Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 124

Văn bản gốc(Tây Tạng)

Trang 11 / 23 (50.000 ký tự/trang)
་སྟེ།

འདི་ནི་འཁོར་བའི་བདེན་པ་ཡིན་ནོ། །དེའི་ངོ་བོ་ནི་དེ་བཞིན་ཉིད་དེ། འདི་ལྟ་སྟེ་འཇུག་པའི་ངོ་བོ་ཉིད་དུ་ཕྱིན་ཅི་མ་ལོག་པ་ཉིད་ཡིན་ནོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་ངོ་བོ་ཉིད་གསུམ་མོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ཁམས་
གསུམ་པ་འདི་ནི་རྣམ་པར་རིག་པ་ཙམ་མོ་ཞེས་བྱ་བ་ལྟ་བུ་སྟེ། འདི་ལྟ་སྟེ་ཆོས་ཐམས་ཅད་ནི་རྣམ་པར་རིག་པ་ཙམ་མོ་ཞེས་བྱ་བ་འདི་ནི་འདིར་བདེན་ཞིང་ཕྱིན་ཅི་མ་ལོག་པ་ཡིན་ནོ། །གནས་པའི་དེ་བཞིན་ཉིད་ནི་སྡུག་བསྔལ་གྱི་བདེན་པའོ། །ལོག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་
ཀུན་འབྱུང་གི་བདེན་པ་སྟེ། ལས་དང་ཉོན་མོངས་པའི་མཚན་ཉིད་ཀྱི་ཀུན་འབྱུང་བའི་བདེན་པའོ། །ལོག་པར་སྒྲུབ་པ་ནི་ཉོན་མོངས་པ་རྣམས་དང་། དེ་དག་གིས་རབ་ཏུ་བཅུག་པའི་ལས་ཏེ། འདི་ལྟ་སྟེ། ལོག་པར་བསྒྲུབ་པ་འདི་ནི་ཀུན་འབྱུང་བའི་བདེན་པ་དེ་བཞིན་
ཉིད་ཕྱིན་ཅི་མ་ལོག་པ་ཡིན་ནོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་འགོག་པའི་བདེན་པ་སྟེ། རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་འགོག་པའི་བདེན་པའོ། །འདི་ནི་འདིའི་ཕྱིན་ཅི་མ་ལོག་པ་ཡིན་ཏེ། དེ་བཞིན་ཉིད་ཀྱི་དམིགས་པ་དེར་སྡུག་བསྔལ་རྒྱུ་དང་བཅས་པ་འགོག་པའི་
ཕྱིར་རོ། །ཡང་དག་པའི་སྒྲུབ་པའི་དེ་བཞིན་ཉིད་ནི་ལམ་གྱི་བདེན་པ་སྟེ། ལམ་འདིས་འཕགས་པ་རྣམས་ཐར་པ་སྒྲུབ་པའི་ཕྱིར་འདི་ནི་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་ཡིན་ནོ། །དེ་ལ་ལྟོས་ནས་རྐྱེན་དེས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་སྐྱེ་བའི་ཕྱིར་རོ་
ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་ལྟོས་ནས་ཡང་དག་པའི་ལྟ་བ་སྐྱེ་བ་ཡིན་ནོ། །བྱ་བ་བྱེད་པའི་རིགས་པ་ནི་ཡང་དག་པའི་ལྟ་བ་འབྲས་བུ་དང་བཅས་པའོ་ཞེས་བྱ་བ་ལ། ཡང་དག་པའི་ལྟ་བའི་བྱ་བ་བྱེད་པ་ནི་འདི་ལྟ་སྟེ། རྗེས་སུ་མཐུན་པའི་འབྲས་བུ་སྒྲུབ་པ་འདི་
ཡིན་ནོ། །དེའི་འབྲས་བུ་གང་ཞིག་ཅེ་ན། རྣམ་པར་གྲོལ་བ་ཡིན་ནོ། །འཐད་པ་སྒྲུབ་པའི་རིགས་པ་ནི་མངོན་སུམ་ལ་སོགས་པའི་ཚད་མས་ཡོངས་སུ་རྟོག་པའོ་ཞེས་བྱ་བ་ནི་མིག་ལ་སོགས་པས་གཟུགས་ལ་སོགས་པ་དང་། དུ་བས་མེ་དང་། བྱས་པ་ཉིད་ལ་སོགས་

པས་སྒྲ་མི་རྟག་པར་ཡོངས་སུ་རྟོག་པ་གང་ཡིན་པ་འདི་ནི་འཐད་པ་ཁོ་ན་ཡིན་ནོ། །བསམ་པ་ཇི་ལྟ་བ་དང་འདོད་པ་ཇི་ལྟ་བར་ཆོས་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་གདུལ་བ་རྣམས་ཀྱི་བསམ་པ་དམན་པ་དང་འབྲིང་དང་མཆོག་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་ཤེས་ནས་ཆོས་འཆད་པ་ཡིན་ནོ། །
དེ་གཉིས་འབྲེལ་པ་ལ་ཞེས་བྱ་བ་ནི། རྗོད་པ་དང་བརྗོད་པར་བྱ་བ་འབྲེལ་པ་ལ་སྟེ། རྗོད་པ་ནི་མིང་ངོ་། །བརྗོད་པར་བྱ་བ་ནི་དངོས་པོའོ། །དེ་དག་འབྲེལ་པ་ནི་དེ་གཉིས་འབྲེལ་པའོ། །ངོ་བོ་ཉིད་འདོགས་པ་ནི་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་དོ། །ཚོར་བ་ནི་
ཉམས་སུ་མྱོང་བའི་མཚན་ཉིད་དོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཁྱད་པར་འདོགས་པ་ཡོངས་སུ་ཚོལ་བ་ནི་གཟུགས་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། འདོགས་པར་གཏོགས་པ་དང་། འདུས་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་
པ་མེད་པའོ་ཞེས་བྱ་བ་ལྟ་བུ་སྟེ། ཚོར་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ངོ་བོ་ཉིད་དང་ཁྱད་པར་འདོགས་པ་ཡོངས་སུ་ཚོལ་བ་གང་ཡིན་པ་འདི་ནི་བརྟག་པ་ཙམ་དུ་ཡོངས་སུ་ཚོལ་བ་ཡིན་ནོ། །དེ་ལ་རྟེན་རྒྱུ་མཚན་ནི། སྣོད་ཀྱི་འཇིག་རྟེན་ནོ་ཞེས་བྱ་བ་ནི་དེ་ནི་
ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་མཚན་དམིགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་གནས་རྣམ་པར་རིག་པ་འབྱུང་བ་ཡིན་ནོ། །ལོངས་སྤྱོད་ཀྱི་རྒྱུ་མཚན་ནི་གཟུགས་ལ་སོགས་པ་ཡུལ་ལྔའོ་ཞེས་བྱ་བ་ལ། ལོངས་སྤྱོད་ནི་མིག་གི་
རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་གོ། །དེ་དག་གི་རྒྱུ་མཚན་ཏེ་དམིགས་པ་ནི། གཟུགས་ལ་སོགས་པ་ཡུལ་རྣམས་ཡིན་ནོ། །ས་བོན་རྒྱུ་མཚན་ནི་དེ་དག་གི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བཤད་མ་ཐག་པ་
རྣམས་ཀྱི་ས་བོན་འཇོག་པ་དང་ལྡན་པའི་ཕྱིར་རོ། །རྒྱུ་མཚན་ཞེས་བྱ་བའི་སྒྲ་ནི་རྟེན་རྒྱུ་མཚན་དང་ལོངས་སྤྱོད་རྒྱུ་མཚན་དང་ས་བོན་རྒྱུ་མཚན་ཞེས་རེ་རེ་ལ་སྦྱར་བར་བྱའོ། །དེ་ལ་རྟེན་ཉིད་རྒྱུ་མཚན་ཡིན་པས་ན་རྟེན་རྒྱུ་མཚན་ཏེ། ལས་འཛིན་པར་ཚིག་བསྡུའོ། །ལོངས་སྤྱོད་

ཀྱི་རྒྱུ་མཚན་ཡིན་པས་ན་ལོངས་སྤྱོད་རྒྱུ་མཚན་ཏེ། དེའི་སྐྱེས་བུར་ཚིག་བསྡུའོ། །ས་བོན་ཉིད་རྒྱུ་མཚན་ཡིན་པས་ན་ས་བོན་རྒྱུ་མཚན་ནོ། །རྟེན་ནི་མིག་ལ་སོགས་པ་ཡིན་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་ལྔའི་རྟེན་ནི་
མིག་ལ་སོགས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །བདག་ཉིད་འདུག་པ་ནི་ས་དང་ཀ་བ་དང་བུམ་པ་ལ་སོགས་པ་གང་ཡིན་པའོ། །དེ་ལྟར་མི་རྟོག་པའི་རིམ་པ་དེ་ལྟ་བུས་ཞེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་ཐམས་ཅད་ལ་མི་རྟོག་པའི་རྣལ་འབྱོར་
གྱིས་བྱང་ཆུབ་མཆོག་ཐོབ་པོ། །རིམ་གྱིས་སྒོམ་པར་བྱེད་པའི་རྣལ་འབྱོར་གྱིས་བྱང་ཆུབ་ཀྱི་མཆོག་ཐོབ་པོ་ཞེས་བྱ་བ་སྟེ། དེ་ནི་འདི་སྐད་དུ་རྟེན་དང་ལོངས་སྤྱོད་དང་ས་བོན་ལ་སོགས་པའི་འཆིང་བ་ཡོངས་སུ་ཤེས་པར་བྱས་ནས་མདུན་དུ་གཞན་ལ་སོགས་པའི་རིམ་གྱིས་ཐར་པ་
ལ་འཇུག་པ་དེ་ལྟར་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །མཚན་མའི་གཉེན་པོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་ཐོབ་པས་མཚན་མ་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྔར་ནི་བཞག་པ་རུས་གོང་ལ་སོགས་པའི་མཚན་
མ་མི་མཐོང་ལ། ཕྱིས་ནི་བདག་ཉིད་འདུག་པ་ཀ་བ་དང་བུམ་པ་ལ་སོགས་པ་སྟེ། འདི་སྐད་དུ། ཇི་ལྟར་རུས་པའི་རུས་གོང་ལ་སོགས་པ་དམིགས་པ་ཉིད་དུ་ཡོངས་སུ་མ་གྲུབ་ཀྱི་རང་གི་སེམས་འདི་ཉིད་རུས་གོང་ལ་སོགས་པ་ཉིད་དུ་སྣང་བ་ལྟར་ཀ་བ་དང་བུམ་པ་ལ་སོགས་པ་ཡང་དེ་
དང་འདྲའོ་ཞེས་བཤད་པ་ཡིན་ནོ། །དེ་ཟད་མི་བྱེད་པར་ཞེས་བྱ་བ་ནི་རྒྱུ་མཚན་གྱི་འདུན་པ་ཡིན་ཏེ། ཟད་པར་བྱེད་ཅིང་དེ་ཟད་པར་བྱེད་པའི་ཆེད་ཡིན་ནོ། །རྣམ་པ་ཐ་དད་པ་མེད་པ་བསྒོམས་པ་ནི་མཚན་མ་དང་དེ་བཞིན་ཉིད་དག་ཐ་མི་དད་པ་ཉིད་དུ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་མཚན་མའི་
ངོ་བོ་ཉིད་ནི་འཁོར་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་མི་རྟོག་པ་ཡེ་ཤེས་ཐོབ་པའི་ཕྱིར་མཚན་མ་དང་དེ་བཞིན་ཉིད་དག་ལ་ཐ་དད་པ་ཉིད་དུ་མི་ལྟའོ། །དེ་ཉིད་ཀྱི་ཕྱིར་མཇུག་ཐོགས་སུ། །བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང་། །ཞེས་

བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །དེ་དག་ནི་མཚན་མ་དང་མཚན་མ་མེད་པ་དག་ཐ་དད་པ་ཉིད་དུ་མཐོང་བས་ཞེས་བྱ་བས་ནི་ཉན་ཐོས་རྣམས་སོ། །ཇི་ལྟར་ཐ་དད་པ་ཉིད་དུ་མཐོང་ཞེ་ན། མཚན་མའི་རང་བཞིན་ནི་འཁོར་བ་སྟེ། དེ་ལ་ནི་མ་ཞི་བ་ཉིད་དུ་རྟོག་གོ། །མཚན་མ་མེད་
པ་ནི་མྱ་ངན་ལས་འདས་པས་ཏེ། དེ་ལ་ནི་ཞི་བ་ཉིད་དུ་རྟོག་གོ། །རྣམ་པར་རྟོག་པ་ཇི་ལྟ་བ་བཞིན་དུ་དོན་ཐམས་ཅད་སྒྲུབ་པའི་སྒོ་ནས་ཞེས་བྱ་བ་ནི་གང་དང་གང་ལ་རྣམ་པར་རྟོག་པའི་དོན་དེ་དང་དེ་འགྲུབ་པར་འགྱུར་རོ། །གཞན་དང་གཞན་འབྱུང་བ་དེ་བཞིན་ཉིད་འདི་ཡིན་ནོ་ཞེས་བྱ་བར་
རིགས་མཐུན་པར་སྣང་ངོ་ཞེས་བྱ་བ་ནི་ས་དང་རི་ལ་སོགས་པ་སྟེ། ཇི་སྲིད་དུ་སྣོད་ཀྱི་འཇིག་རྟེན་སྐད་ཅིག་གཅིག་འཇིག་པས་རྣམ་པར་རིག་པ་ཙམ་ཉིད་དུ་མ་མཐོང་བ་དེ་སྲིད་དུ། ཕྱིན་ཅི་ལོག་ཏུ་གྱུར་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མི་འགྱུར་རོ། །གཞན་དང་གཞན་ཞེས་
བྱ་བ་ནི། གཞན་དང་གཞན་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་སྨིན་པར་བྱར་རུང་བ་ནི་གདུལ་བའི་ཁམས་སོ་ཞེས་བྱ་བ་ནི་གདུལ་བར་འོས་པ་གང་ཡིན་པ་དེ་ནི་གདུལ་བར་རུང་བ་ཡིན་ནོ། །གང་དུ་བྱེ་བྲག་ཏུ་མ་ཕྱེ་བ་ཡོངས་སུ་སྨིན་པར་བྱ་བའི་དངོས་པོ་ནི་སེམས་ཅན་གྱི་ཁམས་ཁྱད་པར་
མེད་པའོ་ཞེས་བཤད་མོད་ཀྱི། འོན་ཀྱང་དེ་ལ་གདུལ་བ་ཉིད་དུ་འོས་པ་གང་ཡིན་པ་དེ་ཁོ་ན་གདུལ་བར་རུང་བ་ཡིན་ཏེ། ཉི་མ་ཤར་བས་པདྨ་སྨིན་པ་ཁ་འབྱེད་པ་བཞིན་ནོ། །ཡང་དག་པར་བཤད་པའི་དངོས་པོ་ནི་གདུལ་བའི་ཁམས་ཀྱི་ཐབས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་
རྣམས་ནི་ཐབས་གང་དང་གང་གིས་འདོད་ཆགས་སྤྱོད་པ་ལ་སོགས་པ་གདུལ་བར་འགྱུར་བ་མི་སྡུག་པ་བཤད་པ་ལ་སོགས་པ་ཐབས་དེ་དང་དེས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །དངོས་པོ་ཞེས་བྱ་བའི་སྒྲ་ནི་ལྔ་པོ་རེ་རེ་ལ་སྦྱར་རོ། །བརྒྱུད་དེ་འཛིན་པས་དམ་པའི་ཆོས་ཀྱང་
ཡུན་རིང་དུ་གནས་པར་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་དག་ལ་དམ་པའི་ཆོས་བཤད་པ་དེ་དག་གིས་ཀྱང་ཐོས་ནས། མར་མེས་མར་མེ་སྦར་བའི་ཚུལ་དུ་གཞན་དག་ལ་འཆད་པར་བྱེད་པ་ཡིན་ནོ། །གཉིས་སྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་སྒྲུབ་པའི་སྒོ་

ནས་ཞེས་བྱ་བའི་ཐ་ཚིག་གོ། །ཐབས་ལ་མཁས་པ་ཆེན་པོ་ཉིད་ནི། འཁོར་བ་ཡོངས་སུ་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་རྗེ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ཏེ། སྙིང་རྗེས་ནི་འཁོར་བ་ཡོངས་སུ་
མི་གཏོང་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་དེར་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དངོས་པོ་རྣམ་པ་བཅུ་པོ་འདིས་ཐེག་པ་ཆེན་པོ་མཐའ་དག་བསྡུས་ཏེ་ཞེས་བྱ་བ་ནི་རིགས་ནས་བཟུང་ནས་བྱང་ཆུབ་མཆོག་སངས་རྒྱས་ཀྱི་སའི་བར་གྱི་བཅུ་ཚན་འདིས་རྒྱུ་དང་འབྲས་བུ་
བསྡུས་ཏེ། ཐེག་པ་ཆེན་པོ་ནི་འདི་ཙམ་དུ་ཟད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཆོས་ཉིད་ཀྱིས་ཐོབ་པ་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་ཉིད་དེ་འདྲ་བ་ཡིན་ནོ། །རིགས་ཀྱི་སྟོབས་ཀྱིས་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་
བ་བཤད་པ་ལ་མོས་པ་གང་ཡིན་པ་དེ་ནི་མོས་པའོ། །དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །དེ་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་གོ། །དེ་ནས་བསྐལ་པ་གྲངས་མེད་པ་དང་པོ་ལ་བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་ཡང་དག་པར་བསྒྲུབས་པས་ས་དང་པོ་ཐོབ་པར་འགྱུར་རོ། །ལྷག་མ་ནི་གཞུང་གི་གཞི་ཉིད་ལས་ལེགས་པར་བྲིས་པར་ཟད་དོ། །ད་ནི་རབ་ཏུ་བསྔགས་པའི་ཡོན་ཏན་ལ་བརྟེན་ནས། བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པ་བསྟན་པས་སྟོན་ཏེ། མོས་པ་
དང་ལྡན་པའི་མོས་པས་སྤྱོད་པའི་ས་ལའོ། །ལྷག་པའི་བསམ་པ་དག་པ་ནི་ས་བཅུ་པ་དག་ལའོ། །དེ་ཉིད་ཟབ་མོ་མཐོང་བ་ནི་བདག་མེད་པ་གཉིས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཡིན་ཏེ། འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་
དགའ་ལྡན་ཞེས་བྱ་བ་ལ། དགའ་བ་ནི་འདོད་པ་སྟེ། འདིས་ནི་བྱང་ཆུབ་ཆེན་པོར་སྨོན་པ་སྟོན་ཏོ། །ཕན་འདོགས་བྱེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སོ། །གནོད་པ་མེད་པར་ལྟ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །གཞན་གྱི་གནོད་པ་དང་དུ་ལེན་པ་ནི་བཟོད་པའི་

ཕ་རོལ་ཏུ་ཕྱིན་པས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པས་རང་གི་ཡོངས་སུ་གཟུང་བ་ལ་ཉེས་དམིགས་སུ་བལྟ་བར་འགྱུར་རོ། །ལོངས་སྤྱོད་ལ་མ་ཆགས་པ་ནི་ལོངས་སྤྱོད་རྣམས་སྤོངས་ནས་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ། །རྣལ་འབྱོར་ཞེས་བྱ་བ་ནི་བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་རྣལ་འབྱོར་ཞེས་བྱའོ། །ལྟ་ངན་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཕྱིར་རོ། །ནང་དུ་རབ་གནས་པ་ནི་སྨོན་ལམ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །བརྩེ་བ་དང་ལྡན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སོ། །ངོ་ཚ་བ་ནི་
ཡོན་ཏན་གྱི་ཆོས་དང་ལྡན་པའི་ཕྱིར་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྡན་པས། ཚུལ་ཁྲིམས་དང་ལྡན་པར་འགྱུར་རོ། །ཐེག་པ་མི་འཁྲུགས་པ་ནི་སྨོན་ལམ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །སྡུག་བསྔལ་ཁས་ལེན་པ་ནི་སྨོན་ལམ་ཆེན་པོ་དང་ལྡན་པའི་ཕྱིར་
རོ། །ཆོས་ལ་མི་དགའ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སོ། །རང་བཞིན་ཆོས་ལ་དགའ་བ་ནི་རང་བཞིན་གྱི་ཚུལ་ཁྲིམས་ཀྱིས་སོ། །ལོངས་སྤྱོད་བག་ཡོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སོ། །ཆགས་པ་དང་བྲལ་བའི་ཕྱིར་བདེ་ལ་བག་ཡོད་པ་སྟེ། བསམ་གཏན་གྱི་
བདེ་བ་དག་ལ་མ་ཆགས་པའི་ཕྱིར་རོ། །ལྟ་བ་ཆུང་ངུས་ངོ་ཚ་བ་ཞེས་བྱ་བ་ནི་ཆོས་སུ་འཛིན་པའི་ལྟ་བ་ཆུང་ངུས་ཀྱང་ངོ་ཚ་བའི་ཕྱིར་རོ། །ཚུལ་ཁྲིམས་ཀྱིས་ནི་སྐྱེ་བ་ཁྱད་པར་ཅན་ཐོབ་ནས། གཞན་དུ་སེམས་ཅན་རྣམས་ལ་ཕན་འདོགས་པར་འཇུག་གོ། །དབང་འབྱོར་པ་ཉིད་ཐོབ་པས་
ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་འབར་བ་དང་། ཆུ་འབེབས་པ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་ལ་སོགས་པའི་དབང་འབྱོར་པ་ཉིད་ཀྱིས་ནི་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །བདག་རྗེས་རྟོགས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ནི་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་
ཆགས་སུ་འཇུག་པ་ནི་བྱིས་པ་རྣམས་ཐོག་མ་མེད་པའི་དུས་ནས་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པས། བདག་ཉིད་དུ་མངོན་པར་ཆགས་ཤིང་དེ་ལ་བདག་ཏུ་ཉེ་བར་འདོགས་པས་དེ་རྟོགས་པའི་ཕྱིར། བདག་རྗེས་སུ་རྟོགས་པ་ཞེས་བྱའོ། །ལྟ་བ་ཕྲ་རྟོགས་ཞེས་བྱ་བ་ནི་ཉོན་

མོངས་པ་ཅན་གྱི་ཡིད་རྟོགས་པའི་ཕྱིར་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་བཞི་དང་ལྡན་པས་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཉིད་དུ་མངོན་པར་ཞེན་པ་ནི་ལྟ་བའི་ངོ་བོ་ཉིད་ཅེས་བྱའོ། །དེ་རྣམས་ཀྱང་ཡང་དག་པ་
མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་དུ་རྟོགས་པའི་སྒོ་ནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ལོག་པར་ཀུན་ཏུ་རྟོགས་པ་ལ་གོམས་པས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་
པའི་ངོ་བོ་ཉིད་དུ་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དངོས་མེད་རྟོགས་ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མ་རྟོགས་པ་ཉིད་དུ་རྟོགས་པ་སོ་སོར་རྟོགས་པ་ཞེས་བྱ་བ་ནི། འཇིག་རྟེན་གཟུང་བ་དང་འཛིན་པ་ལ་
མངོན་པར་ཞེན་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་ཡང་དག་པ་ཉིད་དུ་རྟོགས་པར་མངོན་པར་ཞེན་པ་གང་ཡིན་པ་བྱིས་པས་ཀུན་བརྟགས་པའི་མ་རྟོགས་པའི་དེ་ལ་བྱིས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པར་མངོན་པར་ཞེན་པས་རྟོགས་པས་གང་ཡིན་པ་འདི་ནི་མ་རྟོགས་པ་ཡིན་ནོ་ཞེས་བྱ་
བར་སོ་སོར་རྟོགས་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདིས་གཉིས་སུ་འཛིན་པ་ལས་རྣམ་པར་གྲོལ་བ་ཡང་། ཡོངས་སུ་དག་པར་རྟོགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དོན་མེད་རྟོགས་ཞེས་བྱ་བ་ནི་ལོག་པར་ཀུན་ནས་རྟོགས་པ་ལ་གོམས་པའི་བག་
ཆགས་དང་ལྡན་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་དོན་མེད་པར་གྱུར་པ་སྟེ། དེ་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དོན་རྟོགས་ཀུན་ཞེས་བྱ་བ་ནི། སྐྱེ་མཆེད་བཅུ་གཉིས་པོ་བྱིས་པ་རྣམས་ཀྱིས་གཟུང་བ་དང་། འཛིན་པ་ཉིད་དུ་ཀུན་བརྟགས་པ་དེ་དག་རྟོགས་
པའི་ཕྱིར་ཀུན་བརྟགས་པའི་མཚན་ཉིད་ནི་རྟོགས་པ་ཡིན་ནོ། །རྟོགས་བྱ་རྟོགས་གཞི་རྟོགས་པ་རྟོགས་པའི་རྒྱུ། །ཞེས་བྱ་བ་ལ། རྟོགས་པར་བྱ་བའི་དོན་ཏོ། །རྟོགས་པ་ནི་དེའི་ཡུལ་ཅན་གྱི་ཤེས་པའོ། །རྟོགས་པའི་གཞི་ནི་སྐྱེ་མཆེད་དྲུག་སྟེ། རྟོགས་པར་བྱ་བ་དང་། རྟོགས་

