Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 124

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
། །གནས་བཤད་ཟིན་ཏོ། །གནས་ནི་འབྲས་བུའི་སྔོན་དུ་འགྲོ་བས་གནས་ཀྱི་འོག་ཏུ་འབྲས་བུ་བཤད་པའི་ཕྱིར།
འབྲས་བུ་ཐོབ་པ་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར། སྣོད་གྱུར་རྣམ་པར་སྨིན་བརྗོད་དང་། །ཞེས་རྒྱ་ཆེར་གསུངས་སོ། །འདིར་མདོར་བསྡུ་ན་འབྲས་བུ་རྣམ་པ་ལྔ་སྟེ། སྣོད་དུ་གྱུར་པ་དང་། སྟོབས་དང་། འདོད་པ་དང་། འཕེལ་བ་དང་། རྣམ་པར་དག་པའོ། །དེ་ལ་སྣོད་དུ་
གྱུར་པ་ནི་གང་དགེ་བ་དང་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའོ་ཞེས་བྱ་བ་ནི་དེ་ཡང་མི་ཁོམ་པ་བརྒྱད་སྤངས་པའི་སྐྱེ་མཆེད་དྲུག་ཁྱད་པར་ཅན་ཟག་པ་དང་བཅས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་སྟེ། དགེ་བའི་ཆོས་ཐམས་ཅད་སྐྱེ་བའི་གཞི་ཡིན་པས་སྣོད་ཅེས་བྱའོ། །
སྟོབས་ནི་གང་སྣོད་དུ་གྱུར་པའི་དབང་གིས་ཞེས་བྱ་བ་ནི་ལུས་ལས་ཉོན་མོངས་པ་སྐྱེ་བ་ཆུང་བའི་ཕྱིར། དགེ་བ་ཤས་ཆེར་གྱུར་པ་དེ་རྒྱས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་སྟོབས་ཞེས་བྱའོ། །འདོད་པ་ནི་གང་སྔོན་གོམས་པར་བྱས་པས་དགེ་བ་འདོད་པའོ་ཞེས་བྱ་བ་ནི་འདས་པའི་
ཚེ་རབས་རྣམས་སུ་དགེ་བའི་ཆོས་གོམས་པའི་ཕྱིར། ད་ལྟར་གྱི་ཚེ་དགེ་བའི་ཆོས་ལ་སེམས་པ་གང་ཡིན་པ་དེ་ནི་འདོད་པའོ། །འཕེལ་བ་ནི་གང་ད་ལྟར་བྱུང་བ་དགེ་བའི་ཆོས་ལ་གོམས་པར་བྱས་པས་སྔོན་མེད་པའི་དགེ་བའི་ཆོས་ཁྱད་པར་ཅན་སྐྱེ་བ་སྟེ། དགེ་བའི་རྩ་བ་རྒྱས་པའོ་
ཞེས་བྱ་བར་དགོངས་པའོ། །སྟོབས་དང་འཕེལ་བའི་ཁྱད་པར་ནི་འདི་ཡིན་ཏེ། སྟོབས་ནི་དགེ་བ་ཆུང་ངུའི་རྣམ་པར་སྨིན་པ་ལ་ཡང་ལྟོས་ནས་མི་འགྱུར་བའོ། །འཕེལ་བ་ནི་དགེ་བ་རྣམས་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའོ། །གཞན་དག་ནི་དགེ་བའི་རྩ་བ་རྒྱས་ཞེས་བྱ་

བ་ནི་དགེ་བའི་ཆོས་ཁྱད་པར་ཅན་གྱི་བག་ཆགས་ལ་འདིར་རྒྱས་པ་ཞེས་བྱའོ་སྙམ་དུ་སེམས་སོ། །རྣམ་པར་དག་པ་ནི་གང་སྒྲིབ་པ་སྤངས་པའོ་ཞེས་བྱ་བ་ནི་དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པས་རྣམ་པར་དག་གོ། །
བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱི་རྣམ་པར་དག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །འདི་དག་ནི་འབྲས་བུ་རྣམ་པ་ལྔ་དང་གོ་རིམས་བཞིན་ཏེ་ཞེས་བྱ་བ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་གང་དགེ་བའི་ཆོས་དང་མཐུན་པར་རྣམ་པར་སྨིན་པའོ། །བདག་པོའི་འབྲས་བུ་ནི་གང་
སྣོད་དུ་གྱུར་པའི་དབང་གིས་དགེ་བ་ཤས་ཆེར་གྱུར་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་གང་སྔོན་གོམས་པར་བྱས་པས་དགེ་བ་འདོད་པའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་ད་ལྟར་བྱུང་བ་ན་དགེ་བའི་ཆོས་གོམས་པར་བྱས་པས་དགེ་བའི་རྩ་བ་རྒྱས་པའོ། །བྲལ་བའི་འབྲས་བུ་ནི་གང་
སྒྲིབ་པ་སྤངས་པའོ། །ཕྱི་མ་ཕྱི་མ་ཐོག་མ་དང་། །ཞེས་རྒྱ་ཆེར་འབྱུང་བས་ནི་འབྲས་བུ་མདོར་བཤད་པ་ལྔ་པོ་ཉིད་ཀྱི་རབ་ཏུ་དབྱེ་བ་མདོར་སྟོན་ཏོ། །ཕྱི་མ་ཕྱི་མ་འབྲས་བུ་ནི་རིགས་ལས་སེམས་བསྐྱེད་པ་དང་སེམས་བསྐྱེད་པ་ལས་སྦྱོར་བ་དང་། དེ་ལྟ་བུ་ལ་སོགས་པ་སྟེ། གནས་གཅིག་
ནས་གཅིག་ཏུ་བརྒྱུད་པ་ཞེས་ཇི་སྐད་དུ་བཤད་པས། རིག་པར་བྱའོ། །ཐོག་མའི་འབྲས་བུ་ནི་དང་པོར་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའོ་ཞེས་བྱ་བ་ནི། མཐོང་བའི་ལམ་ཐོབ་པའོ། །གོམས་པར་བྱ་བའི་འབྲས་བུ་ནི་དེའི་ཕ་རོལ་སློབ་པའི་གནས་སོ་ཞེས་བྱ་བ་ནི། མཐོང་བའི་ལམ་
ཕན་ཆད་སློབ་པའི་གནས་ལ་གང་ཟག་ལྔས་རབ་ཏུ་ཕྱེ་བ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་སྟེ། སྦྱོར་བ་དང་བཅས་པའི་རྗེས་ལ་བསྒོམ་པའི་ལམ་གྱི་རང་བཞིན་ཡིན་པས་ན། གོམས་པར་བྱས་པའི་འབྲས་བུའོ། །རྫོགས་པའི་འབྲས་བུ་ནི་མི་སློབ་པའི་
ཆོས་རྣམས་སོ་ཞེས་བྱ་བ་ནི། དེ་དག་ཀྱང་ཡང་དག་པའི་ལྟ་བ་དང་རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཞེས་བྱ་བ་རྣམས་ཏེ། འབྲས་བུ་

ཐམས་ཅད་ཀྱི་མཐའ་ལ་གནས་པའི་ཕྱིར་རྫོགས་པའི་འབྲས་བུ་ཞེས་བྱའོ། །རྗེས་སུ་མཐུན་པའི་འབྲས་བུ་ནི་རྒྱུ་དངོས་པོས་ཕྱི་མ་ཕྱི་མས་འབྲས་བུ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་དེ་ལ་སེམས་བསྐྱེད་པ་ནི་རིགས་དང་རྗེས་སུ་མཐུན་པའི་ཕྱིར་སེམས་བསྐྱེད་པ་ནི་འབྲས་བུའོ། །ཕྱི་མ་ཕྱི་མ་
འབྲས་བུ་ལ་སོགས་པ་དང་རྗེས་སུ་མཐུན་པའི་འབྲས་བུ་ལས། སོགས་པ་སོ་སོར་སྨོས་པ་ནི་བསྟན་པ་དང་བཤད་པར་རིམ་བཞིན་དུ་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་ནི་སྤོང་བའི་ལམ་སྟེ། ཐོག་མའི་འབྲས་བུ་གང་ཡིན་པ་དེ་ཉིད་དེ། མི་མཐུན་པའི་ཕྱོགས་ཉིད་
འབྲས་བུ་ཡིན་པས་ན། མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་སྟེ། སྤོང་བའི་ལམ་དེས་ཉོན་མོངས་པ་རྣམས་དང་འབྲལ་ལོ། །ཐོག་མའི་འབྲས་བུ་ནི་གོང་དུ་བཤད་པའི་ཐོག་མར་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའོ་ཞེས་བྱ་བ་གང་ཡིན་པའོ། །མི་མཐུན་པའི་ཕྱོགས་ཀྱི་སྒྲ་ནི་གཉེན་
པོའི་གེགས་ཡིན་པའི་ཕྱིར། སྒྲིབ་པ་ལ་བྱར་ཟིན་ཀྱང་། འདིར་ནི་མི་མཐུན་པའི་ཕྱོགས་གཉེན་པོ་ལ་བྱ་བར་འདོད་དོ། །སྒྲིབ་པ་གཞོམ་པའི་ཕྱོགས་ཡིན་པས་ན། གཉེན་པོ་ཞེས་བྱ་བར་སྦྱོར་རོ། །བྲལ་བའི་འབྲས་བུ་ནི་གོམས་པར་བྱས་པའི་འབྲས་བུ་དང་རྫོགས་པའི་འབྲས་བུ་སྟེ།
ཉོན་མོངས་པ་དང་བྲལ་བ་ནི་སློབ་པ་དང་། མི་སློབ་པ་དང་། རིམ་བཞིན་ནོ་ཞེས་བྱ་བ་ལ་གོམས་པས་བྱས་པའི་འབྲས་བུ་བྲལ་བ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ལ་སོགས་པ་སློབ་པ་ལྔ་རྣམས་ཏེ། ཉོན་མོངས་པའི་ལྷག་མ་དང་བཅས་པའི་ཕྱིར་རོ། །རྫོགས་པའི་འབྲས་བུ་ནི་
ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པའི་མི་སློབ་པ་རྣམས་ཡིན་ཏེ། དེ་དྲུག་ཀྱང་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་མ་ལུས་པར་སྤངས་པའི་ཕྱིར་རོ། །གོང་མ་ནི་ཕྱེ་སྟེ་བཤད་པའོ། །འདིར་ནི་མ་ཕྱེ་བ་སྟེ་ཁྱད་པར་རོ། །ཁྱད་པར་གྱི་འབྲས་བུ་ནི་མངོན་པར་ཤེས་པ་ལ་
སོགས་པ་ཡོན་ཏན་གྱི་ཁྱད་པར་རོ་ཞེས་བྱ་བ་འདི་ལ་ཡང་གོམས་པར་བྱས་པ་དང་། རྫོགས་པའི་འབྲས་བུའི་ཁྱད་པར་ཉིད་དུ་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་ཡིན་ཏེ། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་

རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ཅན་ཐོབ་པ་བརྗོད་པར་འདོད་པའི་ཕྱིར་རོ། །བླ་མའི་འབྲས་བུ་ནི་བྱང་ཆུབ་སེམས་དཔའི་ས་རྣམས་ཏེ། འདིར་རྒྱུ་སྨོས་པ། དེ་མ་ཡིན་པའི་ཐེག་པ་ལས་བླ་མར་གྱུར་པའི་ཕྱིར་རོ་ཞེས་བྱ་བའོ། །བྱང་
ཆུབ་སེམས་དཔའི་ས་རྣམས་ནི། མཐོང་བ་དང་བསྒོམ་པའི་ལམ་གྱི་རང་བཞིན་ཡིན་པས། ཐོག་མའི་འབྲས་བུ་དང་། གོམས་པར་བྱ་བའི་འབྲས་བུ་ཡིན་དུ་ཟིན་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ལྟོས་ནས། རྣམ་པར་མི་རྟོག་པ་དང་། སངས་རྒྱས་ཀྱི་རིགས་ཡིན་
པ་དང་། བྱང་ཆུབ་ཆེན་པོའི་འབྲས་བུ་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ནི་བླ་མའི་འབྲས་བུ་ཡིན་པར་རིག་པར་བྱའོ། །བླ་ན་མེད་པའི་འབྲས་བུ་ནི་སངས་རྒྱས་ཀྱི་སའོ་ཞེས་བྱ་བ་འདི་ཡང་རྫོགས་པའི་འབྲས་བུ་ཉིད་ཡིན་དུ་ཟིན་ཀྱང་། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་
ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྤངས་པའི་ཕྱིར། དེའི་གོང་ན་གཞན་མེད་པས་བླ་ན་མེད་པའི་འབྲས་བུ་ཞེས་བྱའོ། །འབྲས་བུ་གཞན་འདི་དག་ནི་མདོར་བསྟན་ཏེ། རྒྱས་པར་བྱ་ན་དཔག་ཏུ་མེད་དོ་ཞེས་བྱ་བ་ནི་རྒྱས་པར་བྱ་ན།
ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འབྲས་བུ་རྣམས་རབ་ཏུ་ཕྱེ་སྟེ། བཤད་ན་ཚད་མེད་པར་འགྱུར་རོ། །གཉེན་པོ་བསྒོམ་པའི་དོན་བསྡུས་པ་ལས་བྱང་བར་བྱ་བའི་ཕྱིར་བསྒོམ་པ་ནི། དྲན་པ་ཉེ་བར་གཞག་པ་བསྒོམ་
པ་སྟེ། འཕགས་པའི་བདེན་པ་བཞི་པ་བྱང་བར་བྱ་བའི་ཕྱིར་རོ། །བསྲབ་པའི་བསྒོམ་པ་ནི་ཡང་དག་པར་སྤོང་བ་བསྒོམ་པ་སྟེ། མི་དགེ་བའི་ཆོས་རྣམས་བསྲབ་པའི་ཕྱིར་རོ། །ཡོངས་སུ་སྦྱང་བར་བྱ་བའི་བསྒོམ་པ་ནི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་སྟེ། དེ་ལ་ཏིང་ངེ་འཛིན་ཡོངས་སུ་སྦྱང་
བར་བྱ་བའི་ཕྱིར་ཉེས་པ་ལྔ་སྤངས་པའི་འདུ་བྱེད་བརྒྱད་བརྟེན་པའི་ཕྱིར་རོ། །གོང་མ་ཡང་དག་པར་བརྩམ་པའི་བསྒོམ་པ་ནི་དབང་པོ་བསྒོམ་པ་སྟེ། དེ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་རོ། །འདྲེ་བའི་བསྒོམ་པ་ནི་སྟོབས་བསྒོམ་པ་སྟེ། མཐོང་བའི་ལམ་

