅན་དང་། སྒྱུ་མ་ལྟ་བུ་དང་། བྱིས་པ་འདྲིད་པ་ཡིན་པས་ཚེ་འདིའི་འདོད་པ་གང་དག་ཡིན་པ་དང་། ཚེ་ཕྱི་མའི་འདོད་པ་གང་དག་ཡིན་པ་དང་། ལྷའི་འདོད་པ་ གང་དག་ཡིན་པ་དང་། མིའི་འདོད་པ་གང་དག་ཡིན་པ་དེ་དག་ནི་བདུད་ཀྱི་སྤྱོད་ཡུལ་ལོ། །དེ་དག་ནི་བདུད་ཀྱི་གཟན་མ་སྟེ། དེ་དག་ལ་ནི་འདི་ལྟ་སྟེ། བརྣབ་སེམས་དང་། གནོད་སེམས་དང་། ཉེས་རྩོམ་དང་། སྡིག་པ་མི་དགེ་བའི་ལས་རྣམས་རྣམ་པ་དུ་མ་དག་འབྱུང་ཞིང་འཕགས་པ་ཉན་ཐོས་ གང་དག་འདི་ལ་སློབ་པ་དེ་དག་གི་བར་ཆད་བྱེད་པ་ཡིན་ཏེ། འདོད་པ་འདི་དག་ནི་ཤས་ཆེར་དེ་ལྟར་རྣམ་གྲངས་དུ་མར་ནག་པོའི་ཕྱོགས་ཁོ་ནར་གཏོགས་པ་ཡིན་ནོ་ཞེས་དེ་ལྟར་ཕྱོགས་སུ་ཡོངས་སུ་ཚོལ་བར་བྱེད་དོ། །ཇི་ལྟར་ན་དུས་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདོད་པ་དེ་དག་ནི་ འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་ཡང་རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་དེ་ལྟར་གནོད་པ་མང་བ་དང་། འགོ་བའི་ནད་ལྟ་བུའི་བར་མང་བ་དང་། ཉེས་དམིགས་མང་བ་ཡིན་ནོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་ བར་བྱེད་དོ། །ཇི་ལྟར་ན་རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅེ་ན། འདོད་པ་རྣམས་ནི་བརྩལ་བ་ཆེན་པོ་དང་། ཡོངས་སུ་བརྩལ་བ་ཆེན་པོ་དང་། ངལ་བ་ཆེན་པོ་དང་། ལས་དང་བཟོའི་གནས་རྣམ་པ་སྣ་ཚོགས་དག་གིས་སྡུད་པར་བྱེད། སྒྲུབ་པར་བྱེད་ཅིང་། ཉེ་བར་སྩོགས་པར་བྱེད་པ་དེ་དག་ ལེགས་པར་བསྡུས། ལེགས་པར་བསྒྲུབས། ཉེ་བར་བསགས་ནས་ཀྱང་འདི་ལྟ་སྟེ། ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་མི་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ཀྱི་ཕྱི་རོལ་གྱི་ཡོངས་ སུ་བཟུང་བའི་དངོས་པོ་རྣམས་དང་། ནང་གི་ལུས་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་འབྲས་ཆན་དང་། ཟན་དྲོན་གྱིས་ཉེ་བར་གསོས་པ་རྟག་ཏུ་བསྐུ་བ་དང་། བཀྲུ་བ་དང་། མཉེ་བས་ཉེ་བར་བརྟེན་པ་དང་། འབྲལ་བ་དང་། འཐོར་བ་དང་། འཇིག་པའི་ཆོས་ཅན་འདི་བྱུང་ ངོ་ཅོག་ནི་སྡུག་བསྔལ་སེལ་བ་ཙམ་དུ་འགྱུར་བར་ཟད་དེ། བཀྲེས་པའི་སྡུག་བསྔལ་སེལ་བ་ནི་ཁ་ཟས་ཡིན་ནོ། །གྲང་བའི་སྡུག་བསྔལ་སེལ་བ་དང་། ངོ་ཚ་བའི་གནས་པ་ཅར་གྱིས་གཡོགས་པ་ནི་གོས་ཡིན་ནོ། །གཉིད་ཀྱི་སྙོམས་པའི་སྡུག་བསྔལ་སེལ་བ་དང་། ཆགས་པ་དང་། སྡོད་པའི་སྡུག་བསྔལ་སེལ་བ་ནི་མལ་ཆ་དང་སྟན་ཡིན་ནོ། །ནད་ཀྱི་སྡུག་བསྔལ་སེལ་བ་ནི་ན་བའི་གསོས་སྨན་ཡིན་ཏེ། དེ་ལྟར་འདོད་པ་འདི་དག་ནི་སྡུག་བསྔལ་སེལ་བར་བྱེད་པ་ཙམ་དུ་ཟད་པས། འདི་དག་ལ་ཆགས་པས་ཡོངས་སུ་ལོངས་སྤྱད་པར་མི་བྱ་ཞིང་ཞེན་པས་ཀྱང་མ་ཡིན་ཏེ། ནད་ཀྱིས་ བཏབ་པའི་ནད་པས་ནད་ཞི་བར་བྱ་བ་ཙམ་གྱི་ཕྱིར་སྨན་པ་བསྟེན་པ་ལྟ་བུ་ཡིན་པས། ཡིད་ཆེས་པའི་ལུང་ཡང་དེ་ཉིད་ཡིན་ལ། འདོད་པ་དེ་དག་ཇི་ལྟ་ཇི་ལྟར་རགས་པ་ཡིན་པ་དེ་ལྟ་དེ་ལྟར་བདག་ཉིད་ལ་ཡེ་ཤེས་དང་། མཐོང་བ་འཇུག་པ་ཡང་ཡོད། རྗེས་སུ་དཔག་པའི་བྱ་བ་ཡང་དེ་ཉིད་ཡིན་ ཏེ། འདོད་པ་འདི་དག་གི་རང་བཞིན་ནི་ཐོག་མ་མེད་པའི་དུས་ནས་གྲགས་པའི་ཆོས་ཉིད་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡིན་པས། དེ་དག་ནི་བསམ་པར་མི་བྱ་ཞིང་། རྣམ་པར་བརྟག་པར་མི་བྱའོ་ཞེས་དེ་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་དོ། །དེས་འདི་ལྟ་སྟེ། གཞི་དྲུག་པོ་དག་གིས་དེ་ ལྟར་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་སོ་སོར་རྟོགས་པ་ནས་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་དེ། བསམ་གཏན་དང་པོ་ལ་ནི་འདོད་པའི་ཁམས་ཀྱི་རགས་པ་གང་ཡིན་པ་དེ་ལྟ་བུ་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་མེད་དོ་ཞེས། དེས་བསམ་གཏན་དང་པོ་ནི་ རིགས་པ་ཉིད་དང་བྲལ་བའི་ཕྱིར་ཞི་བ་ཡིན་ནོ་ཞེས་དེ་ལྟར་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་དོ། མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་གང་གིས་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དང་། བསམ་གཏན་དང་པོ་ལ་ནི་ཞི་བའི་མཚན་ཉིད་དུ་སོ་སོར་ རྟོག་པར་བྱེད་པ་དེ་ནི། མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཡིད་ལ་བྱེད་པ་དེ་ཡང་ཐོས་པ་དང་། བསམ་པ་དང་། འདྲེས་པ་ཡིན་པར་རིག་པར་བྱའོ། །དེས་དེ་ལྟར་འདོད་པ་རྣམས་ཡོངས་སུ་ཤེས་ནས་བསམ་གཏན་དང་པོ་ལ་ཡོངས་སུ་ཚོལ་བ་དང་། རགས་པའི་ཞི་བའི་ མཚན་ཉིད་ཇི་ལྟ་བ་བཞིན་གྱིས་ཐོས་པ་དང་བསམ་པ་ལས་ཡང་དག་པར་འདས་ནས། གཅིག་ཏུ་བསྒོམ་པའི་རྣམ་པས་མོས་པར་བྱེད་ཅིང་། མཚན་མ་དེ་ཉིད་ལ་དམིགས་པའི་ཞི་གནས་དང་། ལྷག་མཐོང་སྒོམ་པར་བྱེད་དོ། །སྒོམ་པར་བྱེད་པ་ལ་ཇི་ལྟར་ཡོངས་སུ་ཚོལ་བ་དང་། རགས་པ་ ཞི་བའི་མཚན་ཉིད་དེ་དག་ལ་ཡང་དང་ཡང་དུ་ཞི་བར་བྱེད་དེ། དེ་ནི་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ཀུན་དུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་དང་པོ་ཁོ་ནར་ཉོན་མོངས་པ་སྤོང་བའི་ལམ་སྐྱེ་བར་འགྱུར་ཞིང་། ཉོན་མོངས་པ་སྤོང་བའི་ལམ་ཡང་དག་པར་ སྐྱེས་པ་གང་ཡིན་པ་དེ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་ནི་རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་དང་པོ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སྤངས་པ་དང་། དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་དེའི་འོག་ཏུ་སྤོང་བ་ལ་དགའ་བ་དང་། རབ་ཏུ་དབེན་པ་ལ་དགའ་བར་འགྱུར་ཞིང་། སྤོང་བ་དེ་ལ་ཕན་ཡོན་དུ་མཐོང་བ་དང་། རབ་ཏུ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཆུང་ངུ་ལ་རེག་ནས་འདི་ལྟ་སྟེ། རྨུགས་པ་དང་། གཉིད་དང་། རྒོད་པ་སྤང་བའི་ཕྱིར་དང་། དུས་དུས་སུ་རབ་ཏུ་དང་བར་འགྱུར་བའི་ཡིད་ལ་བྱེད་པས་ཡང་དག་པར་རབ་ཏུ་ དགའ་བར་བྱེད་ཅིང་། ཀུན་དུ་སྐྱོ་བར་འགྱུར་བའི་ཡིད་ལ་བྱེད་པས་ཀུན་དུ་སྦྱོར་བར་བྱེད་པ་དེ་ནི་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལྟར་སྤོང་བའི་དགའ་བ་དང་། སྒོམ་པའི་དགའ་བ་ལ་ཡང་དག་པར་རབ་ཏུ་བརྩོན་པ་ན་རྒྱུའམ་གནས་ཀྱང་རུང་སྟེ། དེ་ལ་དགེ་བའི་ཕྱོགས་ལ་སྦྱོར་བ་ལ། བགེགས་བྱེད་པར་འདོད་པ་དང་ལྡན་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་ཀུན་དུ་འབྱུང་བར་མི་འགྱུར་བ་ན། དེ་འདི་སྙམ་དུ་སེམས་ཏེ། ཅི་བདག་ལ་འདོད་པ་རྣམས་ལ་འདོད་པ་ལ་འདུན་པ་ཡོད་བཞིན་དུ་མི་མྱོང་ངམ། འོན་ཏེ་མེད་པས་སོ་སོར་མི་མྱོང་སྙམ་དུ་སེམས་ཤིང་དེ་ཡོངས་སུ་ དཔྱོད་པར་འདོད་པས་རབ་ཏུ་དང་བར་འགྱུར་བའི་མཚན་མ་སྡུ་གུ་གང་ཡང་རུང་བ་ཡིད་ལ་བྱེད་དེ། དེའི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་སྤངས་པའི་ཕྱིར་མཚན་མ་དེ་ཡིད་ལ་བྱེད་པ་ན། བསྟེན་པ་ལ་གཞོལ་བ་དང་། བསྟེན་པ་ལ་འབབ་པ་དང་། བསྟེན་པ་ལ་བབ་པའི་སེམས་འབྱུང་བར་འགྱུར་ ཞིང་། བཏང་སྙོམས་སུ་མི་གནས་ལ་ཡིད་འབྱུང་བ་དང་། སྨོན་པ་དང་། ཕྱིར་ལྡོག་པ་དང་། མི་མཐུན་པ་གནས་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གི་སེམས་ནི་འདི་ལྟ་སྟེ། འདོད་པ་རྣམས་ལས་ཡང་དག་པར་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་མ་ཡིན་ ནོ་སྙམ་ནས། དེས་བག་ལ་ཉལ་དེའི་ལྷག་མ་མ་ལུས་པར་རྒྱ་ཆེར་སྤངས་པའི་ཕྱིར། བདག་གི་སེམས་མངོན་པར་འདུ་བྱེད་པས། མངོན་པར་ཟིན་པ་དང་། ཆུ་བཞིན་དུ་བཅུས་པ་དང་། ཆོས་ཉིད་ཀྱིས་མངོན་པར་ཟིན་པ་དེས་སྤོང་བ་ལ་དགའ་བ་དང་། བསྒོམ་པ་ལ་དགའ་བ་རྒྱ་ཆེར་གནས་ པར་བྱའོ་སྙམ་པ་དེ་ནི་དཔྱོད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་དེ་ལྟར་སྤང་བ་ལ་དགའ་བ་དང་། སྒོམ་པ་ལ་དགའ་བར་རྒྱ་ཆེར་གནས་ཤིང་ཞི་གནས་དང་། ལྷག་མཐོང་བསྒོམ་པ་ལ་རབ་ཏུ་བརྩོན་པར་བྱེད་པ་ན། ཡང་དང་ཡང་དུ་དཔྱོད་པར་བྱེད་ཅིང་དེའི་གཉེན་པོ་སྒོམ་པར་བྱེད་དེ། དུས་དུས་སུ་ སྤངས་པ་དང་། མ་སྤངས་པ་ཉིད་ལ་དཔྱོད་པར་བྱེད་པ་ན། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་ལས་རེ་ཞིག་ཙམ་གྱི་ཚུལ་གྱིས་སེམས་འབྲལ་བར་བྱེད་ཅིང་། ས་བོན་གཏན་བཅོམ་པ་ནི་མ་ཡིན་ཏེ། དེའི་ཚེ་ན་བསམ་གཏན་དང་པོ་ལ་སྦྱོར་བའི་ལམ་གྱི་མཐར་ཐུག་པ་ཉོན་མོངས་པ་ཐམས་ཅད་ ཀྱི་གཉེན་པོར་གྱུར་པའི་ཡིད་ལ་བྱེད་པ་ཡང་དག་པར་སྐྱེས་པ་དེ་ནི་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེའི་མཇུག་ཐོགས་ཁོ་ནར་རྒྱུ་དེ་དང་རྐྱེན་དེས་བསམ་གཏན་དང་པོའི་དངོས་གཞི་ལ་སྙོམས་པར་འཇུག་ཅིང་བསམ་གཏན་གྱི་དངོས་གཞི་དང་ལྡན་པའི་ཡིད་ལ་བྱེད་པ་སྐྱེས་པ་དེ་ནི། སྦྱོར་བ་ མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང་། དགའ་བ་སྡུད་པ་ཡིད་ལ་བྱེད་པ་སྐྱེས་པར་གྱུར་པ་དེའི་ཚེ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ལུས་ཡོངས་སུ་ཚིམ་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་དེའི་ ཚེ་ན་ནི། ལན་འགའ་ལན་འགའ་ནི་བདེ་བའི་དངོས་པོ་ཆུང་ངུའི་ཚུལ་གྱིས་ཁྱབ་པར་བྱེད་དོ། །ལན་འགའ་ལན་འགའ་ནི་བདེ་བའི་དངོས་པོ་ཤིན་ཏུ་མང་པོ་དང་། ཤིན་ཏུ་རྒྱ་ཆེན་པོའི་ཚུལ་གྱིས་ཁྱབ་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་སྐྱེས་པའི་ཚེ་ན་ནི། འདི་ལྟ་སྟེ། ལུས་ཐམས་ཅད་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་མ་ཁྱབ་པ་དང་། ཁྱབ་པར་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེ་དེའི་ཚེ་ན་འདོད་པ་དག་ལས་དབེན་པའི་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་ པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོའི་ཡན་ལག་ལྔ་བསྒྲུབས་ཏེ་གནས་པ་དང་། འདོད་པ་ན་སྤྱོད་པའི་གཉེན་པོའི་ལམ་བསྒོམས་པའི་འབྲས་བུ་ལ་གནས་པ་དང་། འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་ཞེས་བྱའོ། །དེ་ལ་མཚན་ཉིད་སོ་སོར་རིག་ པའི་ཡིད་ལ་བྱེད་པས་ནི་སྤང་བར་བྱ་བ་གང་ཡིན་པ་དེ་ཡང་། ཡོངས་སུ་ཤེས་པར་བྱེད། ཐོབ་པར་བྱ་བ་གང་ཡིན་པ་དེ་ཡོངས་སུ་ཤེས་པར་བྱེད་ཅིང་། སྤང་བར་བྱ་བ་སྤང་བ་དང་། ཐོབ་པར་བྱ་བ་ཐོབ་པར་བྱ་བའི་ཕྱིར་སེམས་གཏོད་པར་ཡང་བྱེད་དོ། །མོས་པ་ལས་བྱུང་བའི་ཡིད་ལ་བྱེད་ པས་ནི་སྤང་བར་བྱ་བ་དང་། ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་སྦྱོར་བ་རྩོམ་པར་བྱེད་དོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་ཆེན་པོ་སྤོང་བར་བྱེད་དོ། །དགའ་བ་སྡུད་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པའི་རྣམ་པ་འབྲིང་པོ་སྤོང་བར་བྱེད་དོ། །དཔྱོད་པའི་ ཡིད་ལ་བྱེད་པས་ནི། ཐོབ་པ་ལ་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པས་ནི། ཉོན་མོངས་པའི་རྣམ་པ་ཆུང་ངུ་སྤོང་བར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི། ཡིད་ལ་བྱེད་པའི་རྣམ་པ་དེ་དག་བསྒོམས་པའི་ འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ། །གཞན་ཡང་མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པ་གང་ཡིན་པ་དང་། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སུན་འབྱིན་པའི་གཉེན་པོ་དང་ལྡན་པ་སྟེ། རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ནོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་གང་ ཡིན་པ་དང་། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སྤོང་བའི་གཉེན་པོ་དང་ལྡན་པ་སྟེ། གཉེན་པོ་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། གཉེན་པོ་ཡིད་ལ་བྱེད་པ་དང་། དང་བར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་སྤྱོད་པའི་ ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། སོ་སོར་རྟོག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེ་ལྟར་ན་ཡིད་ལ་བྱེད་པ་དྲུག་པོ་དེ་དག་དུ་ནི། ཡིད་ལ་བྱེད་པ་བཞི་པོ་འདི་ལྟ་སྟེ། རྗེས་སུ་མཐུན་པ་དང་། གཉེན་པོ་དང་། དང་བར་འགྱུར་བ་དང་། སོ་སོར་རྟོག་པ་དག་འདུས་པར་རིག་པར་བྱའོ། །ཇི་ལྟར་ཡིད་ ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་བཞིན་དུ། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་སྙོམས་པར་འཇུག་པ་དང་། ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ ཡང་ཡིད་ལ་བྱེད་པ་བདུན་གྱིས་ཡིན་པར་རིག་པར་བྱའོ། །དེ་ལ་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པའི་ཕྱིར། གང་གིས་རྟོག་པ་དག་ལ་རགས་པའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་ཅིང་། རྟོག་པ་མེད་པ་བསམ་གཏན་གཉིས་པ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་པ་དེ་ནི། མཚན་ཉིད་དུ་སོ་སོར་རྟོག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ། བསམ་གཏན་དང་པོ་ཐོབ་པ། རྟོག་པ་དག་ལ་རགས་པར་ལྟ་ཞིང་མཉམ་པར་གཞག་པའི་ས་པའི་དམིགས་པ་ལ་མི་བརྟན་པར་སྤྱོད་པ་དང་པོ་སྐྱེས་པས། དམིགས་པ་ཡིད་ལ་རྗོད་ པ་རགས་པ་སྐྱེ་བ་གང་ཡིན་པ་དེ་ནི་རྟོག་པ་ཞེས་བྱའོ། །དམིགས་པ་ལ་མི་བརྟན་པར་སྤྱོད་པ་དེ་དང་འབྲེལ་པའི་རྗེས་སུ་སྤྱོད་པའི་ཡིད་ལ་རྗོད་པ་ཤིན་ཏུ་ཕྲ་བ་གང་ཡིན་པ་དེ་ནི་དཔྱོད་པ་ཞེས་བྱ་སྟེ། རྟོག་པ་དང་། དཔྱོད་པ་དེ་དག་ཀྱང་སེམས་ལས་བྱུང་བ་སྟེ། སེམས་སྐྱེས་ན་སྐྱེ་བར་འགྱུར་ཞིང་ལྷན་ཅིག་ འབྱུང་བ་ན་མཚུངས་པར་ལྡན་པ་དུས་གཅིག་ཏུ་འཇུག་པ་ཡིན་ནོ། །དེ་ལྟར་ན་དེ་དག་ནི་ནང་ནས་སྐྱེས་པ་དང་། ཕྱི་རོལ་གྱི་སྐྱེ་མཆེད་དུ་རྟོགས་པ་ཡིན་ཏེ། དེ་དག་ཐམས་ཅད་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་ཡང་། རྒྱུ་ལས་བྱུང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་བྱུང་ ནས་འཇིག་པ་ཀུན་མི་རིང་བ། ཡུན་རིང་དུ་མི་གནས་པ། སེམས་ཀུན་དུ་འཁྲུག་པར་བྱེད་པ། གཡོ་བར་བྱེད་པ། རབ་ཏུ་མ་ཞི་བའི་རྣམ་པས་འཇུག་པ་ཡིན་ནོ། །ས་དེའི་རང་བཞིན་ནི་ས་གོང་མ་ལ་ལྟོས་ན། སྡུག་བསྔལ་བར་གནས་པའི་ཕྱིར་ནག་པོའི་ཕྱོགས་ཡིན་ལ། འདོད་པ་དག་ལས་ དབེན་པ་ལས་སྐྱེས་པའི་བདེ་བའི་ཕན་ཡོན་ཆུང་ཟད་དང་ལྡན་པ་ཡང་ཡིན་ཏེ། དེ་ལ་གནས་པ་ལ་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་སེམས་ཀྱི་སྤྱོད་པ་རྟོག་པ་དང་བཅས་པ་དང་། དཔྱོད་པ་དང་བཅས་པ་འབྱུང་བར་འགྱུར་བས་ཞི་བ་བས་རབ་ཏུ་ཞི་བ་ལྟ་བུ་མ་ཡིན་ཏེ། དེ་ལྟར་རྣམ་པ་དེ་དག་གིས་ རྟོག་པ་དག་ལ་རགས་པའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་དོ། །རྟོག་པ་མེད་པའི་བསམ་གཏན་གཉིས་པ་ལ་ནི་རྣམ་པ་ཐམས་ཅད་དུ་རགས་པའི་མཚན་ཉིད་དེ་ལྟ་བུ་མེད་དེ། དེའི་ཕྱིར་བསམ་གཏན་གཉིས་པ་ནི་རགས་པ་དེ་ཉིད་དང་བྲལ་བའི་ཕྱིར་ཞི་བ་ཡིན་ནོ། །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་ པ་ཡིད་ལ་བྱེད་པ་ལྷག་མ་རྣམས་ནི་སྔ་མ་བཞིན་དུ་ཅི་རིགས་པར་རིག་པར་བྱ་སྟེ། ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ས་དང་ས་དག་ལ་སྙོམས་པར་འཇུག་པའི་ཡིད་ལ་བྱེད་པ་བདུན་པོ་དག་ཀྱང་དེ་བཞིན་དུ་ཅི་རིགས་པར་བྱའོ། །ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ཀྱི་ས་འོག་མ་ཐམས་ཅད་ལ་རགས་ པའི་མཚན་ཉིད་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ས་འོག་མ་རྣམས་ནི་ཆེས་སྡུག་བསྔལ་བར་གནས་ཤིང་ཆེས་རབ་ཏུ་མ་ཞི་བར་གནས་པ་དང་། ཆེས་ཚེ་ཐུང་བར་གནས་པ་སྟེ། དེ་ལྟར་རགས་པའི་མཚན་ཉིད་གཉིས་པོ་དེ་དག་གཞི་དྲུག་པོ་དེ་དག་གིས་ཅི་རིགས་པར་ ཡོངས་སུ་ཚོལ་བར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་མན་ཆད་ཀྱི་ས་གང་དང་གང་དག་ལས་འདོད་ཆགས་དང་བྲལ་བར་འདོད་པའི་ས་གོང་མ་རྣམས་ལ་ནི་ཅི་རིགས་པར་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་དོ། །འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། འདོད་པ་དག་ཅེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་འདོད་པ་དང་། དངོས་པོའི་འདོད་པའོ། །འདོད་པ་དག་ལས་ དབེན་པ་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ། མཚུངས་པར་ལྡན་པ་ལས་དབེན་པ་དང་། དམིགས་པ་ལས་དབེན་པའོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནི་འདོད་པའི་རྒྱུ་ལས་བྱུང་བ་སྟེ། ཉེ་བའི་ཉོན་མོངས་པ་མི་དགེ་བའི་ཆོས་འདི་ལྟ་སྟེ། ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་དང་། མཚོན་འབྱིན་པ་དང་། དབྱིག་པ་འབྱིན་པ་དང་། འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། གཡོ་བྱེད་པ་དང་། སླུ་བ་དང་། སྙིང་རྗེ་མེད་པ་དང་། བརྫུན་དུ་སྨྲ་བ་ཀུན་དུ་འབྱུང་བ་གང་དག་ཡིན་པ་དེ་དག་སྟེ། དེ་དག་སྤངས་པའི་ཕྱིར་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱའོ། །རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་དག་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་འདོད་པའི་གཉེན་པོ་རང་གི་ས་པའི་རྟོག་པ་དང་། དཔྱོད་པ་དགེ་བ་དག་དང་ལྡན་པས་ན། རྟོག་པ་ དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་བྱའོ། །དབེན་པ་ལས་ཞེས་བྱ་བ་ནི་འདོད་པ་གང་དག་ལས་དབེན་པ་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ལས་སོ། །སྐྱེས་པ་ཞེས་བྱ་བ་ནི། རྒྱུ་དེ་དང་རྐྱེན་དེས་དེའི་མཇུག་ཐོགས་ཁོ་ནར་ཡང་དག་པར་སྐྱེས་པ་ལ་བྱ་སྟེ། དེའི་ཕྱིར་དབེན་པ་ལས་སྐྱེས་པ་ཞེས་ བྱ་བ་གསུངས་སོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་དེ་ནི་འདོད་པ་དང་རེ་བའི་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་དང་། གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང་། སེམས་དང་ལུས་ལས་སུ་རུང་བ་རྒྱ་ཆེན་པོ་དང་ལྡན་པས་ན། དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །བསམ་གཏན་ཞེས་བྱ་བ་ནི་ དམིགས་པ་ལ་ཡང་དག་པར་ཉེ་བར་གཏོད་པ་དང་། དྲན་པ་རྩེ་གཅིག་ཏུ་ཉེ་བར་གཏོད་པའི་ཕྱིར་བསམ་གཏན་ཞེས་བྱའོ། །དང་པོ་ཞེས་བྱ་བ་ནི་དང་པོར་འདོད་པའི་ཁམས་ནས་བསྐྱོད་པའི་གོ་རིམས་བཞིན་དུ་བགྲངས་པའི་ཕྱིར་དང་པོ་ཞེས་བྱའོ། །བསྒྲུབས་ཏེ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིན་ པའི་ཕྱིར་བསྒྲུབས་ཏེ་ཞེས་བྱའོ། །གནས་སོ་ཞེས་བྱ་བ་ནི་ཕྱིས་བསྒོམ་པ་ལན་མང་དུ་བསྒྲུབས་པས་ཅི་འདོད་པ་བཞིན་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་དང་། ཚེགས་མེད་པར་ཐོབ་པའི་ཕྱིར། བསམ་གཏན་གྱི་སྙོམས་པར་འཇུག་པ་དེས་མཚན་མོ་དང་། ཉིན་མོ་དང་། ཉིན་མཚན་དང་། ཉིན་མཚན་བདུན་གྱི་བར་རམ། ཇི་སྲིད་འདོད་པའི་བར་དུ་འདའ་བར་བྱེད་པས་ན་གནས་སོ་ཞེས་བྱའོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་ གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ་རྟོག་པ་དང་། དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་ཞེས་བྱ་བ་ནི་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་མཚན་མ་དག་ལས་སེམས་རྣམ་པར་བཟློག་ནས། རྟོག་པ་མེད་པ་དང་། དཔྱོད་པ་མེད་པའི་ཏིང་ངེ་ འཛིན་གྱི་མཚན་མ་དག་ལ་ལེགས་པར་གཏོད་ཅིང་། དམིགས་པ་ལ་མི་བརྟན་པར་སྤྱོད་པ་ལས་རྣམ་པར་ཕྲལ་ཏེ། དམིགས་པ་ལ་བརྟན་པར་སྤྱོད་པ་ལ་དང་གཅིག་གིས་སེམས་ཞི་བ་དང་དང་བར་འཇུག་པར་བྱེད་ཅིང་རྣམ་པར་འཇོག་པར་བྱེད་པས་ན། དེའི་ཕྱིར་དེ་རྟོག་པ་དང་ དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་ཞེས་བྱ་བ་གསུངས་སོ། །སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས་བྱ་བ་ནི། དེས་བསྒོམ་པ་ཡོངས་སུ་གོམས་པར་བྱ་བའི་ཕྱིར། རྟོག་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་དེ་ཉིད་ལ་རྟོག་པ་དང་དཔྱོད་པས་བར་དུ་གཅོད་ཅིང་སྐབས་སུ་འཆད་པའི་གནས་ སྐབས་ལས་ཡང་དག་པར་འདས་ཏེ་བར་དུ་གཅོད་པ་མེད་པ་དང་། སྐབས་སུ་འཆད་པ་མེད་པའི་གནས་སྐབས་ཐོབ་པས་ན། དེའི་ཕྱིར་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས་བྱ་བ་གསུངས་སོ། །རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་བྱ་བ་ནི། རྟོག་པ་དང་དཔྱོད་པ་དག་ རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པའི་ཕྱིར་རྟོག་པ་མེད་པ་དང་། དཔྱོད་པ་མེད་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས་སོ། །སྐྱེས་པ་ཞེས་བྱ་བ་ནི་རྒྱུ་དེ་དང་རྐྱེན་དེས་དེའི་མཇུག་ཐོགས་ཁོ་ནར་ཡང་དག་པར་སྐྱེས་པ་ལ་བྱ་སྟེ། དེའི་ ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་གསུངས་སོ། །དགའ་བ་དང་། བདེ་བ་ཅན་ཞེས་བྱ་བ་ནི་འདོད་པ་དང་རེ་བའི་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་ལྟ་བས། ཡང་དག་པར་རབ་ཏུ་དགའ་བ་དང་ལྡན་ཞིང་། ཡིད་བདེ་བ་དང་ལྡན་པའི་ཕྱིར་དང་བསམ་གཏན་དང་པོའི་རྟོག་པ་དང་། དཔྱོད་ པ་དང་། ཉོན་མོངས་པའི་ཕྱོགས་གནས་ངན་ལེན་ཐམས་ཅད་དང་བྲལ་བས་དེའི་གཉེན་པོ་སེམས་དང་ལུས་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བའི་བདེ་བ་དང་ལྡན་པའི་ཕྱིར། དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ་གཉིས་པ་ཞེས་བྱ་བ་ནི་ གོ་རིམས་བཞིན་དུ་བགྲང་བའི་ཕྱིར་རོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་ གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བ་ནི། དགའ་བའི་མཚན་མ་དག་ལ་སྐྱོན་དུ་ལྟ་བའི་ཕྱིར། དེའི་ཕྱིར་དེ་དགའ་བའི་འདོད་ཆགས་དང་ བྲལ་བས་ཞེས་བྱ་བ་གསུངས་སོ། །བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་ནི་དགའ་བ་མེད་པ་བསམ་གཏན་གསུམ་པ་ལ་སེམས་གཏོད་པར་བྱེད་པ་དེའི་ཚེ་ན། དེའི་སེམས་ཀུན་དུ་འཁྲུག་པར་བྱེད་པའི་སྐྱོན་རྣམ་པ་གཉིས་པོ་བསམ་གཏན་གཉིས་པ་ལ་རྟོག་པ་དང་། དཔྱོད་པ་དང་། ད་ལྟར་ གྱི་དགའ་བ་དག་དང་བྲལ་བས་ན། དེའི་ཕྱིར་བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་གསུངས་ཏེ། སེམས་ཀུན་དུ་འཁྲུག་པར་བྱེད་པའི་ཆོས་དེ་གཉིས་ནི། སེམས་རྒྱུན་དུ་བཏང་སྙོམས་སུ་གཞག་པ་ལ་གེགས་བྱེད་པ་ཡིན་པས་ན། སེམས་ཀུན་དུ་འཁྲུག་པར་བྱེད་པ་ཞེས་བྱའོ། །དེ་ལ་བསམ་གཏན་ དང་པོ་ལ་ནི་རྟོག་པ་དང་། དཔྱོད་པ་ཡོད་པས་དེས་ན་རྒྱུན་དུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་རོ། །བསམ་གཏན་གཉིས་པ་ལ་ནི་དགའ་བ་ཡོད་པས། དེས་ན་དེར་ཡང་རྒྱུན་དུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་ཏེ། དེ་ལྟ་བས་ན་བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དེ་དག་ ལ་བཏང་སྙོམས་ཤས་ཆེར་མེད་པས་དེའི་ཕྱིར་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པའི་བསམ་གཏན་པ་དེ་ནི་བཏང་སྙོམས་ལ་གནས་པ་ཞེས་བྱའོ། །དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་བྱ་བ་ནི་དེ་བཏང་སྙོམས་ལ་གནས་པ་ན་ཇི་ལྟ་ཇི་ལྟར་དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་ པ་དེ་དག་ཀུན་དུ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་བཞག་སྟེ་གནས་པར་བྱེད་དོ། །གལ་ཏེ་བསམ་གཏན་གསུམ་པ་ལེགས་པར་གོམས་པར་མ་བྱས་པས་བརྗེད་ངས་པའི་ཕྱིར། བརྒྱ་ལ་བརྒྱ་ལམ་ན། དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་དག་ཀུན་དུ་འབྱུང་བར་གྱུར་ན། མྱུར་བ་མྱུར་བ་ཁོ་ནར་དེ་དག་ལ་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད། ལེགས་པ་ཁོ་ནར་རབ་ཏུ་ཤེས་པར་བྱེད་ཅིང་བྱུང་ངོ་ཅོག་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་ཅིང་སེམས་བཏང་སྙོམས་སུ་བྱེད་པས་ན། དེའི་ཕྱིར་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་བྱ་བ་གསུངས་ སོ། །བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱ་བ་ནི། དེ་དེའི་ཚེ་ན་གཟུགས་ཀྱི་ལུས་དང་། ཡིད་ཀྱི་ལུས་ཀྱིས་ཚོར་བའི་བདེ་བ་དང་། ཤིན་ཏུ་སྦྱངས་པའི་བདེ་བ་སོ་སོར་མྱོང་བར་བྱེད་པས་ན། དེའི་ཕྱིར་བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱ་བ་གསུངས་སོ། །འཕགས་པ་རྣམས་ཀྱིས་གང་དེ་ལ་དྲན་པ་དང་ལྡན་ པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ་ཞེས་བྱ་ནི་བསམ་གཏན་གསུམ་པ་མན་ཆད་ལ་ནི། བདེ་བ་དེ་ལྟ་བུ་ཡང་མེད་ལ་རྒྱུན་དུ་བཏང་སྙོམས་ལ་གནས་པ་ཡང་མེད་དོ། །བསམ་གཏན་གསུམ་པའི་གོང་མ་དག་ལ་ནི་བཏང་སྙོམས་ཡོད་ཀྱང་བདེ་བ་དེ་ལྟ་བུ་མེད་དེ། དེ་ལྟར་འོག་མ་ དག་ལ་བདེ་བ་དང་བཏང་སྙོམས་མེད་པ་དང་། གོང་མ་དག་ལ་བདེ་བ་མེད་པའི་ཕྱིར་འདི་ལྟ་སྟེ། བསམ་གཏན་གསུམ་པ་འདི་ནི་དེ་དག་གི་གནས་ཡིན་པས་ན། འཕགས་པས་ཀྱང་དེ་ལ་དམིགས་ཏེ་གནས་པའི་གང་ཟག་གང་ཡིན་པ་དེའི་དབང་དུ་མཛད་ནས། གང་དེ་དྲན་པ་དང་ ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་དེ། འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །དགའ་བ་མེད་པ་ཞེས་བྱ་བ་ནི་དེ་ལྟར་བཏང་སྙོམས་ལ་གནས་པ་དེས་དེའི་ཚེ་དྲན་པ་དང་ཤེས་བཞིན་ཀུན་དུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་ བྱས་པའི་རྒྱུས། དགའ་བ་དང་ལྡན་པའི་ཚོར་བས་སེམས་དགའ་བར་བྱེད་པ་དེ་སྤོང་བར་བྱེད་ཅིང་། དགའ་བའི་གཉེན་པོ་དགའ་བ་མེད་པ་ཞི་བ་དང་། རབ་ཏུ་ཞི་བའི་ཚོར་བའི་སེམས་ལས་སྐྱེས་པར་འགྱུར་བས་ན། དེའི་ཕྱིར་དགའ་བ་མེད་པ་ཞེས་བྱ་བ་གསུངས་སོ། །བསམ་གཏན་ གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན། བཏང་སྙོམས་དང་། དྲན་པ་ཡོངས་སུ་ དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་བདེ་བ་ཡང་སྤངས་ཏེ་ཞེས་བྱ་བ་ནི། བདེ་བའི་གཉེན་པོ་ནི་རིགས་འདྲ་བའི་ཕྱིར། སྤོང་བའི་གཉེན་པོ་མ་བསྟན་པར་དེའི་གཉེན་པོས་བྱས་པ་བདེ་བ་སྤངས་པ་གང་ཡིན་པ་དེ་ཉིད་བརྟེན་ཏེ། དེའི་གཉེན་པོ་ཡང་ གང་ཞེ་ན། འདི་ལྟ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་ཡིན་ནོ། །དེ་དག་ལ་བརྟེན་ཅིང་གོམས་པར་བྱས་པས། བསམ་གཏན་གསུམ་པ་ལས་བསྐྱོད་ཅིང་། བསམ་གཏན་གསུམ་པའི་ས་པའི་བདེ་བ་གང་ཡིན་པ་དེ་སྤོང་བར་བྱེད་པས་ན། དེའི་ཕྱིར་དེ་བདེ་བ་ཡང་སྤངས་ཏེ་ ཞེས་བྱ་བ་གསུངས་སོ། །སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་ནི། དེའི་ཚེ་ན་བསམ་གཏན་པ་དེས་བདེ་བ་དང་། སྡུག་བསྔལ་ལས་ཡང་དག་པར་འདས་པའི་རྗེས་སུ་ཐོབ་ཅིང་། དེས་སྔོན་སྤངས་པ་གང་ཡིན་པ་དང་། ད་ལྟར་སྤོང་ བར་བྱེད་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པས་ན། དེའི་ཕྱིར་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་བདེ་བ་སྤངས་སོ། །བསམ་གཏན་གཉིས་པ་ལ་ སྙོམས་པར་འཇུག་པའི་ཚེ་ན་ནི་སྡུག་བསྔལ་སྤངས་སོ། །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ཡིད་བདེ་བ་ནུབ་པོ། །བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ཡིད་མི་བདེ་བ་ནུབ་པོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཞེས་བྱ་བ་ནི། དེས་རེ་ ཞིག་བདེ་བ་དང་སྡུག་བསྔལ་སྤངས་པའི་ཕྱིར་དེ་ལ་ཚོར་བའི་ལྷག་མ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་ཉི་ཚེ་ཡོད་པས་ན། དེའི་ཕྱིར་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་ཞེས་བྱ་བ་གསུངས་སོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་ནི། དེས་དེའི་ཚེ་ ན་བསམ་གཏན་དང་པོ་ཡན་ཆད་ཀྱི་ས་འོག་མའི་སྐྱོན་འདི་ལྟ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། དབུགས་རྔུབ་པ་དང་། དབུགས་འབྱུང་བ་ཐམས་ཅད་སྤངས་པར་གྱུར་ཅིང་། དེ་དག་སྤངས་པའི་ཕྱིར་དེ་ལ་བཏང་སྙོམས་དང་དྲན་པ་གང་ཡོད་པ་དེ་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་འགྱུར་ཏེ། དེས་ན་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དེའི་སེམས་དེ་མི་གཡོ་བར་གནས་ཤིང་། གཡོ་བ་ཐམས་ཅད་དང་བྲལ་བས་ན། དེའི་ཕྱིར་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་བཞི་པ་བསྒྲུབས་ཏེ་ གནས་སོ་ཞེས་བྱ་བ་ནི། བསམ་གཏན་དང་པོ་ལ་སོགས་པ་སྔ་མ་དག་ལ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ།། །།ཉན་ཐོས་ཀྱི་ས་བམ་པོ་བཅོ་བརྒྱད་པ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ ནི་ནམ་མཁའ་མོས་པར་བྱེད་པའི་ཕྱིར། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་ལྡན་པའི་འདུ་ཤེས་དེ་དག་ནི་མི་སྣང་ཞིང་སྐྱོ་ལ་འདོད་ཆགས་དང་བྲལ་བས་ཡང་དག་པར་འདས་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་གསུངས་སོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི། དེ་དེ་དག་ལས་ཡང་དག་པར་འདས་ཤིང་མི་སྣང་བར་གྱུར་པའི་རྒྱུས་ཁ་དོག་བསགས་པའི་རྒྱུར་གྱུར་པའི་སྒྲིབ་པའི་འདུ་ཤེས་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་དག་དང་བྲལ་བས་ན། དེའི་ཕྱིར་ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཅིང་ཞེས་བྱ་བ་གསུངས་སོ། །སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ཞེས་བྱ་བ་ནི། དེ་དེ་དག་དང་བྲལ་བས་ཐོགས་པ་ཁྱད་པར་ཅན་རྣམ་པ་སྣ་ཚོགས་པ་དེ་དག་ཉིད་ལ་འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཞོན་པ་དང་། གོས་དང་། རྒྱན་ དང་། གནས་དང་། སྐྱེད་མོས་ཚལ་དང་། ནགས་ཚལ་དང་། དམག་དང་། རི་ལ་སོགས་པར་ཉེ་བར་འདོགས་པའི་འདུ་ཤེས་འཇུག་པ་གང་ཡིན་པའི་འདུ་ཤེས་དེ་དག་དེ་རྣམས་ལ་གཏད་ཀྱང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དེ་ལ་འབྱུང་བར་མི་འགྱུར་བས་ན། དེའི་ཕྱིར་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ ཡིད་ལ་མི་བྱེད་པ་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི་དེས་དེ་ལྟར་གཟུགས་དང་། ཐོགས་པ་དང་སྣ་ཚོགས་ཀྱི་འདུ་ཤེས་དག་རྣམ་པར་བཤིག་ནས། ནམ་མཁའ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་པས་ན། དེའི་ཕྱིར་ནམ་མཁའ་མཐའ་ཡས་སོ་ སྙམ་ནས་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། དེ་ཉེར་བསྡོགས་ལས་ཡང་དག་པར་འདས་ཤིང་། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པས་གོང་མ་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་ཇི་སྲིད་དུ་དངོས་གཞི་ལ་སྙོམས་པར་མི་འཇུག་པའི་བར་དུ་ནི། དེ་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ། །སྙོམས་པར་ཞུགས་ནས་ཀྱང་ནམ་མཁའ་དེ་ཉིད་དང་དེ་ལས་གཞན་པ་རང་གི་ས་པའི་ ཕུང་པོ་རྣམས་ལ་དམིགས་པར་བྱེད་དོ། །ཉེར་བསྡོགས་ཀྱི་ཚེ་ན་ནི་ས་འོག་མའི་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་ སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་བྱ་བ་ནི། དེ་རྣམ་པར་ཤེས་པ་དག་གིས་ནམ་མཁའ་མཐའ་ཡས་པར་མོས་པར་བྱེད་པ། ནམ་མཁའ་ ལ་མཐའ་ཡས་པའི་རྣམ་པར་མོས་པར་བྱེད་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འདོད་པས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ལས་བཟློག་སྟེ། རྣམ་པར་ཤེས་པ་དེ་ཉིད་ལ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་ ཅིང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་ གསུངས་སོ། །རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཤིང་། སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱེད་པས། སྦྱོར་བ་མཐར་ ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པ་ན་དེའི་ཕྱིར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་པ་ནི། དེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་བསྐྱོད་ཅིང་རྣམ་པར་ཤེས་པ་ལས་གཞན་པའི་དམིགས་པ་ཅི་དང་ཡང་ལྡན་པ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཡོངས་སུ་ཚོལ་བར་བྱེད་པ་ན་མ་རྙེད་དེ། དེས་དམིགས་པ་དེ་མ་རྙེད་པ་ན། རྣམ་ ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཏེ། དམིགས་པ་གཞན་ཅི་ཡང་མེད་དོ་ཞེས་མོས་པར་བྱེད་ཅིང་། དེ་ཅི་ཡང་མེད་པའི་འདུ་ཤེས་ཁོ་ན་ལ་མོས་པར་འགྱུར་ཏེ། དེས་འདུ་ཤེས་ལ་མོས་པ་དེ་ལན་མང་ དུ་བྱས་པའི་རྒྱུས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཏེ། སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱེས་པས། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་ མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་ནི། དེ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་བསྐྱོད་ཅིང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལ་རགས་པར་འདུ་ཤེས་ཤིང་། ཉེས་དམིགས་ སུ་འདུ་ཤེས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཟློག་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་གསུངས་སོ། །འདུ་ཤེས་མེད་ཅེས་བྱ་བ་ནི། དེ་སྔོན་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ འཇུག་པའི་ཚེ་ན་ནི་ཅི་ཡང་གི་འདུ་ཤེས་ལས་ཡང་དག་པར་འདས་ལ། ད་ལྟར་ནི་ཅི་ཡང་མེད་པའི་འདུ་ཤེས་ལས་ཡང་དག་པར་འདས་པས་ན། དེའི་ཕྱིར་འདུ་ཤེས་མེད་ཅེས་བྱ་བ་གསུངས་ཏེ། འདི་ལྟ་སྟེ། ཅི་ཡང་གི་འདུ་ཤེས་དང་། ཅི་ཡང་མེད་པའི་འདུ་ཤེས་མེད་པ་ལ་ བྱའོ། །འདུ་ཤེས་མེད་མིན་ཞེས་བྱ་བ་ནི། དེའི་འདུ་ཤེས་འདི་ལྟ་སྟེ། དཔེར་ན་འདུ་ཤེས་མེད་པའམ། འགོག་པའི་སྙོམས་པར་འཇུག་པ་དག་གི་ལྟར་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འགགས་པ་མ་ཡིན་ཏེ། འདུ་ཤེས་དེ་ཕྲ་ཞིང་དམིགས་པ་ལ་མཚན་མ་མེད་པར་འཇུག་པ་ཁོ་ ན་ཡིན་པས་ན། དེའི་ཕྱིར་འདུ་ཤེས་མེད་མིན་ཞེས་བྱ་བ་གསུངས་སོ། །སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི། དེ་དེ་ལྟར་སྐྱེ་མཆེད་དེ་ལ་མོས་པར་བྱེད་པ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཤིང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེར་བསྡོགས་དང་བཅས་པས་སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་ཡང་ དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་རྣམས་ལ་སྙོམས་པར་འཇུག་པའི་ཚེ་ན་ནི། ལུས་སའི་འོག་ཏུ་འབྱིང་བར་སྣང་བ་ལྟ་བུའི་རྟགས་འབྱུང་ངོ་། །གཟུགས་མེད་པ་དག་ལ་སྙོམས་པར་ འཇུག་པའི་ཚེ་ན་ནི། ལུས་ནམ་མཁའ་ལ་འཕར་བ་ལྟར་སྣང་བའི་རྟགས་འབྱུང་ཏེ། དེ་དག་ལ་ཞི་གནས་ཀྱི་རྣམ་པས་བཏང་སྙོམས་སུ་གཞག་ན་ཡང་དག་པའི་རབ་ཏུ་སྦྱོར་བ་ཡིན་ནོ། །དེ་ལ་སེམས་མེད་པའི་སྙོམས་པར་འཇུག་པ་ནི་རྣམ་པ་གཉིས་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ དང་། འགོག་པའི་སྙོམས་པར་འཇུག་པའོ། །དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་སོ་སོའི་སྐྱེ་བོ་ཁོ་ན་སྙོམས་པར་འཇུག་པར་བྱེད་དོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི། འཕགས་པ་ཁོ་ན་སྙོམས་པར་འཇུག་པར་མཛད་དོ། །དེ་ལ་ཡིད་ལ་བྱེད་པ་རྣམ་པ་གཉིས་ཀྱི་ནི། སྙོམས་པར་འཇུག་པ་དེ་གཉིས་ལ་སྙོམས་པར་འཇུག་པར་འགྱུར་ཏེ། འདི་ལྟ་སྟེ། འདུ་ཤེས་ལ་མི་ཕྱོགས་པའི་ཡིད་ལ་བྱེད་པས་ནི། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱེད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་བསྐྱོད་ཅིང་དམིགས་པ་ཡང་ དག་པར་འགགས་པའི་ཡིད་ལ་བྱེད་པས་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱེད་དོ། །དེ་ལ་འདུ་ཤེས་ནི་ནད་དོ། །འདུ་ཤེས་ནི་འབྲས་སོ། །འདུ་ཤེས་ནི་ཟུག་རྔུའོ། །འདི་ལྟ་སྟེ། འདུ་ཤེས་མེད་པ་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་ཞེས་བྱ་བ་ནི། འདུ་ཤེས་ལ་མི་ ཕྱོགས་པའི་ཡིད་ལ་བྱེད་པ་ཡོངས་སུ་བཟུང་ནས། འདུ་ཤེས་བྱུང་ངོ་ཅོག་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་པ་སྟེ། དེས་དེ་བསྒོམས་པའི་རྒྱུས་ན། སྦྱོར་བའི་ལམ་ལ་ནི་སེམས་དང་བཅས་པའི་གནས་སྐབས་སུ་འགྱུར་ལ། སྙོམས་པར་ཞུགས་མ་ཐག་ཏུ་ནི་ སེམས་འབྱུང་བར་མི་འགྱུར་བས། དེ་ལྟར་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་ཡིད་ལ་བྱེད་པས། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། འབྲས་བུ་ཆེ་བ་དག་གི་འདོད་ཆགས་དང་མ་བྲལ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་སུ་འགོག་པ་གང་ཡིན་པ་དེ་ནི། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་ནི་དེ་ལྟར་འཐོབ་པར་འགྱུར་རོ། །དེ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཐོབ་པའི་འཕགས་པ་མཆོག་ཏུ་ཞི་བའི་གནས་པས་གནས་པར་འདོད་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་སེམས་བསྐྱོད་པར་བྱེད་ ཅིང་། དེའི་སེམས་དེ་དེ་ལས་བསྐྱོད་པ་ན་དམིགས་པ་མི་རྙེད་དེ། མ་རྙེད་ན་འགག་ཅིང་འབྱུང་བར་མི་འགྱུར་རོ་སྙམ་ནས། དེ་ལྟར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་སློབ་པའམ་དགྲ་བཅོམ་པ་ཡང་རུང་སྟེ། གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་ པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་གང་ཡིན་པ་དེ་ནི་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་ཐོབ་པར་འགྱུར་རོ། །དེ་ལ་བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་མངོན་པར་འགྲུབ་པར་འགྱུར་ཏེ། ཇི་ལྟར་འགྲུབ་ཅེ་ན། འདི་ལྟ་སྟེ། བསམ་གཏན་པ་བསམ་གཏན་ཡོངས་སུ་དག་པ་ཐོབ་པ་དེ་བསམ་གཏན་ཡོངས་སུ་དག་པ་དེ་ལ་བརྟེན་ནས་དེས་འདི་ལྟ་སྟེ། རྫུ་འཕྲུལ་གྱི་ཡུལ་ལམ། སྔོན་གྱི་གནས་རྗེས་སུ་དྲན་པའམ། ལྷའི་རྣ་བའམ། འཆི་འཕོ་དང་སྐྱེ་བ་ཤེས་པའམ། སེམས་ཀྱི་རྣམ་གྲངས་ཤེས་པ་ལས་བརྩམས་ ཏེ། མངོན་པར་ཤེས་པའི་དབང་དུ་བྱས་པའི་ཆོས་ཐོས་པ་དང་། བཟུང་བ་དང་། ཀུན་ཆུབ་པར་བྱས་པ་གང་ཡིན་པ་དེ་ཉིད་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་པ་ན། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་ཏེ། དོན་སོ་སོ་ཡང་ དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་གྱུར་པ་དེས། དེ་ལྟ་དེ་ལྟར་སེམས་མངོན་པར་འདུས་བྱས་ཤིང་ལན་མང་དུ་བྱས་པའི་རྒྱུས་ན། དེའི་བསྒོམས་པའི་འབྲས་བུ་མངོན་པར་ཤེས་པ་ལྔ་འབྱུང་བར་འགྱུར་བའི་དུས་ཀྱང་ཡོད་སྐབས་ཀྱང་ཡོད་པར་འགྱུར་རོ། །གཞན་ཡང་དེ་ ལྟར་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་གྱུར་པ་དེ། མངོན་པར་ཤེས་པ་ཐམས་ཅད་མངོན་པར་བསྒྲུབ་པའི་ཕྱིར་འདུ་ཤེས་རྣམ་པ་བཅུ་གཉིས་སྒོམ་པར་བྱེད་དེ། འདི་ལྟ་སྟེ། ཡང་བའི་འདུ་ཤེས་དང་། འཇམ་པའི་འདུ་ཤེས་དང་། ནམ་མཁའི་ ཁམས་ཀྱི་འདུ་ཤེས་དང་། སེམས་དང་ལུས་ཕྲད་པའི་འདུ་ཤེས་དང་། མོས་པའི་འདུ་ཤེས་དང་། སྔོན་སྤྱད་པ་ཉམས་སུ་མྱོང་བའི་གོ་རིམས་རྗེས་སུ་དྲན་པའི་འདུ་ཤེས་དང་། རྣམ་པ་སྣ་ཚོགས་འདུས་པའི་སྒྲ་སྐད་ཀྱི་འདུ་ཤེས་དང་། སྣང་བའི་གཟུགས་ཀྱི་མཚན་མའི་འདུ་ཤེས་དང་། ཉོན་མོངས་པས་བྱས་པའི་གཟུགས་རྣམ་པར་འགྱུར་བའི་འདུ་ཤེས་དང་། རྣམ་པར་ཐར་པའི་འདུ་ཤེས་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་འདུ་ཤེས་དང་། ཟད་པར་གྱི་སྐྱེ་མཆེད་ཀྱི་འདུ་ཤེས་སོ། །དེ་ལ་ཡང་བའི་འདུ་ཤེས་ནི་འདུ་ཤེས་གང་གིས་བདག་ཉིད་ཀྱི་ལུས་འདི་ལྟ་སྟེ་དཔེར་ ན་ཤིང་བལ་གྱི་འདའ་བའམ། རས་བལ་གྱི་འདའ་བའམ། རླུང་གི་དཀྱིལ་འཁོར་ལྟར་ཡང་བར་མོས་པར་བྱེད་པ་སྟེ། དེ་དེ་ལྟར་མོས་པར་བྱེད་པ་ན། མོས་པ་ལས་བྱུང་བ་ཁོ་ནའི་ཡིད་ལ་བྱེད་པས་བདག་ཉིད་ཀྱི་ལུས་འདི་ལྟ་སྟེ། ཁྲིའི་སྟེང་ནས་ཁྲིའུའི་སྟེང་དུའམ། ཁྲིའུའི་སྟེང་ནས་ ཁྲིའི་སྟེང་དུའམ། དེ་བཞིན་དུ་ཁྲིའི་སྟེང་ནས་རྩྭ་བཏིང་བའི་སྟེང་དུའམ། རྩྭ་བཏིང་བའི་སྟེང་ནས་ཁྲིའི་སྟེང་དེ་དང་དེ་དག་ཏུ་འདོང་བར་བྱེད་དོ། །དེ་ལ་འཇམ་པའི་འདུ་ཤེས་ནི། འདུ་ཤེས་གང་གིས་བདག་ཉིད་ཀྱི་ལུས་འདི་ལྟ་སྟེ། དཔེར་ན། ཤིང་བལ་ལམ། སྲིན་བལ་ལམ། དར་ ལྟར་འཇམ་པར་མོས་པར་བྱེད་པ་སྟེ། དེ་ལྟར་ན་<འཛམ་‚འཇམ་>པའི་འདུ་ཤེས་འདི་ནི་ཡང་བའི་འདུ་ཤེས་གསོ་བར་བྱེད་པ་དང་། རྗེས་སུ་འཛིན་པར་བྱེད་པ་ཡིན་པས་དེས་རྗེས་སུ་ཟིན་ན་ཡང་བའི་འདུ་ཤེས་ཀྱང་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་རོ། །དེ་ལ་ནམ་མཁའི་ཁམས་ཀྱི་འདུ་ཤེས་ནི། འདུ་ཤེས་གང་གིས་བདག་ཉིད་ཀྱི་ལུས་ཡང་བ་ཉིད་དང་། འཇམ་པ་ཉིད་དུ་མོས་པར་བྱས་ནས། གལ་ཏེ་གང་དུ་འགྲོ་འདོད་པའི་བར་དེ་ན་འགྲོ་བ་ལ་བར་ཆད་བྱེད་པའི་གཟུགས་ཀྱི་རྣམ་པས་ཆོད་པ་དེ་ལ་མོས་པ་ལས་བྱུང་བ་ཁོ་ནའི་ཡིད་ལ་བྱེད་པས་ནམ་མཁར་མོས་པར་ བྱེད་པའོ། །དེ་ལ་སེམས་དང་ལུས་ཕྲད་པའི་འདུ་ཤེས་ནི། འདུ་ཤེས་གང་གིས་སེམས་ལ་ལུས་གནས་པར་གཏོད་པ་དང་། ལུས་ལ་སེམས་གནས་པར་གཏོད་པར་བྱེད་པ་སྟེ། དེས་ནི་དེའི་ལུས་ཤིན་ཏུ་ཡང་བ་དང་། ཤིན་ཏུ་འཇམ་པ་དང་། ཤིན་ཏུ་ལས་སུ་རུང་བ་དང་། ཤིན་ཏུ་འོད་ གསལ་བ་དང་། སེམས་ཀྱི་རྗེས་སུ་འགྲོ་བ་དང་། སེམས་དང་འབྲེལ་བ་དང་། སེམས་ལ་རྟེན་ཅིང་འཇུག་པར་འགྱུར་རོ། །དེ་ལ་མོས་པའི་འདུ་ཤེས་ནི། འདུ་ཤེས་གང་གིས་རྒྱང་རིང་པོ་ལ་ཐག་ཉེ་བ་དང་། ཐག་ཉེ་བ་ལ་རྒྱང་རིང་པོ་དང་། ཕྲ་མོ་ལ་རགས་པ་དང་། རགས་པ་ལ་ཕྲ་ མོ་དང་། ས་ལ་ཆུ་དང་། ཆུ་ལ་ས་དང་། དེ་བཞིན་དུ་འབྱུང་བ་ཆེན་པོ་རེ་རེ་ཡང་གཅིག་ལ་གཅིག་འཁྲུལ་པར་རྒྱ་ཆེར་མོས་པར་བྱེད་པ་དང་། དེ་བཞིན་དུ་སྤྲུལ་པ་གཟུགས་སྤྲུལ་པ་དང་། སྒྲ་སྤྲུལ་པ་དང་། སྤྲུལ་པའི་སྒྲ་ལ་མོས་པར་བྱེད་པ་སྟེ། འདུ་ཤེས་རྣམ་པ་ལྔ་པོ་དེ་དག་བསྒོམས་ཤིང་ ཡོངས་སུ་གྲུབ་པ་དག་གིས་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། སྤྲུལ་པ་ལ་མོས་པའི་འདུ་ཤེས་ཀྱིས་ནི་བདག་ཉིད་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བར་སྟོན་པར་བྱེད་དོ། །འདི་ལྟ་སྟེ། སྤྲུལ་པ་སྡུད་པ་ལ་མོས་པར་བྱེད་པའི་འདུ་ཤེས་ཀྱིས་ནི་བདག་ཉིད་ མང་པོར་བསྟེན་ནས་གཅིག་ཏུ་འགྱུར་བར་སྟོན་པར་བྱེད་དོ། །འདི་ལྟ་སྟེ། ཡང་བ་དང་། འཇམ་པ་དང་། ནམ་མཁའི་ཁམས་དང་། སེམས་དང་ལུས་ཕྲད་པའི་འདུ་ཤེས་ཀྱིས་ཡོངས་སུ་ཟིན་པར་མོས་པའི་འདུ་ཤེས་ཀྱིས་ནི། ལུས་ཀྱིས་ཐོགས་པ་མེད་པར་རྩིག་པ་ལ་ཡང་ཐད་ཀར་འགྲོ་བ་དང་། ར་བ་ལ་ཡང་ཐད་ཀར་འགྲོ་བ་དང་། རི་ལ་ཡང་ཐད་ཀར་འགྲོ་བ་དང་། ས་ལ་ཡང་འདི་ལྟ་སྟེ། དཔེར་ན་ཆུ་ལ་བྱ་བ་བཞིན་དུ་སྟེང་དུ་འབྱུང་བ་དང་། བྱེའུ་ཟུལ་བྱེད་པ་དང་། ཆུ་ལ་ཡང་འདི་ལྟ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་དུ་མི་ནུབ་པར་རྒྱུན་ཕྱོགས་སུ་འགྲོ་བ་དང་། ནམ་མཁའ་ལ་ འདི་ལྟ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་དུ་སྐྱིལ་མོ་ཀྲུང་གིས་འགྲོ་བ་དང་། ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ་འདི་གཉིས་ལ་ཡང་ལག་པས་འཛིན་ཅིང་། ཀུན་དུ་ཉུག་པར་བྱེད་པ་དང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་ དབང་སྒྱུར་བར་བྱེད་པ་དེ་དག་ཐམས་ཅད་ཅི་རིགས་པར་བྱེད་པར་རིག་པར་བྱའོ། །དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བ་ནི་རྣམ་པ་གཉིས་ཏེ། འགྲོ་བས་དབང་སྒྱུར་བར་བྱེད་པ་དང་། ཚངས་པའི་འཇིག་རྟེན་མན་ཆད་ཀྱི་འབྱུང་བ་ཆེན་པོ་བཞི་དང་། རྒྱུར་བྱས་པའི་གཟུགས་རྣམས་ པ་ཇི་ལྟར་འདོད་པ་བཞིན་དུ་མོས་པས་དབང་སྒྱུར་བར་བྱེད་པའོ། །དེ་ལ་སྔོན་སྤྱད་པ་ཉམས་སུ་མྱོང་བའི་གོ་རིམས་རྗེས་སུ་དྲན་པའི་འདུ་ཤེས་ནི། འདུ་ཤེས་གང་གིས་གཞོན་ནུའི་གནས་སྐབས་ནས་བཟུང་སྟེ། དེ་ལ་དེའི་དྲན་པས་འཇུག་ཅིང་མི་བརྗེད་པར་བྱེད་པ་དང་། གང་དུ་དེ་སོང་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། སྔོན་ཉམས་སུ་མྱོང་བའི་སྤྱོད་པ་རགས་པ་རགས་པ་གོ་རིམས་མ་འ