པ་པོ་དང་། རྟོགས་པ་རྣམས་ཀུན་བརྟགས་པ་ཡིན་པའི་ཕྱིར། འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །གནས་རྟོགས་པ་ཞེས་བྱ་བ་ནི་ཀུན་ཏུ་སྟོན་པར་བྱེད་པ་རྟོགས་པའོ། །རྟོགས་པ་མ་ཐོབ་པ་ནི་མ་འོངས་པའི་དུས་སོ། །རྟོགས་པ་མ་ཐོབ་པ་ཇི་ལྟར་རྟོགས་པ་རྣམ་པར་
གཞག་ཅེ་ན། འདི་དགེ་བའི་ཆོས་ལ་རྟག་ཏུ་གུས་པར་བྱས་ཏེ་སྦྱོར་བས་མ་འོངས་པ་ན་རྟོགས་པར་ནུས་ཏེ་རྟོགས་པར་བྱ་བའི་མཐུ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སོ་སོར་འཆད་པར་བྱེད་པའི་རྟོགས་པ་ནི་རགས་པའོ་ཞེས་བྱ་བ་ནི་ཐོས་པའི་གནས་སྐབས་ན་བཤད་
པའི་ཆོས་ཀྱིས་རྗེས་སུ་འབྲངས་ཏེ། རྟོགས་པ་གང་ཡིན་པའོ། །ཡོན་ཏན་གྱི་སྐབས་རྫོགས་སོ།། །།ཡང་བྱང་ཆུབ་སེམས་དཔའ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེ་དག་གི་མིང་ཡང་དག་པའི་དོན་དང་མཐུན་པའི་ཕྱིར་རབ་ཏུ་རྣམ་པར་དབྱེ་བས་དེ་དག་ལ་བསྟོད་པ་བསྒྲགས་
པས་དེ་ལྟར་རྣམ་པར་འཕེལ་བའི་ཡོན་ཏན་རྒྱ་ཆེན་པོ་སྣ་ཚོགས་དང་། བསམ་པ་བཟང་པོ་དང་། སྤྱོད་པའི་བསམ་པའི་རྣམ་པ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ཞེས་བྱ་བར་ཡོངས་སུ་གཅོད་པ་དེ་རབ་ཏུ་དབྱེ་བའི་ཕྱིར་ཡོན་ཏན་གྱི་སྐབས་ཀྱི་འོག་ཏུ་བརྟགས་ཏེ།
གང་གིས་ན་བྱང་ཆུབ་སེམས་དཔའ་རྣམས་སུ་མངོན་པར་བྱེད་ཅིང་མཚོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བརྩེ་བ་ནི་བྱང་ཆུབ་ཏུ་སེམས་ཀྱིས་སེམས་ཅན་ཡོངས་སུ་གཟུང་བའི་ཕྱིར་རོ། །ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་གཟུང་བའི་ཆེད་དུ་སྟེ། སེམས་ཅན་ཡོངས་སུ་གཟུང་
བའི་ཕྱིར། སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་ཞེས་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །བརྟན་པ་ཉིད་ཀྱི་རྟགས་དོན་གང་ལ་ཡིན་པ་བསྟན་པའི་ཕྱིར། དཀའ་བ་སྤྱོད་པ་ལ་སོགས་པས་མི་སྐྱོ་བའི་ཕྱིར་རོ། །ཡོངས་སུ་གཟུང་བ་ལ་སོགས་པ་ནི་
བརྩེ་བ་ལ་སོགས་པའི་ལས་དང་མདོར་བསྡུ་བ་ཡིན་ནོ། །བརྩེ་བ་ནི་བསམ་པའི་སྒོ་ནས་རིག་པར་བྱའོ། །ལྷག་མ་ནི་སྦྱོར་བའི་སྒོ་ནས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མོས་པ་ཐོབ་པ་ལ་སོགས་པར་བྱ་བའི་ཕྱིར་སྙན་པར་སྨྲ་བ་ལ་སོགས་པས་རབ་ཏུ་སྦྱོར་

ཏེ། བརྩེ་བ་ནི་བསམ་པའི་སྒོ་ཁོ་ན་ནས་ཡིན་གྱི། སྦྱོར་བའི་སྒོ་ནས་ནི་མ་ཡིན་ནོ། །རྟགས་དེ་ཡང་ཁྱིམ་པ་དང་། དགེ་སྦྱོང་ལ་བརྟེན་ནས་འཇུག་སྟེ། དེའི་ཕྱིར་དེའི་འོག་ཏུ་དེའི་རྟེན་རབ་ཏུ་རྣམ་པར་དབྱེ་བའོ། །ཡང་དག་པར་ལེན་པས་ཐོབ་པའི་རབ་ཏུ་བྱུང་
བ་ནི་སློབ་མ་དང་། སློབ་དཔོན་དུ་འབྲེལ་པའི་གསོལ་བ་དང་བཞིའི་ལས་ཀྱིས་ཀྱང་གང་ཡིན་པའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི་རྟོག་པའི་དུས་ན་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་ཏེ། དེ་ཁོ་ན་ཉིད་རྟོགས་པ་གང་ཞིག་འདི་སྙམ་དུ་བདག་གི་དམྱལ་བ་ཡང་ཟད། དུད་འགྲོ་ཡང་ཟད། ཡི་
དྭགས་ཀྱང་ཟད་དེ། དེ་བདག་ནི་ཡང་སྡིག་པའི་ལས་བྱས་ནས། ངན་སོང་རྣམས་སུ་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་སྐལ་བ་ཅན་མ་ཡིན་ནོ་སྙམ་དུ་སེམས་པ་ཡིན་ནོ། །དེ་ལྟར་ཕྱོགས་གཉིས་ལ་བསླབ་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་དཀའ་བ་སྤྱོད་པ་ལ་བསམ་པ་བརྟན་པོ་
འཐོབ་པར་འགྱུར་བས། དེའི་ཕྱིར་དེའི་འོག་ཏུ་བསམ་པའི་ཁྱད་པར་ཏེ། བསམ་པའི་སྟོབས་ཅན་ནི་གཞན་གྱི་དོན་ལ་ཞུམ་པར་མི་འགྱུར་རོ། །མྱ་ངན་ལས་འདས་པར་འདོད་པ་ནི་དེ་གཉི་གའི་ལྷག་པའི་བསམ་པ་ཁོ་ན་ཡིན་པས་ཞེས་བྱ་བ་ནི་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་སྟེ།
སེམས་ཅན་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པ་རྣམས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པས་འདི་ཉིད་ལ་ཕན་པ་དང་ལྡན་པར་འགྱུར་རོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འཐོབ་པ་རྣམས་ནི་ཕྱི་མ་ལ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་བྲལ་
བས་བདེ་བར་འགྱུར་བའི་ཕྱིར། མྱ་ངན་ལས་འདས་པར་འདོད་པ་ནི་དེ་གཉི་གའི་ལྷག་པའི་བསམ་པ་ཡིན་ཞེས་བྱའོ། །གཞན་དག་ན་རེ་བདག་གི་ལྷག་པའི་བསམ་པ་ནི་མཐོང་བའི་ཆོས་ལ་བདེ་བ་ལ་སྦྱོར་བའི་ཕྱིར་རོ། །ཕན་པའི་ལྷག་པའི་བསམ་པ་ནི་ཚེ་ཕྱི་མ་ལ་བདེ་བ་ལ་སྦྱོར་བའི་
ཕྱིར་རོ་ཞེས་ཟེར་རོ། །ཕྱིར་མི་ལྡོག་པའི་ས་ནི་མི་གཡོ་བ་ལ་སོགས་པ་གསུམ་སྟེ། མངོན་པར་འདུ་བྱེད་པ་མེད་པའི་ལམ་ལས་མི་ལྡོག་པའི་ཕྱིར་རོ། །དེ་ལྟར་ལྷག་པའི་བསམ་པའི་སྟོབས་དང་ལྡན་པ་ནི་གཞན་གྱི་དོན་ལ་ཞུམ་པར་མི་འགྱུར་བས་དེའི་འོག་ཏུ་སེམས་ཅན་ཉེ་བར་ལེན་

པ་སྟེ། སེམས་ཅན་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ། །བདག་པོས་ཡོངས་སུ་འཛིན་པ་ནི་རྗེ་བོར་གྱུར་པ་ནི་འདི་གང་དག་གི་རྗེ་བོ་ཡིན་པའོ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་ལ་སོགས་པ་རྗེ་བོར་གྱུར་པ་གླིང་བཞི་པའི་དབང་ཕྱུག་ཉིད་ཡིན་པས་གླིང་བཞི་པ་ལ་སོགས་པའི་
སེམས་ཅན་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ལྟར་སྨོན་ལམ་ལ་སོགས་ཀྱིས་ཡོངས་སུ་བཟུང་བས་མི་གཏང་བའི་བསམ་པ་ཡོངས་སུ་འཛིན་པ་རྣམས་ཀྱང་ཚེ་གཅིག་པའི་ལུས་རེ་ཞིག་པས་འདི་དག་གི་དོན་བསྒྲུབ་པར་མི་ནུས་པས། དེའི་ཕྱིར་དེའི་འོག་ཏུ་སྲིད་པར་སྐྱེ་བའི་ཁྱད་
པར་ཏེ། ལས་ཀྱི་དབང་གིས་འདོད་པའི་གནས་སུ་སྐྱེ་བ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་ལས་དཀར་པོ་ཡོངས་སུ་གཟུང་བའི་དབང་གིས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དུད་འགྲོ་ལ་སོགས་པའི་གནས་དམན་པར་ཡང་སྐྱེ་ཞེས་བྱ་བ་ནི་རྟོགས་པའི་དུས་ན།
བྱང་ཆུབ་སེམས་དཔའི་ངན་འགྲོ་རྣམས་ལྡོག་སྟེ། ལོག་ཀྱང་སྨོན་ལམ་གྱི་སྟོབས་ཀྱིས་ངན་འགྲོར་སྐྱེའོ། །ཏིང་ངེ་འཛིན་གྱི་དབང་གིས་ནི་བསམ་གཏན་རྣམས་བཟློག་ནས་འདོད་པའི་ཁམས་སུ་སྐྱེ་བ་གང་ཡིན་པའོ་ཞེས་བྱ་བ་ནི། མདོ་སྡེ་དག་ལས་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་བསམ་གཏན་བཟློག་པ་ལ་མཁས་པ་འབྱུང་ན། བསམ་གཏན་ལྡོག་པ་ཅི་བསམ་གཏན་ཡོངས་སུ་གཏོང་བ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ནོ། །བསམ་གཏན་གྱི་འབྲས་བུ་ལྡོག་པ་ནི་བསམ་གཏན་བཟློག་པ་སྟེ། བསམ་གཏན་གྱི་འབྲས་བུ་གཟུགས་ཀྱི་ཁམས་སུ་སྐྱེ་བ་དེ་
བཟློག་ནས། འདོད་པའི་ཁམས་སུ་སྐྱེ་བ་ཡིན་ནོ། །འཕགས་པ་རྣམས་ཀྱི་སྐྱེ་བ་བཤད་མ་ཐག་པ་དེ་ཡང་སྐྱེས་པའི་རབས་ཀྱི་དབྱེ་བས་མཐའ་ཡས་ཏེ། སེམས་ཅན་རྣམ་པར་དག་པས་ཆེ་ཆུང་གི་རྣམ་པ་གང་དག་ལ་རྣམ་པར་གཞག་པ་བརྗོད་དགོས་པས་དེའི་ཕྱིར་དེའི་འོག་ཏུ་རྣམ་པར་དག་
པའི་གནས་སྐབས་ཀྱི་ས་བཅུའོ། །བཞི་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པས་མང་དུ་གནས་ཀྱང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་འཁོར་བར་ཡོངས་སུ་བསྔོ་བ་ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ནི་གཅིག་ཏུ་འཁོར་བ་ལ་སྡུད་པ་ཡིན་ན།

བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྒོམ་པ་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །དེ་ནི་འགྲོ་བ་ལ་འཁྱུད་ནས་འདུག་པ་ལྟ་བུ་ཡིན་པས་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་ཕྱིར་འཁོར་བར་ཡོངས་སུ་བསྔོས་པ་རྣ་བས་
སེམས་ཅན་ལ་ཕན་པར་བྱེད་ཀྱི་གཏན་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་པ་ནི་མ་ཡིན་ནོ། །ལྔ་པ་ནི་འཕགས་པའི་བདེན་པ་བཞིས་མང་དུ་གནས་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེས་ན་སེམས་ལ་ཀུན་ནས་ཉོན་མོངས་པ་མེད་པས་སེམས་ཅན་རྣམས་ཡོངས་སུ་
སྨིན་པར་བྱེད་དེ། འདི་ནི་ས་ལྔ་པའི་མཚན་ཉིད་ཡིན་ནོ། །དེར་ཀུན་ནས་ཉོན་མོངས་པ་རྗེས་སུ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་འདིའི་ཆེད་དུ་བསམས་ནས་སྲིད་པར་སྐྱེ་བ་གང་ཡིན་པ་དེར་རྟེན་ཅིང་འབྲེལ་པར་འབྱུང་བས་ལན་མང་དུ་གནས་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་ཡིན་
ནོ། །བདུན་པ་ནི་འདྲེས་པ་ཉེ་བར་འདྲེས་པ་ཉིད་ཀྱིས་བགྲོད་པ་གཅིག་པའི་ལམ་གནས་བརྒྱད་དང་འབྲེལ་པ། མཚན་མ་མེད་པར་གཅིག་ཏུ་ངེས་པའི་ལམ་ཡིན་ནོ་ཞེས་བྱ་བ་དེ་ལ། འདྲེས་པ་ནི་བྱང་ཆུབ་སེམས་དཔའ་མཚན་མ་མེད་པར་གནས་པ་ས་བདུན་པ་ལ་གནས་པ་རྣམས་
དང་ངོ་། །ཉེ་བར་འདྲེས་པ་ནི་བྱང་ཆུབ་སེམས་དཔའ་མངོན་པར་འདུ་བྱེད་པ་མེད་པའི་ལམ་ཐོབ་པ་ས་བརྒྱད་པ་ལ་གནས་པ་རྣམས་དང་ངོ་། །བརྒྱད་པ་མ་ཐོབ་ན་ཇི་ལྟར་ཉེ་བར་འདྲེས་པ་ཡིན་ཞེ་ན། ཉེ་བ་ཞེས་བྱ་བའི་ཉེ་བར་གྱུར་པ་འདི་ནི་ཁད་ཉེ་བ་ལ་བྱ་སྟེ་དེ་ལྟ་བས་ན་བྱང་ཆུབ་
སེམས་དཔའི་འདི་ནི་མཚན་མ་མེད་པར་གནས་པའི་མཐར་ཐུག་པར་གྱུར་པའི་སྤྱི་བོ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་པར་གནས་པར་གྱུར་པ་དང་། ཁད་ཉེ་བར་གནས་ཤིང་བར་ཆད་མེད་པར་ཐོབ་པ་ཡིན་པས་ཉེ་བར་འདྲེས་པ་ཞེས་བྱའོ། །ཡང་ན་མངོན་པར་འདུ་བྱེད་པ་དང་
བཅས་པའི་ལམ་བསྒོམ་པའི་ཕྱིར་འདྲེས་པ་ཉེ་བར་འདྲེས་པ་ཞེས་བྱའོ། །གང་ཟག་དང་ཆོས་སུ་ལྟ་བའི་གཉེན་པོའི་ཡེ་ཤེས་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །གསུམ་པ་ལ་ནི་མི་ཉམས་པའི་བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པའི་ཕྱིར་