དང་འདྲེ་བའི་ཕྱིར་རོ། །ཞུགས་པའི་བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་སྟེ། དེར་དེ་ཁོ་ན་ལ་ཞུགས་པའི་ཕྱིར་རམ། འཇིག་རྟེན་ལས་འདས་པའི་ཆོས་ལ་ཞུགས་པའི་ཕྱིར་རམ། འཕགས་པའི་ལམ་ལ་ཞུགས་པའི་ཕྱིར་རོ། །མཆོག་གི་བསྒོམ་པ་ནི་ལམ་བསྒོམ་པ་སྟེ།
མཐོང་བའི་ལམ་པས་བསྒོམ་པའི་ལམ་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཐོག་མའི་བསྒོམ་པ་ནི། སོ་སོའི་སྐྱེ་བོའི་གནས་སྐབས་ཏེ། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག་པའོ། །བར་མའི་བསྒོམ་པ་ནི་སློབ་པའི་གནས་སྐབས་ཏེ། ཕྱིན་ཅི་ལོག་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་པའོ། །
མཐའི་བསྒོམ་པ་ནི་མི་སློབ་པའི་གནས་སྐབས་ཏེ། ཕྱིན་ཅི་ལོག་ཀྱང་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་པ་ཡང་མེད་པའོ། །བླ་མ་དང་བཅས་པའི་བསྒོམ་པ་ནི་ཉན་ཐོས་ལ་སོགས་པའོ། །བླ་ན་མེད་པའི་བསྒོམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། གང་དམིགས་པ་དང་ཡིད་ལ་བྱེད་
པ་དང་ཐོབ་པ་ཁྱད་པར་དུ་འཕགས་པ་ཞེས་བསྟན་པའོ། །གནས་སྐབས་རྣམས་ཀྱི་དོན་བསྡུས་པ་ནི་སྐལ་བ་ཡོད་པའི་གནས་སྐབས་ནི་རྒྱུའི་གནས་སྐབས་སོ། །རྩོམ་པའི་གནས་སྐབས་ནི་སེམས་བསྐྱེད་པ་དང་བཅས་པའི་སྦྱོར་བའོ། །མ་དག་པ་དང་དག་པའི་གནས་སྐབས་ནི་གནས་གཉིས་ཏེ།
འབྲས་བུའི་གནས་དང་། བྱ་བ་དང་བཅས་པའི་གནས་སོ། །ཤིན་ཏུ་དག་པའི་གནས་སྐབས་ནི་བྱ་བ་མེད་པའི་གནས་སྐབས་སོ། །རྒྱན་དང་བཅས་པའི་གནས་སྐབས་ནི་ཁྱད་པར་གྱི་གནས་སྐབས་སོ། །ཁྱད་པར་བྱ་བའི་གནས་སྐབས་ནི་བླ་མའི་གནས་སྐབས་ཏེ། བྱང་ཆུབ་སེམས་དཔའི་ས་
བཅུས་ཁྱབ་པས་ན་ཁྱབ་པར་བྱ་བའི་གནས་སྐབས་སོ་ཞེས་བྱའོ། །བླ་ན་མེད་པའི་གནས་སྐབས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེའི་གོང་ན་གནས་གཞན་མེད་པའི་ཕྱིར་རོ། །དེ་ཡང་ཕྱིན་པའི་གནས་སྐབས་དང་། ཕན་ཡོན་གྱི་གནས་སྐབས་དང་། བྱ་བ་སྒྲུབ་པའི་གནས་སྐབས་ཏེ།
གང་སྔར་བཤད་པའོ། །འབྲས་བུ་རྣམས་ཀྱི་དོན་བསྡུས་པ་ནི་བསྡུས་པ་དང་དེའི་བྱེ་བྲག་དང་། སྔོན་གོམས་པར་བྱས་པ་དང་། གོང་ནས་གོང་དུ་སྒྲུབ་པ་དང་། བསྟན་པ་དང་། བཤད་པའོ་ཞེས་བྱ་བ་འདི་དག་ནི་བཤད་པ་བྱེད་པ་ཉིད་ཀྱིས་བཤད་པ་སྟེ། དེ་ལ་བསྡུས་པ་ནི་རྣམ་པར་སྨིན་པའི་ཕྱི་མ་ཕྱི་མ་

འབྲས་བུ་ནི་རིགས་ལས་སེམས་བསྐྱེད་པ་དང་སེམས་བསྐྱེད་པ་ལས་སྦྱོར་བ་དང་དེ་ལྟ་བུ་ལ་སོགས་པ་སྟེ། གནས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཞེས་ཇི་སྐད་དུ་བཤད་པས་རིག་པར་བྱའོ། །ཐོག་མའི་འབྲས་བུ་ནི་དང་པོར་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའོ་ཞེས་བྱ་
བ་ནི་མཐོང་བའི་ལམ་ཐོབ་པའོ། །གོམས་པར་བྱས་པའི་འབྲས་བུས་ནི་དེའི་ཕ་རོལ་སློབ་པའི་གནས་སོ་ཞེས་བྱ་བ་ནི་མཐོང་བའི་ལམ་ཕན་ཆད་སློབ་པའི་གནས་ལ། གང་ཟག་ལྔས་རབ་ཏུ་ཕྱེ་བ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་སྟེ། སྦྱོར་བ་དང་བཅས་པའི་
རྗེས་ལ་བསྒོམ་པའི་ལམ་གྱི་རང་བཞིན་ཡིན་པས་གོམས་པར་བྱས་པའི་འབྲས་བུའོ། །རྫོགས་པའི་འབྲས་བུ་ནི་མི་སློབ་པའི་ཆོས་རྣམས་སོ་ཞེས་བྱ་བ་ནི་དེ་དག་ཀྱང་ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་
དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས་བྱ་བ་རྣམས་ཏེ། འབྲས་བུ་ཐམས་ཅད་ཀྱི་མཐའ་ལ་གནས་པའི་ཕྱིར་རྫོགས་པའི་འབྲས་བུ་ཞེས་བྱའོ། །རྗེས་སུ་མཐུན་པའི་འབྲས་བུ་ནི་རྒྱུའི་དངོས་པོས་ཕྱི་མ་ཕྱི་མ་འབྲས་བུར་རིག་པར་བྱའོ། །
ཞེས་བྱ་བ་དེ་ལ་སེམས་བསྐྱེད་པ་ནི་རིགས་དང་རྗེས་སུ་མཐུན་པའི་སེམས་བསྐྱེད་པ་ནི་འབྲས་བུའོ། །ཕྱི་མ་ཕྱི་མ་འབྲས་བུ་ལ་སོགས་པ་དང་། རྗེས་སུ་མཐུན་པའི་འབྲས་བུ་ལ་སོགས་པ་སོ་སོར་སྨོས་པ་ནི་བསྟན་པ་དང་བཤད་པར་རིམ་བཞིན་དུ་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་
ཀྱི་འབྲས་བུ་ནི་སྤོང་བའི་ལམ་སྟེ། ཐོག་མའི་འབྲས་བུ་གང་ཡིན་པ་ཉིད་མི་མཐུན་པའི་ཕྱོགས་ཉིད་འབྲས་བུ་ཡིན་པས་ན་མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་སྟེ། སྤོང་བའི་ལམ་དེས་ཉོན་མོངས་པ་རྣམས་དང་འབྲལ་ལོ། །ཐོག་མའི་འབྲས་བུ་ནི་གོང་དུ་བཤད་པ་ཐོག་མར་འཇིག་རྟེན་ལས་འདས་
པའི་ཆོས་ཐོབ་པའོ་ཞེས་བྱ་བ་གང་ཡིན་པའོ། །མི་མཐུན་པའི་ཕྱོགས་ཀྱི་སྒྲ་ནི་གཉེན་པོའི་གེགས་ཡིན་པའི་ཕྱིར་སྒྲིབ་པ་ལ་བྱར་ཟིན་ཀྱང་། འདིར་ནི་མི་མཐུན་པའི་ཕྱོགས་གཉེན་པོ་ལ་བྱ་བར་འདོད་དོ། །སྒྲིབ་པ་གཞོམ་པའི་ཕྱོགས་ཡིན་པས་ན་གཉེན་པོ་ཞེས་བྱ་བར་སྦྱར་རོ། །

བྲལ་བའི་འབྲས་བུ་ནི་གོམས་པར་བྱས་པའི་འབྲས་བུ་དང་རྫོགས་པའི་འབྲས་བུ་སྟེ། ཉོན་མོངས་པ་དང་བྲལ་བ་ནི་སློབ་པ་དང་མི་སློབ་པ་དང་། རིམ་བཞིན་ནོ་ཞེས་བྱ་བ་ལ། གོམས་པར་བྱས་པའི་འབྲས་བུ་བྲལ་བ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་སློབ་པ་ལྔ་རྣམས་ཏེ། ཉོན་མོངས་
པའི་ལྷག་མ་དང་བཅས་པའི་ཕྱིར་རོ། །རྫོགས་པའི་འབྲས་བུ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་མི་སློབ་པ་རྣམས་ཡིན་ཏེ། དྲུག་ཅར་ཡང་ཁམས་གསུམ་ཀྱི་ཉོན་མོངས་པ་རྣམས་མ་ལུས་པར་སྤངས་པའི་ཕྱིར་རོ། །གོང་མ་ནི་ཕྱེ་སྟེ་བཤད་པའོ། །འདིར་ནི་མ་ཕྱེ་བ་སྟེ་ཁྱད་པར་རོ། །
ཁྱད་པར་གྱི་འབྲས་བུ་ནི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རོ་ཞེས་བྱ་བ་འདི་ཡང་གོམས་པར་བྱས་པ་དང་རྫོགས་པའི་འབྲས་བུའི་ཁྱད་པར་ཉིད་དུ་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་།
བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཁྱད་པར་ཅན་ཐོབ་པར་བརྗོད་པར་འདོད་པའི་ཕྱིར་རོ། །བླ་མའི་འབྲས་བུ་ནི་བྱང་ཆུབ་སེམས་དཔའི་ས་རྣམས་ཏེ། འདིར་རྒྱུ་སྨོས་པ། དེ་མ་ཡིན་པའི་ཐེག་པ་ལས་བླ་མར་གྱུར་པའི་ཕྱིར་རོ་ཞེས་བྱའོ། །བྱང་ཆུབ་སེམས་
དཔའི་ས་རྣམས་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་རང་བཞིན་ཡིན་པས་ཐོག་མའི་འབྲས་བུ་དང་གོམས་པར་བྱས་པའི་འབྲས་བུ་ཟིན་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ལྟོས་ནས་རྣམ་པར་མི་རྟོག་པ་དང་། སངས་རྒྱས་ཀྱི་རིགས་ཡིན་པ་དང་། བྱང་ཆུབ་ཆེན་པོ་འབྲས་བུ་ལ་སོགས་པ་
འབྲས་བུ་ལྔ་སྟེ། དེ་དག་ཏུ་འབྲས་བུ་ཐམས་ཅད་བསྡུས་པའི་ཕྱིར་རོ། །དེའི་བྱེ་བྲག་ནི་ལྷག་མ་རྣམས་སོ་ཞེས་བྱ་བ་ལ། འབྲས་བུ་ལྔ་པོ་དེ་དག་ཉིད་ཀྱི་རབ་ཏུ་དབྱེ་བའོ། །ལྷག་མ་རྣམས་ནི་ཕྱི་མ་ཕྱི་མ་འབྲས་བུ་ལ་སོགས་པར་རིག་པར་བྱའོ། །སྔོན་གོམས་པར་བྱས་པ་ནི་རྣམ་པར་སྨིན་
པའི་འབྲས་བུའི་ཞེས་བྱ་བ་ནི་སྔོན་གྱི་ཚེ་རབས་སུ་དགེ་བ་བསགས་པ་ད་ལྟར་གྱི་ཚེ་ལ་རྣམ་པར་སྨིན་པ་སྟེ། དགེ་བ་དང་མཐུན་པར་སྐྱེ་བས་ན། དེའི་ཕྱིར་སྔོན་གོམས་པར་བྱས་པ་ཞེས་བཤད་དོ། །གོང་ནས་གོང་དུ་སྒྲུབ་པ་ནི་དེ་མ་ཡིན་པ་གཞན་བཞིའོ་ཞེས་བྱ་བ་ནི། བདག་པོའི་འབྲས་བུ་དང་།

རྒྱུ་མཐུན་པའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། བྲལ་བའི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པས་སྒྲུབ་པ་ནི་སྟོབས་སོ། །སྟོབས་ཀྱིས་སྒྲུབ་པ་ནི་འདོད་པའོ། །འདོད་པས་སྒྲུབ་པ་ནི་འཕེལ་བའོ། །འཕེལ་བས་སྒྲུབ་པ་ནི་རྣམ་པར་དག་པ་
པའོ། །ཁ་ཅིག་ན་རེ་གོང་ནས་གོང་དུ་བཤད་པས་རབ་ཏུ་ཕྱེ་བས་ན་གོང་ནས་གོང་དུ་སྒྲུབ་པ་ཞེས་བྱའོ་ཞེའོ། །བསྟན་པ་ནི་ཕྱི་མ་ཕྱི་མ་འབྲས་བུ་ལ་སོགས་པ་བཞིའོ་ཞེས་བྱ་བ་ནི་ཕྱི་མ་ཕྱི་མ་འབྲས་བུ་དང་། ཐོག་མའི་འབྲས་བུ་དང་། གོམས་པར་བྱས་པའི་འབྲས་བུ་དང་། རྫོགས་པའི་
འབྲས་བུའོ། །བཤད་པ་ནི་རྗེས་སུ་མཐུན་པའི་འབྲས་བུ་ལ་སོགས་པ་དྲུག་སྟེ། བཞི་པོ་དེ་དག་ཉིད་བཤད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ། རྗེས་སུ་མཐུན་པའི་འབྲས་བུ་ནི་ཕྱི་མ་ཕྱི་མ་འབྲས་བུའི་བཤད་པའོ། །མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་ནི། ཐོག་མའི་འབྲས་བུའི་བཤད་པའོ། །
བྲལ་བའི་འབྲས་བུ་ནི་གོམས་པར་བྱས་པ་དང་། རྫོགས་པའི་འབྲས་བུའི་བཤད་པའོ། །ཁྱད་པར་གྱི་འབྲས་བུ་དང་། བླ་མའི་འབྲས་བུ་དང་། བླ་ན་མེད་པའི་འབྲས་བུ་ནི་རྫོགས་པའི་འབྲས་བུ་ཉིད་ཀྱི་བཤད་པ་སྟེ། དེ་ཉིད་ལ་རྒྱན་དང་བཅས་པར་བརྗོད་འདོད་པའི་ཕྱིར་རོ། །ཁ་ཅིག་ན་
རེ་ཁྱད་པར་གྱི་འབྲས་བུ་ནི་གོམས་པར་བྱས་པའི་འབྲས་བུ་དང་། རྫོགས་པའི་འབྲས་བུ་གཉིས་ཀྱི་བཤད་པ་སྟེ། ཕྱིར་མི་འོང་བ་ལ་ཡང་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་འབྱུང་བའི་ཕྱིར་རོ། །བླ་ན་མེད་པའི་འབྲས་བུ་ནི་རྫོགས་པའི་འབྲས་བུའི་བཤད་པའོ་ཞེའོ། །བསྟན་
བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གཉེན་པོ་བསྒོམ་པའི་ལེའུར་བཅད་པ་སྟེ་བཞི་པའི་འགྲེལ་བཤད་དོ།། །།མཚན་ཉིད་ལ་སོགས་པ་དངོས་པོ་དྲུག་བཤད་པའི་འོག་ཏུ་ཐེག་པ་བླ་ན་མེད་པ་བསྟན་པས་དེའི་ཕྱིར་དེ་དག་བཤད་པའི་འོག་ཏུ་ཐེག་པ་བླ་ན་མེད་པ་
བཤད་པའི་སྐབས་སུ་བབ་སྟེ། དེའི་ཕྱིར། དེ་ནི་ཐེག་པ་བླ་ན་མེད་པ་བཤད་དགོས་པས་དེ་བརྗོད་དོ་ཞེས་བྱ་བ་སྨོས་སོ། །ད་ནི་ཞེས་བྱ་བ་ནི་མཚན་ཉིད་ལ་སོགས་པ་དྲུག་བཤད་པའི་འོག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་འོག་ཏུ་བཤད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ཡང་ན་གཉེན་པོ་

