Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 124
Văn bản gốc(Tây Tạng)
Trang 10 / 23 (50.000 ký tự/trang)
ད་པ་དག་ཡིན་ནོ། །ཡང་ན་ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་རིག་ པའི་གནས་ལྔ་པོ་འདི་དག་ཡང་དག་པར་རབ་ཏུ་སྟོན་པས་ལེགས་པར་བཤད་པ་ཡིན་ནོ། །བཟློག་པ་ནི་ཉེས་པར་བཤད་པ་ཡིན་ནོ། །ཡང་ན་དོན་བཟང་པོ་སེམས་ཉིད་ཀྱིས་ཡོན་ཏན་དུ་མཐོང་བ་ཡིན་ནོ། །བཟློག་པ་ནི་སྐྱོན་དུ་མཐོང་བ་ཡིན་ནོ། །ཚིག་འབྲུ་ བཟང་པོ་རྟོགས་པའི་ཕྱིར་ལེགས་པར་བཤད་པ་ཡིན་ནོ། །ཚིག་འབྲུ་ཕྱིན་ཅི་ལོག་ཏུ་གཟུང་བའི་ཕྱིར་ཉེས་པར་བཤད་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྒོ་དག་ནས་དེའི་བྱ་བ་བསྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་གྱི་བྱ་བ་བསྒྲུབ་པའི་ཕྱིར་ཏེ། རྫུ་འཕྲུལ་དང་ཀུན་བརྗོད་པའི་ཆོ་ འཕྲུལ་ལ་སོགས་པས་སྣོད་དུ་བྱས་ནས། སྐལ་བ་ཇི་ལྟ་བ་བཞིན་དུ་རིག་པའི་གནས་སྟོན་པའི་ཕྱིར་རོ། །དམ་པའི་ཆོས་འཛིན་པར་བྱེད་པ་ཡང་ཡིན་ཏེ། གཟུངས་དག་གིས་དེ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུངས་དག་གིས་ཐེག་པ་ཆེན་པོ་ལ་སོགས་པའི་རིག་པའི་ གནས་རྣམས་བདེ་བླག་དུ་འཛིན་པ་ཡིན་ནོ། །བསྟན་བཅོས་ཤེས་པ་ཉིད་ཀྱི་འོག་ཏུ་འཇིག་རྟེན་ཤེས་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་བསྟན་བཅོས་དག་ཁོང་དུ་ཆུད་ནས་བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པར་འགྱུར་རོ། །བསྟན་བཅོས་ཤེས་པ་ནི་འཇིག་རྟེན་ ཤེས་པར་འགྱུར་ལ། འཇིག་རྟེན་ཤེས་པ་ཡང་གང་ལ་གང་ཞིག་ཇི་ལྟར་བསྟན་པར་བྱ་བ་དེ་ཤེས་པའི་ཕྱིར། དེ་ལ་དེ་ཁོ་ན་བཞིན་དུ་སྟོན་ཏོ། །དེའི་ཕྱིར་བསྟན་བཅོས་ཤེས་པ་ཉིད་ཀྱི་འོག་ཏུ། འཇིག་རྟེན་ཤེས་པ་ཉིད་དེ། བསྟན་བཅོས་ཤེས་པ་ཉིད་དེ་ནི་འཇིག་རྟེན་ཤེས་པས་ གསལ་བར་བྱེད་དོ། །གང་འབྱུང་བ་ནི་སྡུག་བསྔལ་གྱི་བདེན་པའོ། །གང་དག་གིས་འབྱུང་བ་ནི་ཀུན་འབྱུང་བའི་བདེན་པའོ། །ནུབ་པ་གང་ཡིན་པ་ཞེས་བྱ་བ་ནི། འགོག་པའི་བདེན་པ་སྟེ། ཉོན་མོངས་པ་རྣམས་ནུབ་པ་ནི་འགོག་པའི་བདེན་པ་ཡིན་ནོ། །གང་གིས་ནུབ་པར་ འགྱུར་བ་ཞེས་བྱ་བ་ནི་ལམ་གྱི་བདེན་པས་སོ།། །།འཇིག་རྟེན་ཤེས་པ་ཉིད་ཀྱི་འོག་ཏུ་སྟོན་པ་རྣམས་ཏེ། དེ་ལྟར་འཇིག་རྟེན་ཤེས་པ་དང་བསྟན་བཅོས་ཤེས་པ་ནི་འཇིག་རྟེན་གྱི་སྟོན་པར་འགྱུར་རོ། །གཙུག་ལག་བསྟན་པའི་ཆོས་དང་ནི། །ཞེས་བྱ་བ་ནི་དྲང་སྲོང་གིས་བཤད་པའི་ ཆོས་ནི་སྟོན་པ་ཡིན་ནོ། །དྲང་སྲོང་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། གཞན་དག་ནི་མ་ཡིན་ནོ། །དེ་དག་གིས་བཤད་ཅིང་བསྟན་པའི་ཆོས་ནི་སྟོན་པ་ཡིན་གྱི། གང་ཟག་ཕྱིན་ཅི་ལོག་པས་བཤད་པ་མ་ཡིན་ནོ། །དེའི་དོན་དགོངས་པ་ཅན་དང་ནི། །ཞེས་ བྱ་བ་ནི་གཙུག་ལག་གི་ཆོས་དག་གི་དགོངས་པ་ཅན་ནི་སྟོན་པ་ཡིན་གྱི། །ཕ་དང་མ་ནི་གསད་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་ལྟ་བུའི་ཚིག་འབྲུ་ནི་མ་ཡིན་ནོ། །གསུམ་པ་ལ་ནི་ལོག་པར་བསམས་པའི་དོན་ཕྱིན་ཅི་ལོག་ཏུ་དྲངས་པའོ་ཞེས་བྱ་བ་ནི་ཇི་སྐད་དུ་ཁ་ཅིག་གང་ཟག་གཅིག་ འབྱུང་བ་ན་འབྱུང་ངོ་ཞེས་བྱ་བའི་ཚིག་འདིས་ན། གང་ཟག་ཡོད་དོ་ཞེས་ཟེར་ཞིང་མངོན་པར་ཞེན་པ་ལྟ་བུའོ། །དོན་དེ་ལྟ་བུ་ནི་བརྟེན་པར་མི་བྱ་སྟེ། འདི་ལྟར་བསྟན་པ་དེ་ལྟ་བུ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་རྣམ་པར་ཕྱེ་སྟེ། མིག་དང་གཟུགས་རྣམས་ལ་ བརྟེན་ནས་མིག་གི་རྣམས་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས། དེའི་འོག་ཏུ་འདི་ལ་སེམས་ཅན་དང་། མི་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤེད་བུ་ཞེས་མིང་དུ་འདོགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ལྟ་བུ་ངེས་པའི་དོན་ལ་བརྟེན་ པར་བྱའོ། །བརྗོད་པ་དང་བཅས་པའི་ཤེས་པ་ཞེས་བྱ་བ་ནི་བརྗོད་པ་དང་བཅས་པའི་ཤེས་པ་གཟུང་བ་དང་འཛིན་པ་དང་ལྡན་པ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་ཅན། ཤེས་བྱ་སྣ་ཚོགས་ཀྱི་རྣམ་པ་ཅན། ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་སྟོན་པ་ཡིན་ནོ། །གསུམ་ པ་ནི་གཞན་ལས་དེའི་དོན་གྱི་ཚུལ་ཕྱིན་ཅི་མ་ལོག་པར་ཐོས་པ་ལས་སོ་ཞེས་བྱ་བ་ནི་སྟོན་པ་ཚད་མར་གྱུར་པའམ། དེས་ཚད་མར་མཛད་པ་ཉན་ཐོས་ལ་སོགས་པས་ངེས་པར་བྱས་ཤིང་རྣམ་པར་ཕྱེ་བ་གང་ཡིན་པ་དེ་ལས་ཉམས་པར་མི་འགྱུར་བ་ཡིན་ནོ། །སྟོན་པའི་འོག་ཏུ་སོ་སོ་ཡང་དག་པར་ རིག་པ་རྣམས་ཏེ། དེ་ལྟར་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་དང་ལྡན་པ་སྟོན་པར་འགྱུར་བ་ནི་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དེ། དེ་བས་ན་སྟོན་པའི་འོག་ཏུ་སོ་སོ་ཡང་ དག་པར་རིག་པ་རྣམས་སོ། །རྣམ་གྲངས་ཤེས་པ་དེ་དོན་རེ་རེའི་མིང་གི་རྣམ་གྲངས་ཇི་སྙེད་པ་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་དཔེར་ན། མ་རིག་པ་དང་མུན་ནག་དང་ཀུན་ཏུ་རྨོངས་པ་དང་མུན་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །མཚན་ཉིད་ཤེས་པ་ ཞེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་ཤེས་པ་གང་ཡིན་པའོ། །གསུམ་པ་ནི་ཚིག་ཤེས་པ་སྟེ། ཡུལ་མི་སོ་སོའི་སྐད་གང་དག་ཡིན་པ་དེ་དག་ལ་ཐོགས་པ་མེད་པར་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །བཞི་པ་ནི་ཡེ་ཤེས་ཞེས་བྱ་བ་ནི་བདག་ ཉིད་ཀྱི་སྤོབས་པ་ཞེས་བྱ་བ་གང་ཡིན་པའི་ཡེ་ཤེས་ཤེས་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའ་ནི་གང་གིས་ན་ཆོས་སྟོན་འདིའི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་ལ་སོགས་པའི་ཆོས་ རབ་ཏུ་རྣམ་པར་དབྱེ་བ་ལ་སྤོབས་པ་ཟད་མི་ཤེས་པ་དེ་ལྟ་བུའི་སྤོབས་པ་ལ་དབང་བ་ཉིད་འཐོབ་པོ། །དེ་ལ་ཆོས་དང་དོན་དག་སྟོན་པ་ནི་ཆོས་སྟོན་པ་དང་། བཤད་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཚེ་ཆོས་བསྟན་ནས་ཚིག་དང་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ཡིན་ནོ། ། འདིས་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ངེས་པའི་ཚིག་བསྟན་ནོ་ཞེས་བྱ་བ་ནི་སོ་སོ་རང་གིས་ཞེས་བྱ་བའི་སྒྲས་ནི་སོ་སོ་ཞེས་བྱ་བ་བསྡུས་སོ། །མཉམ་པ་ཉིད་དེ་ཁོ་ན་ཉིད་རིག་ནས་ཞེས་བྱ་བ་ནི་ཡང་དག་པར་ཞེས་བྱ་བ་བསྡུས་སོ། །རྣམ་གྲངས་ལ་སོགས་པ་རབ་ཏུ་ཤེས་ པ་ཞེས་བྱ་བ་ནི་རིག་པ་ཞེས་བྱ་བ་བསྡུས་ཏེ། འདི་ནི་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བའི་ངེས་པའི་ཚིག་ཡིན་ནོ།། །།སོ་སོ་ཡང་དག་པར་རིག་པའི་འོག་ཏུ་ཚོགས་ཀྱི་སྐབས་ཏེ། དེ་ལྟར་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ རྫོགས་པར་འགྱུར་བས་ཚོགས་ཀྱི་སྐབས་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མེད་པར་འཁོར་བར་འགྱུར་རོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མེད་པར་འཁོར་བར་འགྱུར་ཏེ། སེམས་ཅན་གྱི་དོན་དུ་ཆེད་དུ་བསམས་བཞིན་དུ་སྲིད་པར་ སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་འཁོར་བའི་ཉེས་པ་དག་གིས་མི་གོས་ཤིང་ལས་དང་ཉོན་མོངས་པའི་དབང་དུ་འགྲོ་བར་མི་འགྱུར་རོ། །བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་སྟོབས་ཀྱིས་ནི་གཉི་ག་བྱེད་དོ་ཞེས་བྱ་བ་ནི། གནོད་པ་བྱེད་པ་དང་དུ་ལེན་པ་དང་། སྡུག་ བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དག་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་སོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་སོ། །འཇིག་རྟེན་པའི་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་དང་། སེམས་ཅན་ལ་ཕན་པ་ བྱེད་པ་གང་དག་ཡིན་པ་དེ་དག་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་སོ། །ཏིང་ངེ་འཛིན་གང་ཞིག་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒྲུབ་པར་བྱེད་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་ཏེ། བརྩོན་འགྲུས་ཀྱང་དེ་དང་འདྲ་བར་ཤེས་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་སོགས་པ་ལྔ་ཅར་ཡང་ཡེ་ཤེས་ཀྱི་ཚོགས་ཡིན་པར་འདོད་དེ། སྦྱིན་པ་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་རོ། །ཚོགས་ཀྱི་ངེས་པའི་ཚིག་ལ་རྒྱུན་ཏུ་ཞེས་བྱ་བ་ནི། སམ་ཞེས་བྱ་བ་འདི་བསྡུས་སོ། །བསྒོམ་པ་ ཐོས་ནས་ཞེས་བྱ་བ་ནི། བྷཱ་ཞེས་བྱ་བ་འདིས་བསྡུས་ཏེ། དེ་ལྟ་བུའི་ཚོགས་ཀྱི་ངེས་པའི་ཚིག་ཡིན་ནོ། །ས་དྲུག་པོ་དག་གི་ནི་མཚན་མ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད་པའི་དོན་དུ་ཡིན་པས། མཚན་མ་མེད་པར་བྱ་ཞིང་ས་བདུན་པ་ལ་འཇུག་པའི་ཕྱིར་ཡིན་ཏེ། དེ་མཚན་ མ་ཀུན་ཏུ་མི་སྤྱོད་པའི་ཕྱིར་རོ། །གཉེན་པོས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པའི་ཆོས་ལ་བདག་མེད་པར་འཇུག་པའི་སྒོ་ནས་ཕྱིན་ཅི་ལོག་བཞིའི་གཉེན་པོ་མི་གཙང་བ་དང་། སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པའི་འདུ་ཤེས་རྣམས་ཀྱི་ཡང་གཉེན་པོ་ ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་འདི་སྐད་དུ་བཤད་པ་ཡིན་ནོ། །ཉན་ཐོས་རྣམས་ཀྱི་གཙང་བ་ལ་སོགས་པར་ཕྱིན་ཅི་ལོག་པའི་གཉེན་པོར་གྱུར་པ་མི་གཙང་བ་ལ་སོགས་པའི་རྣམ་པ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་ཏེ། འདི་ལྟར་ལུས་ལ་སོགས་པ་ནི་བྱིས་པས་ཀུན་བརྟགས་པའི་བདག་ཉིད་དུ་མེད་དོ། །དེ་མེད་པའི་ཕྱིར། མི་རྟག་པ་ལ་སོགས་པའི་རྣམ་པ་ཡང་གཟུང་བ་དང་། འཛིན་པའི་དངོས་པོར་མ་གྲུབ་པ་སྟེ། དེ་བས་ན་མི་རྟག་པ་ལ་སོགས་པའི་རྣམ་པའི་ཡང་གཉེན་པོ་ ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་དག་ནི། ཉན་ཐོས་རྣམས་དང་ཐུན་མོང་མ་ཡིན་ཞེས་བྱའོ། །དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་བཤད་པ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ལུས་ཀྱི་ནི་གནས་ངན་ལེན་རབ་ཏུ་སྟོན་ཏེ། དེ་ལ་རབ་ ཏུ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ། །དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིར་རོ། །གནས་ངན་ལེན་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ། དེས་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་འཕགས་པས། སྡུག་བསྔལ་ དུ་གཟིགས་སོ། །སྲེད་པའི་རྒྱུ་ནི་ཚོར་བ་སྟེ། དེ་ཡོངས་སུ་བརྟགས་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག་གོ། །བདག་ཏུ་མངོན་པར་ཞེན་པའི་གཞི་ནི་སེམས་ཏེ། དེ་ལ་ཡོངས་སུ་བརྟགས་པས་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་ཆད་པར་དོགས་པའི་ འཇིགས་པ་མེད་པའི་ཕྱིར་རོ། །ཆོས་ལ་ཡོངས་སུ་བརྟགས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ལ་རྨོངས་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་གོ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །ཞེས་བྱ་ བ་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་སྦྱར་བར་བྱའོ་སྙམ་པ་ཡིན་ནོ། །ཡིད་ལ་བྱེད་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པར་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་ཇི་ལྟར་བྱིས་པ་རྣམས་ཀྱིས་ ལུས་ལ་སོགས་པ་ལ་གཟུང་བ་དང་འཛིན་པ་ཉིད་དུ་དམིགས་པ་དེ་ལྟར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཡིད་ལ་མི་བྱེད་ཀྱི། འོ་ན་ཅི་ཞེ་ན། ཆོས་ལ་བདག་མེད་པར་ཡིད་ལ་བྱེད་དོ། །ཐོབ་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན། མི་བྲལ་ བར་བྱ་བའི་ཕྱིར་ཡང་མ་ཡིན་པའོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་ནི་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ལུས་ལ་སོགས་པ་དག་ནི་མི་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་པའོ། །མཐུན་པས་ཇི་ལྟ་བུ་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་མཐུན་པས། དེའི་མི་མཐུན་ པའི་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་བསྒོམ་པས་ལུས་འདི་ནི་མི་རྟག་པ་ལ་སོགས་པ་ཡིན་ནོ་སྙམ་ནས་ནང་དང་ཕྱིའི་དངོས་པོ་ལ་ལྷག་པར་མ་ཞེན་པས་ནང་དང་ཕྱིའི་དངོས་པོ་ཐམས་ཅད་ཡོངས་སུ་བཏང་ ངོ་། །དེ་བཞིན་དུ་སྲོག་གི་ཕྱིར་ཡང་སྲོག་གཅོད་པ་ལ་སོགས་པ་ལ་མི་འཇུག་གོ། །གཤེ་བ་དང་སྤྱོ་བ་དང་དབྱུག་པ་དང་མཚོན་གྱིས་བསྣུན་པ་ལ་སོགས་པ་ཐམས་ཅད་ཀྱང་བཟོད་དོ། །ལེ་ལོ་སྤངས་པས་སེམས་ཅན་དེ་དང་དེ་དག་གི་གྲོགས་ཀྱི་ངོ་བོར་ཡང་འགྲོའོ། །ལུས་ལ་ སོགས་པ་དྲན་པ་ཉེ་བར་གཞག་པ་བསྒོམས་པས་རྣམ་པར་གཡེང་བ་དང་འཆལ་བའི་ཤེས་རབ་ཀྱང་རབ་ཏུ་སྤོང་སྟེ། དེ་ལྟར་ན་དེའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཡིན་ནོ། །དེ་དག་ལ་དེ་བསྟན་པའི་ཕྱིར་ དེ་དང་ལྡན་པའི་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི། དེ་བསྟན་པའི་ཕྱིར་མདོ་སྡེ་ལ་སོགས་པ་ལས་འཇིག་རྟེན་པ་དང་། ཉན་ཐོས་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བཤད་པ་གང་ཡིན་པ་དེ་ལ་མཁས་པར་བྱེད་དོ། །དེ་ཁོ་ན་ བཞིན་དུ་ཡང་དག་པ་མ་ཡིན་པའི་ངོ་བོར་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་ལ་སྒྱུ་མ་བྱས་པའི་གླང་པོ་ཆེ་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལྟར་ལུས་ཀྱང་དེ་དང་འདྲའོ། །སེམས་ནི་ནམ་མཁའ་བཞིན་དུ་རང་བཞིན་གྱིས་འོད་གསལ་བ་ཡོངས་སུ་ཤེས་པས་སོ་ཞེས་བྱ་བ་ལ་སེམས་ ཞེས་བྱ་བའི་སྒྲས་ནི་སེམས་ཀྱི་ཆོས་ཉིད་བཟུང་སྟེ། དེ་ནི་ནམ་མཁའ་བཞིན་དུ་གཅིག་ཏུ་འོད་གསལ་བས་སོ། །ཆོས་རྣམས་ནི་གློ་བུར་ཉིད་དུ་ཡོངས་སུ་ཤེས་པས་སོ་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པས་བསྡུས་པའི་ཆོས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གང་དག་ཡིན་ པ་དེ་དག་ནི་ཀུན་བརྟགས་པ་སྟེ། དཔེར་ན་ནམ་མཁའ་ལ་གློ་བུར་གྱི་རྡུལ་དང་དུ་བ་དང་སྤྲིན་དང་ཁུག་རྣ་ལྟ་བུ་ཡིན་ནོ། །འདྲེས་པ་ཉེ་བར་འདྲེས་པ་བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་སོགས་པ་ལའོ། །ས་བཅུ་པ་དང་སངས་རྒྱས་ཀྱི་ས་ལ་ནི་མ་ ལུས་པར་ཡང་དག་པར་འགྲུབ་པ་ཉིད་ཀྱིས་ཡང་དག་པར་འགྲུབ་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པའི་འོག་ཏུ་ཡང་དག་པར་སྤོང་བ་བསྒོམ་པ་སྟེ། དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཇི་སྙེད་བཤད་པ་དེ་དག་གི་མི་མཐུན་པའི་ཕྱོགས་ཉེས་པ་རྣམས་ཀྱི་གཉེན་པོར་ཡང་དག་ པར་སྤོང་བ་བསྒོམ་མོ་ཞེས་བྱ་བ་ནི་རྟེན་ལ་སོགས་པས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བཤད་པ་ལ་ཐེག་པ་ཆེན་པོ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་བསྒོམ་པ་བཤད་པ་ཤེས་རབ་དེ་གསུམ་ཆར་གྱི་མི་མཐུན་པའི་ཕྱོགས་མི་མཉན་པ་ལ་ སོགས་པ་གང་ཡིན་པ་དེའི་གཉེན་པོར་ཡང་དག་པར་སྤོང་བ་བསྒོམ་སྟེ། དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལྷག་མ་རྣམས་ཀྱི་གཉེན་པོར་ཡང་དག་པ་སྤོང་བ་བསྒོམ་པ་ཡང་སྦྱར་བར་བྱའོ། །འཁོར་བའི་ཕུན་སུམ་ཚོགས་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པར་ཡོངས་སུ་ལོངས་ སྤྱད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པར་སྤོང་བ་བསྒོམས་པས་འཁོར་བའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པ་མེད་པར་ཡོངས་སུ་སྤྱོད་དོ། །འདུན་པ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཞེས་བྱ་བའི་རྣལ་འབྱོར་བསྒོམ་ཞིང་འབད་དོ་ཞེས་ བྱ་བ་ནི་ཡང་དག་པར་སྤོང་བ་བསྒོམ་པ་ཡང་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་ལ། འབད་པ་དང་བརྩོན་འགྲུས་རྩོམ་པ་ཞེས་བྱ་བ་ལ་སོགས་པ་ཡང་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་ན། དེ་ཇི་ལྟར་འབད་དོ་ཞེས་བྱ་ཞེ་ན། དེ་བསྟན་པར་བྱ་སྟེ། རེ་ཞིག་དང་པོ་ཁོ་ནར་རྣལ་འབྱོར་པ་ བྱེད་འདོད་པ་ཉིད་དུ་འགྱུར་རོ། །དེ་ལ་བརྟེན་ནས་འདི་ཉོན་མོངས་པ་དག་དང་ལྷན་ཅིག་འགྱེད་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་བསྒོམ་པ་ལ་རབ་ཏུ་བརྩོན་པ་འབད་པར་བྱེད་དོ། །འབད་པར་བྱེད་པ་དེ་ལ་ཉོན་མོངས་པའི་དགྲ་རྣམས་བར་ཆད་བྱེད་དེ། ཞི་ གནས་ཀྱི་མི་མཐུན་པའི་ཕྱོགས་ནི་ཞུམ་པའོ། །ལྷག་མཐོང་གི་ནི་རྒོད་པའོ། །དེ་དག་བསལ་བའི་ཕྱིར་རྣལ་འབྱོར་པ་འདི་བརྩོན་འགྲུས་རྩོམ་པས་འབད་པས་བརྩོན་འགྲུས་ཀྱི་གནས་སྐབས་ཆེས་ཁྱད་པར་དུ་འཕགས་སོ། །བརྩོན་འགྲུས་བསྒོམ་པ་དེས་སེམས་དེ་ཞུམ་པ་ཡང་ རབ་ཏུ་འཛིན་ལ་རྒོད་པ་ཡང་ཡང་དག་པར་རབ་ཏུ་འཇོག་སྟེ། དེ་ཉིད་ཀྱི་ཕྱིར་ཞུམ་པ་དང་རྒོད་པ་དག་གི་གཉེན་པོར་བརྩོན་འགྲུས་རྩོམ་མོ་ཞེས་བཤད་དོ། །གང་གི་ཚེ་སེམས་དེ་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་མཉམ་པ་ཐོབ་པར་གྱུར་པ་དེའི་ཚེ་ནི་བཏང་སྙོམས་སུ་ འཇོག་སྟེ་རབ་ཏུ་འཛིན་པར་ཡང་མི་བྱེད། རབ་ཏུ་འཇོག་པར་ཡང་མི་བྱེད་དོ། །ཡང་དག་པར་སྤོང་བའི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་ཐམས་ཅད་ལ་གཉེན་པོ་ཞེས་བྱའོ་ཞེས་བྱ་བ་ནི། འདུན་པ་ལ་ནི་བརྟེན་ནས་སུ། །རྣལ་འབྱོར་རྒྱུ་མཚན་བཅས་བསྒོམ་པ། །ཞེས་བཤད་ མ་ཐག་པ་གང་ཡིན་པའོ། །དད་ཅིང་དོན་དུ་གཉེར་ན་འབད་པའི་ཕྱིར་རོ་ཞེས་བྱ་བ་ནི་དད་ན་བྱེད་འདོད་པ་ཉིད་དུ་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་དད་པ་ནི་འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་འབྱུང་ངོ་། །བྱེད་འདོད་ན་བརྩོན་འགྲུས་རྩོམ་སྟེ། དེ་ཉིད་ཀྱི་ཕྱིར་འདུན་པ་ཡང་བརྩོན་ འགྲུས་ཀྱི་རྟེན་བྱེད་པའི་ལས་ཅན་དུ་བསྟན་ཏོ། །གཅིག་གིས་ནི་སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དྲན་པས་སོ། །གཉིས་པས་འཕྲོ་བ་རབ་ཏུ་ཤེས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་བཞིན་གྱིས་སོ། །ཤེས་བཞིན་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཏེ་ གང་གི་ཚེ་སེམས་དེ་དམིགས་པ་ལས་གུད་དུ་འཕྲོ་བ་དེའི་ཚེ་ཤེས་བཞིན་གྱིས་མྱུར་བ་ཁོ་ནར་བདག་གི་སེམས་རྣམ་པར་གཡེངས་སོ་ཞེས་བྱ་བར་ཡོངས་སུ་གཅོད་དོ། །སེམས་དང་བཏང་སྙོམས་ནི་གཉེན་པོའི་ཐབས་ཞེས་བྱ་བ་ནི་ཤེས་བཞིན་གྱིས་ནི་སེམས་དེ་རྣམ་པར་གཡེང་ བས་སོ་ཞེས་བྱ་བ་དེ་ཙམ་ཞིག་ཤེས་པ་འབའ་ཞིག་ཏུ་ཟད་དོ། །སེམས་པ་ནི་སེམས་ཀྱི་བྱེད་པ་ཡིན་ཏེ། དེས་སེམས་དེ་དགེ་བ་ལ་གཏོད་པར་བྱེད་དོ། །གང་གི་ཕྱིར་སེམས་པས་ཞུམ་པ་ནི་རབ་ཏུ་འཛིན་ལ་རྒོད་པ་ནི་རབ་ཏུ་འཇོག་པ་དེའི་ཕྱིར་སེམས་ལ་གཉེན་པོ་ཞེས་བྱའོ། ། བཏང་སྙོམས་ནི་ཤེས་རབ་ཀྱི་ཁྱད་པར་ཏེ་དེས་ཉེ་བའི་ཉོན་མོངས་པ་རྣམས་རབ་ཏུ་སྤོང་བས་དེའི་ཕྱིར་བཏང་སྙོམས་ལ་གཉེན་པོ་ཞེས་བྱའོ། །ཤའི་སྤྱན་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པས་བྱང་ཆུབ་སེམས་དཔའ་གང་གིས་ན་སྟོང་གསུམ་ལ་སོགས་པའི་ འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་གཟུགས་ཀྱི་དབྱེ་བ་ཤིན་ཏུ་ཕྲ་བ་ཡང་མཐོང་བ་དེ་ལྟ་བུའི་རྣམ་པར་སྨིན་པ་ལ་བྱུང་བའི་མིག་མངོན་པར་འགྲུབ་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་འབྱུང་བ་ལྟ་བུ་ཡིན་ནོ། །ལྷའི་སྤྱན་ནི་བསམ་གཏན་གྱིས་མངོན་པར་ འདུས་བྱས་པ་སྟེ། ཤའི་སྤྱན་པས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཤེས་རབ་ཀྱི་སྤྱན་འཕགས་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་བཞིན་ཉིད་སྤྱོད་ཡུལ་པ་ཡིན་ནོ། །ཆོས་ཀྱི་སྤྱན་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཆོས་ཐམས་ཅད་དུ་ཐོགས་ པ་མེད་པ་ཡིན་ནོ། །གནས་པས་རྣམ་པར་བརྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་རྣམ་པར་བརྩེ་བ་སྟེ། ཏིང་ངེ་འཛིན་ནི་གནས་པའི་སྒྲར་བརྗོད་དོ། །ཏིང་ངེ་འཛིན་གྱི་དབང་པོའི་དམིགས་པ་ནི་ཞི་གནས་ཡིན་ནོ་ཞེས་བྱ་བ་ནི་གང་ལ་བརྟེན་ན་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ ཅད་ཕུན་སུམ་ཚོགས་པར་འགྱུར་བ་ཞི་གནས་ཁྱད་པར་ཅན་བཟུང་སྟེ། ཏིང་ངེ་འཛིན་ནི་འཇིག་རྟེན་པའི་སེམས་རྩེ་གཅིག་པ་ཙམ་ཐོབ་པའོ། །ཤེས་རབ་ཀྱི་དབང་པོའི་གཞི་ནི་ལྷག་མཐོང་ངོ་། །ཞེས་བྱ་བ་ནི་འདིར་ཡང་མཉམ་པར་མ་བཞག་པའི་གནས་སྐབས་སམ། འཇིག་ རྟེན་པའི་མཉམ་པར་གཞག་པའི་གནས་སྐབས་ཀྱི་ཤེས་རབ་ཀྱི་དབང་པོ་ཡིན་པར་གཞག་གོ། །ལྷག་མཐོང་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་བས་ན་ཤེས་རབ་ཀྱི་དབང་པོ་དེའི་དམིགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ནོ། །དེ་དག་གི་དོན་གྱི་སྐབས་ཁོ་ནས་དད་པ་ ལ་སོགས་པ་འདི་དག་དབང་བྱེད་པའི་དོན་གྱིས་དབང་པོ་རྣམས་ཞེས་བྱའོ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དམིགས་པ་བྱང་ཆུབ་ལ་སོགས་པའི་དོན་གང་དག་ཡིན་པ་དེ་དག་ལ་དེ་རྣམས་དབང་བྱེད་དོ། །ས་ལ་ཞུགས་པའི་གནས་སྐབས་ནི་གོ་རིམས་བཞིན་དུ་ཆོས་ལ་བདག་མེད་པ་དང་ བདག་དང་གཞན་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པས་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་སོ། །གང་ཟག་ལ་བདག་མེད་པས་ནི་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་ རྟོགས་སོ། །ཡང་ན་བྱང་ཆུབ་སེམས་དཔས་ས་དང་པོ་ཐོབ་པའི་དུས་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས་སེམས་ཅན་ཐམས་ཅད་བདག་ཏུ་མཉམ་པ་ཉིད་འཐོབ་སྟེ། ས་དང་པོ་ཐོབ་པའི་དུས་ན་བདག་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ཡིན་པས་ཇི་ལྟར་བདག་གིས་ བདག་ཉིད་ཀྱི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བྱའོ། །ཞེས་སེམས་ཅན་ཐམས་ཅད་དང་ཁྱད་པར་མེད་པ་ཉིད་འཐོབ་པས་བདག་དང་གཞན་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་རྟོགས་སོ་ཞེས་བྱའོ། །ཤེས་བྱ་མ་ རྒྱལ་རྒྱལ་བྱའི་ཕྱིར། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་མོས་པས་སྤྱོད་པའི་ས་ལ་གནས་པ་ནི་ས་དང་པོ་མ་རྒྱལ་བ་ཡིན་ཏེ། དེ་རྒྱལ་བར་བྱ་བའི་ཕྱིར་དྲན་པ་ཀུན་ཏུ་སྤྱོད་དེ། མ་རྟོགས་པ་རྟོགས་པ་གང་ཡིན་པ་དེ་ནི་ཤེས་བྱ་མ་རྒྱལ་བ་རྒྱལ་བ་ཡིན་ནོ། །འདི་ཡི་རྣམ་ འབྱེད་རྟོག་པ་ཡི། །མཚན་མ་ཐམས་ཅད་འཇོམས་པར་བྱེད། །ཅེས་བྱ་བ་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གང་ཟག་དང་ཆོས་སུ་འཛིན་པའི་རྣམ་པར་རྟོག་པ་རྣམས་འཇོམས་པར་བྱེད་པ་ཡིན་ནོ། །དེའི་རྗེས་ལ་ཐོབ་པའི་གནས་པས་གཞན་དག་ འབུལ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་མ་རྟོགས་པ་གང་ཡིན་པ་དེ་འབུལ་བ་ཡིན་ནོ། །གཞན་འདོར་བའི་ཕྱིར་ཞེས་བྱ་བ་ནི་རྟོགས་པ་གང་ཡིན་པ་དེ་འདོར་བ་ཡིན་ནོ། །རྣམ་པར་མི་རྟོག་པའི་གནས་པས་དེ་ལ་རྩོལ་བ་མེད་པར་གནས་པར་བྱེད་པའི་ ཕྱིར་ཏེ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བཏང་སྙོམས་ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པ་དེས་རྒྱལ་བ་གང་ཡིན་པ་དེ་ལ་གནས་པར་བྱེད་དོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ་ཞེས་བྱ་བ་ལ། གང་ གིས་ཀུན་ནས་ཉོན་མོངས་པ་མེད་པ་ནི་ཤིན་ཏུ་སྦྱངས་པས་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ། །གང་ལ་བརྟེན་ནས་ཀུན་ནས་ཉོན་མོངས་མེད་པར་བྱེད་པ་ནི་ཏིང་ངེ་འཛིན་ལ་བརྟེན་ནས་རྣམ་པར་གཡེང་བ་དང་བྲལ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་གང་ ཡིན་པ་ཞེས་བྱ་བ་ནི་བཏང་སྙོམས་སོ། །རྟོག་པ་དེ་ཉིད་ཀྱི་རྣམ་པར་གཞག་པ་ཡོངས་སུ་གཅོད་པ་ནི་ཡང་དག་པའི་རྟོག་པའོ་ཞེས་བྱ་བ་ནི་ཡང་དག་པའི་རྟོག་པས་ནི་བདག་གི་རྣམ་པ་འདིས་ཁོ་ན་ཉིད་འདི་ལྟ་བུ་ཞིག་རྟོགས་སོ་ཞེས་དེ་ཁོ་ན་ཉིད་རྟོགས་པ་གང་ཡིན་པ་སྟེ། རྣམ་པར་འཇོག་པར་ བྱེད་ཅིང་དེ་ཁོ་ན་བཞིན་དུ་གཞུང་དུ་ཡང་བྱེད་ལ་གཞན་དུ་ག་ལ་ཡང་སྟོན་ཏོ། །དེ་རྣམ་པར་གཞག་པ་མདོའི་སྡེ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཇུག་པ་ཡང་དེ་ཉིད་ཡིན་ཏེ། དེས་དེའི་དོན་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་རྣམ་པར་གཞག་པ་ཞེས་བྱ་བ་ནི་རྟོགས་པ་ རྣམ་པར་བཞག་པ་ཞེས་བྱ་བའི་ཐ་ཚིག་གོ། །མདོའི་སྡེ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཞེས་བྱ་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཞེས་བྱ་བའི་དོན་ཏོ། །འཇུག་པ་ཡང་དེ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་བདག་ཇི་ལྟར་ཞུགས་ པ་ལྟར་རོ། །དེས་དེའི་དོན་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟོགས་པ་སྔོན་དུ་འགྲོ་བ་ཅན་གྱི་ཡང་དག་པར་རྟོག་པ་དེས་དེའི་དོན་ཏེ་གསུང་རབ་ཀྱི་དོན་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། གསུང་རབ་ལ་མངོན་སུམ་པའི་བློ་དང་དོན་ཕྱིན་ཅི་མ་ལོག་པར་མཐོང་བ་ཡིན་ནོ། །ལས་ གསུམ་རྣམ་པར་དག་པ་ནི་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་སྟེ་ཞེས་བྱ་བ་ནི་ངག་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པའོ། །གཉི་ག་རྣམ་པར་དག་པ་ནི་དེ་ཉིད་གཉི་ག་རྣམ་པར་དག་པ་ཡིན་ཏེ། འཚོ་བ་རྣམ་པར་དག་པའོ། །འདི་ནི་ལས་གསུམ་རྣམ་ པར་དག་པ་ཡིན་ཏེ། ངག་གི་ཁ་གསག་དང་གཅམ་བུ་ལ་སོགས་པའམ། ལུས་ཀྱི་སྤྱོད་ལམ་བཅོས་མ་ལ་སོགས་པས་ལོག་པར་འཚོ་བར་བྱེད་ན་རྣལ་འབྱོར་པ་འདི་ལ་ནི་མཐོང་བའི་ལམ་ཐོབ་པའི་ཕྱིར་དེ་གཉི་ག་ཡང་མེད་ལ། ངག་གི་ལས་ཁ་གསག་དང་གཅམ་བུ་ལ་ སོགས་པའམ། ལུས་ཀྱི་ལས་སྤྱོད་ལམ་བཅོས་མ་ལ་སོགས་པ་ལ་མི་བྱ་བའི་སྡོམ་པ་འཐོབ་པོ། །དེ་ཐོབ་པས་ལོག་པས་ཆོས་གོས་ལ་སོགས་པ་ཚོལ་བར་མི་བྱེད་དེ། དེ་ཉིད་ཀྱི་ཕྱིར་གཉི་ག་རྣམ་པར་དག་པས་ཡང་དག་པའི་འཚོ་བ་རྣམ་པར་དག་པ་ཡིན་ནོ། །ཞི་གནས་དང་ ལྷག་མཐོང་གི་ཆོས་འདི་དག་ཀྱང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ཡིན་པས། དེའི་ཕྱིར་ཞི་གནས་དང་ལྷག་མཐོང་རྣམ་པར་དབྱེ་བ་བརྩམ་སྟེ། ཞི་གནས་དང་ལྷག་མཐོང་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བསྒོམ་པའི་ཐབས་ཡིན་ནོ། །ཡང་དག་པའི་ཏིང་ངེ་འཛིན་ ལ་བརྟེན་ནས་ཞེས་བྱ་བ་ནི་ཞི་གནས་ཀྱི་ངོ་བོ་ཉིད་ཀྱི་ཡང་དག་པའི་ཏིང་ངེ་འཛིན་དེ་ལ་བརྟེན་ནས་སོ། །སེམས་ལ་སེམས་འཇོག་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་བྱ་བ་སྟེ། གང་གི་ཚེ་དེ་ལྟར་སེམས་ལ་སེམས་འཇོག་པར་གྱུར་པ་དེའི་ ཚེ་ཞི་གནས་ཀྱི་ཏིང་ངེ་འཛིན་གྲུབ་པ་ཐོབ་པོ། །ཞི་གནས་ཐོབ་པས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ཐོབ་པས་ལྷག་མཐོང་ཐོབ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཞི་གནས་དང་ ལྷག་མཐོང་གི་ལམ་ཐུན་མོང་མ་ཡིན་པ་ཡིན་ནོ། །ཞི་གནས་དང་ལྷག་མཐོང་ཆ་གཅིག་པ་ནི་གང་གི་ཚེ་ཞི་གནས་སྒོམ་པར་བྱེད་པ་ཞེས་བྱ་བ་ནི་གང་གི་ཚེ་ཞི་གནས་ཤས་ཆེ་བ་གཟུགས་མེད་པ་དག་ཡིན་པ་དེའི་ཚེ་ནི་ཞི་གནས་སྒོམ་པ་ཁོ་ན་རབ་ཏུ་ཤེས་སོ། །བསམ་གཏན་གསུམ་ གྱི་གནས་སྐབས་ན་ནི་ལྷག་མཐོང་གསལ་བ་ཡིན་ནོ། །གཉི་གའི་ཆ་ནི་གང་གི་ཚེ་ཅིག་ཅར་གཉི་ག་སྒོམ་པར་བྱེད་པའོ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་ལའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་དེ་ནི་མོས་པས་སྤྱོད་པའི་ས་ལ་རྒྱུ་ཡིན་པར་འདོད་དོ་ ཞེས་བྱ་བ་ནི་ཇི་ལྟར་རྒྱུ་ཡིན་པར་འདོད་ཅེ་ན། འདི་ལྟར་ཞི་གནས་དང་ལྷག་མཐོང་དང་ལྡན་པས་ས་དང་པོ་རྟོགས་པ་དང་ངེས་པར་འབྱུང་བའི་ལམ་ལ་སོགས་པ་འགྱུར་བས་ཞི་གནས་དང་ལྷག་མཐོང་ནི་དོན་དེ་དག་གི་རྟེན་ཡིན་ནོ། །རྟེན་དུ་གྱུར་པའི་ཕྱིར་རྒྱུ་ཡིན་ནོ། །ཞི་གནས་དང་ ལྷག་མཐོང་གི་རྣལ་འབྱོར་འདི་ནི་ཐམས་ཅད་སྒྲུབ་པར་བྱེད་པའི་ཐབས་ཡིན་ནོ། །ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་རབ་ཏུ་ཞུགས་པ་ཐབས་མཁས་པས་དེ་ཐེག་པ་ཆེན་པོར་ཡོངས་སུ་སྔོ་བར་བྱེད་པས་དེའི་ཕྱིར་ཐབས་ལ་མཁས་པ་རྣམ་པར་དབྱེ་ བ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་རྣམས་རྫོགས་པར་བྱ་བའི་ཐབས་གང་ཡིན་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །མྱུར་དུ་མངོན་པར་རྫོགས་པའི་བྱང་ཆུབ་པའི་ཐབས་གང་ཞེ་ན། སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་ སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་སོ། །བདག་གི་ཡེ་ཤེས་རྫོགས་པར་བྱང་ཆུབ་པར་གྱུར་ཅིག་ཅེས་བྱ་བ་སྟེ། གཙུག་ལག་གི་ཚིག་བཞི་པོ་འདི་དག་གི་དོན་ནི་གོ་རིམས་བཞིན་དུ་སོ་སོར་བཤགས་པ་དང་རྗེས་སུ་ཡི་རང་བ་དང་གསོལ་བ་དང་ ཡོངས་སུ་བསྔོ་བ་ཡིན་ནོ། །འདི་ནི་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཐབས་ཡིན་ཏེ། དེ་ལ་མཁས་པ་གང་ཡིན་པའོ། །ལམ་རྒྱུན་མི་གཅོད་པའི་ཐབས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་མཁས་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ འཁོར་བར་ཡང་འཁོར་ལ་ཆུ་ཡི་པདྨ་བཞིན་དུ་འཁོར་བ་པའི་ཉེས་པ་དག་གིས་ཀྱང་མི་གོས་སོ། །སྙིང་རྗེའི་སྟོབས་ཀྱིས་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་ཡང་མི་གནས་ཏེ། འདི་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་མཁས་པ་ཡིན་ནོ། །བྱང་ཆུབ་སེམས་ དཔའི་གཟུངས་རྣམས་ཀྱང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱ་བའི་མིང་ཐོབ་པས་དེའི་ཕྱིར་གཟུངས་བསམ་སྟེ། དེ་ལྟར་ཐབས་ལ་མཁས་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་གཟུངས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཤད་ པ་ཡང་འཛིན་པར་བྱེད་ལ། འདི་ལ་སྔོན་མ་ཐོས་པའི་ཆོས་དག་ཀྱང་རྣམ་པ་ཐམས་ཅད་སྣང་ངོ་། །གཟུངས་ཀྱི་རབ་ཏུ་དབྱེ་བ་ལས་བསྟན་གྱི་ངོ་བོ་ཉིད་མ་བཤད་པ། གཟུངས་ནི་ཤེས་རབ་དང་དྲན་པའི་ངོ་བོ་ཉིད་ཡིན་ཏེ། ཤེས་རབ་དང་དྲན་པའི་ཁྱད་པར་དུ་འཕགས་ པ་ནི་གཟུངས་ཞེས་བྱ་བའི་མིང་ཐོབ་པོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་ནི་འདིས་ཚེ་རབས་གཞན་དག་ན་ཡི་གེར་འདྲི་བ་དང་མཆོད་པ་ལ་སོགས་པ་གཟུངས་མངོན་པར་གྲུབ་པར་བྱེད་པའི་ལས་བསགས་པར་གྱུར་པ་གང་ཡིན་པ་དེའི་དབང་གིས་གང་གིས་ན་ལན་ཅིག་ གིས་ལེན་ཅིང་འཛིན་པར་བྱེད་པ་དེ་ལྟ་བུའི་རྣམ་པར་སྨིན་པ་ཐོབ་སྟེ། ཇི་སྐད་དུ་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། སྐྱེ་བས་ཐོབ་པའི་དགེ་བ་གང་ཡིན་ཞེ་ན། དགེ་བའི་ཆོས་རྣམས་ལ་སྔོན་གོམས་པ་ལ་བརྟེན་ནས་གང་གིས་ན་སོ་སོར་བརྟགས་པ་མེད་པར་དགེ་བའི་ ཆོས་རྣམས་ལ་འདོད་པ་གོམས་པ་ཀུན་ཏུ་གནས་པ་དེ་ལྟ་བུའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །ས་ལ་མ་ཞུགས་པ་རྣམས་ཀྱི་ནི་ཆུང་ངུའོ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་ཀྱིའོ། །གཞི་ནི་ཡེ་ཤེས་སོ་ཞེས་བྱ་བ་ནི་ སེམས་པ་ཡེ་ཤེས་སུ་ཡོངས་སུ་བསྔོས་པའི་ཕྱིར་རོ། །སེམས་ལས་མོད་ལ་འབྲས་བུར་འགྱུར་བ་ཡང་སེམས་ཙམ་ལས་ཇི་ལྟར་འདོད་པའི་དོན་འགྲུབ་པའི་སྒོ་ནས་རིག་པས་བྱའོ། །ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་དོན་འགྲུབ་པ་ནི་མོད་ཀྱི་འབྲས་བུ་སྟེ། དེ་ལྟར་གྱུར་ཅིག་ སྙམ་པ་དེའི་མཇུག་ཐོགས་སུ་དེ་ཁོ་ན་ལྟར་འགྱུར་བ་ཡིན་ནོ། །ལུས་བརྒྱ་ལ་སོགས་པ་ནི་ས་དང་པོ་ནས་བཟུང་སྟེ་སྟོན་པར་བྱེད་དོ། །གཟུངས་དང་སྨོན་ལམ་ཕུན་སུམ་ཚོགས་པ་དེ་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་སྤང་བའི་ཕྱིར་སྒྲུབ་པར་བྱེད་དོ། །དེ་ལ་སྒྲུབ་ པ་ན་བདག་ཉིད་དང་གཞན་དག་གི་ཕྱིན་ཅི་ལོག་གི་ང་རྒྱལ་སྤང་བའི་ཕྱིར་ཞུགས་པ་ཡིན་ནོ། །ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྤྱོད་ཡུལ་རྣམ་པ་གསུམ་དུ་ཤེས་པར་བྱའོ་ཞེས་བྱ་བ་ནི་དམིགས་པ་རྣམ་པ་གསུམ་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉི་ག་ལ་བདག་ཏུ་འཛིན་པའི་རྟེན་ ཉེ་བར་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བ་ནི་ཀུན་བརྟགས་པའི་གང་ཟག་ལ་བདག་ཏུ་འཛིན་པ་དང་ཀུན་བརྟགས་པའི་ཆོས་ལ་བདག་ཏུ་འཛིན་པ་སྟེ། ཆོས་དག་ལ་བདག་ཅེས་བྱ་བའི་སྒྲས་སྨོས་པ་ནི་ངོ་བོ་ཉིད་ཀྱི་དོན་དུ་བལྟ་བར་བྱའོ། །བདག་ཏུ་འཛིན་པ་གཉིས་པོ་འདིའི་རྟེན་ཉེ་བར་ ལེན་པའི་ཕུང་པོ་ལྔ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་དམིགས་པ་ཡིན་ནོ། །རྟེན་དེ་ཉེ་བར་ཞི་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉེ་བར་ཞི་ཞིང་ཉེ་བར་ལེན་པ་མེད་པར་འགྱུར་བ་མེད་པས་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ དམིགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉེ་བར་ཞི་བ་སྟེ། མྱ་ངན་ལས་འདས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུང་བ་རྣམ་པ་གསུམ་ཞེས་བྱ་བ་ནི། བདག་མེད་པ་རྣམ་པ་གཉིས་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་མྱ་ངན་ལས་འདས་པ་སྟེ་གསུམ་པོ་དག་ལ་འཛིན་ པ་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དུ་ཤེས་པར་བྱའོ། །སྨོན་པ་མེད་པ་ནི་བདག་ཏུ་འཛིན་པའི་རྟེན་དེ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ་ཞེས་བྱ་བ་ལ། བདག་ཏུ་འཛིན་པའི་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་དེ་དག་ལ་རྒྱབ་ཀྱིས་ ཕྱོགས་པ་ཡིན་ཏེ། སྡུག་བསྔལ་གྱིས་བདག་ཉིད་དེ་ལ་སྨོན་པར་མི་བྱེད་དོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་དེ་དག་ཏུ་འཛིན་པའི་རྟེན་སྤང་བའི་ཕྱིར་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྤང་བར་བྱ་བ་ཡིན་ཏེ། དེ་སྤང་བའི་ཕྱིར་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། ། འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །ཞེས་བྱ་བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོར་བསྟན་ཏོ། །ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་མི་རྟག་ཅིང་སོག་ལེ་བསྲེགས་པ་ལྟ་བུར་སྡུག་བསྔལ་བར་རིག་ནས་དེ་དག་ལ་སྨོན་ པར་མི་བྱེད་དོ། །དེའི་ཕྱིར་ཆོས་ཀྱི་སྡོམ་འདི་གཉིས་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོ་གནས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟག་པའི་དོན་ནི་མེད་པའི་དོན་ཅེས་བྱ་བ་ནི། མི་ཞེས་བྱ་བ་ནི་དགག་པར་བརྗོད་པ་ཡིན་ལ། རྟག་པ་ཞེས་བྱ་ བའི་སྒྲ་ནི་རྟག་པ་བརྗོད་པ་ཡིན་པས་མི་རྟག་པ་ཞེས་བྱ་བ་ནི་གང་དུས་རྟག་ཏུ་མེད་པའོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ནི་མི་རྟག་པའི་དོན་རྣམ་གྲངས་མེད་པ་ཡིན་ནོ། །རྟག་ཏུ་མེད་པ་གང་ཡིན་པ་དེ་ནི་མི་རྟག་པ་ཡིན་པས་དེ་དག་གི་ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ་ཞེས་བྱ་བ་ ནི་འདུ་བྱེད་དེ་དག་གི་ཀུན་བརྟགས་པའི་གང་ཟག་དང་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་རྟག་ཏུ་མེད་པ་ཡིན་ནོ། །སྡུག་བསྔལ་བའི་དོན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་དོན་ཏེ། གཞན་གྱི་དབང་གི་མཚན་ཉིད་གང་དག་ཡིན་པའོ་ཞེས་བྱ་བ་ནི་འདི་ལྟར་སེམས་དང་སེམས་ ལས་བྱུང་བ་ཕྱིན་ཅི་ལོག་དག་ནི་ཡང་དག་པ་མ་ཡིན་པ་དག་ནི་རྟོག་པར་བྱེད་དོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི་སླུ་བའི་བདག་ཉིད་ཀྱི་ཕྱིར་སྡུག་བསྔལ་ཡིན་ཏེ། འདི་སྐད་དུ་སེམས་དང་སེམས་ལས་བྱུང་བའི་ཕྱིན་ཅི་ལོག་པ་རྣམས་ཡང་དག་པ་མ་ཡིན་པ་གང་ཟག་ དང་ཆོས་རྣམས་སུ་ཀུན་རྟོག་པར་བྱེད་ཀྱི་འདི་ལ་གང་ཟག་དང་ཆོས་ཡོད་པ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཡང་ན་སེམས་དང་སེམས་ལས་བྱུང་བ། ཟག་པ་དང་བཅས་པའི་ཕྱིན་ཅི་ལོག་པ་རྣམས་ཀྱི་སྐྱེས་མ་ཐག་ཏུ་འཇིག་པ་གང་ཡིན་པ་དེ་ལ་ནི་སྡུག་བསྔལ་བ་ཡིན་ནོ། ། དེ་ཉིད་ཀྱི་ཕྱིར་མི་རྟག་པ་རྣམ་པ་ལྔ་སྟེ། མི་རྟག་པའི་རྣམ་པ་ནི་སྡུག་བསྔལ་གྱི་རྣམ་པ་འདྲེན་པར་བྱེད་དོ། །འདིས་ནི་འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ནི་ཆོས་ཀྱི་མདོ་འདི་སྟོན་ཏོ། །བདག་མེད་པའི་དོན་ནི་ཀུན་ཏུ་རྟོག་པ་ཙམ་གྱི་དོན་ཏེ། ཞེས་བྱ་བ་འདིས་ ནི་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བའི་ཆོས་ཀྱི་མདོ་འདི་སྟོན་ཏེ། འདི་སྐད་དུ་ཀུན་ཏུ་རྟོག་པ་ཙམ་དང་ཐ་སྙད་ཙམ་ཡོད་ཀྱི་དོན་དམ་པར་ནི་ཆོས་ཐམས་ཅད་ཀུན་བརྟགས་པའི་གང་ཟག་དང་ཆོས་མེད་པའི་ཕྱིར་བདག་མེད་པའོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ ཀྱི་ཕྱིར་ཁོ་ན་ཞེས་བྱ་བའི་སྒྲས་ངེས་པར་གཟུང་བའི་ཕྱིར་ཀུན་བརྟགས་པའི་བདག་ནི་མེད་ཀྱི་ཀུན་ཏུ་རྟོག་པ་ཙམ་ཞིག་ཡོད་པས། གང་ཟག་དང་ཆོས་མེད་པའི་དོན་ནི་བདག་མེད་པའི་དོན་ཏོ་ཞེས་བཤད་པ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཞི་བའི་དོན་ནི་རྣམ་པར་རྟོག་པ་ཉེ་བར་ཞི་ བའི་དོན་ཏོ། །ཡོངས་སུ་གྲུབ་པའི་མཚན་ཉིད་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ནི་ཆོས་ཀྱི་མདོ་འདི་སྟོན་ཏེ། སེམས་དང་སེམས་ལས་བྱུང་བའི་ཕྱིན་ཅི་ལོག་པ་སྡུག་བསྔལ་གྱི་ངོ་བོ་ཉིད་རྣམས་སོ་སོར་བརྟགས་པས་ འགོག་པའི་ཕྱིར་ཞི་བ་ནི་མྱ་ངན་ལས་འདས་པའོ་ཞེས་བྱའོ། །མི་རུང་བའི་ཕྱིར་ཞེས་བྱ་བ་ནི་འཇུག་པ་མི་རུང་བའི་ཕྱིར་རོ། །དེའི་མཇུག་ཐོགས་སུ་འཇུག་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དུས་གཞན་གྱི་བར་དུ་གནས་ནས། འགག་པར་འགྱུར་བའི་བར་དུའོ། ། ཅིའི་ཕྱིར་ཞེ་ན། དེ་བསྟན་པར་རྒྱུན་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གནས་པའི་ངོ་བོ་ཉིད་ལ་ནི་རྒྱུན་རུང་བ་མ་ཡིན་ནོ། །རྒྱུ་ལས་སྐྱེས་པའི་ཕྱིར་ཏེ་ཞེས་བྱ་བ་འདིས་ནི་སྐད་ཅིག་མ་ཉིད་དུ་བསྒྲུབ་པའི་གཏན་ཚིགས་གཉིས་པ་ཡིན་ནོ། །དེ་ལྟ་བས་ན་གདོན་མི་ཟ་བར་སྐད་ ཅིག་རེ་རེ་ལ་སྔ་མའི་རྒྱུན་ཅན་གཞན་ཞིག་ཡོད་དོ་ཞེས་བྱ་བ་ནི་སྐད་ཅིག་མ་དང་པོ་ནི་རྒྱུ་ཡིན་ལ་ཕྱི་མ་ནི་འབྲས་བུ་ཡིན་པའོ། །དུས་གཞན་ན་འགག་པ་ཉིད་ཀྱང་འགལ་བའི་ཕྱིར་རོ་ཞེས་བྱ་བ་ནི་ལུང་དང་ཡིད་ལ་བྱེད་པ་དང་འགལ་བ་སྟོན་ཏེ། དེ་ལ་ལུང་དང་འགལ་བ་ནི་ཆོས་ཐམས་ཅད་ ནི་སྐད་ཅིག་པ་སྟེ། དུས་རེ་ཞིག་པ་ཡུན་ཐུང་ངུ་གནས་པའོ་ཞེས་འབྱུང་བས་ཏེ། དུས་རེ་ཞིག་སྨོས་པ་ནི་སྐད་ཅིག་ཙམ་གནས་པའི་ཕྱིར་རོ། །ཡུན་ཐུང་ངུ་ཞེས་བྱ་བ་ནི་སྐད་ཅིག་མ་ལས་ཕྱིན་ཆད་དུ་མི་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་དང་འཇིག་པ་དག་ཏུ་ཡིད་ལ་ བྱེད་པ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་དང་འགལ་བ་སྟོན་པ་ཡིན་ནོ། །འཆི་བའི་དུས་ལ་སོགས་པ་ནི་འགག་པར་མཐོང་བ་གཞན་དག་ཇི་ལྟ་བར་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་སྟེ། འདི་སྐད་དུ་རྣལ་འབྱོར་པ་ཡིད་ལ་བྱེད་པ་ཐོབ་པ་སྐད་ཅིག་མ་རེ་རེ་ལ་སྐྱེ་བ་དང་འཇིག་པར་ལྟ་བ་ རྣམས་ཡིད་བྱུང་བ་དང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བ་དག་ཏུ་འགྱུར་གྱི། གང་དག་སྐད་ཅིག་རེ་རེ་ལ་སྐྱེ་བ་དང་འཇིག་པར་ལྟ་བ་མེད་ཅིང་ཡུན་རིང་མོ་ཞིག་ན་འཆི་བར་ལྟ་བ་དེ་དག་ནི་ཡིད་བྱུང་བ་ལ་སོགས་པར་མི་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དེའི་མཐུ་ ནི་མི་འདྲ་བར་སྐྱེ་བ་ལ་རབ་ཏུ་གྲུབ་ཅེས་བྱ་བ་ནི་སྔོན་པོ་ཉིད་ནི་མཚན་ཉིད་ཀྱིས་འཇིག་པའི་ངང་ཅན་ཡིན་པའི་ཕྱིར་རང་ཉིད་འགགས་ལ་མེ་དང་འབྲེལ་བས་ནི་དམར་པོ་ཉིད་དུ་འགྱུར་ཏེ། འདི་ནི་མི་འདྲ་བ་སྐྱེ་བ་ཡིན་ནོ། །འདི་ལྟར་དེ་དང་འབྲེལ་པ་ལས་སྔོན་པོ་ཉིད་ཀྱི་རྒྱུན་མི་འདྲ་ བར་འཛིན་གྱི་རྣམ་པ་ཐམས་ཅད་དུ་མི་འཇུག་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་ལྕགས་ཀྱི་ཐུ་ལུམ་བསྲེགས་པ་སླར་སྔོན་པོ་ཉིད་དུ་འགྱུར་བ་ཡང་ལྕགས་ཀྱི་ཐུ་ལུམ་དེ་ལ་སྔོན་པོ་ཉིད་ཀྱི་ས་བོན་ཡོད་པས་ཡང་སྔོན་པོ་ཉིད་དུ་འགྱུར་ཏེ། དེ་ལྟ་བས་ན་རྣམ་པ་ཐམས་ཅད་དུ་མི་ འཇུག་པ་ཉིད་དུ་རབ་ཏུ་ཤེས་པ་ནི་མ་ཡིན་ནོ་ཞེས་བྱའོ། །འོན་ཏེ་ཆུ་ཤིན་ཏུ་འདུས་པ་རྣམས་རྣམ་པ་ཐམས་ཅད་དུ་མི་འཇུག་པ་ཉིད་མ་ཡིན་ནམ་སྙམ་དུ་སེམས་ན། དེ་དག་ཀྱང་རང་གི་ངང་ཁོ་ནས་འཇིག་སྟེ། མེ་ནི་དེ་དག་གི་རྒྱུན་འདྲ་བ་སྐྱེ་བའི་རྒྱུ་ཡིན་ནོ། གལ་ཏེ་མེ་དང་འབྲེལ་བ་ ལས་འཇིག་པར་གྱུར་ན་ནི་དེའི་མོད་ཁོ་ན་ལ་འགྱུར་རོ། །འདྲ་བའི་ཕྱིར་དེའི་བློ་འབྱུང་གི་དེ་ཡོད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བར་ཅི་མངོན་ཞེས་བྱ་བ་ནི་གནས་པ་ནི་དེ་ཁོ་ན་བཞིན་དུ་འདུག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྐད་ཅིག་མ་དང་པོ་དང་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་ བ་ནི་གལ་ཏེ་སྐྱེས་མ་ཐག་ཏུ་མི་འཇིག་གོ། །ཡུན་རིང་མོ་ཞིག་གནས་ནས་འཇིག་གོ། །ཞེས་བྱ་བར་བཟུང་ན། དེ་ལ་གང་གིས་ན་ཁྱད་པར་ཁས་བླངས་ན། ཁྱད་པར་འདིས་ན་ཡུན་རིང་མོ་ཞིག་གནས་ནས་ཕྱིས་འཇིག་གོ་ཞེས་བྱ་བ་སྐད་ཅིག་མ་དང་པོ་ནས་ཁྱད་པར་འགའ་ ཞིག་ཡོད་དམ། དེས་རྗེས་སུ་ཟིན་པར་འཇུག་པའི་སྒོ་ནས་ཞེས་བྱ་བ་ནི་སེམས་ཀྱིས་རྗེས་སུ་ཟིན་པར་འཇུག་པའི་སྒོ་ནས་ཏེ། སེམས་ཀྱིས་ཡོངས་སུ་ཟིན་པའི་འདུ་བྱེད་རྣམས་སེམས་དེའི་རྗེས་སུ་འཇུག་པས་དེ་ལྟ་བས་ན་དེ་ནི་སེམས་ཀྱི་འབྲས་བུ་ཡིན་ནོ། །དེ་བཞིན་དུ་རྣམ་ པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ཀྱང་གསུངས་པ་ལྟ་བུ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ནི་མིང་དང་གཟུགས་ཀྱི་བདག་པོའི་རྐྱེན་ཏེ་རྣམ་པར་ཤེས་པའི་དབང་གིས་དེ་འགྲུབ་པའི་ཕྱིར་རོ། །དེ་ལྟ་བས་ན་སེམས་ཀྱི་འབྲས་བུ་ཞེས་བྱའོ། །ཕྱིའི་དངོས་པོ་རྣམས་ངན་པར་ འགྱུར་ཞེས་བྱ་བ་ནི་ས་ཡང་ཚ་སྒོ་དང་སྡོང་དུམ་དང་ཚེར་མ་ལ་སོགས་པས་གང་བར་འགྱུར་ལ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་ངན་པར་འགྱུར་རོ། །བཟློག་པ་དགེ་བ་བྱེད་པ་རྣམས་ལ་ནི་གྱ་ནོམ་པ་བདག་ཡིན་ནོ། །དང་པོ་ཞེས་བྱ་བ་ནི་དང་པོར་སྐྱེ་བ་སྟེ། འདི་ལྟར་འོག་ནས། གཟུགས་བརྙན་དུ་ནི་སྐྱེ་བ་སྟེ། །ཞེས་འཆད་པར་འགྱུར་བ་ཡིན་ནོ། །དང་པོར་སྐྱེ་བ་ནི་དང་པོ་ཉིད་དུ་བདག་གི་དངོས་པོ་མངོན་པར་འགྲུབ་པ་གང་ཡིན་པའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྒྱལ་བའི་དུས་ན་ཉིང་མཚམས་སྦྱོར་བའི་སྐད་ ཅིག་མ་གང་ཡིན་པའོ། །འདོད་པ་གཞན་གྱིས་སྤྲུལ་པ་ནི་ལྷ་དག་ཅིག་སྟེ། དེ་དག་ནི་བུད་མེད་གང་ལ་དགའ་བར་འདོད་པ་དེ་ལ་རང་འདོད་པའི་གོས་དང་རྒྱན་དང་མེ་ཏོག་དང་སྒྲ་ལ་སོགས་པ་སྤྲུལ་པར་བྱེད་དོ། །བུད་མེད་དག་ཀྱང་སྐྱེས་པ་གང་ལ་དགའ་བར་འདོད་པ་དེ་ལ་དེ་ཁོ་ ན་བཞིན་དུ་རང་འདོད་པའི་གོས་དང་རྒྱན་ལ་སོགས་པ་སྤྲུལ་པར་བྱེད་དོ། །དེ་ལྟར་ན་འདོད་པ་གཞན་དག་གིས་སྤྲུལ་པ་རྣམས་ཞེས་བྱའོ། །འོད་མི་གསལ་བ་ཉིད་དུ་ནི་དེ་ལས་གཞན་དུ་སྐྱེ་བ་རྣམས་ཀྱི་གང་ཡིན་པའོ་ཞེས་བྱ་བ་ནི་དགའ་ལྡན་དང་། འཐབ་བྲལ་དང་སུམ་ཅུ་རྩ་གསུམ་ པ་དང་། རྒྱལ་ཆེན་བཞི་པ་རྣམས་དང་། དེ་བཞིན་དུ་འཛམ་བུའི་གླིང་ལ་སོགས་པར་མི་ཁྱད་པར་དུ་འཕགས་པ་གང་ཡིན་པའོ། །རྒྱུ་དང་ཚད་ཀྱི་ཁྱད་པར་དང་། །ཞེས་བྱ་བ་ནི་རྒྱུའི་ཁྱད་པར་དང་ཚད་ཀྱི་ཁྱད་པར་སྟེ། ཚད་ཀྱི་ཁྱད་པར་ནི་ནུར་ནུར་པོ་ལ་སོགས་པའི་གནས་ སྐབས་སོ། །གལ་ཏེ་དེ་ཞེས་བྱ་བ་ནི་དང་པོར་སྐྱེ་བའོ། །རྒྱུ་ཉིད་ཀྱིས་ཁྱད་པར་དུ་མ་གྱུར་ན་ཞེས་བྱ་བ་ནི་རྒྱུའི་ཁྱད་པར་ལས་སྐྱེ་བ་ཁྱད་པར་ཅན་དུ་མ་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་དེས་ན་རྒྱུ་ཁྱད་པར་མེད་པའི་ཕྱིར་འདུ་བྱེད་ཀྱི་འཇུག་པ་ཕྱི་མའི་ཁྱད་པར་ཕྱི་མ་ཕྱི་ མ་དམིགས་པར་མི་འགྱུར་རོ། །ཁྱད་པར་ཡོད་ན་ནི་དེའི་ཕྱི་མ་ཕྱི་མ་དག་ལས་དེ་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཁྱད་པར་ཕྱི་མ་ཕྱི་མ་དག་ལས་སྐྱེ་བ་དེ་གཞན་ཡིན་པའི་ཕྱིར་སྐད་ཅིག་མ་ཉིད་དུ་འགྲུབ་པོ། །སྐད་ཅིག་རེ་རེ་ལ་གཞན་དུ་གྱུར་པ་མེད་པར་ཚད་ཁྱད་པར་ཡོད་པར་མི་ འགྱུར་རོ་ཞེས་བྱ་བ་ནི་ནུར་ནུར་པོ་དང་མར་མེར་པོ་དང་གོར་གོར་པོ་དང་རྐང་ལག་མ་འགྱུས་པའི་གནས་སྐབས་སོ། །རྟེན་གནས་བཞིན་དུ་དེ་ལ་བརྟེན་པ་མི་གནས་པར་ནི་རུང་བ་མ་ཡིན། ཞེས་བྱ་བ་ནི་མི་གནས་བཞིན་དུ་མིག་གི་རྣམ་པར་ཤེས་པ་འགྲོ་བར་ནི་རིགས་པ་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་སྐད་ཅིག་མ་ཉིད་ཡིན་ལ། མིག་སྐད་ཅིག་མ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་འགྲོ་བ་སྐྱེས་པས་ཆོས་ཡུལ་གཞན་དུ་ཁྱེར་རོ་ཞེ་ན། དེས་ན་འགྲོ་བའི་དུས་ན་གང་དུ་ཡང་མ་སོང་བས། གནས་པ་ཁོ་ན་ལ་འགྲོ་བ་འཐད་པ་མ་ཡིན་ ནོ་ཞེས་བྱ་བ་ནི་ཇི་སྐད་དུ་ཇི་སྲིད་དུ་འགྲོ་བའི་བདག་གི་ངོ་བོ་མ་ཐོབ་པ་དེ་སྲིད་དུ་འདུ་བྱེད་རྣམས་ལ་ཡུལ་གཞན་དུ་འགྲོ་བའི་བྱ་བ་མེད་དོ་ཞེས་བཤད་པ་ཡིན་ནོ། །གནས་པ་ནི་ཡུལ་གཞན་དུ་མ་ཕྱིན་པའི་ཕྱིར་འདུ་བྱེད་ཡུལ་དེ་ན་གནས་པ་བཞིན་དུ་འགྲོ་བས་ཁྱེར་རོ་ཞེས་བྱ་བ་ཇི་ལྟར་རུང་། སྐད་ཅིག་མ་ཐ་མ་ལ་ས་བོན་མེད་པ་ཉིད་དུ་རུང་བ་མ་ཡིན་ནོ། །ཞེས་བྱ་བ་ནི་དེ་བཞིན་དུ་གནས་པ་ནི་དུས་གཞན་ན་ས་བོན་མེད་པ་ཉིད་དུ་མི་འཐད་དེ། གལ་ཏེ་སྐད་ཅིག་མ་རེ་རེ་ལ་འདུ་བྱེད་རྣམས་གཞན་ཉིད་དུ་འགྱུར་ན་ནི་དེས་ན་ཉོན་མོངས་པ་སྐྱེ་བར་འདོད་པ་རྣམས་ཀྱི་ཉོན་མོངས་ པ་འགགས་པས་ཐ་མ་ཉིད་དུ་འགྱུར་རོ། །དེ་མེད་ན་ཐ་མ་ཉིད་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་གང་མེད་ན་ཞེ་ན། སྐད་ཅིག་རེ་རེ་ལ་འདུས་བྱས་རྣམ་པ་གཞན་ཉིད་དུ་འགྱུར་བ་མེད་ན་སྟེ། སྐད་ཅིག་ལ་འཇིག་པའི་ངང་ཅན་ཡིན་ན་ནི་དེར་འགྱུར་རོ། །དེ་གཉི་ག་ལ་ཡང་སྐད་ཅིག་ རེ་རེ་ལ་ཡོངས་སུ་འགྱུར་བ་མེད་པ་མི་འགྱུར་ཏེ་ཞེས་བྱ་བ་ལ། གཉི་ག་ནི་འཕེལ་བ་དང་འབྲི་བ་སྟེ། གལ་ཏེ་ཆུ་དེ་དག་འཇིག་པའི་ངང་ཅན་ཞིག་ཡིན་ན་ནི། དེས་ན་ཆུ་མིག་དང་མཚོ་དང་མཚེའུ་ལ་སོགས་པ་ཡང་གང་བར་འགྱུར་ལ། དྲལ་ན་འབབ་པ་ཡང་འགྱུར་གྱི། དེ་བཞིན་དུ་གནས་པ་ལ་ནི་འབབ་པ་མེད་དོ། །སྐམ་པ་ཡང་དེ་ཁོ་ན་དང་འདྲ་སྟེ། གལ་ཏེ་དེ་དག་དང་པོ་ཉིད་ནས་སྐད་ཅིག་ལ་འཇིག་པའི་ངང་ཅན་གྱིས་རྣམ་པར་འཇིག་ན་ནི་དེས་ན་འགྲིབ་པར་འགྱུར་གྱི་གནས་པ་རྣམས་ལ་ནི་མ་ཡིན་ནོ། །ཕྱིས་ཀྱང་ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་རོ་ ཞེས་བྱ་བ་ནི་རིམ་པའི་རྒྱུ་སྐད་ཅིག་ལ་ངང་གིས་འཇིག་པ་མ་གཏོགས་པར་ཆུ་མིག་དང་མཚོ་དང་མཚེའུ་ལ་སོགས་པ་གང་བའམ་སྐམས་པའི་ཁྱད་པར་གྱི་རྒྱུ་གཞན་ནི་མེད་དོ། །དུས་ཀྱིས་བྱས་པ་ནི་དུས་གཞན་གྱི་བར་དུ་ཡོངས་སུ་གནས་པས་སོ། །ཞེས་བྱ་བ་ནི་དུས་གཞན་གྱི་ བར་དུ་ཡོངས་སུ་གནས་པས་ཡུལ་དང་གནས་གྲོང་དང་གྲོང་ཁྱེར་ལ་སོགས་པ་དགོན་པར་འགྱུར་བའོ། །ཁ་དོག་དང་དྲི་དང་རོ་དང་རེག་བྱ་རྣམས་ནི་ས་ལ་སོགས་པ་དང་རྒྱུ་འདྲ་བའི་ཕྱིར་དེ་ཁོ་ན་བཞིན་དུ་སྐད་ཅིག་མ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་སྐམ་པ་དང་འཕེལ་བ་ བ་དང་རང་བཞིན་གྱིས་གཡོ་བ་དང་འཕེལ་བ་དང་འགྲིབ་པ་སྲིད་པའི་ཕྱིར་དང་། ཡོངས་སུ་འགྱུར་བ་བཞི་ལ་སོགས་པའི་རྒྱུས་ཏེ། འདི་ལྟར་རྒྱུད་བྱས་པའི་གཟུགས་ནི་འབྱུང་བ་ལ་བརྟེན་པ་ཡིན་པས། དེ་ལྟར་སྐོམ་པ་དང་འཕེལ་བ་ལ་སོགས་པའི་རྒྱུས་འབྱུང་བ་རྣམས་སྐད་ ཅིག་མ་ཉིད་དུ་བསྟན་པ་ལྟར་ཁ་དོག་ལ་སོགས་པ་ཡང་དེ་ཁོ་ན་དང་འདྲ་བར་ཤེས་པར་བྱའོ། །མེ་འབྱུང་ན་མེ་དང་ལྷན་ཅིག་བྱུང་བའི་བུད་ཤིང་དེ་ཁོ་ན་བཞིན་དུ་གནས་པ་ནི་མེད་དོ་ཞེས་བྱ་བ་ནི་མེ་བྱུང་ན་བུད་ཤིང་འཇིག་སྟེ། བུད་ཤིང་ཞིག་པ་ལས་བྱུང་བའི་མེ་གང་ཡིན་པ་དེ་ཇི་ ལྟར་བརྟན་པ་ཉིད་དུ་འགྱུར། མཇུག་དུ་བུད་ཤིང་མེད་པ་ཡང་གནས་པར་འགྱུར་དུ་འོང་བས་བུད་ཤིང་ཚིག་པའི་མེ་ཡང་གནས་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ལ། བུད་ཤིང་མེད་པའི་གནས་སྐབས་ནི་ཐལ་བའི་གནས་སྐབས་ཏེ། མ་དག་མེའི་གནས་སྐབས་ཀྱི་མེ་ལ་ ནི་བུད་ཤིང་ཕྲ་མོ་ཡོད་དོ། །དེ་མེད་པས་ཐལ་བར་འགྱུར་ཏེ་དེའི་མེའོ། །གལ་ཏེ་དེ་དེ་ཁོ་ན་བཞིན་དུ་གནས་པར་གྱུར་ན་རང་གི་ངང་གིས་འཇིགས་པས། རྣམ་པར་འཇིག་པར་མི་འགྱུར་ཏེ། མཇུག་ཏུ་ཐལ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་འདི་སྙམ་ དུ་མར་མེ་ལ་སོགས་པ་ནི་དེ་དག་ལས་གཞན་པའི་འདུ་བྱེད་རྣམས་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་མར་མེ་ལ་སོགས་པ་ནི་སྐད་ཅིག་མ་ཡིན་ལ། རི་ལ་སོགས་པ་ནི་བརྟན་པ་ཡིན་ཏེ། འདི་ནི་མི་འདྲ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མར་མེ་ལ་སོགས་པ་སྐད་ཅིག་ མ་ཉིད་དུ་རབ་ཏུ་གྲུབ་པ་རྣམས་ཏེ། དཔེར་རྗོད་པར་བྱེད་དོ། །དེ་དག་རབ་ཏུ་གྲུབ་ན་མར་མེ་ལ་སོགས་པ་རབ་ཏུ་གྲུབ་པ་དག་གིས་རི་ལ་སོགས་པ་འདུ་བྱེད་གཞན་རབ་ཏུ་མ་གྲུབ་པ་གང་དག་ཡིན་པ་སྐད་ཅིག་མ་ཉིད་དུ་སྒྲུབ་པར་བྱེད་དོ། །མི་འདྲ་བ་རྣམ་པ་གཉིས་ལ་ངོ་བོ་ཉིད་ མི་འདྲ་བ་ནི་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པའི་སྲ་བ་ལ་སོགས་པ་ཕན་ཚུན་རང་གི་མཚན་ཉིད་ཀྱིས་མི་འདྲ་བ་ཡིན་ནོ། །འཇུག་པ་མི་འདྲ་བ་ཞེས་བྱ་བ་ནི་མར་མེ་ལ་སོགས་པའི་འཇུག་པ་ཡང་གཞན་ལ། རི་ལ་སོགས་པའི་ཡང་གཞན་ནོ། །འཇུག་པ་ནི་ཚུལ་ཏེ་ཇི་ལྟར་ མར་མེ་ལ་སོགས་པའི་རྒྱུན་མི་འཇུག་པ་སྐད་ཅིག་མ་ཉིད་དུ་མངོན་པ་ལྟར། རི་ལ་སོགས་པའི་ནི་དེ་ལྟ་མ་ཡིན་ནོ། །དེའི་རྒྱུན་གྱིས་ཞེས་བྱ་བ་ནི་མར་མེའི་རྒྱུན་གྱིས་སོ། །སྙིང་པོ་སྐད་ཅིག་རེ་རེ་ལ་འགྱུར་བ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་པོ་ཡང་སྐད་ཅིག་རེ་རེ་ལ་མར་མེ་ འགྱུར་བས་སྐྱེ་བར་ཤེས་སོ། །འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ་ཞེས་བྱ་བ་ལ། མི་རྟག་པ་ནི་རྣམ་པ་གཉིས་ཏེ། མི་རྟག་པའི་དོན་མེད་པའི་དོན་ཞེས་བྱ་བ་ནི་ཤིན་ཏུ་མེད་པའི་མི་རྟག་པ་ཉིད་ཡིན་ནོ། །སྐད་ཅིག་ལ་འཇིག་པའི་དོན་ཡང་མི་རྟག་པའི་དོན་དུ་རིག་པར་ བྱ་བ་ཡིན་པས། སྐད་ཅིག་ལ་འཇིག་པའི་མི་རྟག་པ་ཉིད་བསྒྲུབས་པ་ཡིན་ནོ། །ད་ནི་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་གང་ཟག་ལ་བདག་མེད་པ་སྒྲུབ་པོ། །ཇི་ལྟར་མགོ་གཅིག་ཏུ་མ་ཡིན་པའི་སྨྲ་བ་ཡོངས་སུ་གཟུང་ན་ཞེས་བྱ་བ་ནི་མགོ་གཅིག་ཏུ་གང་ཟག་ཡོད་ དོ་ཞེའམ། མེད་དོ་ཞེས་སྨྲ་བ་ཡོངས་སུ་གཟུང་བར་མི་བྱ་སྟེ། དེའི་ཕྱིར་མགོ་གཅིག་ཏུ་མ་ཡིན་པའི་སྨྲ་བ་ཡོངས་སུ་འཛིན་པར་བྱེད་དོ། །དམིགས་པ་ཞེས་བྱ་བ་ནི་བློས་རྟོགས་པ་ཡིན་ན། གང་ཟག་ནི་གང་ཟག་ཏུ་སྨྲ་བ་རྣམས་ཀྱིས་བློས་མི་རྟོགས་པ་ཡང་མ་ཡིན་ ལ་ཞེས་བྱ་བ་འདི་ནི་གང་ཟག་ཏུ་མངོན་པར་ཞེན་པའི་ཚིག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཇུག་ཐོགས་སུ་བཅོམ་ལྡན་འདས་ཀྱིས་ཀྱང་མཐོང་བའི་ཆོས་ཁོ་ན་ལ་བདག་ཏུ་དམིགས་ཤིང་འདོགས་པར་བྱེད་དོ་ཞེས་གསུངས་ན། ཇི་ལྟར་མི་དམིགས་པ་ཡིན་ཞེས་ལུང་གིས་གང་ ཟག་དམིགས་པར་སྟོན་ཏོ། །གཅིག་དང་གཞན་དུ་བརྗོད་བྱ་མིན། །ཞེས་བྱ་བ་ནི་གཅིག་པ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཉིད་ཡིན་ན་ནི་གང་ཟག་རྫས་སུ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་བདག་གི་རང་བཞིན་ གང་ཡིན་པ་དེ་ཕུང་པོ་དག་གི་རང་བཞིན་ཡིན་པར་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་རྫས་ཡོད་བརྗོད་མིན་པའི། །དགོངས་པ་ཡང་ནི་བརྗོད་དགོས་སོ། །ཞེས་བྱ་བ་ནི་ཅིའི་ཕྱིར་རྫས་སུ་ཡོད་པ་ཡང་ཡིན་ལ། བརྗོད་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་ དགོངས་པ་བརྗོད་དགོས་སོ། །འདི་ལྟར་མེ་རླུང་གིས་ཁྱེར་བ་ནི་འབར་བ་བཞིན་དུ་རྒྱང་བཅད་པར་ཡང་འགྲོའོ་ཞེས་བྱ་བ་ལ་མེ་ཞེས་སྨོས་པས་ནི་མེ་ལྕེ་བཟུང་སྟེ་བུད་ཤིང་མེད་བཞིན་དུ་རླུང་གིས་མེ་འབར་བ་བཞིན་དུ་རྒྱང་བཅད་པར་འགྲོའོ། །རྣམ་པར་ཤེས་པ་འདི་ལྟ་བུར་གྱུར་ཅིག་ཅེས་བྱ་ བ་དེ་ལ་བདག་པོ་ཡིན་ནོ། །དེའི་རྐྱེན་ཅན་ཞེས་བྱ་བ་ནི་གང་ཟག་གི་རྐྱེན་ཅན་ཞེས་བྱ་བའི་ཐ་ཚིག་གོ། །ཉེས་པ་གསུམ་འབྱུང་བའི་ཕྱིར་བྱེད་པ་རང་བྱུང་བ་ཡང་མ་ཡིན་ལ། བྱེད་པ་པོ་མ་ཡིན་པ་ལ་སོགས་པས་ཉེས་པ་འཆད་པར་འགྱུར་བ་གསུམ་པོ་དེ་ཉིད་ཀྱི་ཕྱིར་གང་ཟག་གི་རྐྱེན་ ཅན་ཡང་མ་ཡིན་ནོ། །ལྟ་སོགས་བྱེད་པ་མེད་པ་ཡིན། །ཞེས་བྱ་བ་ནི་བྱེད་པ་མེད་པར་ཡང་རྐྱེན་ཚོགས་ན་མཐོང་བ་དང་ཐོས་པ་ལ་སོགས་པ་འདི་ཐམས་ཅད་དུ་འགྱུར་ཏེ། གང་གི་ཕྱིར་རྐྱེན་ཚོགས་ན་འདི་ཐམས་ཅད་དུ་འགྱུར་བ་དེའི་ཕྱིར་གང་ཟག་ལ་བྱེད་པ་མེད་པས་ལྟ་བ་ལ་སོགས་ པ་ལ་ལྟ་བ་པོ་ཉིད་མེད་པ་ནས་རྣམ་པར་ཤེས་པ་པོ་ཉིད་ཀྱི་བར་མེད་དོ། །འོན་ཏེ་བྱེད་པ་གང་ཟག་གི་རྐྱེན་ཅན་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གང་ཟག་གིས་བྱེད་པ་བྱེད་པའམ། དེ་ལ་བརྟེན་ནས་བྱེད་པ་སྐྱེ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་གནས་པ་དེ་ནི་རྐྱེན་ཉིད་དུ་རུང་བ་མ་ཡིན་ཏེ། སྔ་ན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟག་ཏུ་ཉེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྔ་ན་མེད་པའི་ཕྱིར་ཞེས་བྱ་བ་ནི། བྱེད་པ་སྐྱེས་པའི་སྔོན་རོལ་བྱེད་པ་སྐྱེས་པར་མ་གྱུར་པ་གང་ཡིན་པ་དེ་ནི་སྔོན་གྱི་གནས་སྐབས་ཡིན་ནོ། །འོན་ཏེ་དེའི་ཚེ་གང་ཟག་མེད་དེ་དེས་ན་བྱེད་པ་སྐྱེས་པར་ མ་གྱུར་ཏོ་ཞེས་ཟེར་ན། དེ་ལ་ཉེས་པ་འདིར་འགྱུར་ཏེ། ཞིག་པ་ཡང་རྐྱེན་ཉིད་དུ་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྨྲས་པ། གང་ཟག་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ཡང་གང་ཟག་ཏུ་སྨྲ་བ་རྣམས་མི་འདོད་དོ། །ལྔ་པ་ལས་ནི་བདག་ཏུ་ དམིགས་པ་ལ་ཉེས་དམིགས་ལྔ་བསྟན་ཏོ་ཞེས་བྱ་བ་ནི་གཅིག་ལས་འཕྲོས་པའི་ལུང་ལས་ཆོས་ལྔ་ལྔའི་དབང་དུ་བྱས་ནས་ཆོས་བཤད་པ་ནི་ལྔ་པ་ཞེས་བྱ་སྟེ། བདག་ཏུ་ལྟ་བ་དང་སྲོག་ཏུ་ལྟ་བར་འགྱུར་ཞེས་བྱ་བ་ནི་གཅིག་ཏུ་བ་ལྟའོ། །སྟོང་པ་ཉིད་ལ་ཡང་འདིའི་སེམས་འཇུག་ པར་མི་འགྱུར། དད་པར་མི་འགྱུར། ཡང་དག་པར་གནས་པར་མི་འགྱུར་མོས་པར་མི་འགྱུར་ཞེས་བྱ་བ་ཡང་གཅིག་ཏུ་བྱའོ། །བཅོམ་ལྡན་འདས་ཀྱིས་ཀུན་ཤེས་པ་དང་ལྡན་པའི་གང་ཟག་དང་། ཁུར་ཁྱེར་བའི་གང་ཟག་དང་། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་ རྗེས་སུ་འབྲང་བའི་གང་ཟག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་བར་དུ་དབྱེ་བས། གང་ཟག་ཀྱང་དེ་དང་དེས་ལས་བཤད་དེ། ཞེས་ཟེར་བ་ནི་བདག་ཏུ་སྨྲ་བའོ། །ཀུན་ནས་ཉོན་མོངས་པའི་ཆོས་དང་ལྡན་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་གནས་སྐབས་ན་ནི་ཀུན་ནས་ཉོན་མོངས་ པའི་གང་ཟག་ཅེས་བྱ་བ་ལ། རྣམ་པར་བྱང་བའི་ཆོས་དང་ལྡན་པའི་ཕྱིར་རྣམ་པར་བྱང་བའི་གནས་སྐབས་ན་ནི་རྣམ་པར་བྱང་བའི་གང་ཟག་གོ་ཞེས་བྱ་བ་ནི་གནས་སྐབས་ཀྱི་བྱེ་བྲག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བྱེད་པ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་རྣམ་ པར་བྱང་བ་དེ་དག་ཁོ་ན་ལ་འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་ནི་གཅོད་པའི་བྱེ་བྲག་སྟེ། གནས་སྐབས་ཀྱི་བྱེ་བྲག་དང་། གཅོད་པའི་བྱེ་བྲག་འདི་དག་ཐམས་ཅད་ཀྱང་ཐ་སྙད་གདགས་པའི་དོན་དུ་གང་ཟག་གི་ཐ་སྙད་ཀྱིས་སྟོན་ཏོ། །དེ་ལ་གནས་ སྐབས་ཀྱི་བྱེ་བྲག་ནི་ཀུན་ནས་ཉོན་མོངས་པ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོའི་གནས་སྐབས་ཀྱི་བྱེ་བྲག་གིས་ཏེ། རྣམ་པར་བྱང་བ་ཡང་དེ་ཁོ་ན་དང་འདྲའོ། །གང་ཟག་ཀྱང་འདི་ནི་འདོད་ཆགས་ཆུང་ངོ་། །འདི་ནི་འདོད་ཆགས་འབྲིང་ངོ་། །འདི་ནི་འདོད་ཆགས་ཆེན་པོའོ་ཞེས་བྱ་བ་ དང་། རྣམ་པར་བྱང་བ་ལ་ཡང་གང་ཟག་འདི་ནི་ལམ་ཆུང་ངུ་ཐོབ་པའོ། །འདི་ནི་ལམ་འབྲིང་དང་ཆེན་པོ་ཐོབ་པའོ་ཞེས་བྱ་བ་ནི་གནས་སྐབས་ཀྱི་བྱེ་བྲག་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གིས་གཅོད་པའི་བྱེ་བྲག་ནི་གང་ཟག་གང་ཞིག་གཅིག་ཏུ་མི་ དགེ་བའི་ལས་བྱེད་པ་དེ་ནི་ཀུན་ནས་ཉོན་མོངས་པ་ཡིན་པར་གཅོད་པའི་བྱེ་བྲག་དང་གང་ཞིག་གཅིག་ཏུ་རྣམ་པར་བྱང་བའི་ལས་བྱེད་པ་དེ་ནི་རྣམ་པར་བྱང་བ་ཡིན་པར་གཅོད་པའི་བྱེ་བྲག་གོ། །དེ་དག་གི་འཇུག་པའི་བྱེ་བྲག་དང་། རྒྱུན་གྱི་བྱེ་བྲག་ཅེས་བྱ་བ་ ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་གིའོ། །འཇུག་པ་ནི་འཇུག་པ་ཡིན་ཏེ། ཐ་སྙད་པའི་གང་ཟག་གང་ཞིག་ལ་ཀུན་ནས་ཉོན་མོངས་པ་མེད་པའམ། རྣམ་པར་བྱང་བ་རབ་ཏུ་འཇུག་པ་དེ་ནི་འཇུག་པའི་བྱེ་བྲག་ཡིན་ལ། རྒྱུན་གྱིས་འཇུག་པ་དེ་ནི། རྒྱུན་གྱི་བྱེ་བྲག་ ཡིན་ནོ། །ཡོངས་སུ་ཤེས་པར་བྱ་བའི་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པའོ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དག་གོ། །ཡོངས་སུ་ཤེས་པ་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་ནི་འགོག་པ་དང་ལམ་གྱི་བདེན་པ་དག་སྟེ། འགོག་པ་དང་བདེན་པ་ལ་ཡོངས་སུ་ཤེས་ པ་ཉིད་ཅེས་བྱ་བ་ནི་ཡོངས་སུ་ཤེས་པའི་འབྲས་བུ་ཡིན་པས་འབྲས་བུ་ལས་རྒྱུ་ཉེ་བར་བརྟགས་པའི་ཕྱིར་རོ། །ཁུར་ནི་སྡུག་བསྔལ་གྱི་བདེན་པའོ། །ཁུར་ཁྱེར་བ་ནི་ཀུན་འབྱུང་བའི་བདེན་པའོ། །ཁུར་འདོར་བ་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་ནི་འགོག་པ་དང་ལམ་གྱི་བདེན་པ་དག་སྟེ། ཇི་ལྟར་དེ་གཉིས་ཁུར་འདོར་བ་ཡིན་ཞེ་ན། འཕགས་པའི་ཡེ་ཤེས་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པའི་ཕྱིར་དང་། ཀུན་འབྱུང་སྤོང་བའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཕུང་པོ་ལ་ཀུན་ཤེས་པ་དང་། ལྡན་པ་ཞེས་བྱ་བ་དང་ཁུར་ཁྱེར་བ་ཞེས་བྱ་བར་ཐ་སྙད་གདགས་པར་མི་ནུས་ ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གང་ཟག་བརྟགས་པ་ནི་ཐ་སྙད་གདགས་པར་བྱ་བས་དེའི་ཕྱིར་ཐ་སྙད་ཀྱི་དོན་དུ་གང་ཟག་གདགས་པ་མཛད་དོ། །དེ་ལྟར་ཡོན་ཏན་དེ་དག་དང་། །རྟག་ལྡན་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཞེས་བྱ་བའི་ ཐ་ཚིག་གོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབས་རྫོགས་སོ།། །།འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་དམིགས་པ་དང་། རྣམ་པ་དང་། ངོ་བོ་ཉིད་ཀྱི་ཁྱད་པར་གྱི་སྒོ་ནས་བསླབ་པའི་ལམ་རྣམ་པ་ཐམས་ཅད་བསྟན་པ་ཡིན་ཏེ། དེ་ལ་སློབ་པ་རྣམས་བསྒྲུབ་པའི་ཡོན་ཏན་དང་རབ་ཏུ་བསྔགས་པའི་ཡོན་ཏན་དང་ལྡན་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་འོག་ཏུ་ཡོན་ཏན་གྱི་སྐབས་སོ། །དེ་ལ་སྒྲུབ་པའི་ཡོན་ཏན་ནི་རྣམ་པ་གསུམ་སྟེ། རྒྱུ་མཐུན་པའི་ཡོན་ཏན་དང་། བྲལ་བའི་ཡོན་ ཏན་དང་། སེམས་ཅན་ལ་མངོན་དུ་ཕྱོགས་པའི་ཡོན་ཏན་ནོ། །དེ་ལ་རྒྱུ་མཐུན་པའི་ཡོན་ཏན་ནི། ཡུན་རིང་པོ་ནས་བསླབ་པའི་ལམ་ལ་གོམས་པའི་ཕྱིར། དགེ་བའི་ཚོགས་དང་ཉེ་བར་གྱུར་པའི་ལམ་ཕྱི་ཕྱིར་ཞིང་གཞན་དུ་མི་འགྱུར་བར་བསྟན་པ་དང་། ངེས་པ་དང་ཡུན་རིང་ བར་འཇུག་པ་ཉིད་ཡིན་ཏེ། བརྩོན་འགྲུས་རྩོམ་པ་དང་བསམ་གཏན་གྱི། བདེ་ལ་རོ་མྱོང་མེད། ཅེས་བྱ་བའི་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་རྒྱུ་མཐུན་པའི་ཡོན་ཏན་བཤད་དོ། །བྲལ་བའི་འབྲས་བུ་ནི་མཐོང་བ་དང་། བསྒོམ་པའི་ལམ་དག་གིས་དེ་དག་གིས་སྤང་བར་ བྱ་བའི་གནས་ངན་ལེན་སྤངས་པའི་ཕྱིར་གནས་དྲི་མ་མེད་པ་ཉིད་ཡིན་ཏེ། དེ་བཞིན་གཤེགས་རིགས་སྐྱེ་བ་དང་། །ཞེས་འཆད་པར་འགྱུར་བ་འདི་ནི་མཐོང་བའི་ལམ་མོ། །དེ་ཡན་ཆད་ས་བརྒྱད་པ་ལ་ལུང་བསྟན་པ་ཐོབ་པ་དང་། ས་བཅུ་པ་ལ་དབང་བསྐུར་བ་ཐོབ་པ་ཞེས་བྱ་ བའི་བར་འདི་ནི་བསྒོམ་པའི་ལམ་མོ། །བྱང་ཆུབ་ཐོབ་པ་ནི་སངས་རྒྱས་ཀྱི་ས་ལའོ། །དེ་ལྟར་ཡོན་ཏན་ཕུལ་དུ་བྱུང་བ་དང་ལྡན་པའི་ཕྱིར་ངོ་མཚར་མི་ཆེ་བའི་ཡོན་ཏན་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་བདག་དང་། སེམས་མཉམ་པའི་སྐབས་ནས། ཇི་ལྟར་བློ་ ལྡན་སེམས་ཅན་ལ། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ལྟ་བུ་ཡིན་ནོ། །སེམས་མཉམ་པ་ནི་རྟག་ཏུ་ཕན་པར་བྱ་བ་ལ་རབ་ཏུ་འཇུག་སྟེ། ཕན་འདོགས་པ་ཉིད་རྣམ་པར་དབྱེ་བ་ལས། སྣོད་ཉིད་དུ་ནི་བྱེད་པ་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་ དྲུག་འབྱུང་བ་ལྟ་བུ་ཡིན་ཏེ། ཕན་འདོགས་པ་ཉིད་ཀྱི་ཡོན་ཏན་འདི་ནི་སེམས་ཅན་ལ་མངོན་དུ་ཕྱོགས་པའི་ཡོན་ཏན་ཡིན་པར་ཤེས་པར་བྱའོ། །ལན་དུ་ཕན་འདོགས་པ་ཡང་འདོད་དེ། ལན་དུ་ཕན་འདོགས་པ་རྣམ་པར་དབྱེ་བ་ལས། ལོངས་སྤྱོད་རྣམས་ལ་མ་ཆགས་དང་། །ཞེས་ བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ལྟ་བུའོ། །དེ་ལྟར་རབ་ཏུ་བརྩོན་པ་ནི་རྟག་ཏུ་དེ་དག་ལ་ཕན་པ་དང་བདེ་བར་འདོད་དོ། །སྨོན་པ་རྣམ་པར་དབྱེ་བ་ལས། །རྟག་ཏུ་འཕེལ་དང་ཉམས་པ་དང་། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ལྟ་བུ་ཡིན་ནོ། ། དེ་ལྟར་ཕན་པ་དང་བདེ་བའི་བསམ་པ་ཅན་ནི་དེ་དག་ལ་སྦྱོར་བ་ཆུད་མི་ཟ་བར་བྱེད་དོ། །ཆུད་མི་ཟ་བ་ཉིད་རྣམ་པར་དབྱེ་བ་ལས། འཇིགས་སྤངས་ཡང་དག་བསྐྱེད་པ་དང་། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ལྟ་བུ་ཡིན་ཏེ། འདི་ནི་སྒྲུབ་པའི་ཡོན་ཏན་གྱི་ཁྱད་པར་གོང་ ནས་གོང་དུ་སྒྲུབ་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་གྱི་སྒོ་ནས་ལུང་བསྟན་པ་འཐོབ་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ནི་མ་ཡིན་ནོ། །ལུང་བསྟན་པ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ། །དེ་ལ་གནས་པ་ནི་གདོན་མི་ཟ་བར་ བྱ་དགོས་པ་ལ་མི་བརྗེད་པའི་ཆོས་ཉིད་ཐོབ་པོ། །དེ་ལྟར་མི་བརྗེད་པའི་ཆོས་ཅན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གདགས་པ་རྣམས་ཀྱི་ནང་དུ་འདོགས་པ་མཛད་ཅིང་བྱ་བ་ཐམས་ཅད་ཀྱང་ཡོངས་སུ་ཉམས་པར་མི་འགྱུར། མི་ ཐོབ་པ་ལས་ཡོངས་སུ་ཉམས་པས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཡོངས་སུ་མི་ཉམས་པ་ནི་ཟླ་བ་ཡར་གྱི་ངོ་ལ་སྐྱེ་བ་བཞིན་དུ་རྟག་ཏུ་རྒྱུན་མི་འཆད་པར་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བས། བྱང་ཆུབ་སེམས་དཔའ་ཆེན་པོར་འགྱུར་གྱི། བཅོས་མ་ནི་མ་ཡིན་ནོ། ། ཡང་དག་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གདུལ་བའི་ཐབས་རྣམ་པ་ཐམས་ཅད་ཤེས་སོ། །དེ་ཤེས་པ་ནི་དེ་རྣམ་པར་གཞག་པ་ལ་མཁས་པར་འགྱུར་ཏེ། གང་དང་ཇི་ལྟར་བརྩལ་བར་བྱ་བ་དེ་དག་རྣམ་པར་འཇོག་པར་བྱེད་དོ། །རྣམ་པར་གཞག་པ་ལ་མཁས་པ་ནི་ གདམས་ངག་ལ་མཁས་པར་འགྱུར་རོ། །གདམས་ངག་ལ་མཁས་པ་ནི་ཚད་མེད་པ་ལ་དམིགས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འཐོབ་པོ། །ཏིང་ངེ་འཛིན་དེ་འཐོབ་པ་ནི་ཆོས་བཤད་པ་དོན་ཡོད་པར་འགྱུར་ཏེ། རྣམ་པ་སྣ་ཚོགས་ཀྱིས་བཤད་པ་འབྲས་བུ་དང་བཅས་པར་ཡང་བྱེད། ཐེག་པ་ཆེན་པོ་ལ་ངེས་པར་འབྱུང་བ་ཡང་འགྱུར་རོ། །ཆེན་པོ་ཉིད་དུ་ངེས་པར་འབྱུང་བ་ནི་ཐེག་པ་ཆེན་པོ་བསྡུས་པ་ལ་མཁས་པར་འགྱུར་ཏེ། དེ་ལྟར་ན་རྒྱུ་མཐུན་པ་དང་བྲལ་བ་དང་། སེམས་ཅན་ལ་མངོན་པར་ཕྱོགས་པའི་ཡོན་ཏན་གསུམ་པོ་འདི་དག་ནི་ངོ་མཚར་ཆེ་བ་དང་ངོ་ མཚར་མི་ཆེ་བ་རབ་ཏུ་དབྱེ་བ་ནས་བཟུང་སྟེ། ཐེག་པ་ཆེན་པོ་བསྡུ་བའི་སྐབས་ཀྱི་བར་གྱིས་ཤེས་པར་བྱའོ། །དེའི་འོག་ཏུ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྟན་པས་རབ་ཏུ་བསྔགས་པའི་ཡོན་ཏན་འཆད་པར་འགྱུར་རོ། །ཚིགས་སུ་བཅད་པ་ལས། སྡོམ་པའི་ཕྱིར། ཕུན་ སུམ་ཚོགས་པ་ཡོངས་སུ་གཏོང་བ་དང་། །ཞེས་བཤད་པ་གང་ཡིན་པ་འདི་ནི། ཆེད་ཀྱི་འདུན་པར་བསྟན་པའི་ཕྱིར་བཤད་པ་ཡིན་ཏེ། སྡོམ་པའི་ཆེད་དུ་ཕུན་སུམ་ཚོགས་པ་གཏོང་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་མཚར་ཆེ་བ་ཡིན་ནོ། །ལུས་དང་སྲོག་ལ་མི་ལྟ་ བར་བརྩོན་འགྲུས་རྩོམ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་མཚར་ཆེ་བ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ལ་བརྟེན་ནས་སྦྱིན་པ་ལ་སྦྱོར་བ་ངོ་མཚར་མི་ཆེའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དངོས་པོ་སྲང་སྟོང་རི་བ་གང་ཡིན་པ་དེ་ལ་འདོད་ཆགས་དང་བྲལ་བ་ བསྐྱེད་ནས་ཡོངས་སུ་གཏོང་ངོ་ཞེས་བྱ་བ་འདི་ནི་ངོ་མཚར་མི་ཆེའོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བའི་རྣམ་པ་ཡིན་ཏེ། སྙིང་རྗེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་གཞན་ལ་སྡུག་བསྔལ་སྐྱེད་པར་མི་བྱེད་དོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་མཚར་མི་ཆེའོ། ། སྙིང་རྗེ་བ་ཡང་གཞན་དག་ལས་ལུས་དང་ངག་གི་མི་འདོད་པ་འབྱུང་བ་ཐམས་ཅད་བཟོད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་མཚར་མི་ཆེའོ། །སེམས་མཉམ་པ་ཉིད་ཀྱང་བསླབ་པའི་ཕན་ཡོན་ཡིན་པ་ཁོ་ན་སྟེ། སེམས་ཅན་རྣམས་ནི་བདག་ཉིད་ལ་སོགས་པ་ལ་བྱམས་པ་མཉམ་པ་ཉིད་ དང་། ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་བདག་ཉིད་ལ་བྱམས་པ་ཡང་གཞན་དུ་ཡིན་ལ། བུ་དང་བཤེས་དང་ཆུང་མ་ལ་སོགས་པ་ལ་ཡང་གཞན་དུ་མ་ཡིན་པས་སོ། །གཏན་དུ་བ་ཡང་མ་ཡིན་ཞེས་བྱ་བ་དེ་བསྟན་པའི་ཕྱིར་འདི་ལྟར་རེས་འགའ་བདག་ཉིད་ཀྱང་གསོད་པར་བྱེད་དོ་ཞེས་བྱ་ བ་སྨོས་སོ། །ཚུལ་ཁྲིམས་ལ་ནི་རྟག་ཏུ་ཕྲ་བ་རབ་ཙམ་ཡང་མི་ཉམས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་རང་བཞིན་གྱིས་ཁ་ན་མ་ཐོ་བའི་བསླབ་པའི་གཞི་འདྲལ་བར་མི་བྱེད་པ་ལྟར་བཅས་པའི་ཁ་ན་མ་ཐོ་བ་རྩྭ་གཅོད་པ་ལ་སོགས་པ་ཡང་དེ་དང་འདྲ་སྟེ། དེ་ལྟར་ན་མཉམ་ པ་ཉིད་ཡིན་ནོ། །རང་དང་གཞན་གྱི་དོན་དང་དགེ་བ་ཐམས་ཅད་ཀྱི་དོན་དུ་མཉམ་པར་སྦྱོར་བའི་ཕྱིར་རོ་ཞེས་བྱ་བ་ནི་བརྩོན་འགྲུས་དང་སྦྱོར་རོ། །སེམས་ཅན་ལ་མངོན་པར་ཕྱོགས་པའི་ཡོན་ཏན་ནི་མ་ལ་སོགས་པ་དང་འདྲ་བ་ཉིད་ཀྱིས་སྟོན་པར་བྱེད་དོ། །ཁོང་ན་འཛིན་པར་བྱེད་ཅེས་བྱ་ བ་ནི་ལྟོ་ན་འཛིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། ལྟོ་ཡང་ཁ་ཅིག་ཏུ་ཁོང་ཞེས་བྱ་བའི་སྒྲར་བརྗོད་དོ། །བསམ་པ་ནི་ཁོང་ལྟ་བུ་སྟེ། བསམ་པ་མཉམ་ཞིང་མཚུངས་པས་སེམས་ཅན་ལ་འཛིན་པར་བྱེད་པས་ན། བསམ་པ་མཉམ་པས་སེམས་ཅན་རྣམས་འཛིན་པར་བྱེད་ཅེས་ བྱའོ། །འཕགས་པའི་ས་ནི་འཕགས་པའི་ཆོས་ཡིན་ཞེས་བྱ་བ་ནི་ཟག་པ་མེད་པའི་ཆོས་ཏེ། ཉན་ཐོས་རྣམས་ཀྱི་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རྗེས་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་སློབ་པ་དང་། མི་སློབ་པའི་ལམ་དང་། དེ་དག་གིས་ཐོབ་པར་བྱ་བ་སོ་ སོར་བརྟགས་པའི་འགོག་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཐོབ་པའི་དུས་ནས་བཟུང་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེའི་སྤྱོད་ཡུལ། དེ་བཞིན་ཉིད་དོ། །སྣུན་པར་བྱེད། གསོ་བར་བྱེད། ཀུན་ཏུ་སྐྱེད་པར་བྱེད་ཅེས་བྱ་བ་ནི་ལས་གཅིག་སྟེ། སྣུན་པ་ནི་ ནུ་མ་སྣུན་པའོ། །གསོ་བ་ནི་ཞུན་མར་དང་མར་དཀར་ལ་སོགས་པས་གསོ་བ་གང་ཡིན་པའོ། །ཀུན་ཏུ་སྐྱེད་པར་བྱེད་པ་ནི་བྱིས་པ་ལ་བསྐུ་མཉེ་ལ་སོགས་པས་ཡན་ལག་དང་ཉིང་ལག་རྣམས་བསྐྱེད་པ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་རྣམས་བཟའ་བ་དང་བཏུང་བ་ལ་ སོགས་པ་བསྡུ་བའི་དངོས་པོ་བཞིས་བསྡུས་ནས་གསོས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་རྣམས་ཀྱིས་ཀུན་ཏུ་སྐྱེད་པར་བྱེད་དོ། །བཤེས་གཉེན་དམ་པ་དག་ལ་འདོམས་པར་བྱེད་ཅེས་བྱ་བ་ནི། སངས་རྒྱས་ལ་གསོལ་བ་འདེབས་པའི་སྒོ་ནས་ཏེ། བཤེས་གཉེན་ དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །ཆགས་ཉེན་མེད་པར་བྱེད་ཅེས་བྱ་བ་ནི་སྒྲིབ་པ་སྤོང་བའི་ཕྱིར་རོ། །འོས་པ་མ་ཡིན་པ་དག་ལ་ཟབ་མོ་བཤད་པ་གསང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཐོས་པ་ཉུང་ངུ་ནི་ཆོས་ཟབ་མོ་བཤད་པར་འོས་པ་མ་ཡིན་ནོ། །འཇིག་རྟེན་ པའི་ཕུན་སུམ་ཚོགས་པ་ནི་བདེ་བ་སྟེ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་ཚངས་པ་ཉིད་ལ་སོགས་ཡོངས་སུ་བསྡུས་པ་དེ་ནི་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྙིང་རྗེའི་བསམ་པས་ཡོངས་སུ་ཟིན་པ་རྣམས་ནི་སྐྱོ་བ་མེད་པའི་ཕྱིར་བྱང་ ཆུབ་སེམས་དཔའི་བྱ་བ་ལས་མི་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བྲན་ལྟ་བུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པའི་ངེས་པར་འབྱུང་བ་སྨྲ་བ་ཉིད་ཀྱིས་མི་སླུ་བ་ཡིན་ནོ། །ཕུན་སུམ་ཚོགས་པ་གཉིས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་ པ་ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཕུན་སུམ་ཚོགས་པ་གཉིས་སྦྱིན་པར་བྱེད་པ་ཉིད་ཀྱིས་བཟོད་པ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་ཐམས་ཅད་བྱེད་པའི་ཕྱིར་རོ། །བདག་ཉིད་ལེགས་པར་བསླབས་པ་ཡིན་ཞེས་བྱ་བ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་ པ་མངོན་པར་འདུ་བྱེད་པ་མེད་པའི་ལམ་ཐོབ་པའི་ཕྱིར་རོ། །རྣལ་འབྱོར་གྲུབ་པར་སྦྱོར་བ་དང་། །ཞེས་བྱ་བ་ལ། རྣལ་འབྱོར་གྲུབ་པ་ནི་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ཏེ། ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས། ཞི་གནས་དང་ལྷག་མཐོང་ལ་ ཇི་ལྟར་སྦྱར་བར་བྱ་བའི་སྦྱོར་བ་དེ་སྟོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ནི་རྣལ་འབྱོར་གྲུབ་པ་སྟོན་པར་བྱེད་པ་ཞེས་བྱའོ། །ངེས་པའི་རང་བཞིན་ཅན་ནི་ཚིག་སྙན་པ་སྦྱིན་པ་ལ་སོགས་པས་ཁྲོ་གཉེར་དང་བྲལ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཤིན་ཏུ་བརྩོན་པ་ རྣམས་ནི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། ཚོགས་རྫོགས་པ་ནི་རབ་ཏུ་བྱུང་བ་དང་ཆོས་མཐུན་པ་ཡིན་ནོ། །ཚོགས་བསགས་མྱུར་དུ་གྲོལ་བར་བྱེད། །ཅེས་བྱ་བ་ནི་བསྙེན་པར་རྫོགས་པ་དང་ཆོས་མཐུན་པ་ཡིན་ཏེ། གང་ཟག་བསྙེན་པར་རྫོགས་པ་ནི་བསླབ་པའི་ གཞི་ཉིས་བརྒྱ་ལྔ་བཅུ་བསྲུང་བའི་སྒོ་ནས་བྱ་བ་མ་ཡིན་པའི་ཆོས་དག་ལས་གྲོལ་བར་འགྱུར་བས། དེའི་ཕྱིར་ཚོགས་བསགས་པ་དག་མྱུར་དུ་གྲོལ་བར་བྱེད་པ་ཞེས་བྱའོ། །སྦྱོར་བ་ཆུད་མི་ཟ་བ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་སྲོག་གཅོད་ པ་སྤང་བ་ལ་སོགས་པའི་དོན་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཆུད་མི་ཟ་བ་ཡིན་ནོ། །ང་རྒྱལ་ནི་བཟོད་པའི་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་གྱི་ཆོས་ཡིན་ནོ་ཞེས་བྱ་བ་ནི་ང་རྒྱལ་གྱིས་མི་བཟོད་པའི་ཕྱིར་རོ། །བཅོས་མའི་ཡོན་ཏན་རྣམ་པར་དབྱེ་བའི་ ཚིགས་སུ་བཅད་པ་ཞེས་བྱ་བ་ལ་སོགས་ནི་སྤྲུལ་པ་ལ་སོགས་པ་སྒྲུབ་པ་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་བཅོས་མ་ཡིན་ལ། དེ་དག་ཉིད་སྒྲུབ་པ་དང་ལྡན་པ་ནི་ཡང་དག་པའི་ཡོན་ཏན་ཡིན་ནོ། །བྱང་ཆུབ་ཏུ་ལུང་སྟོན་པ་ཞེས་བྱ་བ་ནི་གང་གི་ཚེ་བྱང་ཆུབ་སེམས་དཔའ་ དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་པ་ཡིན་ནོ། །ལུང་སྟོན་པར་ལུང་སྟོན་པ་ཞེས་བྱ་བ་ནི་ཉིད་དུ་ལུང་མི་སྟོན་གྱི་གཞན་འདི་སྐད་དུ་ལུང་སྟོན་ཏོ་ཞེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར། འདིའི་དུས་ཆེ་གེ་མོ་ཞིག་ ན་དེ་བཞིན་གཤེགས་པ་མཚན་འདི་ཞེས་བྱ་བས་ལུང་སྟོན་པར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ལུང་བསྟན་པས་ང་རྒྱལ་སྤངས་པ་དང་མཚན་མའི་རྩོལ་བ་ཐམས་ཅད་སྤངས་པར་འགྱུར་ཏེ། དེའི་ཕྱིར། མི་སྐྱེ་བཟོད་པ་ཐོབ་པ་ཡི། །ང་རྒྱལ་ དང་རྩོལ་བ་སྤངས་པའི་སྒོ་ནས་ལུང་བསྟན་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་སྤྱོད་པས་ཕུན་སུམ་ཚོགས་པ་དང་སྐྱེ་བ་ལ་སོགས་པ་ལ་གདོན་མི་ཟ་བར་འགྱུར་བ་ནི་དེས་ངེས་པར་འགྱུར་བའོ། །རྟག་ཏུ་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གནས་པའི་ཕྱིར་རོ་ ཞེས་བྱ་བ་ནི་ས་བརྒྱད་པ་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གནས་པར་འགྱུར་རོ། །རྟག་ཏུ་བྱ་བ་ནི་རྒྱུན་དུ་བྱ་བ་ཉིད་ཡིན་གྱིས་གདོན་མི་ཟ་བར་བྱ་དགོས་པ་ནི་རྟག་པར་རྒྱུན་ཆགས་སུ་གདོན་མི་ཟ་ བར་བྱ་དགོས་པ་མ་ཡིན་ནོ། །འདོད་པའི་ཉེས་དམིགས་ཤེས་པ་དང་། །ཞེས་བྱ་བ་ལ་གཟུགས་ལ་སོགས་པའི་ཡུལ་རྣམས་ནི་འདོད་པར་བྱེད་པར་འདོད་པ་དག་སྟེ། དེ་དག་ནི་རུས་གོང་གི་དུམ་བུ་དང་། ཤའི་ཁམ་ཚད་ལ་སོགས་པ་ལྟ་བུ་དང་ཆོས་མཐུན་པ་དང་ལྡན་པའི་ཕྱིར་ཉེས་དམིགས་ དང་བཅས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཉེས་དམིགས་དང་བཅས་པའི་ཤེས་པ་སྐྱེས་པས་གནས་སྐབས་གང་དུ་ཡང་ནམ་ཡང་འདོད་པ་རྣམས་ལ་ཆགས་པར་མི་འགྱུར་བས་འདོད་པ་རྣམས་ལ་ཉེས་དམིགས་སུ་ལྟ་བ་ཞེས་བྱའོ། །བདེ་ལ་རོ་མྱང་མེད་ཉིད་དང་། །ཞེས་བྱ་ བ་ནི་བསམ་གཏན་དག་ལ་རོ་མྱང་བར་མི་བྱེད་པ་ཉིད་ཡིན་ནོ། །སོ་སོ་ཐར་པའི་སྡོམ་པས་བསྡུས་པ་དང་། བསམ་གཏན་གྱི་སྡོམ་པས་བསྡུས་པའི་ཚུལ་ཁྲིམས་གང་དག་ཡིན་པ་དེ་དག་པས་ནི་ཟག་པ་མེད་པའི་སྡོམ་པས་བསྡུས་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །སྡུག་བསྔལ་ ལ་ཇི་མི་སྙམ་པའི་བཟོད་པ་དང་། གནོད་པར་བྱེད་པ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཡང་། སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་གང་ཡིན་པ་དེ་རྣམ་པས་ནི་དེ་ཁོ་ནའི་དོན་གྱི་ཕྱོགས་གཅིག་གི་རྗེས་སུ་ཞུགས་པ་དང་ལྡན་པའི་ཏིང་ངེ་འཛིན་དང་ མཚུངས་པར་ལྡན་པའི་བཟོད་པ་གང་ཡིན་པ་འདི་དག་གཙོ་བོ་ཡིན་ནོ། །ཆོས་གདགས་པ་རྣམ་པར་གཞག་པ་དང་། བདེན་པ་དང་རིག་པ་དང་ཐེག་པ་གདགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ལ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་རྣམ་པའི་བྱེ་ བྲག་གིས་རིག་པའི་གནས་ལྔ་རྣམ་པར་གཞག་པ་ནི་ཆོས་རྣམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །དེ་ལས་གཞན་པའི་རིག་པའི་གནས་རྣམས་ནི་དེའི་ཁོངས་སུ་འདུས་པ་ཁོ་ན་སྟེ། ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་དོ་ཞེས་བྱ་བ་ནི་ནང་རིག་ པ་ནི་ཐེག་པ་ཆེན་པོ་སྟེ་རིག་པའོ། །གནས་གཞན་བཞི་པོ་གསོ་བ་དང་། གཏན་ཚིགས་དང་། སྒྲ་དང་། བཟོའི་ལས་ཀྱི་རིག་པའི་གནས་རྣམས་ནི་དེའི་ཁོངས་སུ་འདུས་པ་ཡིན་ནོ། །འཇུག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི། འཇུག་པའི་ངོ་བོ་ཉིད་ནི་འཁོར་བ