མཉམ་པར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་ཚེ་རབས་གཞན་གྱི་གནས་སྐབས་ན་ཡང་བསམ་གཏན་དག་ལས་ཉམས་པར་མི་འགྱུར་རོ། །བཞི་པ་ལ་ནི་མདོ་སྡེ་ལ་སོགས་པའི་ཆོས་ལ་ཐ་དད་པ་ཉིད་ཀྱི་ང་རྒྱལ་སྤངས་པའི་ཕྱིར། ཆོས་ལ་ང་རྒྱལ་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་ས་གསུམ་པ་
ལ་བྱང་ཆུབ་སེམས་དཔའི་ཆོས་ལ་གུས་པ་དང་། ཆོས་རིན་ཆེ་བར་བྱེད་པ་བདག་གིས་ཆོས་ཀྱི་ཚིག་གཅིག་གི་དོན་དུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོ་མེས་རབ་ཏུ་གང་བར་ཚངས་པའི་འཇིག་རྟེན་ནས་བདག་ཉིད་དོར་བར་སྤྲོ་ན། མེའི་འོབས་ཐ་མལ་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་པ་གང་
ཡིན་པ་དེས། ས་བཞི་པ་ལ་ལྡོག་གོ། །ཇི་ལྟར་ལྡོག་ཅེ་ན། དེ་འདི་སྙམ་དུ་གཅིག་ཏུ་ཆོས་ཚོལ་བ་གང་ཡིན་པ་འདི་ནི་སེམས་གཡེང་བར་འགྱུར་ཏེ། དེ་བས་ན་ཆོས་ཚོལ་བ་བཏང་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བསྒོམ་པ་ལ་འཇུག་གོ་སྙམ་དུ་སེམས་སོ། །ལྔ་པ་ལ་ནི་སེམས་དང་
བསམ་པ་རྣམ་པར་དག་པ་བཅུས་རྒྱུད་ཐ་དད་པར་ང་རྒྱལ་མེད་པ་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། འདས་པའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། དེ་བཞིན་དུ་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ་བསམ་
པ་མཉམ་པ་ཉིད་དང་། ཚུལ་ཁྲིམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། སེམས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལྟ་བ་དང་། ཐེ་ཚོམ་དང་། ཡིད་གཉིས་དང་། འགྱོད་པ་སེལ་བས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལམ་དང་
ལམ་མ་ཡིན་པ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། ལམ་ཤེས་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་གོང་མ་གོང་མས་རྣམ་པར་འཇིག་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་།
སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་ཀྱིས་སོ། །སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུ་པོ་འདི་དག་གིས་ས་ལྔ་པ་ལ་འཇུག་སྟེ། བྱང་ཆུབ་སེམས་དཔའ་ས་ལྔ་པ་ཐོབ་པས་ཇི་ལྟར་འདས་པ་ལ་སོགས་པའི་

སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་དེ་ཁོ་ན་བཞིན་དུ་བདག་གི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རིང་པོ་མི་ཐོགས་པར་རྣམ་པར་དག་པར་འགྱུར་རོ་སྙམ་པ་དེ་ལྟ་བུའི་བསམ་པ་ཐོབ་པར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་
བའི་དེ་བཞིན་ཉིད་དེ་ནི་རང་བཞིན་ཁོ་ནས་རྣམ་པར་དག་པ་སྟེ། དེ་ལ་མ་རིག་པའི་རྐྱེན་ཅན་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་གློ་བུར་བས་དྲི་མ་ཅན་དུ་གྱུར་པ་གང་ཡིན་པའམ། མ་རིག་པ་འགགས་པ་ལ་སོགས་པ་དཀར་པོའི་ཕྱོགས་ཀྱི་རྟེན་ཅིང་འབྲེལ་
པར་འབྱུང་བས་རྣམ་པར་དག་པ་གང་ཡིན་པ་འདི་ནི་དེའི་ངོ་བོ་ཉིད་མ་ཡིན་ནོ། །དེ་བས་ན་ནག་པོ་དང་དཀར་པོའི་ཕྱོགས་དག་གིས། དེ་བཞིན་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མི་ལྟ་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་ཀྱིས་མང་དུ་གནས་པས་ཀུན་ནས་
ཉོན་མོངས་པ་དང་། རྣམ་པར་བྱང་བ་ཐ་དད་པའི་ང་རྒྱལ་དང་འབྲལ་བར་འགྱུར་ཏེ། དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །བདུན་པ་ལ་ནི་སྐད་ཅིག་གཅིག་དང་ལྡན་པའི་བློ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་ས་དེ་ཁོ་ན་ལས་ཇི་སྐད་བཤད་པ་ལྟ་བུ་སྟེ། ས་བདུན་པ་འདི་
ཉིད་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀུན་ནས་སློང་བས། སྐད་ཅིག་སྐད་ཅིག་ལ་ལྷག་པར་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དགུ་པ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མཁས་པ་སྟེ། སྔ་མ་བཞིན་ནོ་ཞེས་བྱ་བ་ནི་སོ་སོ་ཡང་
དག་པར་རིག་པ་ཤིན་ཏུ་རྣམ་པར་དག་པ་ཐོབ་པས་སེམས་ཅན་ཡོངས་སུ་སྨིན་པར་འགྲུབ་པ་སྟེ། རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མཐུ་རྙེད་པའི་ཕྱིར་རོ། །ས་བཅུ་པོ་དག་ལ་བསླབ་པ་གསུམ་རྣམ་པར་གཞག་སྟེ། ས་དང་པོ་ལ་ཆོས་ཉིད་དེ་བཞིན་ཉིད་རྟོགས་
ནས། གཉིས་པ་ལ་ལྷག་པའི་ཚུལ་ཁྲིམས་ལ་སློབ་པོ་ཞེས་བྱ་བ་ནི་དང་པོ་ལ་ཡང་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་མོད་ཀྱི། དེ་རྣམ་པར་དག་པར་ནི་ས་གཉིས་པ་ལ་འགྱུར་རོ། །གང་གི་ཕྱིར་རྨི་ལམ་ན་ཡང་ཁ་ན་མ་ཐོ་བ་དང་བཅས་པའི་ལམ་ལ་མི་འཇུག་པས་དེ་ལ་

བསླབ་པ་དེ་རྣམ་པར་དག་པར་འགྱུར་བ་དེའི་ཕྱིར་གཉིས་པ་ལ་ལྷག་པའི་ཚུལ་ཁྲིམས་ལ་སློབ་པོ་ཞེས་བྱའོ། །གསུམ་པ་ལ་ནི་ལྷག་པའི་སེམས་ཀྱི་བསླབ་པ་མཉམ་པར་གཞག་གོ། །བཞི་པ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བསྒོམས་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །
ཤེས་རབ་དེ་ཡང་སྤྱོད་ཡུལ་གཉིས་པ་ཅན་དེ་ཞེས་བྱ་བ་ནི་དམིགས་པ་གཉིས་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །དེ་མི་ཤེས་པ་དང་ཤེས་པ་ལ་སོགས་པའི་འཇུག་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲས་
ནི། བདེན་པ་བཞི་བཟུང་སྟེ། མ་རིག་པའི་རྐྱེན་ཅན་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་དེ་མི་ཤེས་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ནོ། །རིག་པ་ལ་སོགས་པ་ནི་ཤེས་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ཏེ། དེ་ལྟ་བས་ན་ས་གཉིས་ཀ་ལ་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་དང་།
དེ་མི་ཤེས་པ་དང་ཤེས་པ་ལ་དམིགས་པ་ཉིད་ཀྱིས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་གཞག་གོ། །བསླབ་པ་རྣམས་དང་བསླབ་པ་བསྒོམས་པའི་འབྲས་བུ་བཞི་ནི་ས་རིང་དུ་སོང་བ་ལ་སོགས་པ་བཞི་ལ་རྣམ་པར་གཞག་སྟེ། དེ་ལྟར་ན་བསླབ་པ་གསུམ་པོ་འདི་དག་རྒྱུ་དང་འབྲས་
བུར་བཅས་ཏེ་ས་བཅུ་ལ་རྣམ་པར་གཞག་གོ། །འདི་མན་ཆད་ནི་ཟག་པ་མེད་པའི་ཕུང་པོ་ས་བཅུ་ལ་ཇི་ལྟར་རྣམ་པར་གཞག་པ་དེ་བསམ་པར་བྱ་སྟེ། ས་དང་པོ་ལ་ཆོས་ཉིད་རབ་ཏུ་རྟོགས་ནས་གཉིས་པ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་སྦྱོང་ངོ་། །ས་དང་པོ་ལ་ཡང་ཆོས་ཀྱི་དབྱིངས་
རྟོགས་པ་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ཐོབ་པ་ཡོད་མོད་ཀྱི། ཡོངས་སུ་དག་པ་ནི་མ་ཡིན་ཏེ། གཉིས་པ་ལ་དེ་ཡོངས་སུ་དག་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་ཕུང་པོ་ནི་ས་གསུམ་པ་ལ་རྣམ་པ་དག་གོ། །ཤེས་རབ་ཀྱི་ཕུང་པོ་ནི་ས་བཞི་པ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བསྒོམས་
པས་རྣམ་པར་དག་གོ། །ལྔ་པ་ལ་བདེན་པ་བསྒོམས་པས་སོ། །དྲུག་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་བསྒོམས་པས་སོ། །རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོ་གཉིས་ནི་ས་བདུན་པ་ནས་བཟུང་སྟེ།

དེ་བཞིན་གཤེགས་པའི་སའི་བར་ལ་རྣམ་པར་དག་གོ། །རྣམ་པར་གྲོལ་བ་དེ་ཡང་འབྲས་བུ་རྣམ་པ་བཞིའི་སྒྲིབ་པ་ལ་རིག་པར་བྱའོ། །སངས་རྒྱས་ཀྱི་ས་ལ་ནི་ཐོགས་པའི་སྒྲིབ་པ་ལས་ཏེ་ཞེས་བྱ་བ་ལ། འབྲས་བུ་རྣམ་པ་བཞི་ནི་བཤད་མ་ཐག་པ་སྟེ། མཚན་
མ་མེད་པ་འདུ་བྱེད་དང་བཅས་པ་ནི་ས་བདུན་པའི་འབྲས་བུའོ། །འབྲས་བུ་གཉིས་པ་དེ་ཉིད་མངོན་པར་འདུ་བྱེད་པ་མེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནི་ས་བརྒྱད་པའོ། །འབྲས་བུ་གསུམ་པ་སེམས་ཅན་རྣམས་ཡོངས་སུ་སྨིན་པ་འགྲུབ་པ་ནི་ས་དགུ་པའིའོ། །འབྲས་བུ་
བཞི་པ་ཏིང་ངེ་འཛིན་དང་གཟུངས་འགྲུབ་པ་ནི་ས་བཅུ་པའི་སྟེ། འབྲས་བུ་རྣམ་པ་བཞི་པོ་འདིའི་སྒྲིབ་པ་མཚན་མ་དང་། མངོན་པར་འདུ་བྱེད་པ་ལ་སོགས་པ་དང་བྲལ་བའི་ཕྱིར། རྣམ་པར་གྲོལ་བའི་ཕུང་པོ་རྣམ་པར་དག་པ་ཡིན་ནོ། །རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོ་
ནི། སངས་རྒྱས་ཀྱི་ས་ལའོ། །དེ་ཇི་ལྟར་དེ་བཞིན་གཤེགས་པའི་ས་ལ་རྣམ་པར་དག་ཅེ་ན། དེ་བསྟན་པའི་ཕྱིར། སངས་རྒྱས་རྣམས་ནི་གང་གིས་ན། གཞན་དག་ཤེས་པ་ཐོགས་པར་འགྱུར་བ་དེ་ལས་རྣམ་པར་གྲོལ་བས་ཐམས་ཅད་ལ་ཡེ་ཤེས་ཐོགས་
པ་མི་མངའོ་ཞེས་བྱ་བ་སྨོས་སོ། །རྣམ་པར་གྲོལ་བ་ནི། འགོག་པའི་ངོ་བོ་ཉིད་ཡིན་ཏེ། འགོག་པ་ཡང་འདུས་མ་བྱས་ཡིན་ལ། ཕུང་པོའི་དོན་ཡང་སྤུངས་པའི་དོན་ཡིན་ན། ཇི་ལྟར་འདུས་མ་བྱས་ཕུང་པོར་རྣམ་པར་གཞག་སྟེ། བསྟན་བཅོས་གཞན་དག་ལས་ཀྱང་། ཕུང་
པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །ཅེས་བཤད་དོ་ཞེ་ན། འདུས་མ་བྱས་ཀྱི་རྣམ་པར་གྲོལ་བ་ནི་ཕུང་པོ་ཉིད་དུ་རྣམ་པར་མི་འཇོག་གོ། །རྣམ་པར་གྲོལ་བ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་སྤངས་པའི་མཚན་ཉིད་དང་། མོས་པའི་མཚན་ཉིད་དོ། །དེ་ལ་མོས་པའི་
མཚན་ཉིད་ནི་འདུས་བྱས་ཡིན་པའི་ཕྱིར་རྣམ་པར་གྲོལ་བའི་ཕུང་པོར་རྣམ་པར་འཇོག་པས་ཉེས་པ་མེད་དོ། །དེ་ལྟ་མ་ཡིན་ན་རྣམ་པར་གྲོལ་བའི་ཕུང་པོ་འདུ་བྱེད་ཀྱི་ཕུང་པོས་བསྡུས་པར་མི་འགྱུར་རོ། །མོས་པས་སྤྱོད་པའི་ས་ལ་ནི་ས་རྣམས་མ་གྲུབ་པ་སྟེ། གནས་སྐབས་དེ་ན་གཅིག་ཀྱང་མ་ཐོབ་ན་