བསྒོམ་པ་དང་། གནས་དང་འབྲས་བུ་ཐོབ་པ་དག་ནི་ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་ཡིན་པར་བཤད་དོ། །ཐུན་མོང་མ་ཡིན་པའི་གནས་སྐབས་སུ་བབ་པས་ན་ཐེག་པ་བླ་ན་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ལ་སོགས་པར་
ཐུན་མོང་མ་ཡིན་ཏེ། འདིར་གཙོ་བོར་བཤད་དོ་ཞེས་བསྟན་པའི་ཕྱིར། ད་ནི་ཐེག་པ་བླ་ན་མེད་པ་བཤད་དགོས་པས་དེ་ལ་བརྗོད་དོ་ཞེས་བྱ་བ་སྨོས་སོ། །འདི་ལས་གོང་ན་མེད་པས་ན་བླ་ན་མེད་པ་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་འཕགས་པའི་རྣམ་གྲངས་སུ་གཏོགས་པའོ། །དེ་ཡང་གང་ཞེ་ན་ཐེག་པ་
ཆེན་པོ་སྟེ། ཇི་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དག་ལས་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་དེ་ལྟར་ཐེག་པ་ཆེན་པོ་ལས་ནི་ཁྱད་པར་དུ་འཕགས་པ་དམ་པ་གཞན་མེད་དེ། དེ་ལ་རྒྱུ་དང་འབྲས་བུ་གཉིས་ཤིན་ཏུ་མཆོག་ཏུ་གྱུར་པའི་ཕྱིར་རོ། །བླ་ན་མེད་པའི་དངོས་པོ་ནི་བླ་ན་
མེད་པ་ཉིད་དོ། །དེ་ཡང་གང་ཞེ་ན། དེའི་ཕྱིར། བླ་མེད་ཉིད་ནི་སྒྲུབ་པ་དང་། །ཞེས་རྒྱ་ཆེར་གསུངས་སོ། །ཐེག་པ་ཆེན་པོ་ནི་བླ་ན་མེད་པ་ཉིད་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། ཐེག་པ་ཆེན་པོ་ཞེས་བྱ་བ་དེ་གང་ཞེ་ན། རྣམ་པ་གསུམ་པོ་དེ་དག་ཉིད་དེ། སྒྲུབ་པ་དང་། དམིགས་པ་དང་།
ཡང་དག་པར་འགྲུབ་པའོ། །དེ་ལ་སྒྲུབ་པ་བླ་ན་མེད་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་པར་བྱེད་པ་ཉིད་དེ། ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་བླ་ན་མེད་པ་ཞེས་བྱའོ། །དམིགས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་དང་། ཆོས་ཀྱི་
དབྱིངས་ཏེ། དམིགས་པ་འདིས་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་མ་ལུས་པར་མཛད་ནུས་པར་འགྱུར་རོ། །དེའི་ཕྱིར་གཞན་གྱི་དོན་བྱེད་ནུས་པའི་རྒྱུའི་དམིགས་པ་ནི་དམིགས་པ་བླ་ན་མེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། དེ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
དམིགས་པ་དེ་བླ་ན་མེད་པ་ཞེས་བྱའོ། །ཡང་དག་པར་གྲུབ་པ་ནི་རིགས་དང་མོས་པ་དང་སེམས་བསྐྱེད་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་སྟེ། དེ་ནི་རིགས་ལ་སོགས་པ་ལས་ཡང་དག་པར་འགྲུབ་པར་འགྱུར། འཐོབ་པར་འགྱུར་བས་ན་ཡང་དག་པར་འགྲུབ་པ་ཞེས་བྱའོ། །དེ་ཡང་

དེ་ལས་ཡང་དག་པར་འགྲུབ་པ་ཁྱད་པར་དུ་འཕགས་པ་གཞན་མེད་པས་ན་བླ་ན་མེད་པ་ཞེས་བྱའོ། །དེ་བས་ན་འདིར་ཡང་དག་པར་འགྲུབ་པ་དེ་ལས་ཁྱད་པར་དུ་འཕགས་པ་གཞན་མེད་པའི་དངོས་པོ་ཉིད་བླ་ན་མེད་པ་ཉིད་དོ། །འདིར་ནི་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་སྒྲུབ་པ་བཞི་དང་བཅས་པ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བཤད་པ་ཡིན་ཏེ། དེ་ཡང་བླ་ན་མེད་པ་ཉིད་རྣམ་པ་གསུམ་བཤད་མ་ཐག་པས་བླ་ན་མེད་པ་ཞེས་བྱའོ། །ཡང་ན་ཐེག་པ་ཆེན་པོ་ནི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་མཚུངས་
པར་ལྡན་པ་དང་བཅས་པ་ཚོགས་དང་བཅས་པ། སྦྱོར་བ་དང་བཅས་པ། རྗེས་ལས་ཐོབ་པའི་ཡེ་ཤེས་དང་བཅས་པ། ཁྱད་པར་ཅན་གྱི་ཡོན་ཏན་དང་བཅས་པ། དམིགས་པ་དང་བཅས་པ། འབྲས་བུ་དང་བཅས་པའོ། །དེ་ལ་དམིགས་པ་ནི་དེ་བཞིན་ཉིད་དོ། །འབྲས་བུ་ནི་མི་
གནས་པའི་མྱ་ངན་ལས་འདས་པའོ། །ཐེག་པ་ཆེན་པོ་འདི་སྟོན་པའི་མདོ་སྡེ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་དག་ཀྱང་ཐེག་པ་ཆེན་པོ་ཡིན་ནོ། །ཚིག་ཀྱང་གཞི་དང་འདྲ་བར་གདགས་ཏེ། དཔེར་ན་ཁར་བ་བསད་པ་དང་རིན་པོ་ཆེ་ཕྲོགས་པ་ལྟ་བུའོ། །འདིས་ཐེག་ཆེན་མི་གནས་པའི་མྱ་
ངན་ལས་འདས་པ་ཐོབ་པར་བྱེད་པས་ཐེག་པའོ། །དེ་ཡང་ཆེན་པོ་རྣམ་པ་བདུན་དང་ལྡན་པས་ན་ཆེན་པོའོ། །དེ་ནི་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོའོ། །ཆེན་པོ་རྣམ་པ་བདུན་ནི་དམིགས་པ་དང་། སྒྲུབ་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་
མཁས་པ་དང་། འཐོབ་པ་དང་། ལས་ཆེན་པོའོ། །དེ་ལ་དམིགས་པ་ཆེན་པོ་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་སྡེ་མཐའ་ཡས་པའི་ཆོས་རྣམས་བྱང་ཆུབ་སེམས་དཔའི་ལམ་གྱི་དམིགས་པ་ཡིན་པའི་ཕྱིར་རོ། །སྒྲུབ་པ་ཆེན་པོ་ནི་བདག་དང་གཞན་གྱི་དོན་མཐའ་དག་སྒྲུབ་པའི་ཕྱིར་རོ། །
ཡེ་ཤེས་ཆེན་པོ་ནི་གང་ཟག་དང་། ཆོས་ལ་བདག་མེད་པར་ཤེས་པའི་ཕྱིར་རོ། །བརྩོན་འགྲུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་བྱ་དཀའ་བ་བརྒྱ་སྟོང་ཕྲག་དུ་མ་ལ་སྦྱོར་བའི་ཕྱིར་རོ། །ཐབས་མཁས་པ་ཆེན་པོ་ནི་འཁོར་བ་དང་། མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་རོ། །

འཐོབ་པ་ཆེན་པོ་ནི་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་གྲངས་མེད་པ་འཐོབ་པའི་ཕྱིར་རོ། །ལམ་ཆེན་པོ་ནི་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་བྱང་ཆུབ་མངོན་པར་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་རོ། །འདི་དག་ཉིད་ནི་ཐེག་
པ་ཆེན་པོ་བླ་ན་མེད་པ་སྟེ། དེ་ལས་ཐེག་པ་ཁྱད་པར་ཅན་གཞན་མེད་པའི་ཕྱིར་རོ། །དེ་ཡང་སྒྲུབ་པ་དང་དམིགས་པ་དང་ཡང་དག་པར་འགྲུབ་པ་སྟེ། འདི་ལྟར་དེ་དག་དང་ལྡན་པས་ན་ཐེག་པ་ཆེན་པོ་བླ་ན་མེད་པ་ཞེས་བྱའོ། །སྒྲུབ་པ་ཉིད་བླ་ན་མེད་པ་ཡིན་པས་སྒྲུབ་པ་བླ་ན་མེད་པ་ཉིད་དེ། དེ་
བཞིན་དུ་དམིགས་པ་དང་ཡང་དག་པར་འགྲུབ་པ་བླ་ན་མེད་པ་ཉིད་ཀྱང་རིག་པར་བྱའོ། །བླ་ན་མེད་པ་ཉིད་དེ་དག་ནི་བྱང་ཆུབ་སེམས་དཔའི་ལམ་དང་། དེའི་གནས་དང་དེའི་འབྲས་བུའི་དབང་དུ་བྱས་ཏེ། གོ་རིམས་བཞིན་དུ་རྣམ་པར་གཞག་གོ། །འདི་ལྟ་སྟེ། སངས་རྒྱས་ཀྱི་གསུང་རབ་ཀྱིས་ཀྱང་
སྒྲུབ་པ་དང་དམིགས་པ་དང་དེའི་འབྲས་བུ་དང་འདི་རྣམས་ཙམ་ཞིག་བཤད་པར་ཟད་དོ། །དམིགས་པ་ནི་སྒྲུབ་པའི་སྔོན་དུ་འགྲོ་བས་དམིགས་པ་སྔར་བཤད་པའི་རིགས་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ལ་སྒྲུབ་པ་སྙིང་པོར་བྱ་བ་བསྟན་པའི་ཕྱིར་སྒྲུབ་པ་སྔར་བཤད་དོ། །དེ་ལ་ཇི་ལྟར་ན་
སྒྲུབ་པ་བླ་ན་མེད་པ་ཉིད་ཅེས་བྱ་ཞེ་ན། དེའི་ཕྱིར། སྒྲུབ་པ་བླ་ན་མེད་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྒྲུབ་པར་རིག་པར་བྱའོ་ཞེས་བྱ་བ་སྨོས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་བྱེད་པའོ། །ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་དེ་ཡང་ཐེག་པ་ཆེན་པོ་ཉིད་དུ་བཤད་
ཀྱི། གཞན་ནི་མ་ཡིན་པས་ན་ཐེག་པ་ཆེན་པོ་ཉིད་བླ་ན་མེད་པར་སྟོན་ཏོ། །སྒྲུབ་པ་དེ་ཡང་རྣམ་པ་གང་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་ནི་བླ་ན་མེད་པར་འགྱུར་བའི་རྣམ་པ་དེ་དག་བསྟན་པའི་ཕྱིར། སྒྲུབ་པ་དག་ནི་རྣམ་དྲུག་སྟེ། །ཞེས་བྱ་བ་གསུངས་སོ། །ཕ་རོལ་
ཏུ་ཕྱིན་པ་རྣམས་ལ་སྒྲུབ་པ་ཇི་ལྟར་ན་དམ་པར་འགྱུར་བ་ནས། ཇི་ལྟར་ན་ཁྱད་པར་ཅན་མེད་པའི་བར་དུ་འགྱུར་བ་མི་ཤེས་ནས། དེའི་ཕྱིར་དེ་ལ། དམ་པ་བཅུ་གཉིས་བདག་ཉིད་དེ། །ཞེས་བྱ་བ་སྨོས་སོ། །དམ་པ་ནི་རྣམ་པ་བཅུ་གཉིས་ཏེ། ཆེ་བ་དང་བླ་ན་མེད་ཅེས་བྱ་བའི་

ཐ་ཚིག་གོ། །དེའི་རྣམ་པ་བསྟན་པའི་ཕྱིར། །རྒྱ་ཆེ་བ་དང་ཡུན་རིང་དང་། །ཞེས་རྒྱ་ཆེར་གསུངས་སོ། །རྒྱ་ཆེ་བ་དམ་པ་ནས་འགྲུབ་པ་དམ་པ་ཞེས་བྱ་བའི་བར་དུ་རྣམ་པ་བཅུ་གཉིས་པ་དེ་དག་ནི་དམ་པའོ། །དེ་ལ་རྒྱ་ཆེ་བ་དམ་པ་ནི་འཇིག་རྟེན་གྱི་ཕུན་སུམ་
ཚོགས་པ་ཐམས་ཅད་མི་འདོད་པ་དང་མཆོག་ཏུ་རིག་པར་བྱའོ་ཞེས་བྱ་བ་ལ། ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་མངོན་པར་མཐོ་བའོ། །དེ་ཡང་རྣམ་པ་གཉིས་ཏེ། རྙེད་པ་དང་མ་རྙེད་པའོ། །དེ་ལ་བདག་གི་བདེ་བ་ལ་མི་ཆགས་པ་དང་། གཞན་གྱི་སྡུག་བསྔལ་བ་བསལ་བར་ཞུགས་
པའི་ཕྱིར་རྙེད་པ་ལ་མི་ཆགས་ཤིང་མ་རྙེད་པ་མི་འཚོལ་བའོ། །ཇི་སྐད་དུ། དགེ་བ་ཁྱོད་ཀྱི་བསོད་ནམས་འབྲས་བུ་གང་། །ཐམས་ཅད་གཞན་གྱི་དོན་ཏེ་བདག་གི་དོན་རྒྱུར་མིན། །ཞེས་འབྱུང་བ་ལྟ་བུའོ། །སྤོང་བ་དང་ཡེ་ཤེས་དང་མཐུ་ཕུན་སུམ་ཚོགས་པའི་སངས་རྒྱས་ཉིད་འབྲས་བུ་
ཡིན་པའི་ཕྱིར་མཆོག་གོ། །ཡང་ན་འཇིག་རྟེན་ན་རྒྱ་ཆེ་བ་ནི་རྣམ་པ་གཉིས་སུ་བརྗོད་དེ། ཆེ་བར་མངོན་པ་དང་ལན་དུ་ཕན་འདོགས་པ་མི་འདོད་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་མི་འདོད་ཀྱང་སྦྱིན་པ་ལ་སོགས་པ་ཕ་རོལ་
ཏུ་ཕྱིན་པ་རྣམས་ལ་ཇེ་བས་ཇེ་ཆེར་སྦྱོར་ཏེ། དེ་བས་ན་དེ་སྒྲུབ་པ་རྒྱ་ཆེ་བ་ཉིད་ཅེས་བྱའོ། །ཡུན་རིང་བ་དམ་པ་ནི་ཡུན་རིང་བའི་ཕྱིར་མཆོག་སྟེ། ཡུན་རིང་བ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཡུན་རིང་པོར་གོམས་པར་བྱེད་པའོ། །དེ་ཡང་དུས་ཇི་སྲིད་པ་མི་ཤེས་
ནས་དེའི་ཕྱིར། བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངས་སུ་བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྒོམ་པ་བསྐལ་པ་གྲངས་མེད་པ་གསུམ་གྱི་མཐར་ཐུག་པར་བྱེད་པས་ཤིན་ཏུ་ཡུན་རིང་བ་ཡིན་ནོ། །ཆེད་
དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཆེད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་བདག་གི་བདེ་བ་ལ་མི་ཆགས་པ་རྣམས་ནི། སེམས་ཅན་ལ་ཕན་པ་དང་བདེ་བར་བྱ་བའི་ཆེད་དུ་སྦྱིན་པ་ལ་ཞུགས་པས་དེའི་ཕྱིར་ཆེད་དུ་བྱ་བ་དམ་པ་ཞེས་བྱའོ། །ཟད་མི་ཤེས་པ་

