Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 124
Văn bản gốc(Tây Tạng)
Trang 20 / 23 (50.000 ký tự/trang)
ི་སྒོ་ནས་ཆོས་ཀྱི་ངོ་བོ་ཉིད་ ལ་ཀུན་དུ་རྟོག་པ་འཇུག་པའི་ཕྱིར། འདི་ནི་ཀུན་རྫོབ་ཉིད་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། མིང་ཙམ་དུ་རྣམ་པར་རྟོག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་ཀུན་རྫོབ་དང་དོན་དམ་པ་ལ་མཁས་པར་འགྱུར་རོ། །ད་ནི་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ ཕྱིར། ཆོས་ཀྱི་དབྱིངས་ནི་མ་རྟོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་རྒྱ་ཆེར་གསུངས་སོ། །ཆོས་ལ་དབང་མེད་པ་མ་རྟོགས་པའི་ཆོས། གཟུགས་ཅན་ནམ་གཟུགས་མེད་པ་གང་ཡང་མེད་དེ། ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའི་རང་བཞིན་ལ། གཟུང་བ་དང་ འཛིན་པའི་དངོས་པོ་དང་བྲལ་བའི་ཕྱིར་རོ། །དེ་བས་ན་ཆོས་ཀྱི་དབྱིངས་ནི། ཆོས་ཐམས་ཅད་ནི་སྤྱིའི་མཚན་ཉིད་དོ་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ལ་བྱེ་བྲག་མེད་པར་དེ་ཡོད་པའི་སྤྱིའི་མཚན་ཉིད་ཅེས་བྱའོ། །དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་སྟེ། ཀུན་རྫོབ་ཏུ་ ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ་དེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་དམིགས་པ་ལ་མཁས་པར་འགྱུར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །རང་དང་སྤྱིའི་མཚན་ཉིད་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། བརྗོད་པའི་ ངོ་བོ་ཉིད་དུ་སྒྲོ་བཏགས་པའི་གཉེན་པོར་བརྗོད་དུ་མེད་པའི་ངོ་བོ་ཉིད་ནི་དོན་དམ་པའི་མཚན་ཉིད་དོ། །ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་བདག་མེད་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། སྤྱིའི་མཚན་ཉིད་དོ། །དེ་ལྟར་མཐོང་བ་ཐ་དད་པའི་དབང་གིས་ཁྱད་པར་དུ་གྱུར་གྱི། དོན་ལས་ནི་མ་ཡིན་ནོ། །ད་ནི་ ཆོས་ཀྱི་དབྱིངས་རྣམ་པར་མ་དག་པ་དང་། རྣམ་པར་དག་པ་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ཕྱིན་ཅི་ལོག་གི་ཡིད་ལ་བྱེད། །མ་སྤངས་པ་དང་སྤངས་པ་ལས། །ཞེས་རྒྱ་ཆེར་གསུངས་སོ། །ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་མ་སྤངས་པ་ནི། ཆོས་ཀྱི་དབྱིངས་དེ་རྣམ་པར་མ་དག་པའོ། །སྤངས་ པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་དེ་ལ། ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པ་སྟེ། དེ་མ་སྤངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་མ་དག་པའོ། །སྤངས་པ་ནི་རྣམ་པར་དག་པ་སྟེ། དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་མ་དག་པ་དང་། རྣམ་ པར་དག་པ་ལ་ཕྱིན་ཅི་མ་ལོག་པ་སྟེ། གོ་རིམས་བཞིན་ནོ་ཞེས་བྱ་བ་ལ། ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་མ་སྤངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་མ་དག་པའོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་མ་དག་པ་ལ་ཕྱིན་ཅི་མ་ལོག་པའོ། །དེ་སྤངས་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་ནི་རྣམ་པར་དག་པ་ལ་ཕྱིན་ ཅི་མ་ལོག་པའོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ལ་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པར་གྱུར་པའི་ཕྱིར་རོ། །འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་སྟེ། དོན་དམ་པར་ནི་མ་ཡིན་ནོ། །ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་ལ་སྒྲིབ་པ་སྤངས་པ་དང་། མ་སྤངས་པ་རབ་ཏུ་ཤེས་སོ། །ད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། རྣམ་པར་མ་དག་པ་གློ་བུར་དུ་འབྱུང་བ་ལ་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་བཞིན། །ཞེས་རྒྱ་ཆེར་གསུངས་སོ། །ཆོས་ཀྱི་དབྱིངས་ནམ་མཁའ་ བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། རྣམ་པར་མ་དད་པ་དང་ཕྱིས་རྣམ་པར་དག་ཅེས་བྱ་བ་འདི་གཉིས་ཀྱང་གློ་བུར་ཡིན་ཞེས་བྱ་བ་དེ་ལ། ཆོས་ཀྱི་དབྱིངས་ལ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་ཉེ་བའི་ཉོན་མོངས་པས་རྣམ་པར་མ་དག་པ་ཞེས་བཤད་དོ། །ཕྱིས་གཉེན་པོ་བྱུང་ནས་དེ་ སྤངས་པས་རྣམ་པར་དག་པ་སྟེ། དེ་གཉི་ག་ཡང་ཆོས་ཀྱི་དབྱིངས་ལ་གློ་བུར་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ནམ་མཁའ་བཞིན་དུ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །རང་བཞིན་གྱིས་རྣམ་པར་དག་པ་ལ་རྣམ་པར་མ་དག་པ་ནི་གློ་བུར་ཡིན་ གྲང་ན་རྣམ་པར་དག་པ་ནི་རྟག་ཏུ་རྣམ་པར་དག་པ་ཡིན་པས་ཇི་ལྟར་གློ་བུར་དུ་འགྱུར་ཞེ་ན། དྲི་མ་དང་བྲལ་བས་རྣམ་པར་དག་པ་གང་ཡིན་པ་དེ་འདིར་བརྗོད་པས་འདོད་པས་ན་ཉེས་པ་འདི་མེད་དེ། དེ་བས་ན་འདི་སྐད་དུ་རྣམ་པར་དག་པ་ནི་ཕྱིས་རྣམ་པར་དག་ཅེས་བཤད་དོ། །དེ་ལྟར་ཤེས་པ་གང་ཡིན་པ་ དེ་ནི་ཆོས་ཀྱི་དབྱིངས་ལ་རྣམ་པར་མ་དག་པ་དང་རྣམ་པར་དག་པ་གློ་བུར་དུ་བྱུང་བ་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །འདི་ཡང་ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དུས་ན་བཅོས་མ་ མ་ཡིན་པར་རབ་ཏུ་ཤེས་སོ། །ད་ནི་མི་སྐྲག་པ་དང་མ་ཁེངས་པ་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། ཆོས་རྣམས་དང་ནི་གང་ཟག་གི། །ཀུན་ནས་ཉོན་མོངས་རྣམ་དག་མེད། །ཅེས་རྒྱ་ཆེར་གསུངས་སོ། །གང་ཟག་གིས་ཀུན་ནས་ཉོན་མོངས་པ་མེད། རྣམ་པར་དག་པ་མེད། ཆོས་ཀྱང་མེད་དེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་ཞེས་བྱ་བར་བསྙེགས་སོ། །འདིར་རྒྱུ་སྨོས་པ། འདི་ལྟར་གང་ཟག་མེད་ཅིང་ཆོས་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་ཀྱི་དུས་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མ་གཏོགས་པར་གང་ཞིག་ཡོད་ན་ནི། དེའི་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བར་ཡོངས་སུ་བརྟག་ཏུ་རུང་སྟེ། དེ་ཐ་དད་པས་འགྲིབ་པ་དང་འཕེལ་བར་ཡང་འགྱུར་ན། དེ་ལྟ་བུའི་གང་ཟག་ནི་མེད་དེ། མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །དངོས་པོ་གཅིག་ལ་དུ་མར་ཡོངས་སུ་རྟོག་པ་འཇུག་པའི་ཕྱིར་ཀུན་ བརྟགས་པའི་བདག་ཉིད་ཀྱི་ཆོས་ཀྱང་ཡོད་པ་མ་ཡིན་ཏེ། གཅིག་ནི་དུ་མའི་བདག་ཉིད་དུ་མི་རུང་ངོ་། །དེ་བས་ན་གང་ཟག་དང་ཆོས་གཉིས་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་པས་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་དོ། །དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གཞན་གྱི་ དབང་ལ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། བརྗོད་དུ་མེད་པ་དང་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་གཞན་གྱི་དབང་གི་ཡང་མ་ཡིན་པར་འདོད་ན་གོ་དེ་དག་གི་ཡིན་ཏེ། དེ་མེད་ན་ཀུན་ནས་ཉོན་མོངས་པ་སྤང་བ་དང་། རྣམ་པར་བྱང་བ་ ཐོབ་པར་བྱ་བའི་ཕྱིར་འབད་པ་དོན་མེད་པར་འགྱུར་རོ་ཞེ་ན། ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པར་འགྱུར་བས་ཉེས་པ་འདི་མེད་དེ། ཆོས་ཀྱི་དབྱིངས་དེའི་བདག་ཉིད་མ་ཡིན་པ་ཉིད་ལ་དེ་དག་རྣམ་པར་གཞག་སྟེ། ཆོས་ཀྱི་དབྱིངས་ལ་དེ་གཉི་ག་ལ་ཡང་གློ་བུར་ཡིན་ལ་ཆོས་ཀྱི་ དབྱིངས་ཀྱང་ནམ་མཁའ་བཞིན་དུ་འགྱུར་བ་མེད་པའི་ཕྱིར་རོ། །དེའི་ཕྱིར། ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་སུའི་འགྲིབ་པ་ཡང་མེད་ལ། རྣམ་པར་བྱང་བའི་ཕྱོགས་ལ་སུའི་ཁྱད་པར་དུ་འགྱུར་བ་ཡང་མེད་ན། གང་གི་ཕྱིར་སྐྲག་པའམ་ང་རྒྱལ་དུ་འགྱུར་ཏེ། འདི་ནི་སྐྲག་པ་མེད་པ་དང་ཁེངས་པ་ མེད་པ་ལ་ཕྱིན་ཅི་མ་ལོག་པའོ། །གཞན་དག་ན་རེ་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་ཡང་སུའི་འགྲིབ་པ་ཡང་མེད་ལ། རྣམ་པར་བྱང་བའི་ཕྱོགས་ལ་ཡང་སུའི་ཁྱད་པར་དུ་འགྱུར་བ་ཡང་མེད་དེ། དེ་གཉི་ག་དང་ལྡན་པ་སུ་ཡང་མེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་དག་ནི་དེ་ལྟ་མ་ཡིན་པས་དེ་ལ་ངའི་ འདི་མེད་དོ་ཞེས་སྐྲག་པར་འགྱུར་དུའང་ཅི་ཡོད། ངའི་ཁྱད་པར་ནི་འདི་ཡིན་ནོ་ཞེས་ང་རྒྱལ་དུ་འགྱུར་དུ་ཡང་ཅི་ཡོད་ཅེས་ཟེར་རོ། །གཞན་དག་ནི་འདི་སྙམ་དུ་སེམས་ཏེ། གང་ཟག་ནི་མེད་པ་ཉིད་དོ། །གང་གནས་འདི་གཉིས་མྱོང་བ་དང་འདི་གཉིས་གང་ལ་བརྟག་པའི་ཆོས་དེ་ཡང་མེད་པ་ཉིད་དོ། །ཀུན་ ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འདི་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་ཟད་དོ་སྙམ་མོ། །འདི་ཡང་ཀུན་རྫོབ་ཏུའོ་དོན་དམ་པར་ནི་མ་ཡིན་ཏེ། དེ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་འདིས་ཆོས་ཀྱི་དབྱིངས་ཟད་པ་དང་འཕེལ་བ་མེད་པའི་ཕྱིར་འགྱུར་བ་མེད་པར་རབ་ཏུ་རྟོགས་པར་ འགྱུར་རོ། །གཞན་ན་རེ་ཕྱིན་ཅི་མ་ལོག་པ་འདིས་སྒྲིབ་པ་ཐམས་ཅད་སྤངས་ཏེ། སྒྲིབ་པ་དང་བྲལ་བའི་ངེས་པར་འབྱུང་ངོ་ཞེའོ། །ཡང་ན་ཀུན་རྫོབ་ཀྱི་བདག་ཉིད་ཕྱིན་ཅི་མ་ལོག་པ་འདི་བཅུས། དོན་དམ་པའི་ཕྱིན་ཅི་མ་ལོག་པ་འདི་བསྟན་ཏེ། གཞན་དུ་ནི་བསྟན་པ་མི་འཐད་པའི་ཕྱིར་རོ། །གཞན་ན་རེ་ གང་དག་ཡི་གེ་དང་། དོན་དང་། ཡིད་ལ་བྱེད་པ་དང་། མི་འཕྲོ་བ་དང་། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། མ་དག་པ་དང་། དག་པ་དང་། གློ་བུར་དང་། མི་སྐྲག་པ་དང་། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་དེ་དག་ངོ་བོ་ཉིད་གསུམ་གྱི་དབང་དུ་ བྱས་པའོ་ཞེའོ། །དེ་ལ་ཡི་གེ་དང་དོན་ལ་ཕྱིན་ཅི་མ་ལོག་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། འབྲེལ་པ་དང་གཉིས་སུ་ལྟུང་བའི་དོན་ནི་བརྟགས་པའི་ཕྱིར་རོ། །དེ་ཁོ་ནའི་ཡུལ་མ་ཡིན་དུ་ཟིན་ཀྱང་། དེ་བཞིན་དུ་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་ཀྱི་ཕྱིར་ཏེ། དེ་གཉིས་ཕྱིན་ཅི་མ་ལོག་ པ་ཉིད་དོ། །ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། རྟོག་པ་དང་ཡིད་ལ་བྱེད་པ་གཉིས་རང་བཞིན་གྱིས་ཀུན་གཞི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། ཡོད་པ་དང་མེད་པ་ལ་གཡེང་བ་དང་བྲལ་བའི་ཕྱིར་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བསྡུས་པའི་ཕྱིར་རོ། །རང་དང་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་སྟེ། རྣམ་པར་ རྟོག་པའི་ཡུལ་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མ་དག་པ་དང་དག་པ་ལ་ཕྱིན་ཅི་མ་ལོག་པ་ནི་ཆོས་ཀྱི་དབྱིངས་ཉིད་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལའོ། །གློ་བུར་ལ་ཕྱིན་ཅི་མ་ལོག་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་སྟེ། ནམ་མཁའ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ། སེམས་ཀུན་ནས་ཉོན་ མོངས་པ་དང་རྣམ་པར་བྱང་བ་འདི་གཉིས་ནི་གློ་བུར་ཡིན་པར་རྣམ་པར་གཞག་གོ། །མི་སྐྲག་པ་དང་ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་སྟེ། དེ་ནམ་མཁའ་བཞིན་དུ་བཅོས་མ་མ་ཡིན་པའི་ཕྱིར་འབྲི་བ་དང་ཁྱད་པར་དུ་གྱུར་པ་མེད་པའི་ཕྱིར་རོ། །དེ་ལྟར་ཕྱིན་ཅི་མ་ལོག་པ་བཅུ་པོ་འདི་དག་ངོ་བོ་ ཉིད་གསུམ་དུ་རིག་པར་བྱའོ། །བཤད་མ་ཐག་པའི་ཕྱིན་ཅི་མ་ལོག་པ་བཅུ་པོ་འདི་དག་ནི་མདོ་སྡེ་ལས་གསུངས་པའི་རྡོ་རྗེའི་ཚིག་བཅུ་དག་དང་གོ་རིམས་བཞིན་དུ་སྦྱར་བར་བྱ་སྟེ། རྡོ་རྗེའི་ཚིག་བཅུ་པོ་གང་ཞེ་ན། ཡོད་པ་དང་མེད་པ་དང་། ཕྱིན་ཅི་མ་ལོག་པ་དང་། གནས་དང་། སྒྱུ་མ་ལྟ་བུ་ཉིད་དང་། རྣམ་པར་མི་རྟོག་པ་ཉིད་དང་། རང་བཞིན་གྱིས་འོད་གསལ་བ་ཉིད་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ནམ་མཁའ་ལྟ་བུ་དང་། འགྲིབ་པ་མེད་པ་དང་། ཁྱད་པར་དུ་འཕགས་པ་མེད་པའོ། །དེ་ལ་ཕྱིན་ཅི་ལོག་ཐམས་ཅད་འཇོམས་པ་དང་། དེ་དག་གིས་མི་ཆོམས་པའི་ ཕྱིར་རྡོ་རྗེ་དང་འདྲ་བས་ན་རྡོ་རྗེ་ཞེས་བྱ་བ་སྟེ། བཤད་མ་ཐག་པའི་ཕྱིན་ཅི་མ་ལོག་པའི་ཤེས་པའོ། །རྡོ་རྗེ་དེ་ནི་འདི་དག་གིས་རྟོགས་པར་བྱེད། ཁོང་དུ་ཆུད་པར་བྱེད་པས་རྡོ་རྗེའི་ཚིག་རྣམས་ཏེ། རྡོ་རྗེའི་རྣམ་པར་བཤད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྟེ་ན་ཡང་ཡི་གེ་དང་དོན་དང་ཡིད་ལ་སོགས་པ་ཉིད་ལ་ ཚིག་ཅེས་བྱ་བའི་སྒྲར་བརྗོད་དེ། དེའི་ཕྱིར་རྡོ་རྗེའི་ཚིག་རྣམས་ཏེ། དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་རྡོ་རྗེ་བཞིན་དུ་མི་ཆོམས་པའི་ཚིག་དེ་དག་ནི་རྡོ་རྗེའི་ཚིག་རྣམས་ཞེས་བྱའོ། །འདིར་ཕྱིན་ཅི་མ་ལོག་པ་རྣམས་མདོ་སྡེ་དང་སྦྱར་བར་བྱ་བའི་ཕྱིར་རྡོ་རྗེའི་ཚིག་རྣམས་བཀོད་དོ། །ཡང་ན་རྡོ་རྗེའི་ ཚིག་རྣམས་ནི་ཕྱིན་ཅི་མ་ལོག་པ་རྣམ་པ་བཅུའི་སྒོ་ནས་བཤད་པར་བསྟན་པའོ། །དེ་ལ་ཡི་གེ་རྣམས་ཀྱི་དོན་ཡོད་པ་དང་མེད་པ་ནི་ཡོད་པ་དང་མེད་པ་སྟེ། དེ་བས་ན་ཡི་གེ་རྣམས་ལ་ཕྱིན་ཅི་མ་ལོག་པ་ནི། རྡོ་རྗེའི་ཚིག་རྣམས་ཀྱི་ནང་ནས་ཡོད་པ་དང་མེད་པར་རིག་པར་བྱའོ། །གཉིས་སུ་སྣང་བ་ཀུན་བརྟགས་པ་ དེ་ནི་འདིར་དོན་ཡིན་ཏེ། དེ་ཡང་དེ་ལྟར་ཡོད་པ་མ་ཡིན་ཞེས་བྱ་བ་འདི་ནི་འདིར་ཕྱིན་ཅི་མ་ལོག་པ་སྟེ། དེ་ལྟར་དོན་ལ་ཕྱིན་ཅི་མ་ལོག་པ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ནང་ནས་ཕྱིན་ཅི་མ་ལོག་པ་དང་སྦྱར་བར་བྱའོ། །རྟོག་པའི་ཡིད་ལ་བྱེད་པ་ཉིད་འདིར་གནས་ཏེ། དེ་བས་ན་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་ པ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ནང་ནས་གནས་ཞེས་བྱ་བ་དང་སྦྱར་རོ། །སྒྱུ་མ་ལ་སོགས་པ་ལྟ་བུར་གང་སེམས་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་འདི་ནི། རྡོ་རྗེའི་ཚིག་གི་ནང་ནས་སྒྱུ་མ་ལྟ་བུ་ཉིད་དང་སྦྱར་རོ། །ཆོས་ཀྱི་དབྱིངས་ཀྱི་རང་གི་མཚན་ཉིད་ནི་རྟོག་པ་དང་བྲལ་བས་རྣམ་པར་མི་རྟོག་པ་སྟེ། དེ་བས་ན་རང་ གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ནི་རྣམ་པར་མི་རྟོག་པ་ཉིད་དུ་བལྟའོ། །ཆོས་ཀྱི་དབྱིངས་ཀྱི་སྤྱི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་བས་ན་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ནི་རང་བཞིན་གྱིས་འོད་གསལ་བར་བསྡུས་སོ། །ཆོས་ཀྱི་དབྱིངས་རྣམ་པར་མ་དག་པའི་བྱེ་བྲག་དང་། རྣམ་པར་ དག་པའི་བྱེ་བྲག་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་སྟེ། དེའི་ཕྱིར་མ་དག་པ་དང་དག་པ་ལ་ཕྱིན་ཅི་མ་ལོག་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ནང་དུ་འདུས་སོ། །ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་གཉིས་གློ་བུར་དུ་ བྱུང་བ་ལ་ཕྱིན་ཅི་མ་ལོག་པ་འདི་ཡང་ནམ་མཁའ་ལྟ་བུ་ཉིད་དང་སྦྱར་བར་བྱའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དུས་གཉིས་ན། ཆོས་ཀྱི་དབྱིངས་ཟད་པ་དང་འཕེལ་བ་མེད་པས། མི་སྐྲག་པ་དང་ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ནང་ནས། འགྲིབ་པ་ མེད་པ་དང་། ཁྱད་པར་དུ་འཕགས་པ་མེད་པ་དང་སྦྱར་རོ། །དེ་ལྟར་ཕྱིན་ཅི་མ་ལོག་པ་བཅུ་པོ་འདི་དག་ནི། རྡོ་རྗེའི་ཚིག་བཅུ་པོ་དང་གོ་རིམས་བཞིན་དུ་སྦྱར་རོ། །རྡོ་རྗེའི་ཚིག་རྣམས་ཀྱི་ལུས་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་གང་དག་གི་དབང་དུ་བྱས་ཏེ། རྡོ་རྗེའི་ཚིག་རྣམས་འཇུག་པའི་དོན་དེ་ རྣམས་དེ་དག་གི་ལུས་སོ། །དེ་དག་ཀྱང་རྣམ་པ་བཞིར་གཞག་སྟེ་ངོ་བོ་ཉིད་དང་དམིགས་པ་དང་། རྣམ་པར་མི་རྟོག་པ་ཉིད་དང་། བརྒལ་བ་དང་། ལན་ནོ། །དེ་ལ་ངོ་བོ་ཉིད་ནི་གསུམ་སྟེ་ཡོངས་སུ་གྲུབ་པ་དང་། ཀུན་བརྟགས་པ་དང་། གཞན་གྱི་དབང་ཞེས་བྱ་བ་དག་སྟེ། ཚིག་དང་པོ་ གསུམ་དང་གོ་རིམས་བཞིན་ནོ་ཞེས་བྱ་བ་དེ་ལ། དང་པོ་ནི་ཡོད་པ་དང་། མེད་པ་དང་། ཕྱིན་ཅི་མ་ལོག་པ་དང་། གནས་ཞེས་བྱ་བའོ། །དེ་ལ་ཡོངས་སུ་གྲུབ་པ་ནི་ཡོད་པ་དང་མེད་པར་བཤད་དོ། །ཀུན་བརྟགས་པ་ནི་ཕྱིན་ཅི་མ་ལོག་པར་བཤད་དོ། །གཞན་གྱི་དབང་ནི་གནས་སུ་བཤད་དོ། །ཇི་ ལྟར་ཞེ་ན། ཁ་ཅིག་ན་རེ་ཡོངས་སུ་གྲུབ་པ་ནི་ཡོད་པ་དང་མེད་པའི་ཕྱིར་ཡོད་པ་དང་མེད་པར་བསྟན་པ་ཡིན་ནོ་ཞེའོ། །ཇི་ལྟར་ཡོད་པ་དང་མེད་པའི་མཚན་ཉིད་ཀྱི་ཕྱིར་ཡོངས་སུ་གྲུབ་པ་ཞེ་ན། ཁ་ཅིག་ན་རེ་ཡོད་པ་དང་མེད་པར་བརྗོད་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ་ཡི་གེ་རྣམས་འབྲེལ་པ་དང་འདྲིས་པའི་ ཕྱིར་རྣམ་པར་བརྟགས་པའི་དོན་གྱིས་དོན་ཡོད་པ་དང་། བཟློག་ན་དོན་མེད་པར་མཐོང་བས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་བརྗོད་དུ་མེད་པར་རྟོགས་པར་འགྱུར་ཏེ། དེ་བས་ན་དེ་ཡོད་པ་དང་མེད་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བཤད་དོ་ཞེའོ། །གཞན་ན་རེ་ཐེག་པ་ཆེན་པོ་བསྟན་པའི་ཆོས་ནི་ཤིན་ཏུ་རྣམ་པར་ དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་དང་། ཕྱིན་ཅི་ལོག་གི་གཉེན་པོའི་དམིགས་པ་ཡིན་པའི་ཕྱིར། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་སྟེ། རྣམ་པར་བརྟགས་པའི་ངོ་བོ་ཉིད་ཀྱི་དོན་ཡིན་དུ་ཟིན་ཀྱང་ཀུན་བརྟགས་པ་མ་ཡིན་ཏེ། དེའི་ཕྱིར་ཡོད་པ་དང་མེད་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བཤད་དོ་ཞེའོ། ། གཞན་དག་ན་རེ་ཡོད་པ་དང་མེད་པར་ཕྱིན་ཅི་མ་ལོག་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བཤད་དོ་ཞེའོ། །ཕྱིན་ཅི་མ་ལོག་པ་ནི་ཀུན་བརྟགས་པ་སྟེ། ཡོད་པ་མ་ཡིན་ཡང་གཉིས་པོ་མེད་པའི་ངོ་བོར་སྣང་བའི་མཚན་ཉིད་དུ་གྱུར་པའི་ཕྱིར་རོ། །གནས་ནི་གཞན་གྱི་དབང་སྟེ། དེ་ནི་རྒྱུ་ཡིན་པས་ན་གནས་ཞེས་ བྱའོ། །འབྲས་བུ་ཡིན་པས་ན་གཞན་གྱི་དབང་ཞེས་བྱའོ། །ངོ་བོ་ཉིད་གསུམ་པོ་འདི་དག་ཉིད་ཤེས་པར་བྱ་བ་ཡིན་པས་དམིགས་པའོ། །རྣམ་པར་མི་རྟོག་པ་ཉིད་ཅེས་བྱ་བ་ནི་འདིར་ཚིག་རྣམ་པར་སྦྱར་བའི་བྱེ་བྲག་གིས་ན། གང་གིས་རྣམ་པར་མི་རྟོག་ཅེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སོ། །གང་ ལ་རྣམ་པར་མི་རྟོག་ཅེ་ན། རང་བཞིན་གྱིས་འོད་གསལ་བ་ལའོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཚིག་རྣམ་པར་སྦྱར་བའི་བྱེ་བྲག་ནི་འདི་ཡིན་ཏེ། འདིས་རྣམ་པར་མི་རྟོག་པས་ན་རྣམ་པར་མི་རྟོག་པ་དང་། དེ་རྣམ་པར་རྟོག་པར་བྱ་བ་མ་ཡིན་པས་ན། རྣམ་པར་མི་རྟོག་པ་སྟེ། དེའི་དངོས་པོ་ནི་རྣམ་པར་མི་རྟོག་པ་ཉིད་ དོ། །དེ་ལྟར་རྣམ་པར་མི་རྟོག་པ་ཉིད་ནི། རྡོ་རྗེའི་ཚིག་གཉིས་ཀྱིས་བརྗོད་པར་བསྟན་ཏོ། །དེ་བས་ན་འདི་ཤེས་བྱ་དང་། ཤེས་པ་རྣམ་པར་གཞག་པ་འདི་ལྟ་སྟེ། །ངོ་བོ་ཉིད་གསུམ་དང་། རྣམ་པར་མི་རྟོག་པ་ཉིད་དང་། གོ་རིམས་བཞིན་དུ་རིག་པར་བྱའོ། །དེ་ལ་ངོ་བོ་ཉིད་གསུམ་ནི་གཟུང་བ་ཡིན་པའི་ཕྱིར་ ཤེས་བྱར་རྣམ་པར་གཞག་གོ། །རྣམ་པར་མི་རྟོག་པ་ཉིད་ནི་འཛིན་པ་ཡིན་པའི་ཕྱིར་ཤེས་པར་རྣམ་པར་གཞག་གོ། །བརྒལ་བ་དང་ལན་ནི་རྡོ་རྗེའི་ཚིག་བཤད་ཟིན་པའི་ལྷག་མ་རྣམས་སོ། །འདི་ལ་རྡོ་རྗེའི་ཚིག་ཁ་ཅིག་ནི་བརྒལ་བའི་ལན་ཉིད་དེ། འདི་ལྟ་སྟེ། སྒྱུ་མ་ལྟ་བུ་ཉིད་དང་། ནམ་མཁའ་ལྟ་བུ་ ཉིད་དང་། འགྲིབ་པ་མེད་པ་ཉིད་དང་། ཁྱད་པར་དུ་འཕགས་པ་མེད་པ་ཞེས་བྱའོ། །ཁ་ཅིག་ནི་བརྒལ་བ་ཉིད་དེ། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བའོ། །དེ་བས་ན་བརྒལ་བའི་ལན་དང་བརྒལ་བ་ནི། བརྒལ་བ་དང་ལན་ཏེ་མི་མཐུན་པ་གཅིག་མ་བཅུག་པའོ། །དེ་ལ་ བརྒལ་བ་ནི་གལ་ཏེ་ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་ཀྱི་ཆོས་དེ་དག་མེད་ན། གཟུང་བ་དང་འཛིན་པ་ཉིད་དུ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཇི་ལྟར་དམིགས་པར་འགྱུར། གཟུང་བ་དང་འཛིན་པ་ཉིད་དུ་ཞེས་བྱ་བར་དགོངས་སོ། །ཇི་སྟེ་ཡོད་ན་དེ་ལྟ་ན་གོ་ ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་རུང་སྟེ། གཟུང་བ་དང་འཛིན་པའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །འདི་ནི་བརྒལ་བའོ། །དེའི་ལན་ནི་སྒྱུ་མ་ལྟ་བུ་ཉིད་ཡིན་ཏེ། དཔེར་ན་སྒྱུ་མ་བྱས་པ་ལྟ་བུ་ནི་མེད་ཀྱང་དམིགས་པ་ལྟ་བུའོ་ཞེས་བྱ་བ་སྟེ། སྒྱུ་མ་ནི་དམིགས་སུ་ཡོད་ཀྱང་དེའི་ཕྱིར་ དེ་བཞིན་དུ་ཡོད་དོ་ཞེས་བྱ་བར་ཤེས་པར་མི་ནུས་སོ། །གལ་ཏེ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་ན། ཇི་ལྟར་སྔར་ཀུན་ནས་ཉོན་མོངས་ལ་ཕྱིས་རྣམ་པར་བྱང་ཞེས་བརྒལ་ཏེ། རང་བཞིན་གྱིས་རྣམ་པར་དག་པ་ཡིན་ན། ནམ་དུ་ཡང་ཀུན་ནས་ཉོན་མོངས་པ་མི་འཐད་དོ་ཞེས་བྱ་བ་དེའི་ལན་ནི་ ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནམ་མཁའ་ལྟ་བུར་རིག་པར་བྱ་བ་ཡིན་ཏེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ལ། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཀུན་ནས་ཉོན་མོངས་སོ། །དེ་དང་བྲལ་བ་རྣམ་པར་བྱང་ངོ་ཞེས་པ་དེ་བཞིན་དུ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ ཡང་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་སོ། །དེ་དང་བྲལ་ན་རྣམ་པར་བྱང་ངོ་། །གལ་ཏེ་སངས་རྒྱས་དཔག་ཏུ་མེད་པ་བྱུང་སྟེ། སེམས་ཅན་དཔག་ཏུ་མེད་པ་དག་གི་ཀུན་ནས་ཉོན་མོངས་པ་བསལ་ཏེ། ཐོག་མ་མེད་པའི་འཁོར་བར་སངས་རྒྱས་འབྱུང་བ་རེ་རེས་ཀྱང་སེམས་ ཅན་དཔག་ཏུ་མེད་པ་དག་འཁོར་བ་དང་ཕྲལ་ཏེ། མྱ་ངན་ལས་འདས་པར་བཙུད་ན། དེའི་ཕྱིར། ཇི་ལྟར་འཁོར་བ་རྒྱུན་ཆད་པར་མི་འགྱུར་ཞིང་མྱ་ངན་ལས་འདས་པ་འཕེལ་བར་མི་འགྱུར་ཞེས་བརྒལ་བ་དེའི་ལན་ནི་འགྲིབ་པ་མེད་པ་དང་། ཁྱད་པར་དུ་འཕགས་པ་མེད་པ་ཉིད་ཡིན་ཏེ། སེམས་ཅན་གྱི་ཁམས་ དང་རྣམ་པར་བྱང་བའི་ཕྱོགས་དཔག་ཏུ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཚད་དང་ལྡན་པའི་དངས་པོ་ནི་འགྲིབ་པའམ་རྒྱུན་ཆད་པར་སྔོན་གྱི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་དེ་ལ་ནི། འགྲིབ་པར་ཡང་མི་མངོན་ན་རྒྱུན་ཆད་པར་ལྟ་ག་ལ་མངོན་ཏེ་ནམ་མཁའ་བཞིན་ནོ། །རྣམ་པར་བྱང་བ་ཡང་དཔག་ཏུ་ མེད་པའི་ཕྱིར་ཁྱད་པར་ཉིད་ཀྱང་མེད་ན། དེ་འཕེལ་བར་ཇི་ལྟར་འགྱུར་ཏེ། ནམ་མཁའ་སྒྲིབ་པ་དང་བྲལ་བ་དང་སྒྲིབ་པ་འབྱུང་བ་བཞིན་ནོ། །ལུས་རྣམ་པར་གཞག་པ་གཉིས་ནི་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་རྣམས་ཀྱི་ཞེས་བྱ་བར་སྦྱར་རོ། །གང་ལ་གང་ཞིག་གང་ལས་འཁྲུལ། །མ་འཁྲུལ་གང་ཞིག་གང་ ལ་དང་། །འཁྲུལ་དང་མ་འཁྲུལ་འབྲས་བུ་ཉིད། །དེ་ཉིད་ཀྱི་ནི་ཐ་མའོ། །ཞེས་བྱ་བ་ནི་རྡོ་རྗེའི་ཚིག་རྣམས་ཀྱིས་འཁྲུལ་པའི་ཡུལ་དང་། འཁྲུལ་པའི་རང་གི་ངོ་བོ་ཉིད་དང་། འཁྲུལ་པའི་རྒྱུ་དང་། འཁྲུལ་པའི་འབྲས་བུ་དང་། འཁྲུལ་པའི་འབྲས་བུ་མཐར་ཕྱིན་པ་བསྟན་ཏོ། །དེ་བཞིན་དུ་ མ་འཁྲུལ་པའི་རང་གི་ངོ་བོ་དང་། མ་འཁྲུལ་བའི་ཡུལ་དང་། མ་འཁྲུལ་པའི་འབྲས་བུ་དང་། དེའི་མཐར་ཕྱིན་པ་ཡང་བསྟན་ཏོ། །དེ་ལ་གང་ལ་འཁྲུལ་ཞེས་བྱ་བ་ནི། ཡོད་པ་དང་མེད་པ་ལ་སྟེ། ཡི་གེ་རྣམས་ཀྱི་དོན་ཡོད་པ་དང་མེད་པའི་མཚན་ཉིད་ལ་རྗོད་པ་དང་བརྗོད་པར་བྱ་བ་དང་། དེའི་འབྲེལ་ པ་ནི་དངོས་པོའི་ངོ་བོར་ཀུན་བརྟགས་པའི་ཕྱིར་རོ། །གང་ཞིག་འཁྲུལ་ཅེས་བྱ་བ་ལ། །ཕྱིན་ཅི་ལོག་ནི་འཁྲུལ་པ་སྟེ། །བདག་ཉིད་ལ་ཡོད་པ་མ་ཡིན་པར། གཉིས་ཀྱི་རྣམ་པར་སྣང་བའི་ཕྱིར་རོ། །གང་ལས་འཁྲུལ་ཞེས་བྱ་བ་ནི། གནས་ལས་འཁྲུལ་པ་སྟེ། གནས་ནི་རྟོག་པས་ཡོངས་སུ་ བསྒོས་པའི་ཡིད་ལ་བྱེད་པ་ཀུན་གཞི་རྣམ་པར་ཤེས་པའི་བདག་ཉིད་དོ། །མ་འཁྲུལ་གང་ཞིག་ཅེས་བྱ་བ་ནི། སྒྱུ་མ་ལ་སོགས་པ་ལྟ་བུར་དོན་གྱི་ཡོད་པ་དང་མེད་པར་མི་འཕྲོ་བ་ནི་མ་འཁྲུལ་པའོ། །དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཞེན་པ་འཁྲུལ་པའི་གཉེན་པོ་ཡང་མ་འཁྲུལ་པ་སྟེ། དེ་ནི་སྒྱུ་ མ་ལྟ་བུ་ཉིད་དང་། རྣམ་པར་མི་རྟོག་པ་ཉིད་དུ་གོ་རིམས་བཞིན་དུ་བསྟན་ཏོ། །གང་ལ་ཞེས་བྱ་བ་ནི་གང་ལ་དེ་སེམས་མ་འཁྲུལ་བའོ། །དེ་ཡང་རང་བཞིན་གྱིས་འོད་གསལ་བ་ཉིད་ལ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མཚན་ཉིད་ལའོ། །འཁྲུལ་དང་མ་འཁྲུལ་འབྲས་བུ་ཉིད། །ཅེས་བྱ་བ་དེ་ལ། འཁྲུལ་བའི་འབྲས་བུ་ནི་ཀུན་ནས་ཉོན་མོངས་པ་སྟེ། འཁྲུལ་པའི་རྒྱུ་མཐུན་པའི་ཞེས་བྱ་བའི་ཚིག་གི་ལྷག་མའོ། །མ་འཁྲུལ་བའི་རྒྱུ་མཐུན་པའི་མ་འཁྲུལ་བ་ནི། མ་འཁྲུལ་པའི་འབྲས་བུའི་ཕྱིར་མ་འཁྲུལ་བའི་འབྲས་བུ་ནི་རྣམ་པར་བྱང་བ་སྟེ། མཚུངས་པར་ལྡན་པ་དང་བཅས་པའི་ཞེས་བྱ་བའི་ཚིག་གི་ ལྷག་མའོ། །ཉིད་ཅེས་བྱ་བ་བརྗོད་པས་དེའི་འབྲས་བུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བ་འདིས་བཤད་དེ། ནམ་མཁའ་ལྟ་བུ་ཉིད་ཅེས་བྱ་བས་ནི་ཆོས་ཀྱི་དབྱིངས་གང་གིས་འཁྲུལ་པ་དང་། མ་འཁྲུལ་པའི་འབྲས་བུ་དེ་དག་ཀུན་ནས་ཉོན་ མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་ཡིན་གྱི། དེ་དེའི་རང་བཞིན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་གཉིས་ནི་མཐའ་མའོ་ཞེས་བྱ་བ་ནི། ཁ་ཅིག་ན་རེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་ཀྱི་མཐའ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཡང་འགྲིབ་པ་མེད་པ་ དང་ལྷག་པ་མེད་པས་མཐར་ཐུག་པ་མེད་པའི་ཕྱིར་བཤད་དོ་ཞེའོ། །གཞན་དག་ན་རེ་འཁོར་བ་དཔག་ཏུ་མེད་པའི་ཕྱིར། འབྲི་བ་མེད་པས་འགྲིབ་པ་མེད་པ་དང་ལྡན་པས་ནི་ཀུན་ནས་ཉོན་མོངས་པའི་མཐའ་མའོ། །མྱ་ངན་ལས་འདས་པ་དཔག་ཏུ་མེད་པས་འཕེལ་བ་མེད་པའི་ཕྱིར། ཁྱད་པར་དུ་ འཕགས་པ་མེད་པ་དང་ལྡན་པ་ནི་རྣམ་པར་བྱང་བའི་ཐ་ཚིག་གོ་ཞེས་ཟེར་རོ། །རྡོ་རྗེའི་ཚིག་བཅུ་པོ་འདི་དག་ནི་ཕྱིན་ཅི་མ་ལོག་པའི་ཞར་ལ་བཤད་ཀྱི་མདོར་བྱས་པ་ལས་ནི་མི་འབྱུང་ངོ་། །དེ་བས་ན། ཡོད་མེད་ཕྱིན་ཅི་མ་ལོག་དང་། །གནས་དང་སྒྱུ་མ་ལྟ་བུ་ཉིད། །མི་རྟོག་པ་དང་རང་བཞིན་གྱིས། །རྟག་ པར་འོད་གསལ་ཉིད་དང་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་དང་། །དེ་བཞིན་ནམ་མཁའ་ལྟ་བུ་ཉིད། །འགྲིབ་དང་མེད་པ་ལྷག་མེད་པ། །རྡོ་རྗེའི་ཚིག་ནི་བཅུ་ཞེས་བྱའོ། །ཞེས་བྱ་བ་བར་གྱི་ཚིགས་སུ་བཅད་པ་གཉིས་ཀྱིས་སྡུད་དོ། །འདི་ལ་ཡོངས་སུ་གྲུབ་པའི་སྒྲ་དང་དོན་འབྲེལ་པར་ལྟ་བའི་ཕྱིན་ཅི་ ལོག་དང་། དོན་རྣམས་ཇི་ལྟ་བུར་སྣང་བ་དེ་ལྟ་བུར་ངོ་བོ་ཉིད་དུ་ཡོད་པར་མཐོང་བའི་ཕྱིན་ཅི་ལོག་དང་། དོན་དེ་འབྱུང་བའི་རྒྱུ་ལ་ཕྱིན་ཅི་ལོག་དང་། དོན་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་ལྟ་བའི་ཕྱིན་ཅི་ལོག་དང་། མིང་ཇི་ལྟ་བ་བཞིན་དུ་དོན་གྱི་ངོ་བོ་ཉིད་དུ་ལྟ་བའི་ཕྱིན་ཅི་ལོག་དང་། དངོས་པོ་རྣམས་ ཀྱི་རང་དང་སྤྱིའི་མཚན་ཉིད་ལ་དངོས་པོ་ཉིད་དུ་ཕྱིན་ཅི་ལོག་དང་། བཀྲ་ཤིས་པ་དང་བཀྲ་ཤིས་པ་མ་ཡིན་པ་ཀུན་དུ་སྤྱོད་པས་ལས་རྣམ་པར་དག་པ་དང་རྣམ་པར་མ་དག་པར་ལྟ་བའི་ཕྱིན་ཅི་ལོག་དང་། གཅིག་ཁོ་ན་ལ་རྣམ་པར་མ་དག་པ་དང་། རྣམ་པར་དག་པར་ལྟ་བའི་ཕྱིན་ཅི་ལོག་དང་། ཀུན་ནས་ཉོན་ མོངས་པ་དང་རྣམ་པར་བྱང་བ་སྤང་བ་དང་། འཐོབ་པ་དང་འགྲིབ་པ་དང་ཁྱད་པར་དུ་ལྟ་བས་སྐྲག་པ་དང་བརྒྱལ་བ་འབྱུང་བའི་ཕྱིན་ཅི་ལོག་སྟེ། འདི་དག་ནི་ཕྱིན་ཅི་ལོག་བཅུའོ། །བྱང་ཆུབ་སེམས་དཔའ་ལ་དེ་དག་མེད་པས། ཇི་སྐད་བཤད་པའི་དོན་རྣམས་ལ་ཕྱིན་ཅི་མ་ལོག་པར་གནས་པ་ནི་ལྷག་མཐོང་ བསྒོམ་པ་ཡིན་པར་རིག་པར་བྱའོ། །རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བཤད་ཟིན་ཏོ། །རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་འོག་ཏུ་མཐའ་གཉིས་སྤང་བ་སྒྲུབ་པ་བརྗོད་པར་བྱ་སྟེ། དེའི་ཕྱིར། མཐའ་གཉིས་སྤང་བ་སྒྲུབ་པ་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར་གང་དཀོན་མཆོག་བརྩེགས་པ་ ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་ཡང་དག་པར་སྒྲུབ་པའི་ངོ་བོ་ཉིད་བསྟན་པའི་ཕྱིར། དབུ་མའི་ལམ་བཤད་དོ་ཞེས་བྱ་བ་སྨོས་སོ། །འོད་སྲུངས་འདི་ལྟ་སྟེ། དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔས་ཚུལ་བཞིན་དུ་རབ་ཏུ་ཆོས་ལ་སྦྱར་བར་ བྱའོ། །ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་གང་ཞེ་ན་འདི་ལྟ་སྟེ། ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་སྟེ། གང་བདག་མེད་པར་རྟོག་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། སྐྱེས་བུ་མེད་པ་དང་། གང་ཟག་མེད་པ་དང་། ཤེད་ལས་སྐྱེས་མེད་པ་དང་། ཤེད་བུ་མེད་པར་སོ་སོར་རྟོག་པ་འདི་ནི། འོད་སྲུངས་དབུ་མའི་ལམ་མོ་ཞེས་བྱ་བ་ནས། མར་མེའི་དཔེ་གཉིས་པ་ལ་ཐུག་གི་བར་དུ་རྒྱ་ཆེར་འབྱུང་ངོ་། །མཐའ་གང་སྤངས་པས་དེ་རིག་པར་བྱ་ཞེ་ན་ཞེས་བྱ་བ་ནི་མཐའ་གང་སྤངས་པས་དབུ་མའི་ལམ་ཤེས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར། ཐ་དད་པ་དང་གཅིག་མཐའ་དང་། །མུ་སྟེགས་ཉན་ཐོས་གཉིས་ཀ་དང་། །ཞེས་རྒྱ་ཆེར་གསུངས་སོ། །བཅོ་ལྔ་པོ་འདི་དག་ནི་མཐའ་གཉིས་དབྱེ་བ་སྟེ། འདི་དག་སྤངས་པས་དེ་རིག་པར་བྱའོ། །འདིར་ཐ་དད་པ་ལ་སོགས་པར་ལྟ་བའི་མཐའ་ནི་ཕྱོགས་རེ་རེ་ལ་མངོན་པར་ཞེན་པའི་ཕྱིར་འབྲས་བུ་ལ་རྒྱུ་ གདགས་པར་བྱས་པའོ། །དེ་ལ་གཟུགས་ལ་སོགས་པ་དང་བདག་ཐ་དད་ཅེས་བྱ་བ་ཡང་མཐའོ། །གཅིག་ཅེས་བྱ་བ་ཡང་མཐའོ་ཞེས་བྱ་བ་དེ་ལ། གཟུགས་ལ་སོགས་པ་ཕུང་པོ་རྣམས་དང་། སྐྱེ་མཆེད་རྣམས་དང་ཁམས་རྣམས་ནི་བདག་རྟག་པའི་སྤྱད་པར་བྱ་བའི་འོས་སུ་རྟོག་པ་གང་ཡིན་པ་དེ་ དག་ནི་གཟུགས་ལ་སོགས་པ་དང་བདག་ཐ་དད་དོ་སྙམ་པའི་མཐའོ། །ནང་གི་འདུ་བྱེད་གཟུགས་ལ་སོགས་པ་ལ་བདག་ཏུ་འདུ་ཤེས་ནས་གང་མཐོང་བ་དང་། ཐོས་པ་དང་། ཤེས་པ་དེ་ནི་བདག་ཡིན་ལ། ཕྱིའི་རྣམས་ནི་བདག་གི་བ་ཡིན་པར་རྟོག་པ་གང་ཡིན་པ་དེ་ནི་ གཟུགས་ལ་སོགས་པ་དང་བདག་གཅིག་གོ་ཞེས་བྱ་བའི་མཐའ་སྟེ། གང་མདོ་སྡེ་ལས་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་པ་དང་སྲོག་དེ་ལུས་དེ་ཡིན་ཞེས་བྱ་བར་ལྟ་བ་ཉིད་འདིར་མཐའ་ཞེས་བྱ་བའི་སྒྲར་བསྟན་ཏོ། །དེ་ཡོངས་སུ་སྤང་བའི་ཕྱིར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དང་བདག་དེ་ཉིད་དང་ གཞན་གྱི་མཐའ་ཡོངས་སུ་སྤང་བའི་ཕྱིར་རོ། །དབུ་མའི་ལམ་གང་ཆོས་ཙམ་ཞིག་ཡུལ་དུ་གྱུར་པའི་ཡེ་ཤེས་སོ། །དེ་ཉིད་བསྟན་པའི་ཕྱིར་གང་བདག་མེད་པར་སོ་སོར་རྟོག་པ་ནས་ཤེད་བུ་མེད་པར་སོ་སོར་རྟོག་པའི་བར་དུའོ་ཞེས་བྱ་བ་སྨོས་སོ། །ཆོས་ཙམ་དུ་མཐོང་བས་ནི་བདག་མོ་གཤམ་གྱི་བུ་བཞིན་ དུ་མེད་པར་ཁོང་དུ་ཆུད་ནས་བདག་མེད་པར་སོ་སོར་རྟོག་སྟེ། རྗེས་སུ་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་གཟུགས་ལ་སོགས་པ་དེ་ཉིད་དམ་གཞན་དུ་འཛིན་པར་ལྟ་ག་ལ་འགྱུར། བདག་ཅེས་བྱ་བའི་སྒྲ་ཉིད་ཀྱིས་དེའི་དོན་ཁོང་དུ་ཆུད་པར་འགྱུར་ན། ཅིའི་ཕྱིར་སེམས་ཅན་ལ་སོགས་པ་རྣམ་ གྲངས་ཀྱི་བྱེ་བྲག་སྨོས་ཤེ་ན། ཐམས་ཅད་ཀྱིས་རྣམ་གྲངས་ཐམས་ཅད་ཁོང་དུ་ཆུད་པར་མི་འགྱུར་ཏེ། དེའི་ཕྱིར་ཐམས་ཅད་ཀྱིས་དེའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྣམ་གྲངས་གཞན་བཤད་དོ། །ཡང་ན་དེའི་དུས་སུ་གཡེངས་པ་རྣམས་ལ་རྣམ་གྲངས་གཞན་གྱིས་དེའི་དོན་རྟོགས་པར་བྱ་བའི་ཕྱིར་ཏེ། བརྗོད་ པར་བྱ་བ་དེ་ཉིད་བརྗོད་ན་ནི་གཞན་དག་གིས་བརྙས་པར་འགྱུར་བའི་ཕྱིར་རོ། །གཟུགས་ལ་སོགས་པ་རྟག་གོ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་མཐའ་སྟེ། དེ་དག་ནི་རྟག་པར་ཕྱིན་ཅི་ལོག་གིས་ནོན་པའི་ཕྱིར་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ལ་དངོས་པོ་ཁོ་ནར་མངོན་པར་ཞེན་ནས་རྟག་པ་ཉིད་དུ་རྟོག་གོ། །མི་ རྟག་གོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་མཐའ་སྟེ། དེ་དག་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་ལ་དངོས་པོའི་ངོ་བོར་མི་རྟག་པ་ཉིད་དུ་སྒྲོ་འདོགས་པའི་ཕྱིར་མཐའ་ཉིད་དེ། ཤིན་ཏུ་འཁོར་བ་ལས་སྐྱོ་བར་བྱེད་པ་དང་མྱ་ངན་ལས་འདས་པའི་མཐར་ལྟུང་བར་བྱེད་པས་མི་རྟག་པར་ལྟ་བའི་མཐའོ། ། དེ་གཉི་ག་ཡོངས་སུ་སྤང་བའི་ཕྱིར་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པར་ལྟ་བ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་གཟུགས་ལ་སོགས་པ་ལ་རྟག་པར་ཡང་མི་རྟོག །མི་རྟག་པར་ཡང་མི་རྟོག་པའོ། །དེ་ཡང་གང་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། གང་གཟུགས་ལ་སོགས་པ་ལ་ གཟུགས་ལ་སོགས་པ་ཉིད་དུ་རྟག་པའམ། མི་རྟག་པར་མི་རྟོག་པའོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་ཁམས་རྣམས་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་མཆེད་རྣམས་བསྡུའོ། །བདག་ཡོད་ཅེས་བྱ་བའི་སྒྲས་ནི་གང་ཟག་ཏུ་སྒྲོ་འདོགས་པའི་མཐའོ་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་། ཐ་དད་པའམ། ཐ་དད་པ་མ་ཡིན་པའང་རུང་སྟེ། བདག་མོ་གཤམ་གྱི་བུ་ བཞིན་དུ་རྫས་མེད་པར་མཐོང་ཡང་། གང་ཟག་ལ་བདག་ཏུ་དངོས་པོའི་ངོ་བོར་སྒྲོ་འདོགས་པའི་ཕྱིར་མཐའོ། །བདག་མེད་ཅེས་བྱ་བ་ནི་སྐུར་པ་འདེབས་པའི་མཐའ་སྟེ་ཞེས་བྱ་བ་ནི་ཡོད་པ་ལ་མེད་པར་ཡོངས་སུ་རྟོག་པ་ནི་སྐུར་པ་འདེབས་པ་ཞེས་བྱ་ན། བདག་ནི་མེད་པས་ཇི་ལྟར་བདག་མེད་ཅེས་བྱ་བ་ལ་སྐུར་པ་ འདེབས་པའི་མཐར་འགྱུར་ཞེ་ན། དེའི་ཕྱིར། བཏགས་པའི་ཡོད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བདག་མེད་པར་སྐུར་པ་འདེབས་པའི་མཐའ་ཞེས་བྱ་བ་དང་སྦྱར་རོ། །དེ་ཡང་ཆོས་རྣམས་ཀྱི་རྒྱུན་ཏེ། གང་ལ་རྒྱུ་དང་འབྲས་བུ་འབྲེལ་པར་མངོན་པའོ། །ཡང་ན་སྤྱིར་གང་དུ་ལྷ་དང་མིར་ གདགས་པའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ་ཞེས་བྱ་བ་ནི་བདག་ཡོད་པ་དང་མེད་པར་ལྟ་བ་ཡོངས་སུ་སྤང་བའི་ཕྱིར་རོ། །ད་ནི་དབུ་མའི་ལམ་གང་ཡིན་པ་བརྟག་པར་བྱ་བའི་ཕྱིར། གང་བདག་དང་བདག་མེད་པ་དེ་གཉིས་ཀྱི་དབུས་ཞེས་བྱ་བ་སྨོས་སོ། །དེའི་དབུས་ཅི་ཞིག་ཅེ་ན། རྣམ་པར་མི་ རྟོག་པའི་ཡེ་ཤེས་སོ། །གཟུང་བའི་དོན་ལ་རྣམ་པར་རྟོག་པ་མཐའ་ཉིད་དུ་བསྟན་ནས། འཛིན་པའི་དོན་ལ་རྣམ་པར་རྟོག་པ་མཐའ་ཉིད་དུ་བསྟན་པའི་ཕྱིར། སེམས་ཡང་དག་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་གང་ཟག་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་བསྟན་ནས། ཆོས་ ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་བསྟན་པའི་ཕྱིར། སེམས་ཡང་དག་པའོ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་ཇི་ལྟར་སྣང་བ་དང་ཇི་ལྟར་བརྗོད་པ་དེ་བཞིན་དུ་ཡང་དག་པར་ཡོད་དོ་ཞེས་བྱ་བ་འདི་ནི། ཆོས་ལ་སྒྲོ་འདོགས་པའི་མཐའ་སྟེ་སེམས་ཀྱི་ ངོ་བོ་ཉིད་ཡང་དག་པ་མ་ཡིན་པ་ལ་ཡང་དག་པ་ཉིད་དུ་སྒྲོ་འདོགས་པའི་ཕྱིར་རོ། །སེམས་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐུར་པ་འདེབས་པའི་མཐའོ། །དེ་ནི་གཟུང་བ་དང་། འཛིན་པ་དང་བྲལ་བའི་བདག་ཉིད་བརྗོད་དུ་མེད་པར་ཡོད་ཀྱང་མེད་པར་མཐོང་སྟེ། ཆོས་ཀྱི་ངོ་བོ་ཉིད་ལ་རྣམ་པ་ཐམས་ཅད་དུ་སྐུར་པ་འདེབས་ པས་ན་སྐུར་པ་འདེབས་པའི་མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དང་བྲལ་བ་ལ་ཆོས་བདག་མེད་པར་རྟོགས་པར་བྱ་བའི་ཕྱིར། དབུ་མའི་ལམ་སྟེ། དེ་ནི་གང་ལ་སེམས་མེད་པ་དང་། ཡིད་མེད་པ་དང་། རྣམ་པར་ཤེས་པ་མེད་པ་ཞེས་བྱ་བ་ནི་མངོན་པར་ ཞེན་པ་འབྱུང་བ་མེད་དོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཡང་ན་ཡུལ་གང་ལ་ཟག་པ་དང་བཅས་པའི་བག་ཆགས་བསགས་པའི་བདག་ཉིད་ཀྱི་སེམས་མི་འཇུག་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཀྱི་སེམས་པ་མེད་པ་དང་། རློམ་སེམས་ཀྱི་རྣམ་པའི་ཡིད་མེད་པ་དང་རྣམ་པར་རྟོག་པའི་རྣམ་ པར་ཤེས་པ་མེད་པ་འདི་ནི་དབུ་མའི་ལམ་ཞེས་བྱའོ། །དེ་ལ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་བསགས་པའི་ཕྱིར་རོ། །སེམས་པ་ནི་ཡིད་ཀྱི་ལས་ཏེ། དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་ བྱེད་པའི་ལས་ཅན་ནོ། །ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ། །མི་དགེ་བ་ལ་སོགས་པའི་ཆོས་རྣམས་ནི། ཀུན་ནས་ཉོན་མོངས་པའོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་མཐའོ། །དགེ་བ་ལ་སོགས་པ་ནི་རྣམ་པར་བྱུང་བའོ་ཞེས་བྱ་བ་ནི་ གཉེན་པོའི་མཐའོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། ཁ་ན་མ་ཐོ་བ་དང་བཅས་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་ལ་སོགས་པ་བསྟན་པར་འགྱུར་རོ། །དེ་ལ་དགེ་བ་དང་མི་དགེ་བའི་ཆོས་ཇི་ ལྟར་སྣང་བ་དང་བརྗོད་པ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་ལྟ་བ་ནི། མི་མཐུན་པའི་ཕྱོགས་ཀྱི་མཐའ་དང་། གཉེན་པོའི་མཐའོ། །དེ་ལ་མི་དགེ་བ་ནི་མི་བདེ་བའི་དོན་ཏོ། །ཁ་ན་མ་ཐོ་བ་དང་བཅས་པ་ནི་ཉེས་པར་སྤྱོད་པ་ཀུན་ནས་སློང་བའི་ཕྱིར་རོ། །འཇིག་རྟེན་པ་ནི་ཕྱིན་ཅི་ལོག་གི་ཕྱིར་རོ། ། ཟག་པ་དང་བཅས་པ་ནི་ཟག་པ་རྒྱས་པར་འགྱུར་བའི་ཕྱིར་རོ། །འདུས་བྱས་ནི་རྐྱེན་རྣམས་ཀྱིས་བསྐྱེད་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་དགེ་བ་ལ་སོགས་པར་རིག་པར་བྱའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ་ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་དང་གཉེན་པོ་ནི་དེ་ཞེས་བྱ་བའི་སྒྲ་དང་སྦྱར་རོ། ། དབུ་མའི་ལམ་མི་ཤེས་ནས། དེའི་ཕྱིར། གང་མཐའ་དེ་གཉིས་ཁས་མི་ལེན་ཅིང་མི་བརྗོད་མི་སྨྲའོ་ཞེས་བྱ་བ་སྨོས་སོ། །དེ་ཁས་མི་ལེན་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་མངོན་པར་ཞེན་པ་མེད་པའོ། །མི་བརྗོད་པ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་མཐའ་དེ་ལ་གཞན་དག་ཡང་དག་པར་ འཛིན་དུ་མི་འཇུག་པའི་ཕྱིར་རོ། །མི་སྨྲ་བ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་གཉིས་མི་བརྗོད་པའི་ཕྱིར་རོ། །མུ་སྟེགས་ཅན་དང་ཉན་ཐོས་ཀྱི་མཐའི་གཉེན་པོར་དབུ་མའི་ལམ་བསྟན་ནས། བྱང་ཆུབ་སེམས་དཔའི་མཐའི་གཉེན་པོར་དབུ་མའི་ལམ་བསྟན་པའི་ཕྱིར། གང་ཟག་དང་ཆོས་དེ་གཉིས་ཡོད་དོ་ ཞེས་བྱ་བ་ནི་རྟག་པའི་མཐའོ། །མེད་དོ་ཞེས་བྱ་བ་ནི་ཆད་པའི་མཐའོ་ཞེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་ལ་རྟག་པར་སྒྲོ་འདོགས་པའི་ཕྱིར། ཡོད་དོ་ཞེས་བྱ་བ་ནི་རྟག་པའི་མཐའོ། །རང་གི་ངོ་བོ་ལ་རྣམ་པ་ཐམས་ཅད་དུ་སྐུར་པ་འདེབས་པའི་ཕྱིར་མེད་དོ་ཞེས་བྱ་བ་ནི་ཆད་པའི་མཐའོ། །དེ་ཡོངས་ སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པའོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་མཐའ་གཉི་ག་དང་བྲལ་བ་ནི་འདིར་དབུ་མར་འདོད་དོ་ཞེའོ། །གཞན་དག་ན་རེ་འདི་གཉི་གའི་མཚན་ཉིད་ནི་འདིར་མཐའ་གཉིས་ཀྱི་དབུས་སོ་ཞེའོ། །ཇི་ལྟ་ཞེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལྟ་ བུའམ། ཆོས་ཀྱི་དབྱིངས་ལྟ་བུར་ཤེས་བྱ་དང་བརྗོད་པར་བྱ་བའི་དངོས་པོ་རྫས་ཉིད་དང་དོན་དམ་པར་ཡོད་དོ་ཞེས་མངོན་པར་ཞེན་པ་དེ་ནི་རྟག་པའི་མཐའ་སྟེ། དེ་ནི་དེ་བཞིན་དུ་མེད་པའི་ཕྱིར་རོ། །དེ་ལྟར་རི་བོང་གི་རྭ་བཞིན་དུ་མེད་པ་ཉིད་དུ་ལྟ་བ་ནི་ཆད་པའི་མཐའ་སྟེ། ཅིའི་ཕྱིར་ཞེ་ན། དེ་རྟག་པར་ཡོད་པའི་ཕྱིར་ རོ། །དེ་བས་ན་དེ་བསྩལ་བར་བྱ་བའི་ཕྱིར་ཆད་པའི་མཐའ་ཞེས་བྱའོ། །དེའི་ཕྱིར་ཡོད་པ་ཉིད་དང་མེད་པ་ཉིད་ཀྱི་དབུས་རྫས་ཉིད་དང་དོན་དམ་པར་མེད་པ་ལ་བཏགས་པར་ཡོད་དོ་ཞེས་བྱ་བ་ནི་གཉི་གའི་མཚན་ཉིད་ཡིན་ནོ། །དེ་མི་མཐུན་པའི་ཕྱོགས་དང་གཉེན་པོ་ལ་སྒྲོ་འདོགས་པའི་ མཐའི་དབང་དུ་མཛད་དེ་མ་རིག་པ་ལ་གཟུང་བའོ། །འཛིན་པའོ་ཞེས་བྱ་བ་ནི་མཐའ་སྟེ། དེ་བཞིན་དུ་མ་རིག་པ་དང་། འདུ་བྱེད་རྣམས་དང་། དེའི་གཉེན་པོ་འདུས་མ་བྱས་ལ་གཟུང་བའོ། །འཛིན་པའོ་ཞེས་པ་ཡང་མཐའ་སྟེ། འདིར་རྒ་ཤིའི་བར་ལ་ཞེས་བྱ་བའི་མཐའ་སྨོས་པ་ནི་རྣམ་པར་ཤེས་པ་དང་། མིང་ དང་གཟུགས་ལ་སོགས་པ་ཡང་བསྡུའོ། །རྣམ་པར་ཤེས་པ་ལ་གཟུང་བའོ་འཛིན་པའོ་ཞེས་བྱ་བ་ཡང་མཐའོ། །དེ་བཞིན་དུ་མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ལ་གཟུང་བའོ་འཛིན་ པའོ་ཞེས་བྱ་བ་ཡང་མཐའོ། །དེ་ལ་མ་རིག་པ་ནི་བདེན་པ་དང་དཀོན་མཆོག་མི་ཤེས་པའི་བདག་ཉིད་དོ། །འདུ་བྱེད་རྣམས་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ངོ་བོ་ཉིད་དེ། ཟག་པ་དང་བཅས་པའི་སེམས་པས་ཡང་སྲིད་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ། ། དེ་བཞིན་དུ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་བཤད་པའི་ཚུལ་དུ་རྣམ་པར་ཤེས་པ་ལ་སོགས་པ་ཡང་རྒྱ་ཆེར་བརྗོད་པར་བྱའོ། །རིག་པ་ནི་ཟག་པ་མེད་པའི་ཡེ་ཤེས་སོ། །འདུ་བྱེད་རྣམས་ཀྱི་གཉེན་པོ་ནི་འདུས་མ་བྱས་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་འདུས་མ་བྱས་གཞན་ལས་དབྱེ་བའི་ཕྱིར་ གཉེན་པོ་ཞེས་བྱ་བ་སྨོས་སོ། །གཞན་དག་ནི་མི་སྐྱེ་བ་ཅན་ཡིན་པས་ན། འདུས་མ་བྱས་རྣམ་པ་བརྒྱད་ཅར་ཡང་འདིར་འདོད་དོ། །གཉེན་པོ་ནི་ཟག་པ་མེད་པའི་སེམས་པ་སྟེ། ཡང་སྲིད་པ་མངོན་པར་འདུ་མི་བྱེད་པའི་ཕྱིར་རོ་སྙམ་དུ་སེམས་སོ། །དེ་འགོག་པ་ལ་གཟུང་བའོ་འཛིན་པའོ་ ཞེས་བྱ་བ་ཡང་མཐའ་སྟེ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཤེས་པ་ལ་སོགས་པ་ནས་རྒ་ཤི་ལ་ཐུག་གི་བར་དུ་སྦྱར་རོ། །འགོག་པ་ལ་ཡང་ངོ་བོ་ཉིད་དམ་རྒྱུ་ཡིན་པ་མི་ཤེས་ནས། དེའི་ཕྱིར། ལམ་གང་གིས་མིང་དང་གཟུགས་འགག་པའོ་ཞེས་བྱ་བ་སྨོས་སོ། །གང་གིས་མིང་དང་ གཟུགས་དེ་འགག་པར་འགྱུར་ཞེ་ན། མིང་དང་གཟུགས་ཀྱི་གཉེན་པོ་ཟག་པ་མེད་པའི་ལམ་གྱིས་སོ། །རིག་པ་དང་མ་རིག་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་དེ་ནི། འདིར་ཡེ་ཤེས་འཁོར་དང་བཅས་པ་སྟེ་ལམ་མོ། །དེའི་ཕྱིར་འདིས་འགག་པར་བྱེད་པས་འགོག་པའོ། །དེ་ལ་ མཐའ་གང་ཞེ་ན། གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་འདི་ཉིད་དོ། །ཅིའི་ཕྱིར་ཞེ་ན། མ་རིག་པ་ལ་སོགས་པ་གཉིས་མེད་པའི་རང་བཞིན་དག་ལ་མེད་བཞིན་དུ་གཉིས་སུ་སྒྲོ་འདོགས་པ་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་ནག་པོ་དང་དཀར་པོའི་ཕྱོགས་ཀྱི་བྱེ་བྲག་གིས། གཟུང་བ་དང་འཛིན་པའི་ མཐའ་རྣམ་པ་གཉིས་སོ་ཞེས་བྱ་བ་དེ་ལ། ནག་པོའི་ཕྱོགས་ནི་མ་རིག་པ་ནས་རྒ་ཤིའི་བར་སྲིད་པའི་ཡན་ལག་བཅུ་གཉིས་སོ། །དེ་བཞིན་དུ་དཀར་པོའི་ཕྱོགས་ཀྱང་མ་རིག་པ་ལ་སོགས་པ་འགག་པའི་བྱེ་བྲག་གིས་མ་རིག་པ་འགག་པ་ནས། རྒ་ཤི་འགག་པའི་བར་རྣམ་པ་བཅུ་གཉིས་སོ། ། དེ་ལ་འདིས་མ་རིག་པ་ལ་སོགས་པ་འགག་པར་འགྱུར་བས་ན། དེའི་གཉེན་པོར་གྱུར་པ་ལམ་ཉིད་ལ་འགོག་པའི་སྒྲར་བརྗོད་དོ། །དེ་ཡོངས་སུ་སྤང་བའི་ཕྱིར་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་མཐའ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་བསྟན་ཏོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཡང་མི་ ཤེས་ཏེ། དེའི་ཕྱིར་རིག་པ་དང་མ་རིག་པ་འདི་ནི་གཉིས་སུ་མེད་ཅེས་བྱ་བ་སྨོས་སོ། །ཇི་ལྟར་ན་རིག་པ་དང་མ་རིག་པ་ནས། རྒ་ཤི་དང་རྒ་ཤི་འགག་པའི་བར་དུ་གཉིས་སུ་མེད་ཅེ་ན། དེའི་ཕྱིར་རིག་པ་དང་མ་རིག་པ་ལ་སོགས་པ་གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། ། དེའི་དངོས་པོ་མེད་པ་ནི་མ་རིག་པ་ལ་སོགས་པ་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ན་རིག་པ་དང་མ་རིག་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ། དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་རིག་པ་དང་། མ་རིག་པ་དངོས་པོ་མེད་པར་མཚུངས་པས། རིག་པ་དང་མ་རིག་པ་གཉིས་སུ་ མེད་དོ། །དེ་བཞིན་དུ་འདུ་བྱེད་རྣམས་དང་། འདུས་མ་བྱས་དང་། རྣམ་པར་ཤེས་པ་དང་། དེ་འགོག་པ་ནས་འགོག་པ་དང་རྒ་ཤི་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །འདིར་དབུ་མའི་ལམ་གང་ཞེ་ན། རིག་པ་དང་མ་རིག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པར་ཤེས་པ་དེ་ཉིད་དེའི་རིག་པ་བསྐྱེད་ པར་བྱ་བ་ཡང་མེད་ཅིང་མ་རིག་པ་དགག་པར་བྱར་ཡང་མེད་པ་དང་། འདུ་བྱེད་རྣམས་སྤང་བར་བྱ་བ་ཡང་མེད་ལ། དེ་འགོག་པ་ཐོབ་པར་བྱ་བ་ཡང་མེད་པ་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་གཉིས་སུ་དབྱེར་མེད་པའོ། །ཀུན་ནས་ཉོན་མོངས་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ དེ་ལ། ཉོན་མོངས་པ་རྣམས་ནི་ལས་དང་ཚེའི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པ་དང་། བདག་ཉིད་ཀྱང་ཉོན་མོངས་པར་གྱུར་པས་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ཡང་ན་བདག་དང་གཞན་ལ་གནོད་པར་བྱེད་པའི་རྒྱུ་ཡིན་པས་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ལས་ཀྱང་ཉོན་མོངས་ པའི་དབང་གིས་བྱུང་བ་དང་། ཚེའི་རྒྱུར་གྱུར་པ་དང་། བདག་ཉིད་ཀྱང་ཁ་ཅིག་ཉོན་མོངས་པར་གྱུར་པས་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ཚེ་ཡང་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་དང་གནོད་པ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ཡང་ ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་དུ་དབྱེ་བ་བསྟན་པའི་ཕྱིར། ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་གསུམ་སྟེ་ཞེས་རྒྱ་ཆེར་སྨོས་སོ། །དེ་ལ་ལྟ་བ་ནི་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཉིད་རྒྱུ་སྟེ། མྱ་ངན་ལ་སོགས་པའི་རྒྱུ་དང་ཡང་སྲིད་པའི་རྒྱུ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་འདོད་ཆགས་ལ་སོགས་པའི་རྒྱུ་ནི་དེའི་རྗེས་སུ་མཐུན་པ་དབང་པོ་དང་། དོན་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། འདོད་ཆགས་ལ་སོགས་པའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་ ཟེར་རོ། །དེར་སྣང་བ་ནི་འདོད་ཆགས་ལ་སོགས་པའི་རྒྱུའོ་ཞེས་དེ་སྐད་ཀྱང་འཛེར་ཏོ། །ཡང་སྲིད་པ་ལ་སྨོན་པ་ནི་སྲིད་པ་ཕྱི་མ་འདོད་པའོ། །དེའི་གཉེན་པོ་ནི་སྟོང་པ་ཉིད་ཤེས་པ་ཞེས་རྒྱ་ཆེར་འབྱུང་བ་དེ་ལ་ལྟ་བ་རྣམས་ཀྱི་གཉེན་པོ་ནི་སྟོང་པ་ཉིད་ཤེས་པ་སྟེ། སྟོང་པ་ཉིད་ཀྱི་ཡུལ་ལ་ཤེས་པ་ནི་འདིར་ སྟོང་པ་ཉིད་ཤེས་པའོ། །འདོད་ཆགས་ལ་སོགས་པའི་རྒྱུའི་གཉེན་པོ་ནི་མཚན་མ་མེད་པ་ཤེས་པ་སྟེ། མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་རམ། མཚན་མ་མེད་པ་ཡུལ་དུ་གྱུར་པའི་ཤེས་པ་ནི་མཚན་མ་མེད་པ་ཤེས་པ་སྟེ། ཀུན་བརྟགས་པ་འདོད་ཆགས་ལ་སོགས་པའི་སྟོང་པ་ཉིད་ཡུལ་ དུ་གྱུར་པའི་ཕྱིར་རོ། །ཡང་སྲིད་པར་སྨོན་པའི་གཉེན་པོ་ནི་སྨོན་པ་མེད་པ་ཤེས་པ་སྟེ། ཡང་སྲིད་པར་སྨོན་པ་དང་བྲལ་བའམ། ཡང་སྲིད་པའི་སྟོང་པ་ཉིད་ཡུལ་དུ་གྱུར་པ་ཤེས་པ་ནི་སྨོན་པ་མེད་པ་ཤེས་པའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་ པའོ་ཞེས་བྱ་བ་ནི་སྲིད་པ་ལ་འཕེན་པའི་ལས་དགེ་བ་དང་མི་དགེ་བ་གཉིས་སོགས་པ་དང་མངོན་པར་འགྲུབ་པ་མངོན་པར་འདུ་བྱེད་པའོ། །དེའི་གཉེན་པོ་ནི་མངོན་པར་འདུ་མི་བྱེད་པ་ཤེས་པའོ་ཞེས་བྱ་བ་ནི། ཤེས་པ་གང་གིས་ལས་ཀྱིས་དེའི་ཡང་སྲིད་པ་མངོན་པར་འདུ་མི་བྱེད་པ་ཤེས་པ་སྟེ། དེའང་ དེ་བཞིན་ཉིད་ཡུལ་དུ་གྱུར་པའོ། །ཚེའི་ཀུན་ནས་ཉོན་མོངས་པ་ནི་ཡང་སྲིད་པར་སྐྱེ་བ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་སེམས་སོ། །སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་རེ་རེ་ལ་འབྱུང་བ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བ་ཕན་ཆད་མ་ཤི་ཚུན་ཆད་དོ། །ཡང་སྲིད་པའི་རྒྱུན་ ཏོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བཅས་པའི་འཆི་བའི་སྲིད་པ་དང་། དེའི་འོག་ཏུ་བར་མ་དོའི་སྲིད་པ་དང་། དེ་ནས་ཡང་སྐྱེ་བའི་སྲིད་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་རྣམས་ཀྱི་ནི་འཆི་བའི་སྲིད་པ་དེ་ཉིད་ཀྱི་འོག་ཏུ་སྐྱེ་བའི་སྲིད་པའོ། །དེའི་གཉེན་པོ་ནི་སྐྱེ་བ་མེད་པ་ཤེས་པ་ དང་། འབྱུང་བ་མེད་པ་ཤེས་པ་དང་། ངོ་བོ་ཉིད་མེད་པ་ཤེས་པའོ་ཞེས་བྱ་བ་དེ་ལ་ཆོས་ཐམས་ཅད་ཀུན་བརྟགས་པའི་བདག་ཉིད་ཀྱིས་མ་སྐྱེས་པར་ཤེས་པ་དང་། སྟོང་པ་ཉིད་ཡུལ་དུ་གྱུར་པའི་ཤེས་པ་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་ཤེས་པའོ། །ཀུན་བརྟགས་པའི་ཆོས་རྣམས་ཀྱི་སྟོང་པ་ཉིད་ ཡུལ་དུ་གྱུར་པའི་ཤེས་པ་ནི་འབྱུང་བ་མེད་པ་ཤེས་པ་སྟེ། དེས་དེ་དག་གིས་འབྱུང་བ་མེད་པ་རྟོག་པའི་ཕྱིར་རོ། །མོ་གཤམ་གྱི་བུ་བཞིན་དུ་མེད་པའི་ཕྱིར་དངོས་པོའི་རྒྱུན་ངོ་བོ་ཉིད་མེད་པར་ཤེས་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་མེད་པ་ཤེས་པའོ། །སྟོང་པ་ཉིད་ཤེས་པ་ལ་སོགས་པ་ཤེས་པ་རྣམ་ པ་བདུན་པོ་དེ་དག་ནི་ཇི་སྐད་དུ་བཤད་པ་མི་མཐུན་པའི་ཕྱོགས་ལྟ་བ་ལ་སོགས་པ་རྣམ་པ་བདུན་གྱི་གཉེན་པོའོ། །ཉོན་མོངས་པ་དང་ལས་དང་། ཚེའི་ཀུན་ནས་ཉོན་མོངས་པ་རྣམ་པ་དེ་གསུམ། རྣམ་པ་བདུན་དུ་ཐ་དད་པར་གྱུར་པ་དེ་དག་དང་བྲལ་བ་ནི་རྣམ་པར་བྱང་བ་སྟེ། བྲལ་བ་ནི་སྤངས་པའོ། ། གཞན་དག་ནི་དེ་བཞིན་ཉིད་དང་། ལམ་དང་མྱ་ངན་ལས་འདས་པ་ནི་རྣམ་པར་བྱང་བ་སྟེ། འདི་ལ་ལམ་འདིས་བྲལ་བ་ནི་བྲལ་བ་སྟེ། དེ་ལྟར་ཚིག་རྣམ་པར་སྦྱར་བ་ཐ་དད་པའི་ཕྱིར། དེ་བཞིན་ཉིད་ལ་སོགས་པ་ནི་རྣམ་པར་བྱང་བའོ་སྙམ་དུ་སེམས་སོ། །དེ་ལྟར་སྟོང་པ་ཉིད་ ཤེས་པ་ལ་སོགས་པས་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་སྟོང་པ་ཉིད་ཤེས་པ་དང་། མཚན་མ་མེད་པ་ཤེས་པ་དང་། སྨོན་པ་མེད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་དང་། སྐྱེ་བ་མེད་པ་ཤེས་པ་དང་། འབྱུང་བ་མེད་པ་ཤེས་པ་དང་། ངོ་བོ་ཉིད་མེད་པ་ཤེས་པ་ཡོངས་སུ་ བསྡུའོ། །ཤེས་བྱ་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་ཞེས་བྱ་བ་ནི། འདི་ལ་ཡང་སོགས་པའི་སྒྲས་ནི་ཞེས་བྱ་བ་སྟོང་པ་ཉིད་དང་། ཤེས་བྱ་མཚན་མ་མེད་པ་ཉིད་དང་། ཤེས་བྱ་སྨོན་པ་མེད་པ་ཉིད་དང་། ཤེས་བྱ་མངོན་པར་འདུ་མི་བྱེད་པ་ཉིད་དང་། ཤེས་བྱ་སྐྱེ་བ་མེད་པ་དང་། ཤེས་བྱ་ འབྱུང་བ་མེད་པ་དང་། ཤེས་བྱ་ངོ་བོ་ཉིད་མེད་པ་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམས་ཡོངས་སུ་བསྡུའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དག་དང་ཅི་རིགས་པར་སྟོང་པ་ཉིད་ལ་སོགས་པའི་བར་དུ་མི་བྱེད་དེ་ཞེས་བྱ་བ་ནི། ཤེས་བྱ་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་ནི་བཤད་མ་ ཐག་པའི་ཉོན་མོངས་པ་དང་། ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་དག་ཐ་དད་པར་གྱུར་པའོ། །རང་བཞིན་གྱིས་སྟོང་པ་ཉིད་ལ་སོགས་པའོ་ཞེས་བྱ་བ་ནི། སྟོང་པ་ཉིད་ཤེས་པ་ལ་སོགས་པས་སྟོང་པ་ཉིད་དུ་མི་བྱེད་པའོ། །ཅི་རིགས་པར་ཞེས་བྱ་བ་ལ། འདིར་རིགས་པས་ནི་འདི་ཡིན་ཏེ། སྟོང་པ་ ཉིད་ཤེས་པས་ཤེས་བྱ་སྟོང་པ་ཉིད་ལྟ་བའི་ཀུན་ནས་ཉོན་མོངས་པ་དང་མི་ལྡན་ཞིང་བྲལ་བར་མི་བྱེད་དེ། ལྟ་བའི་སྟོང་པ་ཉིད་ནི་བདག་ཉིད་ཀྱི་ལྟ་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མཚན་མ་མེད་པ་ཤེས་པས་ཤེས་བྱ་མཚན་མ་མེད་པ་འདོད་ཆགས་ལ་སོགས་པའི་མཚན་མ་རྣམས་དང་ བྲལ་བར་མི་བྱེད་དེ། འདོད་ཆགས་ལ་སོགས་པའི་མཚན་མའི་སྟོང་པ་ཉིད་ནི། བདག་ཉིད་ཀྱི་མཚན་མ་མེད་པའི་ཕྱིར་རོ། །སྨོན་པ་མེད་པ་ཤེས་པས་ཤེས་བྱ་སྨོན་པར་མི་བྱེད་དེ། སྨོན་པའི་སྟོང་པ་ཉིད་ནི་རང་བཞིན་གྱིས་སྨོན་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་འདུ་མི་བྱེད་པ་ ཤེས་པས་ཤེས་བྱ་མངོན་པར་འདུ་མི་བྱེད་པར་མི་བྱེད་དེ། མངོན་པར་འདུ་བྱེད་པའི་སྟོང་པ་ཉིད་ནི་རང་བཞིན་གྱིས་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཤེས་པས་ཤེས་བྱ་སྐྱེ་བ་མེད་པར་མི་བྱེད་དེ། སྐྱེ་བ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྐྱེ་བ་མེད་པའི་མཚན་ཉིད་ ཡིན་པའི་ཕྱིར་རོ། །འབྱུང་བ་མེད་པ་ཤེས་པས་ཤེས་བྱ་འབྱུང་བ་མེད་པར་མི་བྱེད་དེ། སེམས་དང་སེམས་ལས་འབྱུང་བ་སྐད་ཅིག་རེ་རེ་ལ་འབྱུང་བའི་སྟོང་པ་ཉིད་ནི། རང་བཞིན་གྱིས་འབྱུང་བ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ངོ་བོ་ཉིད་མེད་པར་ཤེས་པས་ཤེས་བྱ་ངོ་བོ་ཉིད་མེད་པར་མི་བྱེད་དེ། ཡང་ སྲིད་པའི་ངོ་བོ་ཉིད་ནི་རང་བཞིན་གྱིས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཡང་ན་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དག་དང་ཅི་རིགས་པར་ཞེས་རྒྱ་ཆེར་སྨོས་པ་ནི། ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་རྣམ་པ་བདུན་དུ་ཕྱེ་བ་དང་། ཤེས་བྱ་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་ཀྱི་ནང་ནས། ཆོས་གང་ཀུན་ནས་ཉོན་མོངས་པ་ཐ་དད་པ་གང་དང་སྦྱར་བར་རིགས་པའི་ཆོས་དེ་ནི། སྟོང་པ་ཉིད་ཤེས་པ་ལ་སོགས་པས་སྟོང་པ་ཉིད་དུ་མི་བྱེད་ཀྱི་ཤེས་པར་བྱ་བ་ཉིད་དོ། །དེ་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ་ནི་སྟོང་པ་ཉིད་ཤེས་པ་དང་སྦྱར་རོ། །དེ་བཞིན་དུ་ཡང་སྲིད་པའི་རྒྱུན་ནི་ངོ་བོ་ཉིད་མེད་པ་ཤེས་པ་ དང་སྦྱར་བའི་བར་དུའོ། །ཅིའི་ཕྱིར་མི་བྱེད་ཅེ་ན་འདི་ལྟར། ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མ་གྱུར་པའི་ཕྱིར། དེ་དག་རང་བཞིན་གྱིས་སྟོང་པ་ཉིད་ལ་སོགས་པའོ། །དེ་ལ་ལྟ་བ་རྣམས་ནི་སྟོང་པ་ཉིད་ཤེས་པས་སྟོང་པར་མི་བྱེད་དེ། དེ་དག་ནི་རང་བཞིན་གྱིས་སྟོང་པ་ཉིད་ ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་རྒྱུ་ནི་མཚན་མ་མེད་པ་ཤེས་པས་མཚན་མ་མེད་པར་མི་བྱེད་དེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་མཚན་མ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་སྲིད་པའི་རྒྱུན་ནི་ངོ་བོ་ཉིད་མེད་པར་ཤེས་པས་ངོ་བོ་ཉིད་མེད་པར་མི་བྱེད་པའི་བར་དུ་སྟེ། འདི་ལྟར་ གཉེན་པོ་མ་སྐྱེས་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ཉིད་དོ། །དེ་གང་གི་ཕྱིར་དེ་ལྟ་བུར་གྱུར་པ་དེའི་ཕྱིར། གལ་ཏེ་ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པར་འགྱུར་བའམ་རྣམ་པར་དག་པར་འགྱུར་བའོ་སྙམ་དུ་རྟོག་པ་འདི་ནི་མཐའ་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར། རང་བཞིན་གྱིས་ཀུན་ ནས་ཉོན་མོངས་པ་ཅན་མ་ཡིན་པ་ལ་ནི་ཉོན་མོངས་པ་དང་། རྣམ་པར་དག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ནམ་མཁའ་བཞིན་ནོ། །མཐའ་དེ་གཉིས་ཡོངས་སུ་སྤང་བར་བྱ་བའི་ཕྱིར་དབུ་མའི་ལམ་སྟེ་གང་སྟོང་པ་ཉིད་རིག་པའི་བདག་ཉིད་ཀྱིས་ཤེས་བྱ་སྟོང་ པ་ཉིད་ལ་སོགས་པའི་ཆོས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་བདག་ཉིད་རྣམས། དེའི་མི་མཐུན་པའི་ཕྱོགས་གཞན་གྱི་དབང་གི་ངོ་བོ་ཉིད་ལྟ་བ་ལ་སོགས་པ་དང་བྲལ་བར་སྟོང་པར་མི་བྱེད་ཀྱི། རིག་པ་མ་སྐྱེས་སུ་ཟིན་ཀྱང་ལྟ་བའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ཉིད་ཀྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་ ངོ་། །དེ་བཞིན་དུ་གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་ཀྱིས་མཚན་མ་མེད་པ་ནས། ངོ་བོ་ཉིད་མེད་པས་ཆོས་རྣམས་ངོ་བོ་ཉིད་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་བར་དུའོ། །གང་དག་དེ་ལྟར་སོ་སོར་རྟོག་པ་འདི་ནི་འོད་ སྲུངས་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །དེ་བཞིན་དུ་རིག་པ་ཡོད་པ་དང་། དེའི་མི་མཐུན་པའི་ཕྱོགས་ཡོད་པ་ཡང་ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བར་བསྟན་པས། སྒྲོ་བཏགས་པ་དང་སྐུར་པ་འདེབས་པའི་མཐའ་སྤངས་པ་ཡིན་ནོ། །གང་རྟག་ཏུ་འདས་པའི་རྣམ་པར་ རྟོག་པའི་རབ་ཏུ་དབྱེ་བ་དེ་ལས་འདི་ནི་གཞན་ཡིན་ཏེ་རྣམ་པར་རྟོག་པའི་མཐའ་གཉིས་རྣམ་པ་བདུན་ནོ། །རྣམ་པར་རྟོག་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། འདི་ལྟ་སྟེ། དངོས་པོ་ཡོད་པར་རྣམ་པར་རྟོག་པ་ཡང་མཐའོ། །དངོས་པོ་མེད་པར་རྣམ་པར་རྟོག་པ་ཡང་མཐའོ་ཞེས་པ་སྨོས་ཏེ། ཇི་ལྟ་ཞེ་ན་ དེའི་ཕྱིར། གང་ཟག་ཡོད་དེ་དེ་གཞིག་པའི་ཕྱིར་སྟོང་པ་ཉིད་དོ། །ཡང་ན་བདག་མེད་པ་ཡང་མེད་དོ་སྙམ་དུ་རྟོག་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཆོས་རྣམས་རང་བཞིན་གྱིས་སྟོང་པའི་ཕྱིར་སྟོང་པ་ཉིད་ཀྱིས་སྟོང་པར་མི་བྱེད་ན། དེས་ན་གང་ཟག་ཡོད་དེ་དེ་གཞིག་པའི་ཕྱིར་སྟོང་པ་ཉིད་དོ། ། ཡང་ན་གང་ཟག་མེད་པའི་ཕྱིར་བདག་མེད་པ་ཡང་མེད་པར་འགྱུར་ཏེ། གཉེན་པོ་ནི་མི་མཐུན་པའི་ཕྱོགས་མེད་པ་མ་ཡིན་ནོ། །དེ་བས་ན་གདོན་མི་ཟ་བར་གང་ཟག་ཡོད་པའམ། བདག་མེད་པ་ཡང་མེད་པར་ཤེས་པར་བྱའོ་ཞེ་ན། དེ་མེད་པ་ཡང་རྣམ་པར་རྟོག་པའི་མཐའོ། །ཡོད་པ་དང་མེད་པར་རྣམ་ པར་རྟོག་པའི་མཐའ་འདི་གཉིས་སྤང་བའི་ཕྱིར་དབུ་མའི་ལམ་འདི་ལྟ་སྟེ། འོད་སྲུངས་གང་ཟག་རྣམ་པར་གཞིག་པའི་ཕྱིར། སྟོང་པ་ཉིད་མ་ཡིན་གྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་མདོ་ལས་རྒྱ་ཆེར་འབྱུང་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་གང་ཟག་རྣམ་པར་གཞིག་པ་དང་། རྣམ་པར་བྱང་བའི་གང་ ཟག་བསྐྱེད་པར་བྱ་བའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི་གང་ཟག་བསྐྱེད་པར་བྱ་བ་དང་། གཞིག་པར་བྱ་བའི་དངོས་པོ་མེད་པའི་ཕྱིར། དམག་ལ་སོགས་པ་བཞིན་བཏགས་པར་ཡོད་པས་སྟོང་པ་ཉིད་ཀྱིས་སྟོང་གི །འཇིག་ཚོགས་ལ་ལྟ་བས་གང་ཟག་ཏུ་སྒྲོ་བཏགས་པས་ནི་མ་ཡིན་ཏེ། དེ་ནི་གཏན་ མེད་པའི་ཕྱིར་རོ། །དེ་ལྟར་བྱས་ན་གང་ཟག་དང་ཆོས་ཀྱི་བདག་ཉིད་ཀྱིས་སྟོང་པ་ཉིད་དངོས་པོ་མ་ཡིན་གྱི་དེ་དང་བྲལ་བའི་ཕྱིར་རོ། །ཡོངས་སུ་གྲུབ་པའི་བདག་ཉིད་ཀྱིས་ནི་དངོས་པོ་མེད་པ་མ་ཡིན་ནོ། །སྟོང་པ་དེ་ཡོངས་སུ་གྲུབ་པའི་བདག་ཉིད་དུ་བསྟན་པའི་ཕྱིར། སྔོན་གྱི་མཐའ་སྟོང་པ། ཕྱི་ མའི་མཐའ་སྟོང་པ། ད་ལྟར་བྱུང་བ་སྟོང་པ་ཞེས་བྱ་བ་སྨོས་ཏེ། དུས་གསུམ་ཆར་དུ་ཡང་དེ་བཞིན་དུ་ཡོད་པར་བསྟན་པའོ། །ཡང་ན་སོ་སོའི་སྐྱེ་བོ་དང་། སློབ་པ་དང་། མི་སློབ་པའི་དུས་དག་ནའང་དེ་བཞིན་དུ་ཡོད་པར་བསྟན་པ་སྟེ། དེ་ལ་སོ་སོའི་སྐྱེ་བོའི་དུས་ནི་སྔོན་གྱི་མཐའོ། །མི་སློབ་པའི་ དུས་ནི་ཕྱི་མའི་མཐའོ། །སློབ་པའི་དུས་ནི་ད་ལྟར་བྱུང་བའི་མཐའོ། །གང་གི་ཕྱིར་དེ་ལྟར་ཡོད་པ་དང་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པ་དེའི་ཕྱིར་འོད་སྲུངས་སྟོང་པ་ཉིད་ལ་བརྟེན་པར་བྱའི་ཞེས་གསུངས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པར་བསྟན་ཏོ། །གང་ཟག་ལ་ནི་མ་ཡིན་ ནོ་ཞེས་བྱ་བ་ནི་བརྗོད་པ་ཙམ་དུ་ཟད་པའི་ཕྱིར་རོ། །ཞི་བར་བྱ་བར་རྣམ་པར་རྟོག་པ་ཡང་མཐའོ། །ཇི་ལྟ་ཞེ་ན་དེའི་ཕྱིར། སྤང་བར་བྱ་བ་དང་སྤོང་བར་བྱེད་པར་རྟོག་པས་སྟོང་པ་ཉིད་ཀྱིས་སྐྲག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཞི་བར་བྱ་བ་ནི་སྤང་བར་བྱ་བའོ། །ཞི་བར་བྱེད་པ་ནི་སྤོང་བར་བྱེད་པ་སྟེ། ཆོས་རྣམས་ནི་སྤང་བར་བྱ་བ་ཉིད། སྟོང་པ་ཉིད་ནི་སྤོང་བར་བྱེད་པ་བརྟགས་ནས་སྟོང་པ་ཉིད་ལ་སྐྲག་པ་སྐྱེའོ། །ཇི་ལྟ་ཞེ་ན། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ནི་སྤང་བར་བྱ་བ་ཡིན་ན། གལ་ཏེ་དེ་རང་བཞིན་གྱིས་སྟོང་པ་ལྟ་ན་གོ། །དེའི་ཕྱིར་གང་ཟག་སྤང་བར་བྱ་བ་མ་ཡིན་པར་འགྱུར་རོ། །སྤང་ བར་བྱ་བ་མེད་ན་སྤོང་བར་བྱེད་པ་ཡང་མེད་དོ་ཞེས་སྟོང་པ་ཉིད་ཀྱི་སྐྲག་པ་སྐྱེ་སྟེ་འདི་ཡང་མཐའ་ཉིད་དུ། ཅིའི་ཕྱིར་ཞེ་ན། གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་ཇི་ལྟར་རྣམ་པར་ཤེས་པའི་བདག་ཉིད་ལ་སྣང་བ་དེ་བཞིན་དུ་དེ་དག་རྫས་སུ་ཡོད་དོ་ཞེས་མངོན་པར་ ཆགས་ཏེ། ཀུན་བརྟགས་པའི་ངོ་བོའི་གཟུགས་ལ་སོགས་པ་དེ་དག་བདག་བཞིན་དུ་རང་བཞིན་གྱིས་མེད་པར་མ་ཤེས་ནས་སྟོང་པ་ཉིད་ཀྱིས་སྐྲག་གོ། །དེ་བས་ན་རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བར་བྱ་བའི་ཕྱིར། དཔེ་ནམ་མཁའ་སྟེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན། མི་ལ་ལ་ནམ་ མཁའ་ལ་སྐྲག་ཅིང་འཇིགས་ནས་བྲང་རྡུང་ཞིང་ངུ་སྟེ། ནམ་མཁའ་ནི་སོལ་ཞེས་དེ་སྐད་ཟེར་ན། འོད་སྲུངས་དེ་ཇི་སྙམ་དུ་སེམས། ནམ་མཁའ་དེ་བསལ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་ངམ་བྲམ་ཟེ་ གང་དག་སྟོང་པ་ཉིད་ཀྱིས་སྐྲག་རབ་ཏུ་སྐྲག་ན། དེ་དག་ནི་སེམས་འཁྲུགས་པ་ཆེན་པོར་གྱུར་ཏོ་ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན་འོད་སྲུངས་དེ་དག་སྟོང་པ་ཉིད་ལ་སྤྱོད་ན། དེ་ཉིད་ཀྱིས་འཇིགས་པའི་ཕྱིར་རོ་ཞེས་འབྱུང་བའོ། །དེ་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཇི་ལྟར་ནམ་མཁའ་གཟུགས་ ཐམས་ཅད་ཀྱི་རྗེས་སུ་སོང་བས་བསལ་བར་མི་ནུས་པ་དེ་བཞིན་དུ། ཆོས་ཐམས་ཅད་ལ་སྟོང་པ་ཉིད་དུས་ཐམས་ཅད་དུ་གནས་པར་བསལ་བར་མི་ནུས་ཏེ། ཆོས་མ་སྤངས་པས་སྟོང་པ་ཉིད་གནས་པ་ལས་བསལ་བར་ཡང་མི་ནུས་ལ། ཆོས་བསལ་བས་སྟོང་པ་ཉིད་གཞག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་ ནི་སྐྲག་པའི་གནས་མ་ཡིན་ནོ་ཞེས་སྟོན་ཏོ། །སྐྲག་པར་བྱ་བར་རྣམ་པར་རྟོག་པ་ཡང་མཐའོ། །སྐྲག་པར་བྱ་བ་དེ་ལས་འཇིགས་པར་རྣམ་པར་རྟོག་པ་ཡང་མཐའ་སྟེ། གང་ལ་འཇིགས་པར་འགྱུར་བ་དེ་ནི་སྐྲག་པར་འགྱུར་བའོ་ཞེས་བྱའོ། །དེ་ལས་འཇིགས་པ་བྱུང་བས་ན་འཇིགས་པ་སྟེ། དེ་ལས་མི་ འདོད་པའི་འབྲས་བུའོ། །སྐྲག་པར་བྱ་བ་དེ་དང་འཇིགས་པ་དེ་ལ་གང་རྣམ་པར་རྟོག་པ་དེ་ནི་མཐའ་སྟེ། ཇི་ལྟ་ཞེ་ན་དེའི་ཕྱིར། སྡུག་བསྔལ་གྱིས་ཁོང་སྔངས་པས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ལ་སྐྲག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བྱིས་པ་ནི་ཀུན་བརྟགས་པའི་ངོ་བོ་གཟུགས་ལ་ སོགས་པ་ལ་དངོས་པོར་ཀུན་བརྟགས་ནས། དེ་དག་ལ་མི་འདོད་པའི་འབྲས་བུ་འཇིགས་པར་རྣམ་པར་རྟོག་གོ། །དེའི་ཕྱིར་སྡུག་བསྔལ་གྱིས་ཁོང་སྡངས་པས། གཟུགས་ལ་སོགས་པ་དེ་དག་དང་། དེའི་མཚན་མ་རྣམས་ཀྱིས་འཇིགས་ཤིང་སྐྲག་པར་འགྱུར་རོ། །རྣམ་པར་རྟོག་པའི་ མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་རི་མོ་མཁན་ཏེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རི་མོ་མཁན་ཞིག་བདག་ཉིད་ཀྱིས་གནོད་སྦྱིན་གྱི་གཟུགས་འཇིགས་འཇིགས་ལྟ་ཞིག་བྲིས་ནས། དེས་འཇིགས་སྐྲག་སྟེ། ཁ་བུབ་ཏུ་འགྱེལ་ནས་བརྒྱལ་བར་གྱུར་པ་དེ་བཞིན་དུ་འོད་སྲུངས་ བྱིས་པ་སོ་སོའི་སྐྱེ་བོ་རྣམས། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་བདག་ཉིད་ཀྱིས་བྱས་པ་དེ་དག་གིས་འཁོར་བ་ན་འཁོར་ཡང་། ཆོས་དེ་དག་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ་ཞེས་འབྱུང་བའོ། །ཇི་ལྟར་རི་མོ་མཁན་ཞིག་བདག་ཉིད་ཀྱིས་གནོད་སྦྱིན་གྱི་ གཟུགས་འཇིགས་འཇིགས་ལྟ་ཞིག་བྲིས་པ་ལ་ལོག་པར་རྣམ་པར་རྟོག་པས། གནོད་སྦྱིན་གྱི་དངོས་པོ་ཡང་དག་པའོ་སྙམ་དུ་སྒྲོ་བཏགས་ཏེ། དེས་སྐྲག་ནས་བརྒྱལ་བར་འགྱུར་བ་དེ་བཞིན་དུ། བྱིས་པ་ལོག་པར་རྣམ་པར་རྟོག་པ་ལ་ཞུགས་པ་སྐད་ཅིག་གི་གནས་སྐབས་ཐམས་ཅད་ནི། བདག་ཉིད་ཀྱིས་བྱས་པ་ཞེས་བྱ་བ་བདག་ཉིད་ཀྱི་རྣམ་པར་རྟོག་པ་དག་གིས་འཁོར་བ་ན་འཁོར་ཏེ། རིགས་མཐུན་པར་སྐད་ཅིག་ཀྱང་མི་གནས་པའི་ཕྱིར་རོ། །དཔེ་སྔ་མ་ནི་ཉན་ཐོས་ལ་སོགས་པ་ལས་བརྩམས་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་པའོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་ཉན་ཐོས་ནི་སྟོང་པ་ཉིད་ཡོངས་སུ་འདྲིས་པར་མ་བྱས་པས་སྟོང་པ་ཉིད་ཀྱིས་སྐྲག་གོ། །བྱང་ཆུབ་སེམས་དཔའ་ནི་ཀུན་བརྟགས་པའི་ཆོས་ལ་རྣམ་པ་ཀུན་ནས་ཉོན་མོངས་པ་སྟེ། རྣམ་པར་རྟོག་པ་ནི་ཉོན་མོངས་པའི་ཕྱིར་རོ་ཞེའོ། །གཞན་དག་ན་རེ་འདི་གཉིས་ལ་དོན་དུ་བྱེ་བྲག་མེད་མོད་ཀྱི། རིས་གཉིས་ཀྱི་དབང་གིས་གཉིས་སུ་བརྗོད་དོ་ཞེའོ། །གཞན་དག་ན་རེ་ཉན་ཐོས་ནི་སྟོང་པ་ཉིད་ཀྱིས་སྐྲག་པའི་ཕྱིར་རྟོགས་པར་བྱ་བ་མ་རྟོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་བརྟགས་པའི་ཆོས་ཀྱིས་སྐྲག་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་སྔ་མ་ནི་བདག་ཏུ་འཛིན་པའི་གཉེན་ པོའོ། །འདི་ནི་ཆོས་སུ་འཛིན་པའི་གཉེན་པོའོ་ཞེའོ། །གཟུང་བར་རྣམ་པར་རྟོག་པ་ཡང་མཐའོ། །འཛིན་པར་རྣམ་པར་རྟོག་པ་ཡང་མཐའོ། །གཟུང་བ་གཟུགས་ལ་སོགས་པ་དང་། དེ་ལ་འཛིན་པ་རྣམ་པར་ཤེས་པའི་ཚོགས་དེ་དག་རང་གི་མཚན་ཉིད་དང་། འབྲས་བུས་ ཤེས་པར་བྱར་ཡོད་བཞིན་དུ། བདག་ལ་སོགས་པ་དང་འདྲ་བར་སྒྲོ་བཏགས་པའི་བདག་ཉིད་དུ་ཇི་ལྟར་འགྱུར་ཞེས། དེ་ལྟར་གཟུང་བ་དང་འཛིན་པ་གཉིས་ལ་དངོས་པོར་ཡོངས་སུ་རྟོག་པ་ནི་འདིར་མཐར་འདོད་དོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར། དཔེ་སྒྱུ་མ་བྱེད་ པ་སྟེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྒྱུ་མ་བྱེད་པའི་མི་ཞིག་གིས་སྒྱུ་མ་སྤྲུལ་པ་སྤྲུལ་ནས། སྒྱུ་མ་སྤྲུལ་པ་དེས་སྒྱུ་མ་བྱེད་པ་དེ་ཉིད་ཟོས་པ་དེ་བཞིན་དུ། འོད་སྲུངས་དགེ་སློང་རྣལ་འབྱོར་སྤྱོད་པ་དམིགས་པ་གང་དང་གང་ཡིད་ལ་བྱེད་པ་དེ་དག་ཐམས་ཅད་དེ་ལ་གསོག་ཏུ་སྣང་ངོ་ཞེས་རྒྱ་ཆེར་ འབྱུང་བའོ། །ཇི་ལྟར་འདིས་རྣམ་པར་རྟོག་པའི་མཐའ་འདི་གཉིས་ཡོངས་སུ་སྤོང་ཞེ་ན། དེའི་ཕྱིར། རྣམ་པར་རིག་པ་ཙམ་དུ་ཤེས་པས་དོན་དངོས་པོ་མེད་པར་ཤེས་པར་བྱས་ནས། དོན་དངོས་པོ་མེད་པར་ཤེས་པ་དེས་ཀྱང་རྣམ་པར་རིག་པ་ཙམ་དུ་ཤེས་པ་དེ་ཉིད་རྣམ་པར་བཟློག་གོ། །དོན་ དངོས་པོ་མེད་ན་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་ན་འདི་ནི་འདིར་མཚུངས་སོ་ཞེས་བྱ་བ་སྨོས་ཏེ། སྒྱུ་མ་བྱེད་པ་ལྟ་བུ་ནི་རྣམ་པར་རིག་པ་ཙམ་དུ་ཤེས་པའོ། །སྤྲུལ་པའི་གནོད་སྦྱིན་ལྟ་བུ་ནི་དོན་དངོས་པོ་མེད་པར་ཤེས་པ་སྟེ། དོན་དངོས་པོ་མེད་པར་ཤེས་པ་ནི་རྣམ་པར་རིག་པ་ཙམ་དུ་ཤེས་པས་ རབ་ཏུ་ཕྱེ་བའི་ཕྱིར་རོ། །ཇི་ལྟར་སྤྲུལ་པ་བྱེད་པ་སྤྲུལ་པ་ཟོས་པ་དེ་བཞིན་དུ། དོན་དངོས་པོ་མེད་པར་ཤེས་པས་ཀྱང་རྣམ་པར་རིག་པ་ཙམ་དུ་ཤེས་པ་དེ་ཉིད་ཟོས་ཏེ། དོན་ལ་དམིགས་པ་ནི་རྣམ་པར་རིག་པ་ཞེས་བྱ་བས། དོན་མེད་ན་རྣམ་པར་རིག་པ་ཙམ་ཡང་མེད་པའི་ཕྱིར་རོ། །ཡང་དག་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའོ། ། ལོག་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དུས་ན་ཡང་དག་པར་སོ་སོར་རྟོག་པ་ན་ཡང་དག་པ་ཉིད་དུའམ། ལོག་པ་ཉིད་དུ་རྟོགས་པའི་མཐའ་གཉིས་སོ། །ཇི་ལྟ་ཞེ་ན། ཡང་དག་པ་ཉིད་ནི་ཟག་པ་མེད་པའི་ཆོས་རྣམས་སོ། །ལོག་པ་ཉིད་ནི་ཟག་ པ་དང་བཅས་པའི་ཆོས་རྣམས་སོ། །དེ་ལ་གལ་ཏེ་ཡང་དག་པར་སོ་སོར་རྟོག་པ་ན་དག་པ་ཉིད་དུ་ཆགས་ན། དེ་ལྟ་ན་ནི་ཟག་པ་དང་བཅས་པའི་དགེ་བ་དང་། ཡང་དག་པར་སོ་སོར་རྟོག་པར་མི་འགྱུར་རོ། །ཇི་སྟེ་ཡང་དག་པ་མ་ཡིན་པའི་མཚན་ཉིད་ཁོ་ནའོ་སྙམ་ན། དེ་ལྟ་ཡང་ཁམས་གསུམ་དང་ལྡན་པའི་ དགེ་བ་བཞིན་དུ་ལོག་པ་ཉིད་དུ་འགྱུར་ཏེ། མཐའ་དེ་གཉིས་ཡོངས་སུ་སྤངས་པའི་ཕྱིར། དཔེ་ཤིང་གཉིས་ལ་མེ་འབྱུང་བ་དེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་ལས་མེ་བྱུང་སྟེ། བྱུང་མ་ཐག་ཏུ་ཤིང་དེ་གཉིས་ཚིག་པར་བྱེད་པ་དེ་བཞིན་དུ། འོད་སྲུངས་ཡང་དག་པར་སོ་སོར་ རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། སྐྱེས་མ་ཐག་ཏུ་ཡང་དག་པར་སོ་སོར་རྟོག་པ་ཉིད་ཚིག་པར་བྱེད་དོ་ཞེས་འབྱུང་ངོ་། །དེའི་དོན་ནི་འདི་ཡིན་ཏེ། དཔེར་ན་མེའི་མཚན་ཉིད་མ་ཡིན་པ་ཤིང་གཉིས་ལས་མེ་འབྱུང་སྟེ། བྱུང་ནས་ཀྱང་ཤིང་གཉིས་ཚིག་པར་བྱེད་དོ། །དེ་བཞིན་ དུ་ཡང་དག་པ་ཉིད་ཀྱི་མཚན་ཉིད་མ་ཡིན་པ་ཡང་དག་པར་སོ་སོར་རྟོག་པ་ལས། ཡང་དག་པ་ཉིད་ཀྱི་མཚན་ཉིད་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། སྐྱེས་ནས་ཀྱང་ཡང་དག་པར་སོ་སོར་རྟོག་པ་ཉིད་ཚིག་པར་བྱེད་དེ། རྣམ་པར་འཇིག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རྣམ་པར་ འཇིག་པ་དེ་ཡང་ཚིག་པ་དང་འདྲ་བར་བྱེད་པས་ན་ཚིག་པར་བྱེད་ཅེས་བྱ་སྟེ། གྱུར་པར་མཐོང་བའི་ཕྱིར་རོ། །ཡང་དག་པར་སོ་སོར་རྟོག་པ་འདི་ཟག་པ་དང་བཅས་པ་ཡིན་ཡང་། ཡང་དག་པ་ཉིད་ཀྱི་རྗེས་སུ་མཐུན་པའི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བར་སྟོན་ཏོ། །བྱེད་པར་རྣམ་པར་རྟོག་པ་ ཡང་མཐའོ། །མི་བྱེད་པར་རྣམ་པར་རྟོག་པ་ཡང་མཐའ་སྟེ། ཇི་ལྟ་ཞེ་ན་དེའི་ཕྱིར། ཡེ་ཤེས་ནི་བློ་སྔོན་དུ་འགྲོ་བས་བྱེད་པའམ། མཐུ་མེད་པར་རྟོག་པའོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཡེ་ཤེས་འདིས་མི་ཤེས་པ་སྤོང་ངོ་སྙམ་དུ་རྟོགས་ནས་དེ་སྤང་བའི་ཕྱིར་འཇུག་གོ་ཞེས་བྱ་བ་འདི་ནི་བྱེད་ པའི་རྣམ་པར་རྟོག་པའི་མཐའོ། །ཡེ་ཤེས་ནི་སྐད་ཅིག་པ་ཡིན་པས་སྤྱོད་པ་བྱེད་པའི་དུས་ན་མི་སྲིད་དེ། དེ་བས་ན་མི་ཤེས་པ་སྤང་བའི་མཐུ་མེད་དོ་ཞེས་བྱ་བ་འདི་ནི་མི་བྱེད་པར་རྣམ་པར་རྟོག་པའི་མཐའོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་མར་མེ་སྟེ། འོད་སྲུངས་འདི་ ལྟ་སྟེ། དཔེར་ན་མར་མེ་བྱུང་ན་མུན་པ་མུན་ནག་ཐམས་ཅད་མེད་པར་འགྱུར་ཡང་། འོད་སྲུངས་མར་མེ་འདི་ལྟར་བདག་གིས་མུན་པ་མུན་ནག་ཐམས་ཅད་བསལ་ལོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་མར་མེ་ལ་བརྟེན་ནས་མུན་པ་མུན་ནག་མེད་པར་འགྱུར་བ་དེ་བཞིན་དུ། འོད་སྲུངས་ཡེ་ཤེས་སྐྱེས་ན་ནི་མི་ཤེས་པ་མེད་པར་འགྱུར་ཏེ། ཡེ་ཤེས་ནི་འདི་སྙམ་དུ་བདག་གིས་མི་ཤེས་པ་བསལ་ལོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་ཡེ་ཤེས་ལ་བརྟེན་ནས། མུན་པ་མེད་པར་འགྱུར་རོ་ཞེས་འབྱུང་བའོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། དཔེར་ན་མར་མེ་ནི་བྱེད་ པས་སྟོང་ཞིང་མུན་པ་མུན་ནག་བསལ་བར་བསམ་པ་མེད་ཀྱང་། ཕྱོགས་གང་དུ་བྱུང་བའི་ཕྱོགས་དེར་མར་མེ་ཡོད་པ་ཙམ་གྱིས་མུན་པ་མུན་ནག་ཐམས་ཅད་མེད་པར་འགྱུར་རོ། །དེ་བཞིན་དུ་རྒྱུད་གང་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པར་གྱུར་ན་དེ་ཡོད་པ་ཙམ་གྱིས་རྒྱུད་དེ་ལས་མི་ཤེས་པ་ མེད་པར་འགྱུར་ཏེ། ཡེ་ཤེས་ནི་རྣམ་པར་མི་རྟོག་པ་དང་། དཔྱོད་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡེ་ཤེས་ནི་བྱེད་པའི་མཐུ་མེད་ལ། མར་མེ་བཞིན་དུ་ཡོད་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་སེལ་ཏོ། །སྐྱེ་བ་མེད་པར་རྣམ་པར་རྟོག་པ་ཡང་མཐའོ། །དུས་མཉམ་པ་ཉིད་དུ་རྣམ་པར་རྟོག་ པ་ཡང་མཐའོ། །ཇི་ལྟ་ཞེ་ན་དེའི་ཕྱིར། གལ་ཏེ་གཉེན་པོ་མ་སྐྱེས་པའམ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་དུས་ཇི་སྲིད་དུ་སྔོན་གཉེན་པོ་མ་སྐྱེས་པ་དེ་བཞིན་དུ་ད་ཡང་མི་སྐྱེའོ་སྙམ་པ་འདི་ནི་སྐྱེ་བ་མེད་པར་རྟོག་པའི་མཐའོ། །ཡང་ན་ཀུན་ནས་ཉོན་མོངས་པ་ཡུན་རིང་བ་ཉིད་དུ་རྟོག་པ་ཞེས་བྱ་བ་ ནི་མི་ཤེས་པ་དང་། ཡེ་ཤེས་མི་མཐུན་པར་གནས་པས་ཡེ་ཤེས་འབྱུང་བའི་མཐུ་མེད་དོ། །ཇི་སྟེ་བརྒྱ་ལ་སྐྱེས་སུ་ཟིན་ན་ཡང་མི་ཤེས་པ་དེ་ཡུན་རིང་པོ་ནས་གནས་གནས་པའི་ཕྱིར། ཡེ་ཤེས་སྐད་ཅིག་པ་དེས་བསལ་བར་བྱ་མི་ནུས་སོ། །དེ་བས་ན་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་ དུས་མཉམ་པ་ཉིད་དོ་སྙམ་པའི་རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་མར་མེའི་དཔེ་གཉིས་པ་སྟེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཁྱིམ་མམ་ཁང་པའམ་ཁང་ཕྲན་ལོ་བརྒྱ་སྟོང་འདས་པར་སུས་ཀྱང་ལན་འགའ་ཡང་མར་མེ་མ་བུས་པ་དེར་མི་ལ་ལ་ཞིག་གིས་མར་ མེ་བུས་ན། འོད་སྲུངས་དེ་ཇི་སྙམ་དུ་སེམས། མུན་པ་མུན་ནག་དེ་འདི་ལྟར་བདག་ནི་ལོ་བརྒྱ་སྟོང་དུ་བསགས་པ་ཡིན་ཏེ། བདག་འདི་ནས་མི་འགྲོའོ་སྙམ་དུ་སེམས་སམ། གསོལ་པ་བཅོམ་ལྡན་འདས་མི་སེམས་ཏེ། མར་མེ་བྱུང་ན་མུན་པ་མུན་ནག་ལ་མི་མཆི་བའི་ནུས་པ་མ་མཆིས་ཀྱི། གདོན་མི་འཚལ་བར་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་ལས་དང་ཉོན་མོངས་པ་བསྐལ་པ་བརྒྱ་སྟོང་དུ་བསགས་པ་ཡང་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོར་རྟོག་པ་གཅིག་གིས་མེད་པར་འགྱུར་རོ། །འོད་སྲུངས་མར་མེ་ཞེས་བྱ་བ་ དེ་ནི་འཕགས་པའི་ཤེས་རབ་ཀྱི་དབང་པོའི་ཚིག་བླ་དགས་སོ། །འོད་སྲུངས་མུན་པ་མུན་ནག་ཅེས་བྱ་བ་ནི་ལས་དང་ཉོན་མོངས་པའི་ཚིག་བླ་དགས་སོ་ཞེས་འབྱུང་བའོ། །དེ་ལྟ་བས་ན་འདིས་ནི་སྐྱེ་བ་རྐྱེན་ལས་རག་ལས་པའི་ཕྱིར་གཉེན་པོ་མི་སྐྱེ་བ་དང་། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་། དུས་མཉམ་པ་ཉིད་ཀྱི་ལན་བཏབ་པ་སྟེ། ནག་པོའི་ཕྱོགས་སྟོབས་ཆུང་ཞིང་གཉེན་པོ་དེ་སྟོབས་དང་ལྡན་པའི་ཕྱིར་མུན་པ་མུན་ནག་དང་མར་མེ་བཞིན་ནོ། །མཐའ་གཉིས་སྤངས་པ་སྒྲུབ་པ་བཤད་ཟིན་ཏོ། །མཐའ་གཉིས་སྤངས་པ་སྒྲུབ་པའི་འོག་ཏུ་ཁྱད་པར་ཅན་དང་ཁྱད་པར་མེད་ པ་སྒྲུབ་པ་སྨོས་པས། དེའི་ཕྱིར་མཐའ་གཉིས་སྤངས་པ་སྒྲུབ་པ་བཤད་པའི་འོག་ཏུ་ཁྱད་པར་ཅན་དང་། ཁྱད་པར་མེད་པ་སྒྲུབ་པ་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་ཏུ་ཤེས་པར་བྱ། །ཞེས་བྱ་བ་གསུངས་སོ། །ས་བཅུ་པོ་དེ་དག་རེ་རེ་ལ་ཡང་སྒྲུབ་པ་ རྣམ་པ་གཉི་གའོ། །ཇི་ལྟ་ཞེ་ན་དེའི་ཕྱིར། ས་གང་ལ་ཕ་རོལ་ཏུ་ཕྱིན་པ་གང་གི་ཤས་ཆེ་བ་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །བྱང་ཆུབ་སེམས་དཔའི་ས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་གང་ལ་ལྷག་པར་སྤྱོད་པ་དེ་ནི། བྱང་ཆུབ་སེམས་དཔའ་ས་དེ་ལ་ཕ་རོལ་ཏུ་ཕྱིན་པ། གཞན་དག་པས་ཤས་ཆེར་གྱུར་པས་ན་ཁྱད་པར་ཅན་ཞེས་བྱ་སྟེ། འདི་ལྟར་ས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