ཐམས་ཅད་མ་གྲུབ་པ་ཁོ་ནར་བརྗོད་དོ། །ལྷག་མ་རྣམས་ནི་གྲུབ་པ་སྟེ་ཞེས་བྱ་བ་ནི་དེ་དག་གིས་ཐོབ་པའི་ཕྱིར་རོ། །གྲུབ་པ་དག་ལ་ཡང་བདུན་ནི་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ལམ་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་ཕྱིར། ས་བརྒྱད་པ་ལ་སོགས་པ་ལ་ལྟོས་ནས་མ་གྲུབ་
པ་ཞེས་བྱའོ། །གང་དག་གོང་དུ་ས་རབ་ཏུ་དགའ་བ་གྲུབ་པ་བཤད་པ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་དང་། ཆོས་ཀྱི་དབྱིངས་རྟོགས་པའི་གགས་གཟུང་བ་དང་། འཛིན་པ་དང་བྲལ་བའི་ཕྱིར་གྲུབ་པ་ཞེས་བྱ་བ་ཡིན་ནོ། །གང་གི་ཚེ་ས་རྣམ་པར་
གཞག་པ་དེ་རྟོག་པ་ཙམ་དུ་ཤེས་ཤིང་ཞེས་བྱ་བ་ནི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམ་པར་གཞག་པས། ས་རྣམ་པར་བཞག་པ་གང་ཡིན་པ་དེ་ལ། སེམས་འདི་ཉིད་ས་རྣམ་པར་གཞག་པར་སྣང་གི། །སེམས་ལས་གཞན་པ་ཕྱིའི་དོན་ནི་མེད་དོ་ཞེས་
སེམས་ཙམ་དུ་ཤེས་ཤིང་དེའི་འོག་ཏུ་གཟུང་བ་མེད་ན་གང་ལ་འཛིན་པར་བྱེད་ཅེས་གཟུང་བ་མེད་པ་ནི་འཛིན་པར་བྱེད་པ་རྟོག་པ་ཙམ་དེ་ལ་ཡང་རྟོག་པར་མི་བྱེད་པ་ཡིན་ཏེ། དེ་བས་ན། དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་
པ་གཉིས་དང་བྲལ་བ་འཐོབ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །ཅེས་བྱ་བ་དེ་ལྟ་བུར་ས་ཡོངས་སུ་གྲུབ་པ་ཞེས་བཤད་དོ། །ས་ལ་བཞུགས་པའི་རྟགས་རྣམ་པར་འབྱེད་པ་ལས་ཐམས་ཅད་རབ་ཏུ་རྟོགས་པ་ནི་དེ་དག་ལ་མངོན་པར་བསྒྲུབ་པ་ལ་མཁས་
པའི་ཕྱིར་རོ་ཞེས་བྱ་བ་ནི་ས་མངོན་པར་བསྒྲུབ་པ་ལ་མཁས་པའི་ཕྱིར་ཏེ། ས་དང་པོ་ཐོབ་པ་ནི་དོན་གྱིས་ཐམས་ཅད་རབ་ཏུ་རྟོགས་པ་ཡིན་ཏེ། ས་དང་པོ་ལས་ཇི་སྐད་བཤད་པ་ལྟ་བུ་ཡིན་ནོ། །ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་ན་ཆོས་ཐམས་ཅད་རྟོགས་པའི་ཕྱིར་ཏེ། འདི་ལྟར་དེའི་རྗེས་ལ་ཐོབ་པའི་
ཡེ་ཤེས་ཀྱིས་མངོན་པར་བསྒྲུབ་པ་ལ་མཁས་པ་ཐོབ་པའི་ཕྱིར་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པར་འགྱུར་རོ། །བཀྲིར་མི་བཏུབ་པ་ཉིད་ནི་སྙན་པ་དང་མི་སྙན་པའི་སྒྲ་དག་གིས་སོ་ཞེས་བྱ་བ་ལ། སྙན་པ་ནི་ཡོན་ཏན་སྒྲོགས་པ་སྟེ། ཡོན་ཏན་བསྒྲགས་པས་ས་དག་ལས་བཀྲིར་མི་བཏུབ་ཅིང་། རྣམ་

པར་མི་གཡོས་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བསྟོད་པ་ནི་ཡོན་ཏན་བསྔགས་པ་སྟེ། འདི་ལས་ཕྱི་རོལ་པ་དག་གིས་བསྟོད་ཀྱང་ས་དག་ལས་རྣམ་པར་གཡོས་པར་མི་འགྱུར་རོ། །ཐབས་ལ་མཁས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་མི་དམིགས་པའོ། །
འདི་དག་ནི་རྟགས་གཞན་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་གོང་དུ་ཡང་སྤྱིར། བརྩེ་དང་སྙན་པར་སྨྲ་བ་དང་། །ཞེས་བྱ་བ་ལ་སོགས་པ་རྟགས་བཤད་པས། དེ་ལ་ལྟོས་ནས་གཞན་ཞེས་བྱ་བ་སྨོས་སོ། །རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པའི་འདུན་པ་དང་བྲལ་བ་ཉིད་ཅེས་བྱ་བ་ནི་
བསྒྲུབ་པས་སྦྱིན་པ་ལ་སོགས་པས་རབ་ཏུ་སྦྱོར་བ་ཡིན་ནོ། །ཆགས་དང་ཁུ་བའི་སྙིང་མེད་ཁྲོ་མིན་ལེ་ལོ་མེད། །བྱམས་དང་སྙིང་རྗེ་མིན་པའི་བསམ་པ་མེད། །བློ་གྲོས་ངན་རྟོག་རྣམ་རྟོག་འཕྲོགས་པ་མེད། །ཅེས་བྱ་བ་འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སུ་གྱུར་
པའི་ཆོས་ཏེ། དེ་དག་དང་རྟག་ཏུ་བྲལ་བ་ཡིན་ནོ། །བྱམས་དང་སྙིང་རྗེ་མིན་པའི་བསམ་པ་མེད། །ཅེས་བྱ་བ་ནི་བྱམས་པ་མ་ཡིན་པའི་བསམ་པ་མེད་པ་དང་། སྙིང་རྗེ་མ་ཡིན་པའི་བསམ་པ་མེད་པའོ། །བྱམས་པ་དང་སྙིང་རྗེ་དང་ལྡན་པ་ནི་བསམ་གཏན་བཞི་པ་ཡིན་པར་ཤེས་ཏེ། བྱམས་
པ་དང་སྙིང་རྗེ་དང་ལྡན་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་མཐུན་པའི་ཕྱོགས་གནོད་སེམས་དང་རྣམ་པར་འཚེ་བ་སྤངས་པ་བཤད་པ་ཡིན་ནོ། །བློ་གྲོས་ངན་རྟོག་རྣམ་རྟོག་འཕྲོགས་པ་མེད། །ཅེས་བྱ་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྟགས་ཡིན་ནོ། །ཐེག་པ་
གཞན་ཡིད་ལ་བྱེད་པས་སེམས་རྣམ་པར་མ་གཡེངས་པ་ཉིད་ཅེས་བྱ་བ་ནི་འདིའི་སེམས་ཐེག་པ་གཞན་གྱིས་རྣམ་པར་མི་གཡེངས་པ་ཡིན་ནོ། །སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བའི་ཆོས་དགའ་བ་ལ་དགའ་བ་ཡང་ཐོབ་པར་འགྱུར་ཞེས་བྱ་བ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཆོས་
ཀྱི་མཚན་མའམ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་མཚན་མ་ཡང་རུང་། དེ་ལྟ་བུ་ལ་སོགས་པའི་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པས་སྤངས་ནས། མཚན་མ་མེད་པའི་རྣམ་པས་ཆོས་ཀྱི་དགའ་བ་འཐོབ་སྟེ། ཞི་གནས་འཐོབ་པས་རྣམ་པར་མི་གཡེང་ངོ་ཞེས་བྱ་བའི་

ཐ་ཚིག་གོ། །ཐམས་ཅད་དུ་རྣམ་པར་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་ཡང་དག་པར་ཤེས་པར་འགྱུར་ཞེས་བྱ་བ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ཀྱི་རྣམ་པ་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཡང་དག་པར་ཤེས་སོ་ཞེས་བྱ་བ་ཡིན་ནོ། །ཡང་ན་ཐམས་ཅད་དུ་
རྣམ་པ་ཡོངས་སུ་མ་ཆད་པ་ཞེས་བྱ་བ་ནི་ཕྱོགས་བཅུར་རྣམ་པ་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཡང་དག་པར་ཤེས་སོ་ཞེས་བྱ་བ་ཡིན་ཏེ། གཞུང་ལ་ལེགས་པར་ཞུགས་པ་གསལ་བ་བཞིན་ནོ། །སའི་ངེས་པའི་ཚིག་རྣམ་པར་དབྱེ་བ་ལ། བྱང་ཆུབ་ལ་ནི་ཉེ་བ་དང་། །ཞེས་བྱ་བ་ནི་བྱང་ཆུབ་
སེམས་དཔའ་ས་དང་པོ་ཐོབ་པ་ན་འདི་སྙམ་དུ་སེམས་ཏེ། བདག་ནི་སངས་རྒྱས་ཀྱི་ས་དང་ཉེ་བར་གྱུར་ཏོ་ཞེས་འབྱུང་བའི་ཕྱིར་རོ། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །ཞེས་བྱ་བ་ཇི་ལྟར་སེམས་ཅན་གྱི་དོན་སྒྲུབ་པ་མཐོང་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་དང་། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་དགའ་བར་འགྱུར་ལ། དེ་ཉིད་ཀྱི་ཕྱིར་ས་རབ་ཏུ་དགའ་བ་ཞེས་ཀྱང་བྱའོ། །ཐེག་པ་གཞན་ཡིད་ལ་བྱེད་པའི་དྲི་མ་ལས་འདས་པའི་ཁུངས་སུ་མདོ་སྡེའི་དུམ་བུ་དེ་ལྟ་བས་ན་བདག་གིས་སྒྲུབ་ཏུ་མཚུངས་པ་ལ་རྣམ་པ་ཐམས་ཅད་
ཡོངས་སུ་སྦྱང་བ་མངོན་པར་བསྒྲུབ་པ་ཁོ་ན་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི་སྦྱིན་པར་བྱེད་དེ། ཉན་ཐོས་ཀྱིས་མངོན་པར་བསྒྲུབ་པ་ལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བགྲོད་པ་གཅིག་པའི་ལམ་ནི་སྔར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་འདུན་པའི་ནི་འདྲེས་པ་ཉེ་བར་འདྲེས་པ་ཉིད་ཀྱིས་བགྲོད་
པ་གཅིག་པའི་ལམ་གནས་པ་བརྒྱད་དང་འབྲེལ་པ་མཚན་མ་མེད་པར་གཅིག་ཏུ་ངེས་པའི་ལམ་ཞེས་བྱ་བ་སྟེ། སྦྱོར་བའི་མཐར་ཐུག་པར་འགྲོ་བའི་ཕྱིར་རོ། །ཇི་ལྟར་སྤྲིན་གྱིས་ནམ་མཁའ་ཁྱབ་པ་དེ་བཞིན་དུ། ཏིང་ངེ་འཛིན་དང་གཟུངས་ཀྱི་སྤྲིན་གྱིས་ཐོབ་པའི་ཆོས་རྟེན་ལ་ཡོད་
པ་ནམ་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་ཏེ། སྔར་ས་དགུ་པ་ལ་གནས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཐོས་པའི་ཆོས་རྟེན་ལ་གནས་པ་གང་ཡིན་པ་དེ་ནི་ས་བཅུ་ལ་ལྟོས་ན་ཆུང་ངུ་ཡིན་ནོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོའི་སྤྲིན་གྱིས་ཁྱབ་པ་ནི་དེ་དག་གི་སྟོབས་ཀྱིས་སངས་

རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་དག་ལས་ཆོས་ཉན་པའི་ཕྱིར་རོ། །ས་དེ་དག་ཉིད་དགེ་བ་སྣ་ཚོགས་མངོན་པར་བསྒྲུབ་པ་ཉིད་ཀྱིས་གནས་པ་ཞེས་བྱའོ། །དགེ་བ་བསྒྲུབ་པ་རྣམ་པ་སྣ་ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་དགེ་བ་བསྒྲུབ་པ་རྣམ་པ་སྣ་ཚོགས་ཀྱི་ཆེད་དུ་སྟེ་འདི་ནི་ཆེད་ཀྱི་
བདུན་པ་ཡིན་ཏེ། འདི་ནི་ས་རྣམས་ཀྱི་གནས་པ་རྣམ་པར་དབྱེ་བའི་དོན་གྱིས་ངེས་པའི་ཚིག་ཡིན་ནོ། །ས་རྣམ་པར་དབྱེ་བའི་དོན་གྱིས་ངེས་པའི་ཚིག་ནི། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །ཞེས་བྱ་བ་ལ་སོགས་
པས་བསྟན་ཏོ། །རེ་རེ་ལ་ཡང་ཚད་མེད་པའི་ཕྱིར་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་ས་རྣམས་ཀྱི་ངེས་པའི་ཚིག་ཡིན་ནོ། །སྡོམ་པའི་ཚིགས་སུ་བཅད་པ་ལས། ངེས་པའི་ཚིག་དང་ཐོབ་པ་ཡིས། །གནས་པ་དང་ནི་ས་ཉིད་དོ། །ཞེས་བཤད་པ་གང་ཡིན་པ་དེར་ནི་གནས་པའི་ངེས་
ཚིག་དང་སའི་ངེས་པའི་ཚིག་ཅེས་གོ་རིམས་བཞིན་དུ་སྦྱར་བར་ཡང་བལྟ་བར་བྱ་སྟེ། ས་རབ་ཏུ་དགའ་བ་ལ་སོགས་པའི་ངེས་པའི་ཚིག་སོ་སོ་བ་ཡང་ཡིན་ལ། སྤྱིར་ཡང་། དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །ཞེས་འབྱུང་བའི་ཕྱིར་རོ། །དེའི་འོག་ཏུ། ཐོབ་པ་
རྣམ་པར་དབྱེ་བ་ལ་མོས་པས་ཐོབ་པ་ནི་མོས་པས་སྤྱོད་པའི་ས་ལ་ཇི་སྐད་བཤད་པ་ལ་མོས་པས་སོ། །ཞེས་བྱ་བ་ནི། ཇི་སྐད་དུ། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་པ་ལྟ་བུ་ཡིན་ནོ། འདི་མན་ཆད་ནི་
མཐར་ཐུག་པའི་སྐབས་ཏེ། དེ་ལྟར་རང་གི་རྒྱུད་ཀྱི་གནས་སྐབས་རྣམ་པ་ཐམས་ཅད་དུ་ཡོངས་སུ་བྱང་ཞིང་ནོར་བུ་རིན་པོ་ཆེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སྟོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་འདི་ནི་རྣམ་པ་ཐམས་ཅད་དུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རྣམ་
པར་དག་པས་ངེས་པར་འབྱུང་བ་ལ་འདོམས་པར་བཟོད་པ་ཡིན་པས། དེའི་འོག་ཏུ་ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བའི་སྤྱོད་པ་སྟེ། སྤྱོད་པ་རྣམ་པར་དག་པ་བཞི་ནི་འཕགས་པ་གཙུག་ན་རིན་ཆེན་གྱི་མདོ་ལས་ཇི་སྐད་འབྱུང་བ་ལྟ་བུ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་

པའི་སྤྱོད་པ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་རྣམས་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་གཙོ་བོ་སྨོས་ནས་བརྗོད་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་མེད་པ་མ་ཡིན་མོད་ཀྱི། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་བསྒོམས་པས་ནི་གཙོར་
ཉན་ཐོས་རྣམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་སྤྱོད་པ་གཙོ་བོར་གྱུར་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ནི་ཐེག་པ་ཆེན་པོ་ལ་མོས་པ་རྣམས་ཀྱི་ཕྱིར་བཤད་དོ་ཞེས་བྱ་བ་སྨོས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་
པའི་སྤྱོད་པ་ནི་གཉིས་པོ་ཉིད་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གཙོ་བོར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །ཉན་ཐོས་རྣམས་ལ་ཡང་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པ་བསྡུ་བའི་དངོས་པོ་དག་ཡོད་པས་གཉི་གའི་ཡང་
བཤད་དོ། །བསམ་པ་བཟང་པོ་དེ་ལྟ་བུ་དང་ལྡན་པ་ནི་ཡང་དག་པའི་སྦྱོར་བ་དང་ལྡན་པའི་ལམ་གྱིས་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མཐར་ཐུག་པ་ཐོབ་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་དག་པ་མཐར་ཐུག་པ་རྗེས་སུ་ཐོབ་པར་འོས་པས།
དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཀྱི་ཡོན་ཏན་ཐུན་མོང་མ་ཡིན་པ་གང་དག་ཡིན་པ་དེ་དག་གིས་སྟོན་ཏོ། །འདིར་སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཉིད་ནི་ཕན་པ་དང་བདེ་བའི་དགོངས་པ་ཉིད་ཀྱིས་བསྟན་ཏོ་ཞེས་བྱ་བ་ནི་ཚད་མེད་པ་གསུམ་གྱིས་བདེ་བའི་བསམ་པ་ཉིད་
བསྟན་ཏོ། །བཞི་པས་ནི་ཕན་པའི་བསམ་པ་ཉིད་དོ། །དེ་ཡང་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཀྱི་དགོངས་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའོ། །བཏང་སྙོམས་ཀྱིས་ནི་
འདི་ལྟར་སེམས་ཅན་རྣམས་བདེ་བའི་ཚོར་བ་ལ་རྗེས་སུ་ཆགས་པ་དང་། སྡུག་བསྔལ་ལ་ཁོང་ཁྲོ་བར་མི་འགྱུར་བར་ཆགས་པ་མེད་ཅིང་ཞེན་པ་མེད་པ་དང་སྡང་བ་མེད་པར་གྱུར་ཅིག་ཅེས་མོས་པར་བྱེད་དོ། །རྣམ་པར་ཐར་པ་ནི་བརྒྱད་དེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་

ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པ་ནི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་ལ་རྣམ་པ་
ཐམས་ཅད་དུ། གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་
འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་
རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ་མཆེད་
རྫོགས་པར་བྱས་ཏེ། གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །ཟིལ་
གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་
དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོར་གྱུར་པ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མེད་པར་འདུ་

ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་དེ་ཁོ་ན་བཞིན་དུ་ཆུང་ངུ་དང་ཆེན་པོར་རིམ་གྱིས་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པ་དང་བཞི་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་དང་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་
ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་
རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ། །སེར་པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་དོང་ཀའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་
སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །ནང་གཟུགས་མེད་པར་
འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ། །དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་བན་དུ་ཛི་བ་ཀའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དམར་པོ། ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་
བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ། །ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་
དཀར་པོ་དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་སྐར་མ་པ་བ་སངས་ཀྱི་མདོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དཀར་པོ་ཁ་དོག་དཀར་པོ། །དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་

གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ། །ཟད་པར་གྱི་སྐྱེ་མཆེད་ནི་བཅུ་སྟེ། ལ་ལ་ཟད་པར་སའོ། །ཟད་པར་ཆུའོ། །ཟད་པར་མེའོ། །ཟད་པར་རླུང་ངོ་། །ཟད་པར་སྔོན་
པོའོ། །ཟད་པར་སེར་པོའོ། །ཟད་པར་དམར་པོའོ། །ཟད་པར་དཀར་པོའོ། །ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་པར་བྱེད་དོ། །ལ་ལ་ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་
སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད་དོ། །ཉན་ཐོས་རྣམས་ནི་རྣམ་པར་ཐར་པ་གསུམ་གྱིས་མྱ་ངན་ལས་འདས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ནི་རྣམ་པར་ཐར་པ་བཞིས་ཞི་བའི་རྣམ་པར་ཐར་པ་ལ་མ་ཆགས་པའི་སྒྲིབ་པ་འཇོམས་སོ། །འདུ་
ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་དེའི་སྒྲིབ་པ་ཐག་སྲིང་བར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་ཉིད་ཀྱིས་ཁྱད་པར་དུ་འཕགས་ཏེ། རྣམ་པར་ཐར་པ་རྣམས་ཀྱིས་ནི་དམིགས་པ་ལ་མོས་པ་མཛད་དོ། །ཉན་ཐོས་ནི་ཟིལ་
གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་དམིགས་པ་ཟིལ་གྱིས་མནན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ཉིད་ཀྱི་ཐུགས་ལས་མངའ་བསྒྱུར་བས་ཇི་ལྟར་བཞེད་པ་ལས་དམིགས་པ་དང་སྤྲུལ་པ་ལ་སོགས་པ་སྤྲུལ་པར་མཛད་པས་འདི་ནི་ཁྱད་པར་
ཡིན་ནོ། །ཉན་ཐོས་རྣམས་ནི་ཟད་པར་གྱི་སྐྱེ་མཆེད་དག་གིས་རྟེན་དང་བཅས་པའི་གཟུགས་ཟད་པར་ས་ལ་སོགས་པར་རྒྱས་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ཁྱབ་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་སོ། །ཉོན་མོངས་པ་མེད་པ་གང་ཞེ་ན། བསམ་
གཏན་ལ་བརྟེན་ནས་གཞན་གྱི་ཉོན་མོངས་པ་སྐྱེ་བའི་རྐྱེན་རྗེས་སུ་སྲུང་བའི་རྒྱུ་མཚན་གྱི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དེ་དག་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །སྨོན་ནས་ཤེས་པའི་ཆོས་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་འདི་ཤེས་པར་བྱའོ་སྙམ་པའི་སྨོན་ལམ་འགྲུབ་པའི་ཏིང་ངེ་

འཛིན་དང་ཤེས་རབ་གང་ཡིན་པ་དང་། དེ་དག་ལ་མཚུངས་པར་ལྡན་པ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ། ཆོས་རྣམས་ཀྱི་རྣམ་གྲངས་དང་། རང་གི་
མཚན་ཉིད་དང་། ངེས་པའི་ཚིག་དང་རྣམ་པར་དབྱེ་བ་ལས་འཕགས་པ་རྣམས་ཀྱི་ཡེ་ཤེས་ཐོགས་པ་མི་མངའ་ཞིང་། མ་ཆགས་པ་དང་ཡིན་པ་སྟེ། འདི་དག་ནི་རྣམ་གྲངས་བཞིན་དུ་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། །མངོན་པར་ཤེས་པ་དྲུག་ནི་རྫུ་འཕྲུལ་
གྱི་ཡུལ་དང་ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པར་ཤེས་པ་སྟེ། འདི་དག་ནི་མངོན་པར་ཤེས་པ་དྲུག་གོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ། སྐྱེས་བུ་ཆེན་པོ་ཞབས་ཤིན་ཏུ་གནས་པས་ས་ལ་མཉམ་པར་གཤེགས་
པ་འདི་ནི། སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །ཞབས་གཉིས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་པ་མུ་ཁྱུད་དང་བཅས་ཤིང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་མངའ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནི་མཚན་ཡིན་ནོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ལ། ཕྱག་དང་ཞབས་དག་གི་སོར་མོ་ཉི་ཤུའི་ཚིགས་ལེགས་པ་དང་
སེན་མོ་བཟང་བ་ནི་དཔེ་བྱད་བཟང་པོ་ཉི་ཤུ་སྟེ། དེ་ལྟ་བུ་ལ་སོགས་པས། མཚན་དང་དཔེ་བྱད་བཟང་པོ་རྒྱས་པར་ནི། ཐེག་པ་ཆེན་པོའི་མདོ་སྡེ་དག་དང་། བྱང་ཆུབ་སེམས་དཔའི་ས་ལས་ཤེས་པར་བྱའོ། །ཡོངས་སུ་དག་པ་བཞི་ནི་རྟེན་ཡོངས་སུ་དག་པ་དང་། དམིགས་པ་ཡོངས་སུ་དག་པ་དང་། ཐུགས་ཡོངས་སུ་དག་པ་དང་།
ཡེ་ཤེས་ཡོངས་སུ་དག་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་
མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་