དམ་པ་ནི་མི་ཟད་པའི་ཕྱིར་དམ་པ་སྟེ། ཟད་མི་ཤེས་པ་གང་ཞེ་ན། དེའི་ཕྱིར། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས། གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་སྦྱིན་པ་ལ་སོགས་པ་ནི། སྐྱེ་བའི་
གནས་ཐམས་ཅད་དུ་རྣམ་པར་སྨིན་པའི་འབྲས་བུ་བྱིན་ཡང་གཏན་དུ་རྒྱུན་ཆད་པར་མི་འགྱུར་ཏེ། གནས་གྱུར་པའི་མཚན་ཉིད་ཆོས་ཀྱི་སྐུ་སྒྲུབ་པ་དང་། དེ་ཡང་མི་ཟད་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་གྱི།
ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ལུས་རྣམ་པ་ཐམས་ཅད་དུ་རྒྱུན་ཆད་པས་རྒྱུན་ཆད་པར་འགྱུར་རོ། །ཡང་ན་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བས་སྦྱིན་པ་ལ་སོགས་པ་མི་ཟད་པར་འགྱུར་
ཏེ། རྣམ་པར་སྨིན་པ་མང་བའི་ཕྱིར་རོ། །མང་བ་ལ་ཡང་མི་ཟད་པ་ཞེས་བྱ་སྟེ། རྣམ་པར་སྨིན་པ་སྦྱིན་པས་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་བའི་ཕྱིར་རོ། །ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ལ་ནི་དེ་ལྟར་མི་ཟད་པར་མི་འགྱུར་རོ། །ཡང་ན་
སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་དང་། སེམས་ཅན་གྱི་ཁམས་བཞིན་དུ་མི་ཟད་པ་ཡིན་ཏེ། དེ་བས་ན་སེམས་ཅན་གྱི་ཁམས་བཞིན་དུ་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་རོ། །རྒྱུན་མི་འཆད་པ་
དམ་པ་ནི་བདག་དང་གཞན་མཉམ་པ་ཉིད་དུ་མོས་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ས་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་རྟོགས་
པས་བདག་དང་གཞན་མཉམ་པ་ཉིད་དུ་མོས་སོ། །དེ་བདག་དང་གཞན་མཉམ་པ་ཉིད་དུ་མོས་པའི་ཕྱིར་བདག་དང་གཞན་དུ་རྣམ་པར་རྟོག་པ་སྤངས་པས། རང་གི་སྦྱིན་པ་ལ་སོགས་པ་བཞིན་དུ་གཞན་གྱི་སྦྱིན་པ་ལ་སོགས་པས་ཀྱང་སེམས་ཤིན་ཏུ་དགའ་བ་ཐོབ་པོ། །དེ་བས་ན་སྐད་ཅིག་རེ་

རེའམ་ཡུད་ཙམ་རེ་རེའམ་ཉི་མ་རེ་རེར་ཡང་རྒྱུན་མི་འཆད་པར་དེའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །ཚོགས་མེད་པ་དམ་པ་ནི་གཞན་གྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་ནས་ཀྱང་དེ་དག་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ཀྱི་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་
ལ་རབ་ཏུ་དགའ་བའི་ཡིད་ཀྱིས་རྗེས་སུ་ཡི་རང་བར་བྱེད་དོ། །དབང་འབྱོར་བ་དམ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པས་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་དབྱིངས་རྟོགས་པ་བསྒོམ་
པས། ཏིང་ངེ་འཛིན་ནམ་མཁའ་མཛོད་ཅེས་བྱ་བ་འཐོབ་སྟེ། དེ་ཐོབ་པས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་བསྐང་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེའི་དབང་གིས་ནམ་མཁའ་ཉིད་མཛོད་དམ་ཡང་ན་ནམ་མཁའ་ལ་མཛོད་
འཆའ་བའི་ཏིང་ངེ་འཛིན་ལ་ནམ་མཁའ་མཛོད་ཅེས་བྱ་བར་བརྗོད་དེ། འདི་ལྟར་ཏིང་ངེ་འཛིན་དེའི་མཐུས་ཡོ་བྱད་ཐམས་ཅད་ནམ་མཁའ་ལས་འབྱུང་བར་འགྱུར་རོ། །སོགས་པའི་སྒྲས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་ལས་འབྱུང་བའི་ཏིང་ངེ་འཛིན་རྣམས་བསྡུའོ། །ཡོངས་སུ་བཟུང་
བ་དམ་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་རོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སྦྱིན་བདག་དང་སྦྱིན་པར་བྱ་བ་དང་། ལེན་པ་གསུམ་ནི་དམིགས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་བཞིན་དུ་ཤེས་
པར་བྱེད་པ་དང་། ཤེས་པར་བྱ་བ་དང་། ཤེས་པ་གསུམ་གྱིས་བར་དུ་མི་དམིགས་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པ་དེས་ཡོངས་སུ་གཟུང་བའི་སྦྱིན་པ་ལ་སོགས་པ་སྒྲུབ་པོ། །ཇི་ལྟ་ཞེ་ན་དེའི་རྗེས་སུ་འབྲང་བ་དང་དེ་ལ་དམིགས་

པའི་ཕྱིར་ཏེ། དེའི་ཕྱིར་དམ་པ་ཞེས་བྱའོ། །རྩོལ་བ་དམ་པ་ནི་མོས་པས་སྤྱོད་པའི་ས་ལ་བཟོད་པ་ཆེར་གྱུར་པའོ་ཞེས་བྱ་བ་ལ། བསྐལ་པ་གྲངས་མེད་པ་དང་པོ་ནི་མོས་པས་སྤྱོད་པའི་ས་ཞེས་བྱ་སྟེ། རིགས་དང་བཤེས་གཉེན་གྱི་སྟོབས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ངོ་བོ་ཉིད་
གསུམ་གྱི་སྒོ་ནས་ཆོས་ཐམས་ཅད་ལ་བདག་མེད་པར་ཤིན་ཏུ་མོས་པའི་བཟོད་པ་ཆེ་བ་སྟེ། མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ལས་རྒྱལ་བ་ལ་བྱའོ། །དེ་ནི་བྱང་ཆུབ་སེམས་དཔའི་རྩོམ་པའི་དུས་ཏེ། དེའི་ཕྱིར་བཟོད་པ་ཆེན་པོ་ནི་རྩོམ་པ་དམ་པ་ཞེས་བྱ་སྟེ།
འཐོབ་པ་དམ་པ་ནི་ས་དང་པོའོ་ཞེས་བྱ་བ་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོགས་པས་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འཐོབ་པོ། །སྔར་ས་དང་པོ་ལ་སྦྱོར་བས་བསྡུས་པ་ནི་འཇིག་རྟེན་པ་ཉིད་དེ། དེའི་ཕྱིར་ས་དང་པོ་ལ་འཐོབ་པ་དམ་པ་ཞེས་བྱའོ། །
རྒྱུ་མཐུན་པ་དམ་པ་ནི་དེ་མ་ཡིན་པ་གཞན་བརྒྱད་པོ་དག་ལའོ་ཞེས་བྱ་བ་ནི། དེ་མ་ཡིན་པ་གཞན་ས་བརྒྱད་པོ་དག་ལ་གོང་ནས་གོང་དུ་ཁྱད་པར་ཐོབ་པ་ནི་ས་དང་པོ་ལ་ཐོབ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་མཐུན་པ་ཡིན་པས་རྒྱུ་མཐུན་པ་དམ་པའོ། །ཡང་ན་མོས་པས་སྤྱོད་པའི་ས་
ལ་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམས་པའི་སྟོབས་ཀྱིས་ས་དང་པོ་འཐོབ་པ་ནི་འཐོབ་པ་དམ་པ་སྟེ། ས་དང་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་དུ་བསྡུས་པ་དེར་ཞུགས་ན། དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པའི་རིགས་སུ་
སྐྱེས་པ་ཡིན་ནོ་ཞེས་མདོ་ལས་འབྱུང་ངོ་། །ས་ལྷག་མ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམ་པའི་སྟོབས་ཀྱིས་ཐོབ་པའི་ས་དང་པོའི་རྒྱུ་མཐུན་པ་དམ་པའོ། །ཡང་ན་ས་བརྒྱད་པོ་འདི་དག་ནི་ས་དང་པོ་ལ་རབ་ཏུ་ཐོབ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་མཐུན་པར་གྱུར་པས་རྒྱུ་མཐུན་
པ་དམ་པའོ། །འགྲུབ་པ་དམ་པ་ནི་ས་བཅུ་པ་དང་དེ་བཞིན་གཤེགས་པའི་ས་ལ། བྱང་ཆུབ་སེམས་དཔའ་འགྲུབ་པ་དང་སངས་རྒྱས་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་ལ། ས་བཅུ་པ་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཚར་ཕྱིན་ནས་དེ་བཞིན་

གཤེགས་པ་རྣམས་ཀྱི་རྒྱལ་ཆབ་ཏུ་དབང་བསྐུར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པ་དང་། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་དང་བྲལ་བ་དང་། རྣམ་པ་ཐམས་ཅད་དུ་བདག་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར།
ས་བཅུ་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲུབ་པ་དམ་པའོ། །སྤོང་བ་དང་ཡེ་ཤེས་དང་མཐུ་ཁྱད་པར་ཅན་རྣམས་ཐོབ་པའི་ཕྱིར་བཅོམ་ལྡན་འདས་ནི་འགྲོ་བ་ཐམས་ཅད་ཀྱི་སྟོན་པ་ཡིན་པས་དེའི་ཕྱིར་སངས་རྒྱས་སུ་འགྲུབ་པས་འགྲུབ་པའོ། །འགྲུབ་པ་དེ་ཡང་གང་ཞེ་ན། བྱང་ཆུབ་
སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་མངོན་པར་སྒྲུབ་པའོ། །ཡང་ན་སློབ་པའི་སར་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཕུལ་དུ་བྱུང་བ་ནི་ས་བཅུ་པ་སྟེ། དེ་བས་ན་དེ་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་འགྲུབ་པོ། །མི་སློབ་པའི་སར་བསྡུས་
པ་རྣམས་ཀྱི་ཕུལ་དུ་བྱུང་བ་ནི་སངས་རྒྱས་ཀྱི་ས་སྟེ། ས་དེ་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སློབ་པ་མེད་པའི་ཕྱིར། སངས་རྒྱས་སུ་ཡོངས་སུ་འགྲུབ་པས་འགྲུབ་པ་སྟེ། དེ་ལྟར་ས་བཅུར་བྱང་ཆུབ་སེམས་དཔའི་ཡོངས་སུ་འགྲུབ་པ་དང་། དེ་བཞིན་གཤེགས་པའི་སར་སངས་རྒྱས་
ཡོངས་སུ་གྲུབ་པས་འགྲུབ་པ་དམ་པར་རིག་པར་བྱའོ། །དེའི་ཕྱིར་དམ་པའི་དོན་གྱིས་ན། ཕ་རོལ་ཏུ་ཕྱིན་པ་བཅུར་འདོད་དོ་ཞེས་བྱ་བ་ནི་འདི་ལྟར་དམ་པ་རྣམ་པ་བཅུ་གཉིས་པོ་འདི་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་ལ་ཡོད་ཀྱི། ཉན་ཐོས་ལ་སོགས་པའི་སྦྱིན་པ་
ལ་སོགས་པ་ལ་ནི་མེད་པ་དེའི་ཕྱིར། དམ་པ་ཞེས་བྱ་སྟེ། དོན་འདིས་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི་སྦྱིན་པ་ལ་སོགས་པ་ཡེ་ཤེས་ལ་ཐུག་པ་རྣམས་ངེས་པའི་ཚིག་གི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ཏུ་སྟོན་ཏོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པ་གང་ཡིན་པ་དེ་ཡང་
དམ་པ་ཞེས་བྱའོ། །ཁ་ཅིག་ཅེས་བྱ་བ་ནི་གང་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མིང་ཙམ་ཡང་མི་ཤེས་པ་དེ་རྣམས་ལ་དེ་དག་གི་མིང་བསྟན་པར་བྱ་བའི་ཕྱིར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་དང་། །

འདི་དག་ཕ་རོལ་ཕྱིན་བཅུའོ། །ཞེས་བྱ་བ་བརྗོད་དེ། ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཆེད་ཀྱི་ཕྱིར་རོ་ཞེས་བཤད་པ་དེའི་ཕྱིར། འདི་དག་གི་སོ་སོའི་ལས་ཅི་ཞེ་ན་ཞེས་དྲིས་པ་དེའི་ཕྱིར། ལས་ནི་རྗེས་སུ་འཛིན་བྱེད་དང་། །གནོད་མི་བྱེད་དང་དེ་ལ་བཟོད། །ཞེས་རྒྱ་
ཆེར་གསུངས་སོ། །བྱང་ཆུབ་སེམས་དཔའི་སྦྱིན་པས་ནི་སེམས་ཅན་རྣམས་རྗེས་སུ་འཛིན་པའོ་ཞེས་བྱ་བ་ནི་དེ་ལ་མཆོད་པ་དང་། ཕན་གདགས་པར་འདོད་པས། ཕྱི་དང་ནང་གི་དངོས་པོ་ཁ་ན་མ་ཐོ་བ་མེད་པས་ལན་དུ་ཕན་འདོགས་པ་དང་། རྣམ་པར་སྨིན་པ་ལ་སོགས་པ་ལ་མི་ལྟ་བར་སེམས་
པ་གང་གིས་ཡོངས་སུ་གཏོང་ཞིང་ལུས་དང་ངག་གི་ལས་ཀྱིས་ཀྱང་སྒྲུབ་པ་འདི་ནི། བྱང་ཆུབ་སེམས་དཔའི་ཟང་ཟིང་གི་སྦྱིན་པ་སྟེ། འདིས་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་སེལ་བས་སེམས་ཅན་རྣམས་རྗེས་སུ་འཛིན་ཏོ། །སྙིང་རྗེ་སྔོན་དུ་བཏང་སྟེ་སེམས་ཅན་
རྣམས་ལ་མི་གནོད་པའི་འཚོ་བ་དང་། བསྟན་བཅོས་དང་། སྒྱུ་རྩལ་དང་། བཟོ་རྣམས་སྟོན་པ་དང་། བདེ་འགྲོ་དང་ཐར་པའི་ལམ་སྟོན་པ་ནི་ཆོས་ཀྱི་སྦྱིན་པ་སྟེ། འདིས་ཀྱང་འཚོ་བ་མེད་པ་དང་། ངན་འགྲོ་འཁོར་བའི་སྡུག་བསྔལ་སེལ་བས་སེམས་ཅན་རྗེས་སུ་འཛིན་ཏོ། །རྒྱལ་
པོ་དང་ཆོམ་རྐུན་དང་བགོ་སྐལ་ལ་སྤྱོད་པ་དང་། གཅན་གཟན་ལ་སོགས་པས་ཟིན་པ་དེ་དག་ལས་ཐར་བར་བྱེད་པ་ནི་མི་འཇིགས་པ་སྦྱིན་པ་སྟེ། འདིས་ཀྱང་སྲོག་དང་ལོངས་སྤྱོད་དང་། བུ་དང་ཆུང་མ་ལ་སོགས་པས་ཕོངས་པའི་འཇིགས་པ་སེལ་བས་སེམས་ཅན་རྣམས་རྗེས་སུ་འཛིན་
ཏོ། །ཚུལ་ཁྲིམས་ཀྱིས་ནི་དེ་དག་ལ་གནོད་པར་མི་བྱེད་དོ་ཞེས་བྱ་བ་ནི་ལུས་དང་ངག་གིས་ཉེས་པར་སྤྱོད་པ་ཐམས་ཅད་སྤྱོད་པ་དང་། འཇིག་རྟེན་དང་མཐུན་པའི་བཀག་པ་དང་། བསྒོ་བས་ལུས་དང་ངག་གི་ལས་ལྡོག་ཅིང་སྒྲུབ་པ་ནི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་དེ་ལ་རྣམ་པར་
གནས་པས་སེམས་ཅན་ལ་གནོད་པ་དང་མི་བདེ་བར་སྒྲུབ་པ་སྲོག་གི་ཕྱིར་ཡང་བདག་ཉིད་ཀྱང་མི་བྱེད་ཅིང་གཞན་ལ་ཡང་བྱེད་དུ་མི་འཇུག་པའོ། །བཟོད་པ་ནི་གཞན་དག་གིས་གནོད་པར་བྱས་པ་ལ་ཇི་མི་སྙམ་པར་བྱེད་དོ་ཞེས་བྱ་བ་ནི་སྙིང་རྗེའི་སེམས་སྔོན་དུ་བཏང་བས་སྡུག་བསྔལ་གྱི་རྣམ་པ་

ཐམས་ཅད་ལ་ཇི་མི་སྙམ་པར་བྱེད་ཅིང་དང་དུ་ལེན་པའི་བདག་ཉིད་ཀྱི་བཟོད་པ་སྟེ། དེས་གཞན་དག་གིས་གསོད་པ་དང་འཆིང་བ་དང་རྡེག་པ་ལ་སོགས་པ་བྱས་པ་ལ་སླར་གནོད་པ་མི་བྱེད་པས་ཇི་མི་སྙམ་པར་བྱེད་པའོ། །བརྩོན་འགྲུས་ཀྱིས་ནི་ཡོན་ཏན་རྣམས་
འཕེལ་བར་བྱེད་དོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ཕྱིར་སྤྲོ་བ་ནི་བརྩོན་འགྲུས་ཏེ། དེས་སྦྱིན་པ་ལ་སོགས་པའི་ཡོན་ཏན་གོམས་པར་བྱས་པས་ཡོན་ཏན་ཁྱད་པར་དུ་འཕགས་པར་འགྲུབ་པ་ནི་འཕེལ་བའོ། །བསམ་གཏན་གྱིས་ནི་རྫུ་འཕྲུལ་ལ་སོགས་པས་མགུ་བར་བྱས་ཏེ་འཛུད་དོ་
ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི། སེམས་ཀྱི་རྣམ་གྲངས་ཤེས་པ་བསྡུའོ། །བསམ་གཏན་ནི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་པའོ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །འཛུད་པ་ནི་བསྟན་པའི་ཆོས་ཉིད་སྟོན་པ་སྟེ། བསམ་གཏན་གྱི་འབྲས་བུ་རྫུ་
འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་གཉིས་ཀྱིས་མགུ་བར་བྱས་ན་བསྟན་པ་ལ་འཛུད་ནུས་པར་འགྱུར་རོ། །ཤེས་རབ་ཀྱིས་ནི་ཡང་དག་པའི་གདམས་ངག་བྱིན་པས་རྣམ་པར་གྲོལ་བར་བྱེད་དོ་ཞེས་བྱ་བ་ལ། ཤེས་རབ་ནི་རྣམ་པ་ཐམས་ཅད་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་
མཚན་ཉིད་དོ། །དེའི་ལས་ནི་ཡང་དག་པའི་གདམས་ངག་སྦྱིན་པ་སྟེ། ཉོན་མོངས་པ་སྤོང་བ་ཡང་ཕྱིན་ཅི་མ་ལོག་པར་རྗེས་སུ་བསྟན་པ་ལ་རག་ལུས་པའོ། །དེ་བས་ན་ཤེས་རབ་ཀྱིས་ཡང་དག་པའི་གདམས་ངག་བྱིན་པས་རྣམ་པར་གྲོལ་བར་བྱེད་དོ། །ཐབས་ལ་མཁས་པའི་
ཕ་རོལ་ཏུ་ཕྱིན་པས་ནི། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས། སྦྱིན་པ་ལ་སོགས་པ་མི་ཟད་པར་བྱེད་དོ་ཞེས་བྱ་བ་ནི་ཆོས་གང་འགྲུབ་པར་བྱ་བ་དང་། རྣམ་པར་འཕེལ་བར་བྱ་བ་དང་། འཐོབ་པར་བྱ་བ་དང་། སྤང་བར་བྱ་བའི་ཕྱིར་རིགས་པ་གང་ཡིན་པ་དེ་ནི་ཐབས་ཡིན་
ནོ། །དེ་ལ་མཁས་པ་ནི་ཐོག་ཏུ་ཕེབས་པ་སྟེ། ཐབས་ལ་མཁས་པའོ། །དེའི་ལས་ནི་སྦྱིན་པ་ལ་སོགས་པ་བྱས་ཤིང་བསགས་པ་རྣམས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་མི་ཟད་པར་བྱེད་པའོ། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་རྣམས་ནི་བྱང་ཆུབ་

ཆེན་པོ་བཞིན་དུ་མི་ཟད་པར་འགྱུར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་པས་ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང་སྦྱིན་པ་ལ་སོགས་པ་ལ་རྟག་ཏུ་འཇུག་གོ་ཞེས་བྱ་བ་ལ། སྨོན་ལམ་ནི་རྣམ་པ་དུ་མར་སྨོན་པའི་བདག་ཉིད་
ཡིན་མོད་ཀྱི། འདིར་ནི་དགེ་བ་དང་མཐུན་པའི་སྐྱེ་བ་ལ་སྨོན་པས་སྨོན་ལམ་དུ་འདོད་དོ། །དེའི་ལས་ནི་ཚེ་རབས་ཚེ་རབས་སུ་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། སྦྱིན་པ་ལ་སོགས་པ་ལ་རྟག་ཏུ་འཇུག་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་སོ་སོར་རྟོག་པ་དང་། བསྒོམ་པའི་
སྟོབས་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་ངེས་པར་འཇུག་གོ་ཞེས་བྱ་བ་ལ་སོ་སོར་རྟོག་པ་ནི་ཤེས་རབ་པོ། །བསྒོམ་པ་ནི་དགེ་བའི་ཆོས་གོམས་པར་བྱེད་པ་སྟེ། དེ་གཉིས་ལ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ནི། སྟོབས་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་ལས་ནི་སྐད་ཅིག་རེ་རེ་ལ་ཡང་གདོན་མི་ཟ་བར་སྦྱིན་པ་ལ་སོགས་པ་ལ་འཇུག་པའོ། །ངེས་པ་ཞེས་བྱ་བའི་སྒྲས་ནི་རྒྱུན་མི་འཆད་པའི་རྣམ་གྲངས་སོ། །སོ་སོར་རྟོག་པ་དང་བསྒོམ་པའི་སྟོབས་དང་ལྡན་པའི་སྦྱིན་པ་ལ་སོགས་པའི་དགེ་བ་ལ་མི་མཐུན་པའི་
ཕྱོགས་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཏོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི། ཆོས་ལ་སྒྲ་ཇི་བཞིན་དུ་རྨོངས་པ་དང་བྲལ་བས། སྦྱིན་པ་ལ་སོགས་པའི་དབང་དུ་མཛད་པའི་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་ཐེག་པ་ཆེན་
པོའི་ཆོས་བསྟན་པ་ཐམས་ཅད་ལ་སྒྲ་ཇི་བཞིན་དུ་རྨོངས་པ་དང་བྲལ་བའི་ཡེ་ཤེས་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྒྲ་ཇི་བཞིན་དུ་རྨོངས་པ་དེ་ཡང་གང་ཞེ་ན། གང་གིས་དགོངས་པའི་དོན་སྤངས་ཏེ་སྒྲ་ཇི་བཞིན་ཉིད་དུ་རྟོག་པ་འདི་ནི་སྒྲ་ཇི་བཞིན་དུ་རྨོངས་པའོ། །སྦྱིན་པའི་དབང་དུ་མཛད་
པ་ནི་སྦྱིན་པ་ལ་དམིགས་ནས། མདོ་ལ་སོགས་པའི་ཆོས་བསྟན་པ་གང་ཡིན་པ་དེ་སྦྱིན་པའི་དབང་དུ་མཛད་པའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ལ་སོགས་པའི་དབང་དུ་མཛད་པ་དེ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་

ཐེག་པ་ཆེན་པོ་ལས་བརྩམས་ཏེ། ཕྱིན་ཅི་མ་ལོག་པ་འབྲེལ་བའི་གཏམ་ངེས་པར་མཛད་པ་དང་། སེམས་ཅན་རྣམས་ལ་ཕྱིན་ཅི་མ་ལོག་པའི་ཆོས་བསྟན་པས། ཡོངས་སུ་སྨིན་པར་མཛད་པས་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང་། སེམས་ཅན་ཡོངས་
སུ་སྨིན་པར་མཛད་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་ཏེ། མདོ་ལ་སོགས་པའི་ཆོས་བསྟན་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དམ་པ་སྒྲུབ་པ་བཤད་པའི་འོག་ཏུ་ཡིད་ལ་བྱེད་པའི་སྒྲུབ་པ་བརྗོད་དགོས་ཏེ། དེའི་ཕྱིར། ཡིད་ལ་བྱེད་པ་སྒྲུབ་པ་
གང་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར། ཐེག་པ་ཆེན་པོ་ཇི་ལྟ་བུར། །ཆོས་རྣམས་བཏགས་པ་མཛད་པ་དག །ཞེས་རྒྱ་ཆེར་གསུངས་སོ། །སྦྱིན་པ་ལ་སོགས་པའི་དབང་དུ་མཛད་ནས་ཞེས་བྱ་བ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ལ་
སོགས་པའི་ཆེད་ཀྱི་ཕྱིར་རོ། །མདོ་ལ་སོགས་པ་ཇི་ལྟར་བཏགས་པའི་ཆོས་རྣམས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་རྣམ་པ་གང་གིས་སྦྱིན་པ་ལ་སོགས་པའི་དབང་དུ་མཛད་དེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་ལ་སོགས་པའི་ཆོས་རྣམས་གསུངས་
པ་དེ་བཞིན་དུ་དེ་དག་གི་དོན་དང་། ཚིག་འབྲུ་ལ་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པ་མེད་པར་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་སྒྲུབ་པ་སྟེ། གཞན་དུ་མ་ཡིན་ནོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་མ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་བདག་གི་དོན་ཉིད་དུ་སྦྱིན་པ་
ལ་སོགས་པ་བཤད་ཀྱི། ཇི་ལྟར་ཐེག་པ་ཆེན་པོར་བདག་དང་གཞན་གྱི་དོན་བྱེད་པ་ལྟ་བུ་ནི་མ་ཡིན་ཏེ། དེ་བས་ན་ཐེག་པ་ཆེན་པོ་ཉིད་སྦྱིན་པ་ལ་སོགས་པའི་དབང་དུ་མཛད་དེ། མདོ་ལ་སོགས་པའི་ཆོས་ཇི་ལྟར་བཏགས་པ་རྣམས། བྱང་ཆུབ་སེམས་དཔའ་རྣམས་སྒྲུབ་པ་ཡིད་ལ་བྱེད་
པ་ནི་ཡིད་ལ་བྱེད་པ་སྒྲུབ་པའོ། །ཉན་ཐོས་ཀྱི་ཐེག་པར་སྦྱིན་པ་ལ་སོགས་པའི་དབང་དུ་མཛད་དེ། གསུངས་པའི་མདོ་ལ་སོགས་པ་ཡིད་ལ་བྱེད་པ་ནི་ལོག་པར་སྒྲུབ་པ་སྟེ། རང་གི་དོན་ཙམ་ལ་བརྟེན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་དག་ཀྱང་ཕལ་ཆེར་སེམས་སྙོམས་