སྟོབས་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིན་ནོ། །རྒྱས་པར་ནི་སྟོབས་བཅུའི་མདོ་ལས་རིག་པར་བྱའོ། །བདེ་འགྲོ་དང་ངན་འགྲོའི་ཐབས་ལ་རབ་ཏུ་སླུ་བ་ཞེས་བྱ་བ་ནི། བདུད་ནི་ཕྱུགས་གསོད་པ་དང་། མེར་འཇུག་པ་ལ་སོགས་པས་བདེ་འགྲོར་འགྲོ་བའི་ཐབས་སུ་སྟོན་པར་བྱེད་པའི་
ཕྱིར་བདེ་འགྲོའི་ཐབས་ལ་རབ་ཏུ་སླུ་བར་བྱེད་པ་ཡིན་ནོ། །བཟློག་པས་ནི་ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་དེ་ལྟར་ལུང་འབོགས་པའི་ཕྱིར། དེ་ལྟར་བདུད་ནི་ངན་འགྲོའི་ཐབས་ལ་ཡང་རབ་ཏུ་སླུ་བར་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སྟོབས་གང་གིས་བདེ་འགྲོ་དང་ངན་འགྲོའི་ཐབས་ལ་རབ་ཏུ་སླུ་བར་བྱེད་
པའི་བདུད་བཅོམ་པ་དེ་བསྟན་པའི་ཕྱིར། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་བཅོམ་ལྡན་འདས་དོན་དང་པོ་ལ་བདུད་འཇོམས་པར་མཛད་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་སྲོག་གཅོད་པ་ལ་སོགས་
པས་དམྱལ་བ་ལ་སོགས་པར་སྐྱེ་བ་གང་ཡིན་པ་དེ་ནི་གནས་ཡོད་དོ། །བདེ་འགྲོར་སྐྱེ་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་རྒྱུ་ལ་ཡང་རྒྱུར། འབྲས་བུ་ལ་ཡང་འབྲས་བུར། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བའི་དགེ་སྦྱོང་དང་བྲམ་ཟེ་དག་ཀྱང་ཚར་
གཅོད་པར་མཛད་དོ། །ལྷ་ལ་སོགས་པ་སྐྱབས་མ་ཡིན་པ་ལ་སྐྱབས་སུ་རབ་ཏུ་སླུ་བ་ཞེས་བྱ་བ་ནི། ལྷ་རྣམས་ནི་ངེས་པར་འབྱུང་བའི་ལམ་མངོན་པར་མི་ཤེས་པའི་ཕྱིར་སྐྱབས་མ་ཡིན་ནོ། །སྐྱབས་ཀྱི་དོན་ནི་སྐྱོབ་པའི་དོན་ཡིན་ན། དེ་རྣམས་ནི་ཐབས་མི་ཤེས་པའི་ཕྱིར། འཁོར་བ་དང་ངན་འགྲོའི་འཇིགས་པ་ཐམས་
ཅད་ལས་སེམས་ཅན་རྣམས་སྐྱོབ་པར་མི་ནུས་སོ། །བདུད་ནི་དེ་དག་ཀྱང་འཇིག་རྟེན་གྱི་སྐྱབས་ཉིད་དུ་སྟོན་པ་ན་སྐྱབས་སུ་རབ་ཏུ་སླུ་བར་བྱེད་པ་ཞེས་བྱ་སྟེ། ལྷ་རྣམས་ནི་ཐབས་མ་ཡིན་པ་རྫུ་འཕྲུལ་དང་། དམ་པ་སྦྱིན་པ་ལ་སོགས་པས་འཇིག་རྟེན་ལ་རབ་ཏུ་སླུ་བར་བྱེད་དོ། །བཅོམ་ལྡན་འདས་ནི་ལས་བདག་གིར་བྱ་བ་
མཁྱེན་པའི་སྟོབས་ཀྱིས་བདུད་ལས་རྒྱལ་བའི་ཕྱིར་བདུད་འཇོམས་པར་མཛད་པ་ཞེས་བྱའོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལ་རབ་ཏུ་སླུ་བར་བྱེད་པའོ་ཞེས་བྱ་བ་ནི་བདུད་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། དེའི་བསྔགས་པ་མ་ཡིན་པ་བསྒྲགས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་འདུན་

པ་བཟློག་ནས་ཉན་ཐོས་ཀྱི་ཐེག་པ་ལ་སྦྱོར་བར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྟོབས་ལྷག་མ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ལ་སོགས་པས་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལ་རབ་ཏུ་སླུ་བར་བྱེད་པའི་བདུད་བཅོམ་ནས། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་
སྤྱོད་པ་ལ་སྦྱོར་ཞིང་འདོམས་པར་མཛད་དོ། །འདིའི་ཕྱིར་ཡང་བཅོམ་ལྡན་འདས་ཀྱང་བདུད་འཇོམས་པར་མཛད་པ་ཞེས་བྱའོ། །མི་འཇིགས་པ་བཞི་ནི་ཀྱེ་མ་ང་མངོན་པར་རྫོགས་པར་སངས་རྒྱས་པར་ཞལ་གྱིས་འཆེ་བ་ལ། ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་
དགུར་བཅས། ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་འདི་ནི་ཆོས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ང་ལ་འགའ་ཡང་ཆོས་དང་མཐུན་པས་གླེང་བར་བྱེད་པའི་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་བས་འདི་ན་ང་བདེ་བ་ཐོབ་པ་དང་།
འཇིགས་པ་མེད་པར་གྱུར་ཅིང་གནས་ཏེ། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚོངས་པའི་འཁོར་ལོ་སྔོན་འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེ་སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བ་བསྐོར་བ་མཛད་དོ། །ཀྱེ་མ་ང་ཟག་པ་ཟད་པར་ཞལ་གྱིས་འཆེ་བ་ལ་འདི་ན་ཟག་པ་འདི་དག་ཡོངས་སུ་མ་ཟད་དོ་
ཞེས་འགའ་ཡང་ཞེས་བྱ་བ་སྔ་མ་བཞིན་ནོ། །ངས་པར་དུ་གཅོད་པའི་ཆོས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ན་བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་ཐམས་ཅད་དོ། །ངས་ངེས་པར་འབྱིན་པའི་ཆོས་སུ་བཤད་པ་གང་དག་ཡིན་པ་དེ་དག་བསྟེན་ན་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པར་ངེས་པར་
འབྱུང་བ་ཡིན་ནོ་ཞེས་འདི་ན་ང་ལ་འགའ་ཡང་ཞེས་བྱ་བ་སྔ་མ་བཞིན་དུ་རིག་པར་བྱ་སྟེ། འདི་དག་ནི་མི་འཇིགས་པ་བཞི་ཡིན་ནོ། །བསྲུང་བ་མེད་པ་གསུམ་ནི། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་བསྲུང་བ་མེད་པ་སྟེ། བསྲུང་བ་མེད་པ་གསུམ་གྱིས་ནི་དེ་བཞིན་གཤེགས་པའི་ཉེས་
པ་མཛད་པ་འཆབ་པ་རྣམ་པ་ཐམས་ཅད་སྤངས་པ་འདི་ཡོངས་སུ་བསྟན་ཏོ། །གང་ཡང་དགྲ་བཅོམ་པ་ལ་བརྒྱ་ལམ་ན་རེས་འགའ་ཞིག་བརྗེད་ནས་ངན་པར་བྱས་པ། ལུང་དུ་མ་བསྟན་པ་ཅུང་ཟད་ཙམ་ཡོད་པ་དེ་ཡང་། དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའ་བས་དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཇི་

ལྟར་ཞལ་གྱིས་འཆེ་བ་དེ་ལྟ་བུའི་ངོ་བོ་ཉིད་ཡིན་ནོ། །ཉན་ཐོས་རྣམས་ཚར་བཅད་ཅིང་ཚར་བཅད་ནས་ངོར་ལྷངས་པོར་འདོམས་ཤིང་དེ་དག་ཁ་ཅིག་ནི་བརྒྱད། ཁ་ཅིག་ནི་སྐྲོད་པས་བརླང་པོར་མཛད་ཀྱང་འདི་ལ་ནི་འདི་དག་ལ་བདག་ཉན་ཐོས་རྣམས་དང་གནས་པའི་རྒྱུས། སྐུ་དང་གསུང་དང་ཐུགས་ཡོངས་སུ་
མ་དག་པ་ཀུན་ཏུ་སྤྱོད་པ་རིག་ནས་གཞི་དེས་ཡི་མ་རངས་ཤིང་མ་མགུ་བ་རྣམས་གླེང་བར་འགྱུར་ཞིང་གཞན་དག་ལ་ཡང་སྒྲོགས་པར་གྱུར་ན་མི་རུང་ངོ་སྙམ་པའི་བསྲུང་བ་མི་འབྱུང་ངོ་། །མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། འདི་ནི་སྟོན་པ་ཐུགས་བརྩེ་བ་ཐུགས་རྗེ་ཅན་དོན་བཞེད་པ་ཕན་པར་བཞེད་པ།
ཉན་ཐོས་རྣམས་ལ་ཀྱེ་དགེ་སློང་དག་འདི་ནི་ཁྱེད་ལ་ཕན་པར་བྱེད་པ། འདི་ནི་ཁྱོད་ལ་བདེ་བར་བྱེད་པ། འདི་ནི་ཁྱེད་ལ་ཕན་པ་དང་བདེ་བར་བྱེད་པའོ་ཞེས་འཁོར་གྱི་ནང་དུ་ཆོས་སྟོན་པར་མཛད་ཅིང་དེ་ན་ཉན་ཐོས་རྣམས་དེ་ལ་གུས་པར་བྱས་ཏེ་ཉན་པར་བྱེད། རྣ་གཏོད་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་
བྱེད་ན། དེས་དེ་བཞིན་གཤེགས་པ་དགྱེས་པ་ཡང་མི་མངའ། ཐུགས་ཡ་ཡོ་པོར་ཡང་མི་འགྱུར་བ་འདི་ནི་དྲན་པ་ཉེ་བར་གཞག་པ་དང་པོ་ཡིན་ནོ། །གཞན་ཡང་སྟོན་པ་ཞེས་བྱ་བ་ནས་ཕན་པ་དང་བདེ་བར་མཛད་པའོ་ཞེས་འཁོར་གྱི་ནང་དུ་ཆོས་སྟོན་པར་མཛད་ཅིང་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེ་ལ་ཉན་ཐོས་རྣམས་
དེ་ལ་གུས་པར་བྱས་ཏེ་ཉན་པར་མི་བྱེད། རྣ་གཏོད་པར་མི་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་མི་བྱེད་ན། དེས་དེ་བཞིན་གཤེགས་པ་མི་བཟོད་པར་མི་འགྱུར། ཐུགས་མ་རངས་པར་མི་འགྱུར་བ་འདི་ནི་དྲན་པ་ཉེ་བར་གཞག་པ་གཉིས་པའོ། །གཞན་ཡང་སྟོན་པ་ཞེས་བྱ་བ་ནས་ཕན་པ་དང་བདེ་
བར་བྱེད་པའོ་ཞེས་འཁོར་གྱི་ནང་དུ་ཆོས་སྟོན་པར་མཛད་ཅིང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ལ་ཉན་ཐོས་ཁ་ཅིག་ནི་དེ་ལ་གུས་པར་བྱས་ཏེ་ཉན་པར་བྱེད། རྣ་གཏོད་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད། ཁ་ཅིག་ནི་གུས་པར་བྱས་ནས་ཉན་པར་མི་བྱེད། རྣ་གཏོད་པར་མི་བྱེད། ཀུན་ཤེས་
པའི་སེམས་ཉེ་བར་འཇོག་པར་མི་བྱེད་ན། དེ་ལ་གང་དག་དེ་ལ་གུས་པར་བྱས་ཏེ། ཉན་པར་བྱེད། རྣ་གཏོད་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད་པ་དེས་ཀྱང་དེ་བཞིན་གཤེགས་པ་དགྱེས་པར་ཡང་མི་འགྱུར། ཐུགས་ཡ་ཡོ་པོར་ཡང་མི་འགྱུར་རོ། །གང་དག་དེ་ལ་གུས་པར་བྱས་

ཏེ་ཉན་པར་ཡང་མི་བྱེད། རྣ་གཏོད་པར་ཡང་མི་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་ཡང་མི་བྱེད་ན་དེས་ཀྱང་དེ་བཞིན་གཤེགས་པ་མི་བཟོད་པར་ཡང་མི་འགྱུར། ཐུགས་མ་རངས་པར་ཡང་མི་འགྱུར་བ་འདི་ནི་དྲན་པ་ཉེ་བར་གཞག་པ་གསུམ་པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་གསུམ་གྱིས་ནི་མདོར་ན་དེ་བཞིན་
གཤེགས་པ་ཡུན་རིང་པོ་ནས་འདི་སྙམ་དུ། གདུལ་བ་རྣམས་བདག་གིས་ལེགས་པར་བཤད་པའི་ཆོས་ལ་སྒྲུབ་པ་ཇི་ལྟ་བ་བཞིན་དུ་ནན་ཏན་དུ་བྱེད་ཀྱང་ཇི་མ་རུང་སྙམ་དུ་དགོངས་པ་ཡུན་རིང་པོ་ནས་དེ་ལྟར་དགོངས་པ་ཆོས་ཀྱི་རྗེ་འཁོར་ཡོངས་སུ་སྡུད་པ་དེའི་བཞེད་པ་དེ་ཕུན་སུམ་ཚོགས་པ་དང་རྒུད་པ་དག་གིས་ཀུན་ནས་ཉོན་
མོངས་པ་མེད་པར་རབ་ཏུ་འབྱེད་དོ། །དེ་དག་ཀྱང་འཁོར་གསུམ་གྱི་བྱེ་བྲག་གིས་གསུམ་དུ་རྣམ་པར་གཞག་སྟེ། འཁོར་གསུམ་པོ་གང་ཞེ་ན། ཐམས་ཅད་གཅིག་ཏུ་ཡང་དག་བསྒྲུབ་པ་འདི་ནི་འཁོར་གཅིག་པ་ཡིན་ནོ། །ཐམས་ཅད་གཅིག་ཏུ་ལོག་པར་བསྒྲུབ་པ་འདི་ནི་འཁོར་གཉིས་པ་ཡིན་ནོ། །གསུམ་པ་ནི་དེ་དག་
ཁ་ཅིག་ནི་ཡང་དག་པར་བསྒྲུབ་ལ། དེ་དག་ཁ་ཅིག་ནི་ལོག་པར་བསྒྲུབ་པ་ཡིན་ནོ། །བག་ཆགས་ཡང་དག་པར་བཅོམ་པ་གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་ལ་རེག་པའམ་གཟིགས་པའམ་བཞུགས་པ་ལ་ཉོན་མོངས་པ་ཡོད་པ་ལྟ་བུའི་གཡོ་བ་ཀུན་ཏུ་སྤྱོད་པ་རབ་ཏུ་རྒྱུ་བ་གང་ཡིན་པ་དེ་དེ་བཞིན་གཤེགས་
པས་བག་ཆགས་དང་བཅས་ཏེ་ཡང་དག་པར་བཅོམ་མོ། །དགྲ་བཅོམ་པ་རྣམས་ནི་ཉོན་མོངས་པ་སྤངས་ཀྱང་གཡོ་བ་དང་བལྟས་པ་དང་སྨྲས་པ་དང་། གནས་པ་དག་ལ་ཉོན་མོངས་པ་ཡོད་པ་དང་འདྲ་བའི་གཡོ་བ་ཡོད་པ་ཁོ་ནའོ། །བསྙེལ་བ་མི་མངའ་བ་ཉིད་གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་ནི་གང་ཞིག་
བསྒྲུབ་པར་བྱ་བ་ཡིན་པ་དང་། གང་དུ་ཡིན་པ་དང་། ཇི་ལྟར་ཡིན་པ་དང་། གང་གི་ཚེ་ཡིན་པ་དེ་དེར་དེའི་ཚེ་དེ་བཞིན་དུ་ལེགས་པར་བསྒྲུབ་པའི་ཕྱིར་ཏེ། འདི་ནི་དེ་བཞིན་གཤེགས་པའི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཡིན་ནོ། །འདི་ལ་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་དང་། ཡུལ་ཐམས་ཅད་དང་། མཛད་
པ་ཐམས་ཅད་ཀྱི་ཐབས་རྣམས་ལ་བསྙེལ་བ་མི་མངའ་ཞིང་རྟག་ཏུ་དགོངས་པ་ཉེ་བར་གནས་པ་གང་ཡིན་པ་འདི་ནི་དེར་བསྙེལ་བ་མི་མངའ་བའི་ཆོས་ཉིད་དུ་བལྟ་བར་བྱའོ། །ཐུགས་རྗེ་ཆེན་པོ་གང་ཞེ་ན། ཁམས་གསུམ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་ལ་རྟག་ཏུ་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ལ་དམིགས་