པ་ཉིད་དང་། མི་ཆགས་པ་དང་། མ་ཁེངས་པ་དང་། མི་དམིགས་པ་རྣམས་ཀྱི་དབང་དུ་མཛད་དེ་གཞག་པའོ། །དེ་ལ་གང་ཡོན་ཏན་ཅན་དང་། ཡོན་ཏན་མེད་པ་རྣམས་ལ་མཚུངས་པར་ཕན་འདོགས་པར་འདོད་པ་འདི་ནི་སེམས་སྙོམས་པ་ཉིད་དོ། །དེ་ལ་གང་སྲིད་པ་དང་ལོངས་སྤྱོད་ལ་
འདོད་པ་མེད་པར་གཞན་གྱི་དོན་ཉིད་དུ་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་འདི་ནི་མི་ཆགས་པའོ། །དེ་ལ་གང་སྦྱིན་པ་ལ་སོགས་པས་བདག་རློམ་སེམས་སུ་མི་བྱེད་ཅིང་། གཞན་ལ་མི་བརྙས་པ་འདི་ནི་མ་ཁེངས་པའོ། །དེ་ལ་གང་སྦྱིན་པ་དང་སྦྱིན་བདག་དང་། ལེན་པ་རྣམས་མི་དམིགས་པའི་ཚུལ་
གྱིས་འཁོར་གསུམ་ཡོངས་སུ་དག་པ་གང་ཡིན་པ་འདི་ནི་མི་དམིགས་པའོ། །ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཞེས་བྱ་བ་དེ་ལ་ཡིད་ཆེས་པའི་གསུང་རབ་ལས་སྐྱེས་པའི་ངེས་པ་ནི་ཐོས་པ་ལས་བྱུང་བའོ། །རིགས་པ་དང་ངེས་པར་སེམས་པ་ལས་སྐྱེས་པ་
ནི་བསམས་པ་ལས་བྱུང་བའིའོ། །བསྒོམས་པ་ལས་སྐྱེས་པ་ནི་བསྒོམས་པ་ལས་བྱུང་བའིའོ། །རྒྱུན་དུ་ཞེས་བྱ་བ་འདི་ཡང་དང་ཡང་དུའོ། །འཇུག་པ་ཐམས་ཅད་ནི་འབྲས་བུའི་ཕྱིར་ཏེ། དེ་བས་ན་ཤེས་རབ་རྣམ་པ་གསུམ་གྱིས་ཡིད་ལ་བྱེད་པ་དེ་ཡོན་ཏན་ཅི་ཞིག་བྱེད་ཅེ་ན་ཞེས་དྲིས་པ་དང་། དེའི་
ཕྱིར། ཁམས་བརྟས་བྱེད་དང་འཇུག་བྱེད་དང་། །དེ་ཡི་དོན་རྣམས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ཁམས་ནི་རིགས་དང་ས་བོན་ནོ། །དེའི་བརྟས་པ་ནི་འཕེལ་བའོ། །ཁམས་བརྟས་པས་ནི་ཚེ་ཕྱི་མ་ཤེས་རབ་ཆེ་ཞིང་གསལ་བར་འགྱུར་རོ། །ཐོས་པ་དེའི་དོན་ལ་སྙིང་ནས་འཇུག་པར་
བྱེད་དོ་ཞེས་བྱ་བ་ནི་མདོ་ལ་སོགས་པའི་ཆོས་ཐོས་པ་དེའི་དོན་ལ་རིགས་པའི་སྟོབས་སྐྱེད་པས། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་ཡོད་པ་ཕྱིན་ཅི་མ་ལོག་པ་ལ་བསམ་པ་ཐག་པ་ནས་འཇུག་པའོ། །བསྒོམས་པ་ལས་བྱུང་བ་ནི་དོན་འགྲུབ་པར་འགྱུར་ཏེ་ཞེས་བྱ་བ་ལ། དོན་གྲུབ་པ་ནི་དེ་
ཁོ་ན་ཁོང་དུ་ཆུད་པའོ། །ཇི་ལྟ་ཞེ་ན། དེའི་ཕྱིར། ས་ལ་འཇུག་པ་ཡོངས་སུ་སྦྱོང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡོངས་སུ་དག་པས་ས་ལ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཉིད་ཀྱིས་ས་ལ་འཇུག་པར་བསྟན་ཏོ། །

དེ་བས་ན་དྲན་པ་ཉེ་བར་གཞག་པ་ལ་སོགས་པས་ས་ལ་འཇུག་པར་གྱུར་པ་རྣམས་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཡོངས་སུ་སྦྱོང་བས་དོན་འགྲུབ་པར་འགྱུར་ཏེ། ས་ལ་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ལ་བྱེད་པ་སྒྲུབ་པ་འདི་ཡང་འཁོར་དང་བཅས་
པར་ཤེས་པར་བྱ་སྟེ། འབའ་ཞིག་ནི་མ་ཡིན་ནོ། །དེའི་འཁོར་གང་ཞེ་ན། དེ་ནི་ཆོས་སྤྱོད་རྣམ་བཅུ་དང་། །ཡང་དག་ལྡན་པར་ཤེས་པར་བྱ། །ཞེས་གསུངས་སོ། །ཡོངས་སུ་ཟིན་པར་རིག་པར་བྱ་བ་སྟེ་ཞེས་བྱ་བ་ནི་ཀུན་ནས་བསྐོར་བ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་བདག་ཉིད་
དུའམ་ཆོས་ཀྱི་ཆེད་དུ་སྤྱོད་པ་དག་ནི་ཆོས་སྤྱོད་པ་དག་གོ། །དེ་དག་ཀྱང་མི་ཤེས་ནས། དེའི་ཕྱིར། ཆོས་སྤྱོད་རྣམ་པ་བཅུ་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །དེ་ལ་ཡི་གེར་འདྲི་བ་ནི་ཐེག་པ་ཆེན་པོ་ཡུན་རིང་དུ་
གནས་པར་བྱ་བའམ། མཉན་པའམ་ཀླག་པའི་ཕྱིར་བདག་གམ་གཞན་གྱིས་སོ། །མཆོད་པ་ནི་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། སྤོས་ལ་སོགས་པས་ཐེག་པ་ཆེན་པོ་ལ་མཆོད་པའོ། །སྦྱིན་པ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་གཞན་དག་ལ་ཡི་གེར་བྲིས་པའི་གླེགས་
བམ་ལ་སོགས་པ་བསྟི་སྟང་དུ་བྱས་ཏེ་སྦྱིན་པའོ། །གཞན་ཀློག་པ་ལ་ཉན་པ་ནི་བསྟི་སྟང་དུ་བྱས་ཏེ་ཉན་པའོ། །བདག་ཉིད་ཀློག་པ་ནི་གུས་པ་ཆེར་བྱས་ཏེ་ཀློག་པའོ། །ལེན་པ་ནི་དང་བ་ཆེན་པོས་བདག་ལ་བདོག་པར་བྱེད་པའོ། །ཚིག་དང་དོན་འཆད་པ་ནི་འབད་པ་ཆེན་པོས་འོས་པ་རྣམས་
ལ་སྟོན་པར་བྱེད་པའོ། །ཁ་ཏོན་དུ་བྱེད་པ་ནི་བླངས་པའི་ཕྱིར་ཞིང་གོམས་པར་བྱེད་པའོ། །སེམས་པ་ནི་རིགས་པའི་དོན་ལ་དེའི་སྒོ་ནས་སྤྱོད་པའོ། །བསྒོམ་པ་ནི་མཉམ་པར་གཞག་པའི་ཤེས་རབ་ཀྱིས་གོམས་པར་བྱེད་པའོ། །དང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །དེ་ལ་ཡི་གེར་འདྲི་བ་དང་།
མཆོད་པ་དང་། སྦྱིན་པ་དང་། ཉན་པ་ཞེས་བྱ་བའི་ཚིག་བཞི་པོ་འདི་དག་གིས་ནི། ལུས་ཀྱི་ལས་རབ་ཏུ་བསྟན་ཏོ། །ཀློག་པ་དང་། ལེན་པ་དང་། འཆད་པ་དང་། ཁ་ཏོན་དུ་བྱེད་པ་ཞེས་བྱ་བའི་ཚིག་བཞི་པོ་འདི་དག་གིས་ནི་ངག་གི་ལས་རབ་ཏུ་སྟོན་ཏོ། །སེམས་པ་དང་སྒོམ་པ་ཞེས་

བྱ་བ་དེ་དག་གིས་ནི་ཡིད་ཀྱི་ལས་རབ་ཏུ་སྟོན་ཏོ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གང་ཆོས་ལ་སྤྱོད་པ་རྣམ་པ་བཅུ་གསུངས་པ་དེ་ལ་ཆོས་སྤྱོད་པ་གཅིག་ལས་བསོད་ནམས་ཀྱི་ཕུང་པོ་སྐྱེ་བ་གང་ཡིན་པ་དེ་ཡང་ཤིན་ཏུ་མང་བའི་ཕྱིར། བདག་
གམ་གཞན་གྱིས་ཚད་བཟུང་བར་མི་ནུས་སོ། །སྦྱིན་པ་དང་། ཚུལ་ཁྲིམས་དང་། བསམ་གཏན་ལ་སོགས་པའི་ཆོས་འདྲ་བར་བསྟན་པ་ལས། ཅིའི་ཕྱིར་མདོ་དག་ལས་ཐེག་པ་ཆེན་པོ་ཉིད་ཀྱི་ཆོས་སྤྱོད་པ་ཤིན་ཏུ་འབྲས་བུ་ཆེ་བར་བསྟན་གྱི། ཉན་ཐོས་ཀྱི་ཐེག་པ་ལ་ནི་མ་ཡིན་
ཞེ་ན་ཞེས་བྱ་བ་ནི་ཆོས་སྤྱོད་པ་འབྲས་བུ་ཆེ་བར་བསྟན་ཞེས་བྱ་བར་སྦྱར་རོ། །རྣམ་པ་གཉིས་ཀྱི་ཕྱིར་ཏེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་སྤྱོད་པ་འབྲས་བུ་ཤིན་ཏུ་ཆེ་བར་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །རྣམ་པ་གཉིས་པ་གང་ཞེ་ན། དེའི་ཕྱིར། ཁྱད་པར་ཕྱིར་དང་མི་ཟད་ཕྱིར། །
ཞེས་བྱ་བ་གསུངས་སོ། །དེ་ཉིད་ཀྱང་མི་ཤེས་ནས་དེའི་ཕྱིར་ཁྱད་པར་གྱི་ཕྱིར་ནི་ཇི་ལྟ་བུ། མི་ཟད་པའི་ཕྱིར་ནི་ཇི་ལྟ་བུ་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར། གཞན་ལ་ཕན་འདོགས་མ་ཞི་ཕྱིར། །ཞེས་བྱ་བ་གསུངས་སོ། །ཐེག་པ་ཆེན་པོར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་
པ་ལ་སོགས་པ་སྒྲུབ་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་རོ་གཅིག་པར་བསྟན་གྱི། ཉན་ཐོས་ཀྱི་ཐེག་པ་ལས་ནི་བདག་གི་དོན་གཙོ་བོར་བཤད་དོ། །དེ་བས་ན་ཉན་ཐོས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་གཞན་ལ་ཕན་འདོགས་པའི་ཕྱིར་ཁྱད་པར་དུ་འཕགས་ཏེ། དེ་ལྟར་རྒྱུ་བརྗོད་པས་
ཉན་ཐོས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་སྐུ་གསུམ་དུ་བསྡུས་པ། འཇིག་རྟེན་ཇི་སྲིད་དུ་ཡོད་པ་དེ་སྲིད་དུ་སེམས་ཅན་ལ་ཕན་པར་མཛད་པར་ཞུགས་པ། ཕུང་པོའི་ལྷག་མ་མེད་པའི་མྱ་
ངན་ལས་འདས་པ་ན་ཡང་རྒྱུན་མི་འཆད་པ་གནས་གྱུར་པའི་མཚན་ཉིད་བསྟན་པས་མི་ཟད་པ་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པ་ནི་དེ་ལྟ་མ་ཡིན་ཏེ། ཉན་ཐོས་ཀྱི་ཚོགས་ཀྱི་འབྲས་བུ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་རྣམ་པ་ཐམས་ཅད་དུ་རྒྱུན་མི་འཆད་པའི་ཕྱིར་ཟད་པར་

བཤད་དོ། །དེ་ལྟར་མྱ་ངན་ལས་འདས་པ་ན་ཡང་འབྲས་བུ་རྒྱུན་མི་འཆད་པར་བསྟན་པས། ཉན་ཐོས་ཀྱི་ཐེག་པ་ལས་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་སོ། །ཡང་ན་ཐེག་པ་ཆེན་པོའི་དོན་ནི་སྦྱིན་པ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་ལ་
ཕན་གདགས་པར་ཞུགས་པའོ། །ཉན་ཐོས་ཀྱི་ཐེག་པའི་དོན་ནི་དེ་ལྟ་མ་ཡིན་ཏེ། ཉན་ཐོས་རྣམས་རང་གི་དོན་ལ་བརྩོན་པའི་ཕྱིར་རོ། །སྦྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དག་གི་ཆོས་རྣམས་ཟག་པ་མེད་པའི་ལུས་སུ་གྱུར་པས། མྱ་ངན་ལས་འདས་
ཀྱང་རྒྱུན་འཆད་པར་མི་འགྱུར་གྱི། ཉན་ཐོས་རྣམས་ཀྱི་ལམ་ནི་གཟིངས་ལྟ་བུ་ཡིན་པས་ཡོངས་སུ་མྱ་ངན་ལས་འདས་པར་རྒྱུན་འཆད་པར་འགྱུར་ཏེ། དེ་དག་གིས་ནི་མི་ཟད་པ་མ་ཡིན་ནོ། །དེ་བས་ན་ཐེག་པ་ཆེན་པོ་ཉིད་ཀྱི་ཆོས་སྤྱོད་པ་འབྲས་བུ་ཆེན་པོར་རིགས་ཀྱི་
ཉན་ཐོས་ཀྱི་ཐེག་པ་ནི་མ་ཡིན་ནོ། །དེ་ལ་ཡིད་ལ་བྱེད་པ་སྒྲུབ་པའི་འོག་ཏུ་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར། མི་གཡེང་ཕྱིན་ཅི་མ་ལོག་པར། །འགྱུར་བར་རྗེས་སུ་
མཐུན་པའི་ཆོས། །ཞེས་བྱ་བ་གསུངས་སོ། །བསམ་གཏན་དུ་བྱ་བ་དང་། ཤེས་པར་བྱ་བའི་ཆོས་ཀྱི་རྗེས་སུ་སོང་བ་རྗེས་སུ་ཞུགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པའི་བདག་ཉིད་ཀྱི་སྒྲུབ་པ་ནི། རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །དེ་ལ་ཞི་གནས་བསྒོམ་
པའི་བདག་ཉིད་ནི་མི་གཡེང་བའོ། །ལྷག་མཐོང་བསྒོམ་པའི་བདག་ཉིད་ནི་ཕྱིན་ཅི་མ་ལོག་པར་གྱུར་པ་ཞེས་བྱ་བ་སྟེ། འདི་རྣམ་གཉིས་ནི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །མི་ཞེས་བྱ་བ་ནི་དོན་མང་ཞིག་ཏུ་ཡང་བསྙེགས་པས་མི་གཡེང་བ་ཞེས་བྱ་བ་ཇི་ལྟ་བུ་ཡིན་པར་
མི་ཤེས་ནས། དེའི་ཕྱིར། དེ་ལ་གཡེང་བ་རྣམ་པ་དྲུག་མེད་པའི་ཕྱིར་མི་གཡེང་བའོ་ཞེས་བྱ་བ་སྨོས་སོ། །གཡེང་བ་རྣམ་པ་དྲུག་མི་ཤེས་ཏེ། ཇི་ལྟ་བུ་ཞིག་སྙམ་པ་ལ། དེའི་ཕྱིར། གཡེང་བ་རྣམ་པ་དྲུག་ནི་ཞེས་རྒྱ་ཆེར་སྨོས་སོ། །དེ་ལྟར་ཡང་རབ་ཏུ་དབྱེ་བ་ཙམ་ཞིག་

བསྟན་གྱི་གཡེང་བའི་རང་གི་ངོ་བོ་ནི་མ་བཤད་པས་ན། གཡེང་བ་རྣམ་པ་དྲུག་པོ་འདི་དག་གི་མཚན་ཉིད་ཇི་ལྟ་བུར་རིག་པར་བྱ་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར། ལྡང་དང་ཡུལ་ལ་འཇུག་པ་དང་། །ཞེས་རྒྱ་ཆེར་གསུངས་སོ། །བློ་ལྡན་ཞེས་བྱ་བ་ནི་བློ་ཅན་ཏེ་བྱང་ཆུབ་སེམས་
དཔའོ། །དེ་ལ་ལྡང་བ་ནི་རྣམ་པར་ཤེས་པ་ལྔ་རྣམས་ཀྱི་ཏིང་ངེ་འཛིན་ལས་ལྡང་བ་སྟེ། ཞེས་བྱ་བ་ནི། གང་གི་ཚེ་མཉམ་པར་གཞག་པ་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་རྣམས་ལས་གང་ཡང་རུང་བ་གཅིག་ཅིག་འབྱུང་བ་དེའི་ཚེ་ཏིང་ངེ་འཛིན་ལས་ལངས་པར་གྱུར་པ་འདི་ནི་ངོ་བོ་
ཉིད་ཀྱི་གཡེང་བ་སྟེ། ཕྱི་རོལ་དུ་བལྟས་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་གཡེང་བའི་བདག་ཉིད་ཡིན་པའི་ཕྱིར། རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཀྱིས་ཏིང་ངེ་འཛིན་ལས་ལྡང་བར་གྱུར་པས་ན་ངོ་བོ་ཉིད་ཀྱིས་གཡེང་བ་ཞེས་བྱའོ། །ཡུལ་ལ་འཇུག་
པ་ནི་ཕྱི་རོལ་དུ་གཡེང་བ་ཞེས་བྱ་བ་ནི། ཁ་ཅིག་ན་རེ་གང་གི་ཚེ་མཉམ་པར་གཞག་པ་ཏིང་ངེ་འཛིན་ལ་དམིགས་པ་ལས། མི་འདོད་བཞིན་དུ་དམིགས་པ་གཞན་ལ་ཡིད་ཀྱི་རྣམ་པར་ཤེས་པ་འཇུག་པ་དེའི་ཚེ། དམིགས་པ་གཞན་ལ་འཕོས་པས་ཕྱི་རོལ་དུ་གཡེང་བའོ་ཞེའོ། །
གཞན་ན་རེ་མཉམ་པར་གཞག་པའི་ཏིང་ངེ་འཛིན་གྱི་དམིགས་པ་སྤངས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གཞན་དུ་འཕོས་པ་ནི་ཕྱི་རོལ་དུ་གཡེང་བའོ་ཞེའོ། །ཏིང་ངེ་འཛིན་གྱི་རོ་མྱང་བ་དང་བྱིང་བ་དང་རྒོད་པ་ནི་ནང་གི་གཡེང་བའོ་ཞེས་བྱ་བ་ལ། གལ་ཏེ་མཉམ་པར་གཞག་
པས་ཏིང་ངེ་འཛིན་དེ་ཉིད་ལ་སྲེད་པ་ལ་སོགས་པ་ཉོན་མོངས་པས་རོ་མྱངས་ན། ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་ཉེ་བར་གནས་པའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་དེ་ལས་གཡེང་བར་འགྱུར་རོ། །བྱིང་བ་དང་རྒོད་པ་དག་གིས་ཀྱང་ཞི་གནས་དང་ལྷག་མཐོང་མཉམ་པར་འཇུག་
པའི་ཏིང་ངེ་འཛིན་ལས་གཡེང་བར་འགྱུར་རོ། །རོ་མྱང་བ་དང་བྱིང་བ་དང་རྒོད་པས་ཏིང་ངེ་འཛིན་ཉམས་པར་འགྱུར་བས་ན། རོ་མྱང་བ་ལ་སོགས་པ་ནི་ནང་གི་གཡེང་བའོ། །ཡིད་ཆེས་པའི་བསམ་པ་ནི་མཚན་མའི་གཡེང་བ་སྟེ་ཞེས་བྱ་བ་ནི། བདག་ལ་འདི་ནི་བསམ་གཏན་པ་

སྟེ། ཆེ་བའི་བདག་ཉིད་ཅན་ནོ་ཞེས་དེ་ལྟར་ཡིད་ཆེས་པར་འགྱུར་རོ་སྙམ་པའི་མཚན་མ་དེས། ཏིང་ངེ་འཛིན་ལ་བརྩོན་པ་ནི་བསམ་པ་ལོག་པར་ཞུགས་པའི་ཕྱིར་དགེ་བའི་ཕྱོགས་ཐོབ་པའམ། མ་ཐོབ་པ་ལས་གཡེང་བས་མཚན་མའི་གཡེང་བ་ཞེས་བྱ་
སྟེ། འདིར་རྒྱུ་སྨོས་པ། དེ་ལ་མཚན་མར་བྱས་ནས་སྦྱོར་བའི་ཕྱིར་རོ་ཞེས་བྱ་བའོ། །ཤེས་ཀྱི་ཁེ་འདོད་པས་ཡིད་ཆེས་པའི་བསམ་པ་དེ་མཚན་མར་བྱས་ནས་བདག་ལ་ཡིད་ཆེས་པར་འགྱུར་རོ་སྙམ་སྟེ། ཏིང་ངེ་འཛིན་དུ་ཞུགས་པའི་ཕྱིར་རོ། །ངར་འཛིན་པ་དང་བཅས་པའི་ཡིད་ལ་
བྱེད་པ་ནི་གནས་ངན་ལེན་གྱི་གཡེང་བ་སྟེ་ཞེས་བྱ་བ་ནི་སྙིང་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་འདོད་ཀྱང་། བདག་ནི་བསམ་གཏན་པའོ་ཞེས་ངའོ་སྙམ་པའི་ང་རྒྱལ་དང་ལྡན་ཏེ། དེའི་ཕྱིར། བདག་ལ་ནི་བསྟོད་གཞན་ལ་ནི་ཁྱད་དུ་གསོད་པས་ན། ངར་འཛིན་པ་དང་བཅས་པའི་ཡིད་ལ་བྱེད་པའོ། །
ཅིའི་ཕྱིར་འདི་ལ་གནས་ངན་ལེན་གྱི་ཡིད་ལ་བྱེད་པ་ཞེས་བྱ་ཞེ་ན། དེའི་ཕྱིར། གནས་ངན་ལེན་གྱི་དབང་གིས་ངའོ་སྙམ་པའི་ང་རྒྱལ་ཀུན་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ། གཡེང་བ་ནི་གནས་ངན་ལེན་གྱིས་རབ་ཏུ་ཕྱེའོ་ཞེས་སྟོན་པར་འགྱུར་རོ། །གནས་
ངན་ལེན་ཅི་ཞེ་ན། ངའོ་སྙམ་པའི་ང་རྒྱལ་གྱི་བག་ཆགས་ཡོངས་སུ་བརྟས་པ་སྟེ། དེས་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་འབྱུང་བས། དེའི་དབང་གིས་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་འཇིག་ཚོགས་ལ་ལྟ་བ་ནི་གནས་ངན་ལེན་ཏོ་ཞེའོ། །དམན་
པའི་སེམས་ནི་ཡིད་ལ་བྱེད་པའི་གཡེང་བ་སྟེ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་སུ་མ་ངེས་པ་ཐེག་པ་ཆེན་པོ་ཡིད་ལ་བྱེད་པ་དང་ལྡན་པ་འཁོར་བའི་སྡུག་བསྔལ་གྱིས་སྐྲག་པ་དང་། སེམས་ཅན་ལོག་པར་ཞུགས་པ་དང་། མི་དགེ་བའི་བཤེས་གཉེན་གྱིས་བསྟེན་པས་ན་ཉན་
ཐོས་དང་རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་འགྱུར་ཏེ། རང་གི་དོན་ཙམ་འཛིན་པའི་ཕྱིར་དེ་ནི་སེམས་དམན་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དེ་ནི། ཐེག་པ་ཆེན་པོ་ཡིད་ལ་བྱེད་པ་ལས་གཡེང་བར་བྱེད་པས་ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱ་སྟེ། འདིར་རྒྱུ་སྨོས་པ།

ཐེག་པ་དམན་པ་ཡིད་ལ་བྱེད་པ་ཀུན་དུ་འབྱུང་བའི་ཕྱིར་རོ་ཞེས་བྱ་བའོ། །ཐེག་པ་དམན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་སྟེ། བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཆེད་དུ་ཞུགས་པ་དང་། ཡིད་ལ་བྱེད་པའི་གཡེང་བ་ཀུན་དུ་འབྱུང་བའི་ཕྱིར་ཐེག་པ་ཆེན་པོ་
ཡིད་ལ་བྱེད་པ་ལས་གཡེང་བར་བྱེད་པས་ན། དམན་པའི་སེམས་ནི་ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱའོ། །དེ་ལྟར་ན་འདི་ནི་བྱང་ཆུབ་སེམས་དཔའ་གཡེང་བ་རྣམ་པ་དྲུག་གི་སྐྱོན་དང་བྲལ་བའི་ཞི་གནས་བསྒོམ་པར་རིག་པར་བྱའོ། །དེ་ལྟར་གཡེང་བ་མེད་པས་ཇི་ལྟར་ཕྱིན་ཅི་མ་ལོག་
པར་གྱུར་པའི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བསྒོམ་པར་བྱ་བ་དེ་ལྟར་འཆད་དེ། ཕྱིན་ཅི་མ་ལོག་པའི་བདག་ཉིད་དུ་ཞུགས་པ་ནི་ཕྱིན་ཅི་མ་ལོག་པར་གྱུར་པའོ། །དེ་ལ་གང་ཇི་ལྟར་གནས་པའི་གཞི་དེ་ལ་དེ་བཞིན་དུ་ཤེས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། གཞི་དེ་ཡང་རྣམ་པ་དུ་ཡོད་
མི་ཤེས་ནས། དེའི་ཕྱིར། དེ་ལ་ཕྱིན་ཅི་མ་ལོག་པ་ནི་དངོས་པོ་རྣམ་པ་བཅུར་རིག་པར་བྱ་སྟེ་ཞེས་བྱ་བ་སྨོས་སོ། །ཕྱིན་ཅི་མ་ལོག་པའི་གཞི་བསྟན་པའི་ཕྱིར། འདི་ལྟ་སྟེ། ཡི་གེ་དོན་དང་ཡིད་བྱེད་དང་། །མི་འཕྲོ་བ་དང་མཚན་ཉིད་གཉིས། །ཞེས་བྱ་བ་སྨོས་སོ། །ད་ནི་གཞི་དེ་དག་
ལ་ཇི་ལྟར་ཕྱིན་ཅི་མ་ལོག་པར་གྱུར་པ་དེ་བསྟན་པའི་ཕྱིར་དེ་ལ། འབྲེལ་པའི་ཕྱིར་དང་འདྲིས་ཕྱིར་དང་། །མ་འབྲེལ་ཕྱིར་དང་མ་འདྲེས་ཕྱིར། །དོན་ཡོད་པ་དང་མེད་པ་སྟེ། །དེ་ནི་ཡི་གེར་མ་ལོག་པའོ། །ཞེས་བྱ་བ་སྨོས་སོ། །ཡི་གེ་རྣམས་འབྲེལ་ཏེ་ཞེས་བྱ་བ་ལ། འབྲེལ་པ་
ནི་ཕན་ཚུན་འབྱར་བ་ཡིན་ན། ཅིག་ཅར་འབྱུང་བ་མེད་པའི་ཕྱིར་དེ་ཡང་ཡི་གེ་རྣམས་ལ་མེད་དོ། །ཡི་གེ་རྣམས་ལ་ཅིག་ཅར་བརྗོད་དུ་མི་རུང་སྟེ། སྔར་བརྗོད་པ་རྣམས་ནི་བརྗོད་མ་ཐག་ཏུ་ཞིག་པས་ཡི་གེ་ཕྱི་མ་བརྗོད་པའི་དུས་སུ་མི་སྡོད་དོ་སྙམ་པའི་དོགས་པ་བསལ་བའི་ཕྱིར།
རྒྱུན་མི་འཆད་པར་བརྗོད་པ་ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ། མ་ནོར་བ་དང་མ་ཐོགས་པར་བརྗོད་པ་ལ་འདིར་ཡི་གེ་རྣམས་འབྲེལ་པར་འདོད་ཀྱི། ཡི་གེ་རྣམས་ཕན་ཚུན་འབྱར་བ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདིའི་མིང་ནི་འདི་ཞེས་བྱའོ་ཞེས་འདྲིས་པས་ཞེས་བྱ་བ་ནི་

དངོས་པོ་འདིའི་མིང་འདིའོ་ཞེས་བརྡ་ལ་གོམས་པར་གྱུར་པ་སྟེ། དེ་ལྟར་རྣམ་པ་འདི་གཉིས་ཀྱིས་ཡི་གེ་རྣམས་དོན་ཡོད་པ་ཉིད་དུ་ཁོང་དུ་ཆུད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཟློག་པ་ནི་དོན་མེད་པ་ཉིད་དོ་ཞེས་བྱ་བ་ནི་གཉི་ག་མེད་པའམ། གང་ཡང་རུང་བ་མ་
ཚང་བ་མེད་པ་ནི་བཟློག་པའོ། །དེ་ལྟར་བཟློག་པ་གང་ཡིན་པ་ཞེས་བྱ་བ་ནི་ཤེས་པའོ། །དེ་ནི་ཡི་གེ་ལ་ཕྱིན་ཅི་མ་ལོག་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཀུན་རྫོབ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་ནི་ཕྱིན་ཅི་མ་ལོག་པར་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་
པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སྒྲའི་དོན་དང་བྲལ་བའི་ཆོས་ཐམས་ཅད་རྟོགས་པར་འགྱུར་རོ། །ད་ནི་ཡི་གེར་འདོགས་པའི་རྒྱུའི་དོན་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། གཉིས་སུ་སྣང་བར་གྱུར་པ་ནི། །དེ་ལྟར་ཡོད་པ་མ་ཡིན་ཏེ། །ཞེས་རྒྱ་ཆེར་གསུངས་སོ། །གཉིས་
ནི་གཟུང་བ་དང་འཛིན་པར་སྣང་བ་སྟེ་ཞེས་བྱ་བ་ནི་གང་ཞིག་ཅེ་ན། གཞན་གྱི་དབང་གི་ངོ་བོ་ཉིད་དོ། །ཅིའི་ཕྱིར་ཞེ་ན། གཟུང་བ་དང་འཛིན་པའི་ས་བོན་དང་ལྡན་པའི་ཕྱིར་རོ། །འདི་ལ་སྣང་བའི་དོན་གང་ཞེ་ན། དེའི་ཕྱིར་དེའི་རྣམ་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཟུང་བ་དང་
འཛིན་པའི་རྣམ་པར་འབྱུང་བས་གཟུང་བ་དང་འཛིན་པར་སྣང་གི། ཤེལ་སྒོང་ལྟར་ཉེ་བར་གཞག་པར་འགྱུར་བ་ལྟ་བུ་ནི་མ་ཡིན་ནོ། །དེ་ལྟར་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་ནི་གཉིས་པོ་མེད་པའི་རང་བཞིན་ཡིན་པས་ཇི་ལྟར་སྣང་བའི་རྣམ་པ་དེ་ལྟར་མེད་པའོ། །དེ་ལྟར་འཁྲུལ་པའི་
རྣམ་པར་ཤེས་པ་འབྱུང་བའི་རྒྱུར་གྱུར་པའི་ཕྱིར། དོན་ལ་མཐོང་བ་གང་ཡིན་པ་དེ་ནི་དེ་ལ་ཕྱིན་ཅི་མ་ལོག་པའོ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་སྤངས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དོན་གྱི་ཡོད་པ་སྤངས་པ་ཞེས་བྱ་བ་ལ། འདིར་རྒྱུ་སྨོས་པ། གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་ཕྱིར་
རོ་ཞེས་བྱ་བའོ། །དོན་གྱི་ཡོད་པ་ནི་གཟུང་བ་དང་འཛིན་པ་ཡོད་པའོ། །དེ་སྤངས་པ་ནི་གཟུང་བ་དང་འཛིན་པའི་རྣམ་པས་སྟོང་པའི་ཕྱིར་རོ། །མེད་པ་སྤངས་པ་ཅིའི་ཕྱིར་ཞེ་ན། དེར་སྣང་བའི་འཁྲུལ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པར་སྣང་བའི་འཁྲུལ་པ་ཡོད་དོ་ཞེས་