པའི་ཐུགས་རྗེས་གནས་པ་འགྲུབ་པའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཐམས་ཅད་དུ་ཡེ་ཤེས་ཐོགས་པ་མི་མངའ་བའི་ཕྱིར་གང་གིས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པར་
མཛད་ཅིང་དེ་དང་དེར་གདུལ་བའི་ཐེ་ཚོམ་གཅོད་པའི་ཕྱིར། ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་གནས་པར་མཛད། བསྟན་བཅོས་པའི་ཆོས་དེ་ལ་བརྟེན་ནས་སེམས་ཅན་ཡོངས་སུ་མ་སྨིན་པ་ཡང་ཡོངས་སུ་སྨིན་པར་མཛད། སྨིན་པ་རྣམས་ཀྱང་རྣམ་པར་གྲོལ་བར་མཛད་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་
པ་གང་ཞེ་ན། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཤེས་རབ་དང་སྙིང་རྗེའི་ཐབས་ལ་མཁས་པས་ཡོངས་སུ་ཟིན་པས་ས་གོང་ནས་གོང་དུ་འཛེག་པའི་རིམ་གྱིས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་སེར་སྣ་ལ་སོགས་པ་སྒྲིབ་པ་ཐམས་ཅད་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་
རྡོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་སངས་རྒྱས་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་ལ། ཡིད་བཞིན་གྱི་ནོར་བུ་ལྟ་བུར་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པ་གང་ཡིན་པ་སྟེ། དེ་བཞིན་གཤེགས་པ་བླ་ན་མེད་པ་བརྙེས་པ་
རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཞིབ་ཏུ་ནི་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལ་སོགས་པ་ལས་བལྟ་བར་བྱའོ། །བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལས་ངེས་པར་འབྱུང་བ་ཉིད་ནི་རྒྱུའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་སོགས་པ་བཅུ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་
ཐོབ་པར་བྱེད་པའི་རྒྱུར་གྱུར་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཉིད་ནི་འབྲས་བུའོ་ཞེས་བྱ་བ་སྨོས་སོ། །རྣམ་པ་ཐམས་ཅད་དུ་མི་སྣང་བ་ཉིད་ནི་ཆོས་ཀྱི་སྐུ་སྟེ་ཞེས་བྱ་བ་ནི་ཇི་སྐད་དུ་ཆོས་ཀྱི་སྐུ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དོ། །རྟོག་གེའི་སྤྱོད་
ཡུལ་མ་ཡིན་པའི་ཕྱིར། འཇིག་རྟེན་ན་དཔེ་མེད་པ་ཉིད་དོ་ཞེས་བཤད་པ་ལྟ་བུའོ། །ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ། སློབ་དཔོན་ངོ་བོ་ཉིད་མེད་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

༄༅༅། །རྒྱ་གར་སྐད་དུ། སཱུ་ཏྲཱ་ལཾ་ཀ་ར་ཨཱ་དི་ཤློ་ཀ་སྱ་དྭ་ཡ་སྱ་བྱཱ་ཁྱཱ་ན། བོད་སྐད་དུ། མདོ་སྡེ་རྒྱན་གྱི་ཚིགས་སུ་བཅད་པ་དང་པོ་གཉིས་ཀྱི་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མངོན་པར་རྫོགས་པར་བྱང་ཆུབ་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐུགས་རྗེ་ཆེན་པོས་གནོན་པའི་ཐུགས་ཀྱིས་འགྲོ་བ་སྣ་ཚོགས་ཐུགས་ཀྱིས་གཟུང་བའི་དབང་དུ་མཛད་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་གང་ལ་གང་གི་དོན་དུ་ཇི་ལྟར་གང་གིས་བསླབ་པར་བྱ་བའི་དོན་བཞི་ལ་དགོངས་ནས།
འཁོར་རྣམས་ལ་མཆོག་ཏུ་ཟབ་པའི་དོན་ཅན་གྱི་མདོ་སྡེ་མཐའ་ཡས་པ་སྟོན་པ་ལ་འཇུག་པར་མཛད་དོ། །དུས་ཤིན་ཏུ་ཡུན་རིང་པོར་གོམས་པར་བྱས་པའི་བསོད་ནམས་དང་ཡེ་ཤེས་ཡོངས་སུ་སྨིན་པའི་བསམ་པ་དང་ལྡན་པས། དེའི་དུས་ན་ཉེ་བ་རྣམས་ལ་ཡོངས་སུ་དག་པའི་རྒྱུ་ཉིད་ཀྱིས་
བསམ་པ་ཇི་ལྟ་བ་བཞིན་དུ་དོན་མཛད་ཟིན་ན་ཡང་། སྟོན་པ་འགྲོ་བ་རྣམས་ཀྱི་མིག་གཅིག་ཏུ་གྱུར་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་བདག་ཅག་ལྟ་བུའི་གདུལ་བྱའི་སྐྱེ་བོ་ཡོངས་སུ་གཟུང་བར་བཞེད་ནས་ཡུན་རིང་པོར་གནས་པའི་དོན་དུ་གང་སྡུད་པ་པོས་ཡང་དག་པར་བསྡུས་པ་ཡིན་ནོ། །
སྙིགས་མ་ལྔའི་དུས་ཀྱི་ཤ་ཟས་སེམས་ཅན་གྱི་ཚོགས་ཀྱི་སྙིང་པོ་མེད་པར་གྱུར་པའི་དུས་ཀྱི་ཐ་མ་དེའི་ཚེ་ན་དེའི་དོན་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་འབྲས་བུ་མེད་པར་གྱུར་པ་ལྟ་བུར་ཡང་དག་པར་གཟིགས་ནས་དེ་བདེ་བླག་ཏུ་རྟོགས་པར་བྱ་བའི་དོན་དུ། འཕགས་པ་ཐོགས་མེད་ཀྱི་སྒོ་ནས་
སློབ་དཔོན་དབྱིག་གཉེན་ལ་ཆེད་དུ་གཏད་དེ། ཐམས་ཅད་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དེ་ཉེ་བར་སྟོན་པའི་བསྟན་བཅོས་མདོ་སྡེ་རྒྱན་ཞེས་བྱ་བ་འདི། བཅོམ་ལྡན་འདས་བྱམས་པས་ཉེ་བར་བསྟན་པ་ཡིན་ནོ། །གང་ལ་དོན་དང་ལྡན་པའི་མིང་རྣམ་པར་ཤས་པར་བྱ་བའི་དོན་དུ་ཚིགས་སུ་
བཅད་པ་ཉེ་བར་བཀོད་དེ། དོན་དང་ལྡན་པའི་མིང་རྣམ་པར་ཤེས་པས་ནི་བསྟན་བཅོས་ཉན་པ་པོ་རྣམས་ཀྱིས་གུས་པ་དང་བཅས་པས་འཇུག་པའི་ཡུལ་དུ་ཉེ་བར་འགྲོ་བར་བྱེད་དོ། །འདི་ལྟར་ཡང་འདིར་དོན་གྱི་རྗེས་སུ་འགྲོ་བར་ཁོང་དུ་ཆུད་པར་བྱ་སྟེ། ཇི་ལྟར་རིན་པོ་ཆེ་སྣ་

ཚོགས་ཀྱི་འོད་འཕྲོ་བ་གསེར་གྱི་རང་བཞིན་གྱི་གདུ་བུ་དང་། དཔུང་རྒྱན་དང་། རྣ་རྒྱན་ལ་སོགས་པའི་རྒྱན་གྱི་མཆོག་ཏུ་གྱུར་པའི་བུད་མེད་ཀྱི་ཡན་ལག་རང་བཞིན་གྱིས་ཉམས་དགའ་བར་བྱེད་པ། དཔུང་པའི་ཡན་ལག་ལ་སོགས་པ་མཛེས་པར་བྱེད་པ་ན་
འཇིག་རྟེན་ལ་མཆོག་ཏུ་དགའ་བ་ཉེ་བར་སྐྱེད་པ་དེ་བཞིན་དུ། ཉེ་བར་བསྟན་པའི་བསྟན་བཅོས་འདིས་མདོ་སྡེའི་མཆོག་ཏུ་ཟབ་པ་གསལ་བར་བྱེད་པ་ཉིད་ཀྱིས་དམ་པ་རྣམས་ལ་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་འདི་རྒྱན་ཉིད་དང་འདྲ་བ་ཡིན་ནོ། །འོ་ན་དེ་གང་དག་མདོ་སྡེའི་དོན་ཇི་ལྟ་བ་
བཞིན་དུ་གསལ་བའི་འབྲས་བུ་ཉེ་བར་བསྟན་པ་ལ་རང་ཉིད་འཇུག་པ་ལ་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བྱུང་བའི་ཤེས་རབ་དྲི་མ་མེད་པ་ཅན་ཕུལ་དུ་བྱུང་བའི་མཁས་པ་དེ་དག་བསྟན་བཅོས་འདི་ལ་མི་འཇུག་པའམ། འཇུག་པ་ན་ཅི་ཡོད་པར་གྱུར་པའམ། ཡོད་པའམ། ཡོད་
པར་གྱུར་པ་མ་ཡིན་ནམ། དེའི་ཕྱིར་རྒྱུ་མཚན་གང་གིས་ན་འདི་ཉིད་ཁྱད་པར་ཅན་གྱི་དགའ་བ་བསྐྱེད་པའི་རྒྱུ་ཉིད་ཀྱིས་རྒྱན་ཉིད་ཡིན་ཞེས་བྱ་བའི་དོགས་པ་བསལ་བའི་དོན་དུ་ཕྱིན་ཅི་མ་ལོག་པ་ཉིད་དང་། མི་སླུ་བ་ཉིད་དང་། དོན་མ་ལུས་པ་དག་བསྡུས་ནས་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་དུ་འདིར་
བསྟན་པ་ཡིན་ཞེས་བསྟན་པའི་དོན་དུ། དོན་ཤེས་དོན་སྟོན་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །གང་འདིས་ནི་མདོ་སྡེའི་དོན་ནི་བརྒྱན་པར་བྱ་བ་ཉིད་དང་། བཤད་པ་ནི་རྒྱན་ཉིད་དང་། དེའི་རྒྱུ་མཚན་གོང་དུ་བརྗོད་པ་གསུམ་བསྟན་པ་ཡིན་ནོ། །དེ་ལ་དོན་སྟོན་ཞེས་བྱ་བ་ནི་སྟོན་པ་ཉིད་ཀྱིས་
ཉེ་བར་བསྟན་པའི་དོན་ནི་རྟག་ཏུ་ལྟོས་པ་དང་བཅས་པ་ཡིན་པས་གང་ཡིན་ཞེས་བྱ་བའི་དོགས་པ་བསལ་བའི་ཕྱིར་དེ་དང་འབྲེལ་པས་ཁྱད་པར་དང་བཅས་པའི་ཆོས་ཉེ་བར་བསྟན་པའི་ཕྱིར་མདོའི་དོན་ཁོ་ན་བརྒྱན་པར་བྱ་བ་ཉིད་དོ། །མདོའི་སྡེ་ལས་གཞན་པའ