བྱ་བའི་ཐ་ཚིག་གོ། །འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་ཞེས་བྱའི་དོན་དམ་པར་ནི་མ་ཡིན་ཏེ། རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་ཤེས་པ་འདིས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དང་བྲལ་བར་རབ་ཏུ་རྟོགས་སོ། །ད་ནི་
གཟུང་བ་དང་འཛིན་པའི་རྒྱུ་ཀུན་གཞི་རྣམ་པར་ཤེས་པ་ལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། རྟོག་པ་དེ་ཡིས་བསྒོས་པ་ཡི། །རྟོག་པ་ཡིད་བྱེད་དེའི་གནས་ནི། །ཞེས་རྒྱ་ཆེར་གསུངས་སོ། །གཟུང་བ་དང་འཛིན་པར་རྟོག་པས་ཡོངས་སུ་བསྒོས་པ་ནི་རྟོག་པའི་ཡིད་ལ་བྱེད་པ་སྟེ་
ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་མཚན་ཉིད་ཀྱི་དོན་དེ་ལ་འདི་ནི་གཟུང་བའོ། །འདི་ནི་འཛིན་པའོ་ཞེས་ངག་དང་ཡིད་ཀྱིས་བརྗོད་པ་གང་ཡིན་པ་དེ་ནི་རྟོག་པ་ཞེས་བྱའོ། །རྟོག་པ་དེས་ཡོངས་སུ་བསྒོས་པ་ནི་མ་འོངས་པ་ན། རིགས་འདྲ་བའི་རྟོག་པ་བསྐྱེད་པའི་ཕྱིར།
ས་བོན་ཡོངས་སུ་བརྟས་པར་བྱེད་པས་ན་བསྒོས་པ་ཞེས་བྱའོ། །དེ་ནི་རྟོག་པའི་ཡོངས་སུ་བསྒོས་པའི་ཕྱིར། འབྲས་བུ་ལ་རྒྱུ་བཏགས་ཏེ་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱའོ། །རྟོག་པའི་བག་ཆགས་ནི་འདིར་རྟོག་པ་སྟེ། དེ་ལ་རྟོག་པ་ཡོད་པས་ན་རྟེན་དང་བརྟེན་པ་དབྱེ་བ་མ་བྱས་པའི་ཕྱིར་རམ།
ཡང་ན་རྟེན་གྱི་སྒྲ་མ་སྨོས་པའི་ཕྱིར་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་དེའི་ས་བོན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ལ་བརྟེན་ནས་ཡང་རྟོག་པ་འབྱུང་བའི་ཕྱིར་རོ། །རྟེན་ཡིན་པས་འདི་ནི་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པའོ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་
ཤེས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ལ་བྱེད་པ་གང་ལ་ཕྱིན་ཅི་མ་ལོག་པའི་ཡིད་ལ་བྱེད་པ་དེ་ཡང་མི་ཤེས་ནས། ཡིད་ལ་བྱེད་པ་གང་ལ་ཕྱིན་ཅི་མ་ལོག་ཅེ་ན་ཞེས་དྲིས་པ་དང་། དེའི་ཕྱིར་ཡིད་ལ་བྱེད་པའི་ཁྱད་པར་བསྟན་པའི་ཕྱིར། གཟུང་བ་དང་འཛིན་པར་སྣང་བའི་རྒྱུ་ལ་སྟེ་ཞེས་བྱ་བ་
སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པའི་ཁྱད་པར་གྱི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་འདི་གཟུང་བ་དང་འཛིན་པར་སྣང་བའི་རྒྱུར་འགྱུར་བ་དེ་བསྟན་པའི་ཕྱིར། རྟོག་པ་ཡིད་ལ་བྱེད་པ་ནི་བརྗོད་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྒོས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཟུང་བ་དང་

འཛིན་པར་སྣང་བའི་རྒྱུ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ན་རྟོག་པའི་ཡིད་ལ་བྱེད་པ་ཞེས་བརྗོད་པ་འཇུག་པའི་རྒྱུ་ཡིན་པར་བསྟན་པའི་ཕྱིར། བརྗོད་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྒོས་པའི་ཕྱིར་རྟོག་པ་ཡིད་ལ་བྱེད་པ་ཞེས་བྱའོ་ཞེས་བྱ་བ་སྨོས་སོ། །བརྗོད་པ་ལས་བྱུང་
བའམ། བརྗོད་པ་ཀུན་ནས་སློང་བའི་འདུ་ཤེས་པ་ནི་བརྗོད་པའི་འདུ་ཤེས་ཏེ། མཚུངས་པར་ལྡན་པ་དང་ལྡན་པ་དང་བཅས་པ་དེས། རྟོག་པའི་ཡིད་ལ་བྱེད་པ་ལ་རང་གི་ས་བོན་ཡོངས་སུ་གསོས་པས་རྟོག་པ་ཡིད་ལ་བྱེད་པ་ཡོངས་སུ་བསྒོས་པ་ཞེས་བྱའོ། །འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་
སྟེ། དོན་དམ་པར་ནི་མ་ཡིན་ནོ། །ཕྱིན་ཅི་མ་ལོག་པ་འདིས་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་གི་གཞི་གཟུང་བ་དང་། འཛིན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཡོངས་སུ་སྤོང་སྟེ། དེ་ལྟར་ན་གནས་ངན་ལེན་དེ་བདེ་བླག་ཏུ་སྤོང་བར་འགྱུར་རོ། །ད་ནི་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པར་
བསྟན་པའི་ཕྱིར། དོན་གྱི་མེད་དང་ཡོད་པ་སྟེ། །སྒྱུ་མ་ལ་སོགས་བཞིན་དུ་འདོད། །ཅེས་རྒྱ་ཆེར་གསུངས་སོ། །དོན་གྱི་ཡོད་པ་དང་མེད་པ་གོང་དུ་བཤད་མ་ཐག་པ་གང་ཡིན་པ་ཞེས་བྱ་བ་ལ། གོང་དུ་བཤད་པ་གང་ཞེ་ན། གཉིས་སུ་སྣང་བར་གྱུར་པ་ནི། །དེ་ལྟར་ཡོད་པ་མ་ཡིན་ཏེ། །དེ་ནི་
དོན་ལ་མ་ལོག་པ། །ཡོད་དང་མེད་པ་རྣམ་པར་སྤངས། །ཞེས་བྱ་བའོ། །དེ་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་འདོད་དེ། སྒྱུ་མ་ལ་སོགས་པ་དང་འདྲ་བས་ན། སྒྱུ་མ་ལ་སོགས་པ་བཞིན་ནོ། །དེ་ཉིད་བསྟན་པའི་ཕྱིར། དཔེར་ན་སྒྱུ་མ་ནི་རང་གི་བདག་ཉིད་ཀྱིས་མེད་བཞིན་དུ། གླང་པོ་ཆེ་ལ་
སོགས་པའི་བདག་ཉིད་དུ་སྣང་བས་ན། གླང་པོ་ཆེ་ལ་སོགས་པའི་དངོས་པོར་ཡོད་པ་ཡིན་ལ་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པའི་དངོས་པོར་མེད་པས། རྣམ་པ་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ཏེ། དེ་ནི་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པའང་མ་ཡིན་ཏེ། གླང་པོ་ཆེ་ལ་སོགས་པའི་
རྣམ་པར་སྣང་བ་དེ་ནི། འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་ཡེ་མེད་པའང་མ་ཡིན་ནོ། །དེ་བཞིན་དུ་ཡོད་ཀྱང་ཇི་ལྟར་གཟུང་བ་དང་འཛིན་པར་སྣང་བ་ལྟར་ཡོད་པའང་མ་ཡིན་ལ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་རང་གི་ངོ་བོ་དེ། དེ་ལྟ་བུར་སྣང་བ་དེ་འཁྲུལ་པ་ཙམ་དུ་

ཡོད་པའི་ཕྱིར་མེད་པའང་མ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྨིག་རྒྱུ་དང་རྨི་ལམ་དང་། ཆུ་ཟླ་ལ་སོགས་པ་ཆུ་དང་སྐྱེས་པ་དང་བུད་མེད་ཀྱི་བདག་ཉིད་དུ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་ལ། དེ་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པའང་མ་ཡིན་ནོ། །དེ་བཞིན་དུ་དོན་ལ་རྒྱ་ཆེར་སོ་
སོར་སྦྱར་བར་བྱའོ། །འདིར་ཡང་སོགས་པའི་སྒྲས་ནི་དྲི་ཟའི་གྲོང་ཁྱེར་དང་། བྲག་ཅ་ལ་སོགས་པར་རིག་པར་བྱའོ། །དེ་ལྟར་དོན་ལ་སྒྱུ་མ་ལ་སོགས་པ་ལྟ་བུར་མཐོང་ནས། ཡོད་པ་དང་མེད་པའི་ཕྱོགས་ལ་སེམས་མི་འཕྲོ་སྟེ། གཡེང་བ་མེད་པར་མཐོང་བ་གང་ཡིན་པ་དེ་ནི་མི་འཕྲོ་བ་ལ་ཕྱིན་ཅི་མ་
ལོག་པའོ། །མི་འཕྲོ་བ་གང་ཞེ་ན། གཞན་དག་ན་རེ་དབུ་མའི་ལམ་གྱི་ཏིང་ངེ་འཛིན་ཏོ་ཞེའོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པར་འགྱུར་ཞེ་ན། དེའི་ཕྱིར། དེས་ཡོད་པ་དང་མེད་པ་ལ་སེམས་འཕྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཕྱིན་ཅི་མ་ལོག་པ་འདིས་བྱང་
ཆུབ་སེམས་དཔའ་ཡོད་པ་དང་མེད་པར་རྟོག་པ་མེད་པའི་ཕྱིར་རོ། །སྟོང་པ་ཉིད་ལ་དམིགས་པ་ལས་མི་གཡེང་སྟེ། དེ་བས་ན་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །འདི་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། དེ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །
དེ་ནི་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར། རྟོག་པ་ཐམས་ཅད་མི་འཇུག་ཕྱིར། །ཐམས་ཅད་མིང་ཙམ་ཁོ་ན་སྟེ། །ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །གང་འདི་མིག་དང་གཟུགས་རྣམས་ནས། །ཡིད་དང་ཆོས་རྣམས་ཞེས་བྱ་བའི་བར་འདི་དག་ཐམས་ཅད་ནི་མིང་ཙམ་མོ། །
ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་བདག་ཉིད་ཤེས་བྱ་ཐམས་ཅད་ནི་མིང་ཙམ་མོ། །དེ་ལ་མིང་གི་ངོ་བོ་ཉིད་དང་ཁྱད་པར་དུ་འདོགས་པའོ། །གདགས་པར་བྱ་བའི་དོན་དང་བཏགས་པ་ནི་ངོ་བོ་ཉིད་མེད་དེ། དེའི་བདག་ཉིད་དུ་ཀུན་བརྟགས་པའི་ཕྱིར་རོ། །ཀུན་བརྟགས་པ་ཡང་མེད་པའི་ཕྱིར་རོ། །
གཞན་དུ་ན་ནི་མིང་ལ་མི་ལྟོས་པར་མིག་ལ་སོགས་པར་འཛིན་པར་འགྱུར་ཏེ། བརྡ་ལ་མ་བྱང་བར་མི་འཛིན་པ་མེད་དོ། །དེ་བས་ན་མིག་དང་གཟུགས་ཞེས་བྱ་བ་དེ་ནི། དོན་གྱི་ངོ་བོ་ཉིད་མ་ཡིན་པས་མིག་དང་གཟུགས་ནས་ཡིད་དང་། ཆོས་རྣམས་ཞེས་བྱ་བའི་བར་དག་ནི་མིང་ཙམ་མོ་

ཞེས། དེ་ལྟར་གང་ཤེས་པ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་འདི་ནི་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཆོས་ཀྱི་སྒོ་ནས། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་ཐམས་ཅད་འཇུག་སྟེ། དེ་བས་ན་མིང་ཙམ་དུ་
རྟོགས་པའི་ཤེས་པ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་ནི། རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཞེས་བསྟན་ཏོ། །དེའང་ཅི་དོན་དམ་པའི་རང་གི་མཚན་ཉིད་ལའམ་འོན་ཏེ་ཀུན་རྫོབ་ཀྱི་ལ་བྱ་བ་མི་ཤེས་ནས། དེའི་ཕྱིར། རང་གི་མཚན་ཉིད་གང་ལ་ཞེ་ན་ཞེས་དྲིས་པ་དང་། དེའི་ཕྱིར་
དོན་དམ་པའི་རང་གི་མཚན་ཉིད་ལའོ་ཞེས་བྱ་བ་གསུངས་ཏེ། འདི་ནི་ཕྱིན་ཅི་མ་ལོག་པའོ། །དོན་དམ་པའི་རང་གི་མཚན་ཉིད་ནི་བརྗོད་དུ་མེད་པའི་ཕྱིར་ཀུན་རྫོབ་ཏུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་རྫོབ་ཏུ་ནི་མིང་འདི་ཙམ་མོ་ཞེས་འཛིན་པ་མེད་དེ། བརྗོད་པའ