Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 124
Văn bản gốc(Tây Tạng)
Trang 12 / 23 (50.000 ký tự/trang)
ི་ཆོས་ནི་མདོའི་སྡེ་བཞིན་དུ་ཐེག་མཆོག་ བསྟན་པའི་རྣམ་པ་མ་ཡིན་ཏེ། མདོའི་སྡེ་ཁོ་ནས་ཤེས་པར་བྱས་པའི་དོན་ལ་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་རྣམ་པ་འགའ་ཞིག་གིས་རྗེས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཐེག་པ་མཆོག་བསྟན་པ་ཞེས་བརྗོད་པར་བྱ་བ་ཡིན་ན། བསྟན་བཅོས་མཛད་པས་ དབྱངས་ཀྱིས་བསྙད་པ་ལ་སོགས་པ་རྣམ་པར་གཅད་པའི་ཕྱིར་འདིར་བསྒྲུབ་པའི་སྒྲ་ལྷག་པར་བརྗོད་པ་མཛད་པ་ཡིན་ནོ། །དེ་ཡང་སྒྲུབ་པས་ན་སྒྲུབ་པ་ཞེས་དངོས་པོ་སྒྲུབ་པ་བསྟན་པས་ན་མི་ཤེས་པ་ཤེས་པའི་དོན་ཁོང་དུ་ཆུད་པར་བྱའོ། །བསྒྲུབ་པར་བྱ་བ་ཡིན་པས་བསྒྲུབ་པ་ཞེས་ལས་སུ་ སྒྲུབ་པ་ནི་ཤེས་པར་བྱ་བའི་ངོ་བོ་ཡིན་ནོ། །འདིར་ནི་ལས་སུ་བསྒྲུབ་པ་བསྟན་པར་མངོན་པར་འདོད་དོ། །དེའི་ཕྱིར་དོན་ནི་འདི་ཡིན་ཏེ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཐེག་པ་ལ་ལྟོས་ནས་ཁྱད་པར་ཅན་ཡིན་པའི་ཕྱིར་ཐེག་མཆོག་སྟེ། རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡིན་ནོ། །དེ་ བསྟན་པ་སྟེ་བསྟན་པར་ཤེས་པར་བྱའོ། །སྒྲུབ་པ་ནི་སྒྲུབ་པ་བཞིན་པ་སྟེ། རྗེས་སུ་གཟུང་བ་རང་གིས་མི་རྟོགས་པའི་ཕྱིར་དེས་རྟོགས་པར་བྱ་བའི་རང་བཞིན་ཏེ། གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེའིའོ། །དངོས་པོ་སྒྲུབ་པ་བསྟན་ན་ནི་བསྟན་པའི་སྒྲ་དོན་དུ་རྟོགས་པ་ཉིད་ཡིན་པའི་ཕྱིར་ དེ་འབྲས་བུ་མེད་པར་ཐལ་བ་བཟློག་པར་དཀའོ། །དེ་བས་ན་དེ་ལྟར་སྒྲུབ་པའི་སྒྲ་ཉེ་བར་བསྟན་པའི་ཕྱིར་འདིར་ཁྱད་པར་དུ་བཅས་པའི་ཆོས་ཀྱི་སྒྲས་མདོའི་སྡེ་ཁོ་ན་མངོན་པར་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང་འགྲེལ་པ་མཛད་པས་ཆོས་ཚོལ་བའི་ལེའུ་ལས། ཐེ་ཚོམ་གྱི་གཉེན་པོར་ནི་ མདོ་སྡེ་ཡིན་ཏེ། གང་ཞིག་གང་ལ་ཐེ་ཚོམ་ཟ་བ་དེ་ལ་དེ་དོན་ངེས་པར་བྱ་བའི་ཕྱིར་བསྟན་པའི་ཕྱིར་རོ། །ཡང་ན་མདོ་སྡེ་ནི་ཆོས་ཀྱི་དོན་བསྟན་པ་ཡིན་ནོ་ཞེས་འཆད་པར་འགྱུར་བ་ཡིན་ནོ། །དེ་བས་ན་དེ་ལྟ་བུ་དེ་ཉིད་ཡིན་ཏེ། གང་གི་ཕྱིར་མཁས་པ་རྣམས་ནི་མདོའི་སྡེ་དང་། དབྱངས་ ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་ལ་སོགས་པ་དང་། གསུང་རབ་ཀྱི་རྣམ་པའི་གྲངས་རྗོད་པར་བྱེད་པ་ན་མདོའི་སྡེ་ཁོ་ན་གཙོ་བོ་ཡིན་པའི་ཕྱིར་དང་པོར་གདོན་པ་ཡིན་ནོ། །དེ་བས་ན་མདོའི་སྡེའི་དོན་ནི་བརྒྱན་པར་བྱ་བ་ཉིད་དུ་འདིར་བརྗོད་པ་ཡིན་ནོ། །སྟོན་པའི་སྒྲ་ནི་བཤད་པའི་ དོན་ཡིན་པའི་ཕྱིར་དེ་དང་དེའི་རྗེས་སུ་འབྲེལ་པའི་དོན་ནི་བཤད་པར་བྱ་བ་ཉིད་མ་ཡིན་ནམ། ཇི་ལྟར་ན་བརྒྱན་པར་བྱ་བ་ཉིད་ཡིན་ཞེ་ན། གལ་ཏེ་དོན་བཤད་ཅེས་བསྟན་པ་ཡིན་ན་བདེན་ཏེ། དོན་སྟོན་རབ་ཏུ་བྱེད་པ་ཞེས་བསྟན་པ་ན། སྒྲུབ་བཞིན་པའི་བཤད་པ་ཁྱད་པར་ཅན་དང་ འབྲེལ་པར་ཁོང་དུ་ཆུད་པར་བྱ་སྟེ། དེས་མཁས་པ་རྣམས་ལ་དགའ་བ་སྐྱེད་པར་བྱེད་པའི་ཕྱིར། བརྒྱན་པར་བྱེད་པ་དེའི་ཡུལ་ཉིད་དུ་གྱུར་པའི་དོན་ཇི་ལྟར་ན་བརྒྱན་པར་བྱ་བའི་བདག་ཉིད་དུ་འགྱུར་བ་མ་ཡིན། དོན་འདི་ཉིད་བསྟན་བཅོས་མཛད་པས་གསེར་ ལས་བརྡུངས་བྱས་འདྲ་ཞིང་ཞེས་བྱ་བ་ལ་སོགས་པས་དཔེ་ཉེ་བར་བཀོད་པ་སྔོན་དུ་འགྲོ་བས། ཆོས་དེ་འདིར་བཤད་པ་ཡང་དགའ་བའི་མཆོག་བསྐྱེད་དོ་ཞེས་བྱ་བའི་ངག་གིས་སྟོན་པར་འགྱུར་རོ། །དེ་ལྟ་བས་ན་དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བ་ནི་འདིར་དོན་བརྒྱན་པར་བྱེད་པའི་དོན་དུ་ཤེས་ པར་བྱའོ། །དེ་ལྟར་ན་སུ་ཞིག་བརྒྱན་པར་བྱེད། ཅི་ཞིག་བརྒྱན་པར་བྱེད་ཅེས་བྱ་བ་ལ་སོགས་པ་འགྲེལ་པ་མཛད་པས་མངོན་པར་བརྗོད་པའི་དྲི་བ་དང་། ལན་གྱི་ཚིག་རྣམས་ཀྱི་དོན་འབྲེལ་པ་ཉིད་དུ་འགྱུར་བ་ཡིན་ནོ། །སྒྲ་ཇི་བཞིན་ཤེས་པ་གང་དག་གིས་དགོངས་པའི་དོན་ཁོང་དུ་མ་ ཆུད་ན་འགྲེལ་པ་སུ་ཞིག་བརྒྱན་པར་བྱེད། ཅི་ཞིག་བརྒྱན་པར་བྱེད་ཅེས་བྱ་བའི་དོགས་པ་གཉིས་བསལ་ནས། སུ་ཞིག་བྱེད། ཅི་ཞིག་བྱེད་ཅེས་གདོན་པར་རྣམ་པར་བརྟགས་པ་དེས་ནི། སྙོམ་ལས་ཀྱི་བདེ་བ་ལ་ཆགས་པའི་ཡིད་ཅན་གྱིས། རྟོག་པ་མེད་པ་ཉིད་དུ་ཁོང་དུ་ཆུད་པར་ བྱེད་དོ། །སྒྲ་ཇི་བཞིན་པར་ཤེས་པ་ཉིད་ཀྱང་། དེ་ལ་ག་ལ་ཡོད་དེ། ཅི་ཞིག་དོན་གྱིས་རྒྱན་དུ་བྱེད། གང་གི་ཆེད་དུ་རྒྱན་དུ་བྱེད་ཅེས་བྱ་བའི་གང་གི་དོན་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །འདིར་དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བའི་རྗེས་སུ་འབྲེལ་པ་མེད་པར་ཚིག་ཕྱི་མ་དག་གི་དོན་དུ་རྟོགས་པ་མ་ ཡིན་ཏེ། དོགས་པ་ཉེ་བར་མི་བྱེད་པའི་ཕྱིར་རོ། །གཞན་ཡང་ཅི་ཞིག་གི་དོན་གྱིས་རྒྱན་དུ་བྱེད་ཅེས་བྱ་བ་ལ། འདིར་སྒྲ་དྲན་པ་ལ་མཁས་པའི་མངོན་པའི་ང་རྒྱལ་ཅན་འདིས་ཀྱང་དོན་བརྒྱན་པར་བྱ་བའི་བྱ་བ་ལས་ཀྱི་དངོས་པོ་ཐོབ་པས་དོན་ལ་ཞེས་གཉིས་པའི་མཐའ་ཅན་ཉིད་ཀྱིས་མཚན་ ཉིད་དུ་ཐོབ་པ་ཡིན་ན། དྲུག་པ་མི་འཐད་པ་ཉིད་དུ་ཇི་ལྟར་མི་དཔྱོད། གང་གི་ཚེ་བརྒྱན་པར་བྱེད་པ་ཞེས་བྱ་བ་འདི་ལ། དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བའི་དོན། ཇི་སྐད་བཤད་པའི་རིགས་པས་ཡིན་པ་དེའི་ཚེ་ན་བསྟན་པར་བྱ་བ་ཉིད་འདིར་ལས་ཉིད་དུ་རྟོགས་པ་ན་དོན་ལ་དེ་དང་འབྲེལ་པ་ ཉིད་དུ་རྟོགས་པའི་ཕྱིར། དེ་དང་འབྲེལ་པ་དྲུག་པ་བསྟན་པ་ལ་མི་འཐད་པ་མེད་དོ། །དེ་ལྟ་བུས་སུ་ཞིག་བརྒྱན་པར་བྱེད་ཅེས་བྱ་བ་ལ་སོགས་པ་དག་རྣམས་ནི་ཇི་ལྟར་རྣམ་པར་གཞག་པར་ཉེ་བར་བསྟན་པ་ཉིད་བཟང་བ་དང་། དེ་མཛད་པ་པོའི་མངོན་པར་འདོད་པ་ཡང་ཡིན་ནོ། །དེ་བས་ ན་དེ་ལྟར་དོན་སྟོན་རབ་ཏུ་བྱེད་པ། ཐེག་མཆོག་བསྟན་པའི་རྣམ་པའི་ཆོས་ཀྱི་ཞེས་བྱ་བ་ངག་གི་དུམ་བུ་འདི་ཙམ་གྱིས་བརྒྱན་པར་བྱ་བ་ཉིད་ནི་མདོའི་སྡེའི་དོན་ཡིན་ལ། བརྒྱན་ཉིད་ནི་དེ་ཉེ་བར་སྟོན་པར་གྱུར་པའི་བསྟན་བཅོས་འདི་ཡིན་པར་བརྗོད་པ་ཡིན་ནོ། །དེ་ལ་ཕྱིན་ཅི་མ་ལོག་ པ་ཉིད་ལ་སོགས་པའི་རྒྱུ་མཚན་གང་གིས་བརྗོད་པ་སྟེ། ད་ནི་དེའི་དོན་བཤད་པའི་སྒོ་ནས་གསལ་བར་བྱ་སྟེ། མཁས་པ་ཐམས་ཅད་རིག་པ་མ་ཡིན་པ། མང་དུ་ཐོས་པ་ཅན་ཡིན་ཡང་ཁ་ཅིག་མི་ཤེས་པའི་ཕྱིར་དང་། ཁ་ཅིག་ལ་ཐེ་ཚོམ་ཟ་བའི་ཕྱིར་དང་། ཁ་ཅིག་ལ་ཕྱིན་ ཅི་ལོག་པའི་ཕྱིར། རྣམ་པ་གཞན་དུ་བཤད་པ་ལ་འཇུག་པར་བྱེད་པ་ནི་ཕུལ་དུ་བྱུང་བའི་མཁས་པ་རྣམས་ལ་དགའ་བ་བསྐྱེད་པ་མ་ཡིན་པའི་ཕྱིར། དེ་དང་མི་མཐུན་པའི་མཚན་ཉིད་ལ་བསྟན་པས་འདིར་རྒྱུ་མཚན་དང་པོ་ཕྱིན་ཅི་མ་ལོག་པ་ཉིད་ཉེ་བར་བསྟན་པའི་དོན་དུ་ཁྱད་པར་ཅན་གྱིས་ བྱེད་པ་ངེས་པར་སྒྲུབ་པ་འདི་ལ། དོན་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་བསྟན་པ་ཡིན་ཏེ། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དག་མ་ཚང་ན་རྣམ་པ་གཞན་དུ་ཉེ་བར་སྟོན་པ་སྲིད་པའི་ཕྱིར། ཕྱིན་ཅི་ལོག་པ་ ཉིད་དུ་ཡང་འགྱུར་བ་ཡིན་ན། འདིར་ནི་མཛད་པ་པོ་ས་བཅུའི་དབང་ཕྱུག་ཉིད་ཡིན་པའི་ཕྱིར། དེ་ཚང་བར་ཡོད་པ་ཡིན་པས་ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་ཉེ་བར་སྟོན་པར་འགྱུར། འདི་ལྟར་ཆོས་ཀྱི་དོན་ཤེས་ཞེས་བྱ་བ་བརྗོད་པས་ནི། སྟོན་པ་པོ་ལ་ཆོས་དང་དོན་སོ་སོ་ཡང་དག་པར་རིག་ པ་ཚང་བ་ཉིད་བསྟན་ཏོ། །ངག་དང་ཚིག་རྣམས་དྲི་མ་མེད་པ་ཞེས་བྱ་བས་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཚང་བ་ཉིད་དོ། །འབྱོར་བའི་དོན་ཚུལ་བླ་མེད་གྱུར་པ་ལྔའི་བདག་ཉིད་སྟོན་པར་བྱེད་ཅེས་བྱ་བས་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཚང་བ་ཉིད་དུ་ བསྟན་ཏོ། །ངག་ལས་ཚིག་རྣམས་ཇི་ལྟར་ཐ་དད་པ་ཡིན། ཚིག་གམ་ངག་གི་ངོ་བོ་མ་གཏོགས་པར་བྱས་པའི་ངག་གམ་ཚིག་རྣམས་ཡོད་པར་སྲིད་པ་ཉིད་ན་མ་ཡིན་ཏེ། དེའི་ཕྱིར་གང་ཡང་རུང་བ་བསྟན་པར་བྱ་བ་ཉིད་ཡིན་ན། ཅིག་ཅར་གཉི་གར་སྟོན་པར་ བྱེད་ཅེ་ན། སྐྱོན་དེ་དག་ནི་ཡོད་པ་མ་ཡིན་ཏེ། ཚིག་གི་ཚོགས་ལས་གསལ་བྱད་ཀྱི་ཚོགས་ཀྱི་མཚན་ཉིད་ནི་ཤིན་ཏུ་ཐ་དད་པའི་ཕྱིར་རོ། །འདི་ལྟར་ཚིག་གི་ཚོགས་ནི་ངག་གི་ཚོགས་ཡིན་ལ། གསལ་བྱེད་ཀྱི་ཚོགས་ནི་ཡི་གེའི་ཚོགས་ཡིན་ནོ། །དེ་སྐད་དུ་ཡང་། མིང་གི་ ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས་ཞེས་བཤད་དོ། །འདིར་ཚོགས་ནི་བརྗོད་པའི་ཚོགས་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་འདིར་ངག་དང་ཞེས་བྱ་བའི་སྒྲས་ནི་ཚིག་གི་ཚོགས་ངག་ཆེན་པོའི་ངོ་བོ་བསྟན་པ་ཡིན་པར་བལྟ་བར་བྱ་སྟེ། དེ་ཉིད་ཀྱང་ ཁོངས་སུ་གཏོགས་པའི་ངག་ཡང་དག་པར་བསྡུས་པའི་བདག་ཉིད་ཡིན་པའི་ཕྱིར་དང་། དོན་རྟོགས་པའི་སྒྲུབ་པར་བྱེད་པ་ཉིད་ཀྱི་ངག་ཉིད་ནི་འདིར་ཚིག་ཡིན་པའི་ཕྱིར་རོ། །ཚོགས་ཀྱི་དོན་ནི་བསགས་པའི་དོན་ཉིད་ཡིན་པའི་ཕྱིར་རོ། །ཚིག་རྣམས་ཞེས་བྱ་བའི་སྒྲས་ ནི། གསལ་བྱེད་ཀྱི་ཚིག་གི་ཁོངས་སུ་གཏོགས་པའི་ངག་གི་ངོ་བོ་ཡིན་ནོ། །དགོངས་པ་འདི་ཉིད་ཀྱིས་ཀྱང་ངག་དང་ཚིག་དག་ནི། གཅིག་གི་ཚིག་དང་། མང་པོའི་ཚིག་གི་མཐའ་ཅན་ཉིད་དུ་བསྟན་ཏོ། །ངག་ཆེན་པོ་ནི་གཅིག་ཡིན་པའི་ཕྱིར་དང་། ཁོངས་སུ་གཏོགས་ པའི་ངག་རྣམས་ནི་མང་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཐ་དད་པ་ཡིན་དུ་ཆུག་མོད། ངག་ཁོ་ན་ཚིག་འཕེན་པ་ཉིད་ཡིན་པའི་ཕྱིར། འདིར་དེ་དག་ལོགས་ཤིག་ཏུ་བསྟན་པ་ཇི་ལྟར་མི་འཐད་པ་མ་ཡིན་ཞེ་ན་མ་ཡིན་ཏེ་སྒྲ་གཞན་གྱི་དོན་གྱིས་ཉེ་བར་བསྟན་པ་ཡིན་ཡང་། རང་གི་སྒྲས་མངོན་པར་བརྗོད་པ་མཐོང་བའི་ཕྱིར་ཏེ། དཔེར་ན་བྲམ་ཟེ་རྣམས་འོངས་སོ། །གནས་འཇོག་ཀྱང་འོངས་སོ་ཞེས་བྱ་བ་ལྟ་བུའོ། །དེ་ནི་དེར་གཙོ་བོ་ཉིད་དུ་སྟོན་པ་ལྷུར་ལེན་པའི་ཕྱིར་སྐྱོན་དེ་མེད་པ་ཡིན་ནོ་ཞེའོ། །འདིར་ཡང་དེ་རྣམས་གཙོ་བོ་ཉིད་དུ་གྱུར་ པ་ཡང་ཅི། འདིའི་རྒྱུ་མཚན་ཉིད་དུ་ཅིའི་ཕྱིར་ཁས་བླང་བར་བྱ་བ་མ་ཡིན་ཏེ། དེའི་དབང་གིས་ངག་ནི་ཆེས་གཟུང་བར་བྱ་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་སྐྱོན་དང་ལྡན་པའི་ཁོངས་སུ་གཏོགས་པའི་ངག་ཅན་གྱི་ངག་ཆེན་པོ་དེ་ནི་མཁས་པ་རྣམས་ཀྱིས་གཟུང་བ་མ་ ཡིན་པ་ཉིད་ཡིན་ལ་གང་ལ་ཡོན་ཏན་དང་ལྡན་པར་འཇུག་པ་དེ་ནི་གཟུང་བར་བྱ་བ་ཁོ་ན་ཡིན་ནོ། །དེ་ལ་ཡན་ལག་བརྒྱད་ཀྱི་ངག་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །འདི་ལྟ་སྟེ། གྲོང་ཁྱེར་པ་ནི་མི་ཞན་པ་གང་ཡིན་པ་སྟེ། འཁོར་ལ་ཁྱབ་ པའི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་སྙན་པ་གང་ཡིན་པ་སྟེ། ཡི་གེ་མི་རྩུབ་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་གསལ་བ་ནི་ལེགས་པར་བཤད་པ་གང་ཡིན་པ་སྟེ། ཡི་གེ་ལེགས་པར་ངེས་པར་བཤད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་རིག་པར་བྱེད་པ་ནི། ཡི་གེ་གྲགས་པ་ གང་ཡིན་པ་སྟེ། གྲགས་པ་ཉིད་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །མཉན་པར་འོས་པ་ནི་ཇི་ལྟར་རིགས་པ་གང་ཡིན་པ་སྟེ། གདུལ་བྱ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །རྟེན་མེད་པ་ནི་ཟང་ཟིང་མེད་པ་གང་ཡིན་པ་སྟེ། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་དག་ ལ་རྟེན་པ་མེད་པ་ཉིད་ཀྱི་ཕྱིར་རོ། །མི་མཐུན་པ་མེད་པ་ནི་རན་པ་གང་ཡིན་པ་སྟེ་མི་རན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ལས་ཅིག་ཤོས་ནི་སྐྱོ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་མི་མཐུན་པའི་ཕྱིར་རོ། །གཏུགས་པ་མེད་པ་ནི་ཡངས་པ་གང་ཡིན་པ་སྟེ། ཚད་མས་ཡོངས་སུ་དག་པའི་ དོན་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །བསྟན་བཅོས་མཛད་པ་པོས། རྒྱལ་སྲས་ཚིག་ནི་མི་ཞན་པ། །སྙན་ཅིང་ལེགས་བཤད་གྲགས་པ་དང་། །ཅི་རིགས་པ་དང་ཟང་ཟིང་མེད། །རན་ཅིང་དེ་བཞིན་སྤངས་པ་ཡིན། །ཞེས་བྱ་བ་འདིས། ངག་ཕུན་སུམ་ཚོགས་པ་འདི་ཉིད་སྟོན་ པར་གྱུར་པ་ཡིན་ནོ། །ཚིག་རྣམས་ཀྱི་ཡན་ལག་བརྒྱད་ནི་སྔ་མ་ཇི་ལྟ་བ་བཞིན་དུ་དྲི་བ་མེད་པའི་ཞབས་ཡིན་ནོ། །འདི་ལྟ་སྟེ། རིགས་པ་ནི་གང་དག་ཚད་མ་རྣམས་དང་མི་འགལ་བའི་དོན་ཉེ་བར་བརྗོད་པ་ཉིད་དོ། །འབྲེལ་པ་ནི་ཇི་ལྟར་མདོར་བསྟན་པ་བཞིན་དུ་དོན་རྒྱས་པར་བསྟན་པ་ གང་དག་ཡིན་པའོ། །མཐུན་པའི་གང་ཟག་ཐེག་པ་གསུམ་དང་མི་འགལ་བར་འཇུག་པ་ཉིད་དོ། །རུང་བ་ནི་བདེ་བ་ལ་བརྟེན་པ་གང་ཡིན་པ་སྟེ། སྒྲ་ཉམ་ང་བ་མེད་པའི་ཕྱིར་རོ། །འབྱོར་པ་ནི་གང་དག་གྲགས་པའི་དོན་གྱིས་དོན་དང་ལྡན་པ་ཉིད་དོ། །འཕྲོད་ པ་ནི་རིགས་པ་གང་ཡིན་པ་སྟེ། གདུལ་བྱ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །འཚམ་པ་ནི་གང་དག་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་འཇུག་པའོ། །འགྲུས་སྐྱོང་གི་ཡན་ལག་གི་ཚོགས་སུ་གྱུར་པ་ནི་གང་དག་སློབ་པའི་འཕགས་པའི་ལམ་ཡན་ལག་བརྒྱད་དང་རྗེས་སུ་མཐུན་པའི་ ཕྱིར་རོ། །རབ་ཏུ་དབྱེ་བ་འདི་ཉིད། བསྟན་དང་དེ་བཞིན་བཤད་པ་དང་། །ཐེག་དང་མཐུན་དང་བདེ་བ་དང་། །གྲགས་པ་དང་ནི་ཅི་རིགས་དང་། །ངེས་པར་འབྱུང་དང་མཐུན་པའི་ཕྱིར། །དེ་འདིར་སེམས་དཔའ་མཆོག་རྣམས་ཀྱི། །ཡི་གེ་ཕུན་སུམ་ཚོགས་པ་ཡིན། ། ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་བཅོས་མཛད་པ་པོ་སྟོན་པར་འགྱུར་རོ། །དེའི་ཕྱིར་འདིར་དོན་ནི་འདི་ཡིན་ཏེ། གང་ཞིག་དོན་ཤེས་པ་ཡིན་ཞིང་དེ་ལྟ་བུའི་ངག་དང་། ཚིག་རྣམས་ཀྱི་མདོ་སྡེའི་དོན་སྟོན་པ་ལ་འཇུག་པ་དེ་ནི་ཇི་ལྟར་ན་རྣམ་པ་གཞན་དུ་བཤད་ པའི་དོགས་པ་བྱེད། དོན་ཤེས་པ་ཉིད་ཀྱིས་ན་དེ་མི་ཤེས་པ་དང་། ཐེ་ཚོམ་ཟ་བ་དང་། ཕྱིན་ཅི་ལོག་རྣམས་བསལ་བ་ཡིན་པར་མཚོན་པར་བྱེད་དོ། །ངག་དང་ཚིག་རྣམས་དྲི་མེད་ཅེས་བཤད་པས་ནི། སྐྱོན་དེ་རྣམས་དང་ལྡན་པ་ཉིད་ཀྱང་རྣམ་པ་གཞན་དུ་འཆད་པར་འགྱུར་རོ། །དེ་ལྟར་ ཕྱིན་ཅི་མ་ལོག་པ་ཉིད་བསྒྲུབས་པ་ཡིན་ནོ། །དོན་ཤེས་པའི་སྤོབས་པ་དང་ལྡན་ཞིང་། གཞན་ཁོང་དུ་ཆུད་པར་བྱེད་པ་ལ་མཁས་པ་ཡིན་ཡང་། སླུ་བར་བསམས་ནས་འཇུག་པ་མ་ཡིན་ནམ། གང་གིས་ན་འདིར་ཕྱིན་ཅི་མ་ལོག་པ་ཉིད་དུ་ངེས་པར་བཤད་པར་འགྱུར་བ་ཇི་ལྟར་ན་རྣམ་པ་ གཞན་དུ་ཡང་འཆད་པ་མི་སྲིད་པ་ཉིད་ཅེས་བྱ་བའི་དོགས་པ་དེ་བསལ་བའི་ཕྱིར། དགོས་པ་དང་དེའི་རྒྱུ་བཤད་པའི་སྒོ་ནས་རྒྱུ་མཚན་གཉིས་པ་མི་སླུ་བ་ཉིད། སྡུག་བསྔལ་བསྒྲལ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་བསྟན་པ་ཡིན་ཏེ། གང་གི་ཕྱིར་བསྐལ་པ་དུ་མར་ སྡུག་བསྔལ་བའི་སྐྱེ་བོ་ལ་དམིགས་པའི་སྙིང་རྗེ་འབད་པར་གོམས་པ་ལས་གང་ཞིག་དེའི་བདག་ཉིད་དུ་གྱུར་པ་ན་ཉེ་བར་བསྟན་པ་ལ་འཇུག་པ་དེ་གང་གིས་ན་སླུ་བར་བྱེད་པར་འགྱུར་བ། ཇི་ལྟར་ན་སྡུག་བསྔལ་བསྒྲལ་བ་ལས་གཞན་པའི་དགོས་པ་རྩེད་མོ་ལ་སོགས་པ་འདོད་པར་བྱེད། དེའི་ཕྱིར་དེའི་བཤད་པ་ནི་མི་སླུ་བར་བྱེད་པ་ཁོ་ནའོ། །སྒྲུབ་པ་ལ་ལྟོས་ནས་སྡུག་བསྔལ་མཚམས་ཉིད་དུ་རྟོགས་པའི་ཕྱིར་འབྱུང་ཁུང་གི་ལྔ་པ་སྡུག་བསྔལ་ལས་ཞེས་བསྟན་པར་རིགས་པ་མ་ཡིན་ནམ། ཇི་ལྟར་ན་སྡུག་བསྔལ་གྱི་ཞེས་བསྟན། སྡུག་བསྔལ་བའི་སྐྱེ་བོ་ནི་སྡུག་བསྔལ་ ལས་བསྒྲལ་བར་བྱ་བ་ཉིད་ཡིན་ནོ་ཞེ་ན། སྐྱོན་དེ་དག་མེད་དེ། སྡུག་བསྔལ་གྱི་མཚམས་དང་། དེ་དང་ལྡན་པ་ལ་འབྲེལ་པ་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་འདོད་པས་བྱེད་པ་རྣམས་འཇུག་པ་དེའི་ཕྱིར། འདིས་འབྲེལ་པ་འདོད་པ་ཙམ་ལ་རག་ལས་པའི་དྲུག་པ་འཐད་པ་ཁོ་ནའོ། །ཡང་ ན་བསྒྲལ་བའི་བྱེད་པ་པོ་ནི་སྡུག་བསྔལ་ལས་གཞན་པའི་སྡུག་བསྔལ་བའི་བདག་ལ་སོགས་པ་ཡང་དག་པར་མེད་པར་བསྟན་པའི་ཕྱིར་དེ་ལྟར་བསྟན་པ་ཡིན་ནོ། །གང་ཡང་། བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིན། །ངན་པར་གནས་མེན་མཚན་ཉིད་མི་འདྲའི་ཕྱིར། །གཉིས་ལས་ གཞན་མེད་དེ་ནི་ནོར་པ་སྐྱེས། །དེ་ཕྱིར་ཐར་པ་ནོར་པ་ཟད་ཙམ་ཡིན། །ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ན་སྡུག་བསྔལ་བསྒྲལ་ཕྱིར་ཞེས་བྱ་བ་འདིར། འཁྲུལ་པ་ཟད་ཕྱིར་ཞེས་བྱ་བའི་དོན་དུ་གནས་པ་ཡིན་ནོ། །སྡུག་བསྔལ་ཞེས་བྱ་བའི་ཚིག་གིས་ནི་ཀུན་རྫོབ་ཏུ་དེ་ཉིད་མངོན་པར་བརྗོད་ པ་ཡིན་ནོ། །དེ་ལྟར་ན་ཐམས་ཅད་ལེགས་པར་གནས་པ་ཡིན་ནོ། །འདི་དག་ནི་རྟོགས་ཟིན་ཏོ། །གལ་ཏེ་རིག་བྱ་རིག་པ་དང་། སྙིང་རྗེའི་རང་བཞིན་ཅན་སྡུག་བསྔལ་ཟད་པ་ཉིད་ཀྱི་འབྲས་བུ་རྣམས་གཞན་དག་ལ་སྦྱིན་པའི་དོན་དུ་ཉེ་བར་བསྟན་པ་ལ་འཇུག་པ་ནི་ཕྱིན་ཅི་མ་ལོག་པ་ཉིད་དང་ མི་སླུ་བར་བྱེད་པ་ལ་བརྟེན་པ་ཡིན་ཏེ། དེའི་ཕྱིར་དེར་ད་ལྟར་ཐོས་པ་དང་ལྡན་པ་ཡིན་ཡང་། དེའི་འབྲས་བུ་གྲུབ་པ་ཇི་ལྟར་ན་མཐོང་བ་ཡིན། དེའི་ཕྱིར་བསྟོད་པ་འདི་འབའ་ཞིག་ཉེ་བར་མཚོན་པ་ཡིན་ནོ་ཞེས། ཕྱི་མའི་དུས་སུ་སྒྲོ་འདོགས་པ་རྣམ་པར་གཅད་པའི་དོན་དུ་དེ་འཇུག་པའི་རྒྱུ་མཚན་ གདུལ་བྱ་སྐལ་བ་དང་ལྡན་པ་ཉིད་བསྟན་པའི་དོན་དུ། དེ་ཡིས་འགྲོ་བའི་སེམས་ཅན་ལ། །ཞེས་བྱ་བ་སྨོས་སོ། །འདིར་སྐལ་བ་དང་ལྡན་པ་ཉིད་ཀྱང་དེའི་ངང་ཚུལ་ཅན་དུ་སྒྲུབ་པའི་རྐྱེན་གྱིས་བསྒྲུབ་པ་ཉིད་དོ། །དེ་ལ་བརྟེན་ནས་ཉེ་བར་བསྟན་པ་ འབྲས་བུ་དང་བཅས་པ་ཁོ་ན་སྟེ། དེ་ལྟར་ན་ཅུང་ཟད་ཀྱང་ཆད་པ་མེད་དོ། །གང་ཕྱིར་སྤྲིན་ལས་ཆར་འབབ་ཀྱང་། །ས་བོན་མིན་ལས་མི་འབྱུང་ལྟར། །སངས་རྒྱས་རྣམས་ནི་འབྱུང་ན་ཡང་། །སྐལ་བ་མེད་པས་འབྲས་མི་མྱོང་། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་རྒྱན་ཉིད་ ལ་ཕྱིན་ཅི་མ་ལོག་པ་ཉིད་དང་མི་སླུ་བར་བྱེད་པ་ཉིད་ཀྱི་རྒྱུ་མཚན་བསྟན་ནས། །གསུམ་པ་དོན་མ་ལུས་པ་ཉིད་དེ་སྟོན་པར་བཞེད་ནས། འབྱོར་པའི་ཞེས་པ་ལ་སོགས་པ་སྨོས་ཏེ། གསུང་རབ་ལ་ནི་གང་གི་དེ་མ་བསྟན་ན། འདིའི་དོན་མ་རྫོགས་པར་འགྱུར་བ། དོན་རྣམ་པ་ལྔས་ ལྷག་པའི་ཤེས་བྱ་སྲིད་པའམ། ཉེ་བར་བསྟན་པ་སྲིད་པ་ཡོད་པ་ནི་མ་ཡིན་ཏེ། ཐམས་ཅད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གིས་བསྡུས་པའི་ཕྱིར་རོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་བསམ་པར་བྱ་བ་དོན་ གསུམ་གྱིས་བསྟན་ཏོ། །རྣམ་པར་བྱང་བ་ནི་བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་གཉིས་ཀྱིས་བསྟན་ཏོ། །དེ་སྟོན་པའི་ནུས་པ་དང་ལྡན་པ་ནི་འདི་ཉིད་ཡིན་ཏེ། ཏིང་ངེ་འཛིན་དང་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ན། གཞན་གྱིས་བཤད་པ་ རྣམས་དོན་མ་ལུས་པར་གསལ་བར་བྱེད་པའི་འབྲས་བུ་ཅན་དུ་འགྱུར། དེ་ལྟ་བས་ན་ཇི་སྐད་བཤད་པའི་རྒྱུ་རྣམས་ཀྱི་ཉེ་བར་བསྟན་པའི་བསྟན་བཅོས་འདི་མཁས་པ་རྣམས་ལ་ཁྱད་པར་གྱི་དགའ་བ་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རྒྱན་ཉིད་དང་འདྲ་བ་ནི་རིགས་པ་ཁོ་ན་ཡིན་ནོ། །ཁྱད་པར་ཅན་གྱི་དགའ་ བའི་རྒྱུ་དེ་ཉིད་ཁོ་ན་དོན་རྣམ་པ་ལྔའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་བཤད་པའི་བསྟན་བཅོས་འདི་ལ་གོ་རིམས་བཞིན་དུ། གསེར་ལས་བརྡུངས་བྱས་འདྲ་ཞེས་བྱ་བ་ལ་སོགས་པའི་དཔེ་ལྔས་བསྒྲུབ་པའི་དོན་དུ། གསེར་ལས་བརྡུངས་བྱས་འདྲ་ ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དོན་རྣམ་པ་ལྔ་ཇི་འདྲ་བ་ཡིན་ཞེ་ན། རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཞེས་པའོ། །དེ་ལ་རྒྱུ་མཚན་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་ པའི་རྣམ་པར་ཤེས་པའི་རྒྱུ་མཚན་ཉིད་ནི་འདི་ཕན་ཚུན་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །མིང་ནི་རྒྱུ་མཚན་དེ་ཉིད་བརྗོད་པར་བྱ་བ་མ་ཡིན་ཡང་མིག་བཙུམས་བྱེད་པ་བཞིན་དུ་ཡང་དག་པར་མཚོན་པར་བྱེད་པའི་བརྗོད་པ་གང་ཡིན་པའོ། །རྣམ་པར་རྟོག་པ་ནི་ཇི་སྐད་བཤད་པའི་རྒྱུ་མཚན་གྱི་རང་བཞིན་ དང་། ཁྱད་པར་དུ་རྣམ་པར་རྟོག་པ་སྟེ། ཁམས་གསུམ་པ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའོ། །དེ་བཞིན་ཉིད་ནི་སྟོང་པ་ཉིད་དོ། །ཡང་དག་པའི་ཡེ་ཤེས་ནི་དེ་བཞིན་ཉིད་ལ་དམིགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེ་རྣམས་ཀྱི་གོ་ རིམས་ནི་འདི་ཉིད་ཁོ་ན་ཡིན་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པའི་གདགས་པའི་གཞི་ཡིན་པའི་ཕྱིར་དང་པོར་རྒྱུ་མཚན་ནོ། །ཀུན་ནས་ཉོན་མོངས་པ་གདགས་པ་ཉིད་ཀྱི་ཕྱིར། དེ་མ་ཐག་ཏུ་མིང་ངོ་། །མིང་ཇི་ལྟ་བ་བཞིན་དུ་ཀུན་ནས་ཉོན་མོངས་པའི་གཞིར་རྣམ་པར་རྟོག་པའི་ ཕྱིར། དེའི་འོག་ཏུ་རྣམ་པར་རྟོག་པའོ། །ཀུན་ནས་ཉོན་མོངས་པ་དེ་ཡང་དེ་བཞིན་ཉིད་ལ་ཡང་དག་པའི་ཡེ་ཤེས་ཀྱིས་འགོག་པ་ཉིད་ཡིན་པ་དེའི་ཕྱིར། དེའི་རྗེས་ལ་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཡིན་ནོ། །འགྲེལ་པ་མཛད་པས་ནི་རྒྱུ་མཚན་ལ་བསྒྲུབ་པར་བྱ་བ་ཞེས་ བྱ་བར་བསྟན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་རྒྱུ་དང་རྐྱེན་ལས་ངེས་པར་འབྱུང་བའི་ཕྱིར། གསེར་ལས་བརྡུངས་བྱས་འདྲ་བའོ། །གང་གི་ཕྱིར་གསེར་ནི་གདུ་བུ་དང་། རྣ་རྒྱན་དང་། དཔུང་རྒྱན་ལ་སོགས་པ་ཉིད་དུ་རང་བཞིན་གྱིས་གྲུབ་པའི་ངོ་བོ་མ་ཡིན་ཏེ། བསྲེག་པ་དང་ བཅད་པ་དང་ཆུས་བྲན་པ་དང་། བརྡུང་བ་ལ་སོགས་པའི་རྐྱེན་རྣམས་དོན་མེད་པར་ཐལ་བའི་ཕྱིར་རོ། །མིང་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་ཞེས་བྱ་བ་སྟེ། གང་གི་ཕྱིར་མིང་ནི་མར་མེ་བཞིན་དུ་རུང་བ་ཉིད་ཀྱིས་དོན་ཤེས་པར་བྱེད་པ་ནི་མ་ཡིན་ཏེ། བརྡ་རིག་པ་བཞིན་དུ་བརྡ་མ་རིག་པས་ཀྱང་ དོན་རྟོགས་པ་སྐྱེ་བར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། འདི་ནི་འདིའི་བརྗོད་བྱ། འདི་ནི་འདིའི་རྗོད་པར་བྱེད་པ་ཞེས་སྐྱེས་བུའི་འདོད་པས་བརྟགས་པའི་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་ཤེས་པས་སོ། །དེ་ཉིད་ཀྱི་ཕྱིར་མིང་ཇི་ལྟ་བའི་དོན་ནི་མི་སྲིད་པའི་ཕྱིར་དོན་གྱི་ དབང་དུ་བྱས་ནས། འདི་ཀུན་བརྟགས་པའི་རང་བཞིན་གྱི་ཁོངས་སུ་འདུས་པར་གཞན་གྱིས་བརྗོད་པ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་ཏེ། རྣམ་པར་རིག་པའི་ངོ་བོ་ཉིད་ཡིན་པས་དེ་ནི་བརྟགས་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཤེས་པ་དེ་ཉིད་ཀྱང་བྱེ་བྲག་ཏུ་ཤེས་པ་སྟེ། དེ་ཡང་བརྡ་ཤེས་ པ་བྱེ་བྲག་ཏུ་ཤེས་པ་པོ་ལ་ལྟོས་ནས། གཞན་ལ་འགྱུར་བ་དེའི་ཕྱིར་བྱེ་བྲག་ཏུ་ཤེས་པར་བྱ་ཞེས་བསྟན་ཏེ་པདྨ་རྒྱས་པ་བཞིན་ནོ། །གང་གི་ཕྱིར་པདྨ་ནི་འབྱེད་པར་བྱེད་པ་སྐྱེས་བུའི་ལག་པ་དང་། ཉི་མའི་འོད་ཟེར་དང་། ཡོངས་སུ་འབྲེལ་པ་ལ་ལྟོས་པ་མེད་པར་རྣམ་པར་དབྱེ་བའི་མཚན་ ཉིད་ཅན་གྱིས་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཡུལ་དུ་ཐོབ་པ་མ་ཡིན་ནོ། །རྣམ་པར་རྟོག་པ་ནི་བསམ་པར་བྱ་བ་ཞེས་བྱ་སྟེ། འདུས་མ་བྱས་ཀྱི་ཁམས་ལ་འཇུག་པར་བྱ་བའི་ཕྱིར། དམ་པའི་ཆོས་ཐོས་པ་ལས་བྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པས། དེ་ནི་གདོན་མི་ཟ་བར་བསམ་པར་བྱ་བ་ཉིད་ ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་སྤངས་པ་མེད་པར་ནི་འདུས་མ་བྱས་ཀྱི་དབྱིངས་ལ་འཇུག་པར་འགྱུར་བ་མ་ཡིན་ནོ། །རྣམ་པར་རྟོག་པ་ཡང་ཐོག་མ་མེད་པ་མ་རིག་པའི་བག་ཆགས་ཀྱི་དབང་གིས་བརྫུན་པ་ཡིན་ཡང་རྒྱུ་མཚན་ལ་རང་བཞིན་དང་ཁྱད་པར་དག་གི་མིང་ཇི་ལྟ་བ་བཞིན་དུ་བདེན་པ་ ཉིད་དུ་མངོན་པར་ཞེན་པས་འཇུག་པ་ནི་བདག་ཉིད་ཉེ་བར་ཞི་བའི་ཐབས་རིག་པ་དང་། རྗེས་སུ་མཐུན་པའི་རྣམ་པར་དཔྱོད་པ་མེད་པར་སྤོང་བ་མ་ཡིན་ནོ། །ཇི་སྐད་དུ་རྒྱུ་གཉིས་དང་རྐྱེན་གཉིས་དག་གིས་ཡང་དག་པར་མཐོང་བ་སྐྱེ་སྟེ། ཕ་རོལ་གྱིས་བསྟན་པ་དང་བདག་ཉིད་ལ་ཚུལ་བཞིན་ཡིད་ ལ་བྱེད་པའོ་ཞེས་གསུངས་སོ། །དེ་མ་སྤངས་ན་ཡང་ཀུན་ནས་ཉོན་མོངས་པ་ཁོ་ན་མངོན་དུ་བྱེད་པར་འགྱུར་གྱི། རྣམ་པར་བྱང་བའི་བདེ་བ་ནི་མ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་སྤངས་པ་དང་། རྣམ་པར་བྱང་བ་ཐོབ་པར་བྱ་བའི་ཕྱིར་རྣམ་པར་རྟོག་པ་ནི། མིང་ཇི་ལྟ་བ་ནི་ཡུལ་ མེད་པ་ཉིད་དུ་བསམ་པར་བྱ་བ་སྟེ། ཁ་ཟས་གཡོས་ལེགས་བཞིན་ནོ། །གང་གི་ཕྱིར་ཁ་ཟས་ལེགས་པར་རང་བཞིན་དང་། ཁྱད་པར་དག་ཏུ་མ་བསམས་པར་གཡོས་ལེགས་པའམ། དེ་ཉེ་བར་ལོངས་སྤྱད་པའི་བདེ་བ་ལ་ཆགས་པའི་ཡིད་ཅན་གྱི་བདེ་བ་སྒྲུབ་པར་གྱུར་པ་ནི་མ་ ཡིན་ནོ། །དེས་ན་དེ་ཡང་བསམ་པར་བྱ་བ་ཡིན་ཞེས་གྲགས་པའི་ཕྱིར་འདིར་དཔེར་གྱུར་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གསུང་རབ་ལས་བསྟན་པའི་རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པའི་དོན་གསུམ་ནི། དཔེ་གསུམ་གྱིས་བསྒྲུབ་བྱ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་ཉིད་དུ་བསྟན་པའི་དབང་དུ་བྱས་ནས་ཆོས་བསྟན་པར་འཇུག་པས་ཇི་སྟོན་པར་འགྱུར་ཞེ་ན། ཀུན་ནས་ཉོན་མོངས་པ་དང་། དེའི་ཐ་སྙད་དོ། །དེ་ལ་རྒྱུ་མཚན་ནི་ཀུན་ནས་ཉོན་མོངས་པའོ། །མིང་དང་རྣམ་པར་རྟོག་པ་དག་ནི་དེའི་ཐ་སྙད་ཡིན་ཏེ། དེ་དག་གིས་དེ་ཉིད་ རང་བཞིན་དང་། ཁྱད་པར་དུ་ཐ་སྙད་དུ་བཏགས་པའི་ཕྱིར་རོ། །དེ་ཙམ་ཁོ་ན་འཁོར་བ་ཡིན་ཏེ། འདི་ཐ་སྙད་དུ་བྱ་བ་དང་། ཐ་སྙད་དག་ལས་ལྷག་པར་འགྱུར་བ་རིགས་པ་མ་ཡིན་ནོ། །དེ་ལ་སྒྲུབ་པར་བྱེད་པ་ཞེས་བྱ་བར་བརྗོད་པ་དང་འབྲེལ་པས་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ མཚན་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་རྒྱུ་མེད་པ་ཅན་དུ་རྟོག་པ་བསལ་བར་མཛད་པ་ཡིན་ཏེ་རང་གི་ངོ་བོ་སྒྲུབ་པའི་ཕྱིར། གཞན་ལ་ལྟོས་པ་ཁོ་ན་དེ་ལྟར་བསྙད་པའི་ཡུལ་ཡིན་པའི་ཕྱིར་རོ། །རྒྱུ་མཚན་ཞེས་བྱ་བ་ནི་མི་མཐུན་པའི་རྒྱུ་ཅན་དུ་རྟོག་པ་བསལ་བ་ཡིན་ཏེ། གང་གི་ཕྱིར་དེ་ལས་ གཞན་པའི་རྒྱུ་མཚན་ཉིད་དུ་སྲིད་པ་ཡིན་ན། རྒྱུན་ལ་བརྟེན་ནས་ཕན་ཚུན་རྒྱུ་ཉིད་དུ་བསམས་ནས་དེ་ཉིད་རྒྱུ་མཚན་ཉིད་མངོན་པར་བརྗོད་པར་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པ་ཉིད་དུ་ཡོངས་སུ་བསྟན་པས་འདི་སྙིང་རྗེ་ཅན་ལ་བརྫུན་པ་ཉིད་ཀྱིས་མི་སྐྲག་པའི་ཡུལ་དུ་ཡང་བསྟན་ པ་ཡིན་ནོ། །གང་ཡང་། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་དུ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཕྱི་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་མེད་མེད་པ་ཡི། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་ པ་འགྲུབ། །ཅེས་སྟོན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་དག་པར་རང་བཞིན་མེད་པ་ཡིན་ཡང་། བྱིས་པའི་སྐྱེ་བོ་རང་བཞིན་ཉིད་ཀྱིས་ཞེན་པ་དེའི་ཞེན་པ་ཉིད་བསལ་བའི་དོན་དུ། འདི་ཐམས་ཅད་ནི་མིང་ ཙམ་སྟེ། འདི་ལྟ་སྟེ། མིག་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་དུའོ། །མིང་ནི་གང་དང་གང་དག་གིས། །ཆོས་ནི་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མ་ཡིན། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །མིང་ཉིད་མིང་གིས་སྟོང་པ་སྟེ། །མིང་མིན་ལ་ནི་མིང་ཡོད་མིན། །ཆོས་ ཀུན་མིང་དང་བྲལ་བ་སྟེ། །མིང་ནི་ཀུན་དུ་བརྟགས་པ་ཡིན། །ཞེས་བྱ་བའི་ཕྱོགས་ལ་མིང་གི་བདག་ཉིད་ཀྱིས་ཐ་སྙད་བྱེ་བྲག་ཏུ་ཤེས་པར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་བརྫུན་པའི་ཡུལ་ཅན་དུ་བསྟན་པ་ཡིན་ནོ། །གང་གི་ཕྱིར་རང་བཞིན་གྱིས་དོན་དང་ལྡན་ནམ། དེ་དང་འབྲེལ་པ་ལ་ ཡང་དག་པར་སྲིད་ན། རྗོད་བྱེད་ཡུལ་མེད་པ་ཅན་དུ་བསྟན་པར་རིགས་པ་དང་ལྡན་པ་མ་ཡིན་ནོ། །རྣམ་པར་རྟོག་པའི་བདག་ཉིད་ཀྱིས་ཐ་སྙད་ཀྱི་མིང་ཇི་ལྟ་བ་བཞིན་དུ་འཇུག་པའི་ཡུལ་ཐ་མི་དད་པའི་ཕྱིར། ཡུལ་མེད་པ་ཉིད་དུ་རྟོགས་པ་ན་ཀུན་ནས་ཉོན་མོངས་པ་ཉེ་བར་ཞི་བར་བྱ་བའི་ཕྱིར། ཇི་ལྟར་ཞེན་པའི་ཡུལ་གྱི་དེ་ཉིད་བསམ་པའི་སྒོ་ནས་བསལ་བར་བྱ་བ་ཉིད་བསྟན་པའི་ཕྱིར། བསམ་པར་བྱ་བ་ཉིད་བསྟན་པ་ཡིན་ནོ། །འདིར་རང་གི་ངོ་བོ་རྣམ་པར་དཔྱད་པས་སེལ་བ་ནི་མ་ཡིན་ཏེ། དེ་ཡང་རྣམ་པར་རྟོག་པའི་བདག་ཉིད་ལས། མ་ལོག་པས་རྣམ་པར་དཔྱོད་པ་ གཞན་ལ་ལྟོས་པ་ཡིན་ལ། དེ་ཡང་དེའི་ངོ་བོ་ཉིད་ཡིན་པས་གཞན་ལ་ལྟོས་པ་ཡིན་ན། ཐུག་པ་མེད་པར་འགྱུར་བའི་ཕྱིར། ནམ་ཡང་དེ་ཡོད་པ་མི་སྲིད་པས་གྲོལ་བ་མེད་པར་ཐལ་བར་འགྱུར་ཏེ། དེ་སྤངས་པ་ཁོ་ན་ཉོན་མོངས་པ་ཉེ་བར་ཞི་བའི་བདག་ཉིད་ཅན་གྱིས་གྲོལ་བའི་ཕྱིར་རོ། ། སེམས་དཔའ་མཆོག་རྣམས་ནི་རྣམ་པར་རྟོག་པ་ཉིད་ཀུན་ནས་ཉོན་མོངས་པར་ཁས་ལེན་པ་ཡིན་ནོ། །དེ་ཡང་། གང་ཚེ་རྣམ་པར་དཔྱོད་པ་ཡི། །རྣམ་པར་དཔྱོད་པས་དཔྱད་བྱས་པ། །དེ་ཚེ་ཐུག་པ་མེད་འགྱུར་ཏེ། །རྣམ་དཔྱོད་དེ་ལའང་དཔྱད་ཕྱིར་རོ། །དཔྱད་བྱ་དཔྱོད་པར་ བྱེད་པ་ནི། །རྣམ་པར་དཔྱོད་པ་རྟེན་ཡོད་མིན། །རྟེན་མེད་ཕྱིར་ནི་སྐྱེ་བ་མེད། །དེ་ནི་མྱ་ངན་འདས་པར་བརྗོད། །ཅེས་བསྟན་ཏོ། །དེ་བས་ན་དེ་ལྟར་གསུང་རབ་ལས་བསྟན་པའི་རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་རྣམས་ནི་དཔེ་གསུམ་གྱིས་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་བསམ་པར་བྱ་བ་ཉིད་དུ་བསྟན་པ་ན་དགོངས་པ་གསལ་བ་ཡིན་ནོ། །ད་ནི་དཀྱུས་མ་ཉིད་ཀྱི་རྗེས་སུ་འབྲང་བར་བྱ་སྟེ། གལ་ཏེ་འགྲེལ་པ་མཛད་པས་རྣམ་པར་རྟོག་པ་ནི་བསམ་པར་བྱ་བ་ཞེས་བཤད་ན། བསམ་གྱིས་མི་ཁྱབ་པའི་སྒྲ་དོན་ཅི་ཞིག་བརྗོད་ ཅེ་ན། དེ་བཞིན་ཉིད་དོ། །དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་ནོ། །རང་བཞིན་གང་ཡིན་པ་དེ་ཡང་ཇི་ལྟར་འདི་དག་གི་འདི་ཡིན་ཞེས་བསམ་པར་བྱ་བ་མ་ཡིན་ཏེ། སྤྲིང་ཡིག་ལེགས་པ་བཞིན་ནོ། །གང་གི་སྤྲིང་ཡིག་ལེགས་པ་རང་བཞིན་གྱིས་ཉམས་དགའ་ བ་ནི་ཇི་ལྟར་སྤྲིང་ཡིག་ལེགས་པ་ཡིན་ཞེས་སུས་ཀྱང་བསམ་པར་བྱ་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཡིན་ཏེ། འདི་ ལྟ་སྟེ། ཡང་དག་པའི་མཐའོ་ཞེས་བྱ་བའི་གསུང་ལ་གནས་པ་ཉིད་ཅེས་བྱ་བའི་ཚིག་གིས་གཞན་མ་ཡིན་པའི་དོན་གྱི་དེ་བཞིན་ཉིད་འདི་བསམ་གྱིས་མི་ཁྱབ་པར་སྟོན་པར་བྱེད་དོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་སྒྲས་དེ་བཞིན་ཉིད་བརྗོད་པ་ཡིན་དུ་བཅུག་ན། ལྷག་མར་གྱུར་ པས་འཇིག་རྟེན་ལས་འདས་པའི་མཐར་ཐུག་པའི་ལམ་གྱིས་ཡང་དག་པར་བསྡུས་པ་ཡང་དག་པའི་ཡེ་ཤེས་ཡོངས་སུ་གྲུབ་པའི་སྒྲས་བརྗོད་པ་ནི། དོན་གང་གིས་ཡོངས་སུ་གྲུབ་པ་ཞེས་བརྗོད་ཅེ་ན། དོན་གང་གིས་ན་རིན་པོ་ཆེའི་སྣོད་ཡོངས་སུ་གང་བར་གྲུབ་པ་སྟེ། ཇི་ལྟར་དེ་ནི་རིན་ པོ་ཆེས་ཡོངས་སུ་གང་བར་གྱུར་པ་ན། ཡོངས་སུ་གྲུབ་པ་ཞེས་བརྗོད་པ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་། རང་གི་མི་མཐུན་པའི་ཕྱོགས་ངེས་པར་སྤངས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་རིན་པོ་ཆེ་དག་གི་བདག་ཉིད་དུ་གྱུར་པའི་ཚུལ་དུ་ཡོངས་སུ་རྫོགས་པ་ནི་ ཡོངས་སུ་གྲུབ་པ་ཞེས་བྱ་བར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་གཉིས་ཀྱི་དོན་དཔེ་གཉིས་ཀྱིས་བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་ཉིད་དུ་བསྟན་པས་ཆོས་སྟོན་པ་འཇུག་པ་ཅི་ཞིག་སྟོན་པ་ ཡིན་ཞེ་ན། གང་རྣམ་པར་བྱང་བ་དང་། གང་གིས་རྣམ་པར་བྱང་བ་དེ་གཉི་གའི་རྣམ་པར་བྱང་བ་སྟེ། འདི་ལྟ་སྟེ། རང་བཞིན་གྱིས་རྣམ་པར་བྱང་བ་དང་། དྲི་མ་དང་བྲལ་བའི་རྣམ་པར་བྱང་བ་ཞེས་བྱ་བའོ། །དེ་ལ་དང་པོ་ནི་དེ་བཞིན་ཉིད་དེ། རྟག་ཏུ་དེ་བཞིན་ཁོ་ནར་ཡོད་པའི་ཕྱིར་ རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་མི་འགྱུར་བ་ཡོངས་སུ་གྲུབ་པས་མི་འགྱུར་བ་གྲུབ་པ་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་ནི་ཡང་དག་པའི་ཡེ་ཤེས་ཏེ། དེ་ནི་ཕྱིན་ཅི་ལོག་རྣམས་གཏན་དུ་སྤངས་པའི་ཕྱིར་དང་། ཕྱིས་ཡང་སྐྱེ་བར་འགྱུར་བ་ཉིད་དང་བྲལ་བའི་ཕྱིར་ཕྱིན་ཅི་མ་ལོག་པར་ཡོངས་སུ་ གྲུབ་པས་ཡོངས་སུ་གྲུབ་པ་ཞེས་བརྗོད་པ་ཡིན་ནོ། །དེ་ཙམ་ཉིད་ནི་རྣམ་པར་བྱང་བ་ཡིན་ནོ། །དེ་ལྟར་བླ་ན་མེད་པའི་ཐེག་པ་རྟོགས་པ་དོན་ལྔའི་བདག་ཉིད་ཀྱི་ཚུལ་དེ་བསྟན་པས་ཀྱང་། མདོའི་དོན་སྟོན་པ་དོན་མ་ལུས་པ་ཉིད་ཡིན་ནོ་ཞེས་བྱ་བར་བསྟན་པར་རིགས་པ་ཡིན་ནོ། །དེ་ལྟར་བཤད་པ་ འདི་དག་ཙམ་གྱིས་ནི། རྒྱུ་མཚན་ལ་སོགས་པ་དོན་རྣམ་པ་ལྔའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ཡིན་པ་དེ་ལ་གོ་རིམས་བཞིན་དུ། གསེར་ལས་བརྡུངས་བྱས་འདྲ་བ་དང་། པདྨ་རྒྱས་པ་དང་། ཁ་ཟས་གཡོས་ལེགས་པ་དང་། སྤྲིང་ཡིག་ ལེགས་པ་དང་། རིན་པོ་ཆེའི་སྣོད་ཀྱི་དཔེ་དག་གིས་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡང་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་བསྟན་པའི་ཆོས་ལ། མདོ་སྡེ་རྒྱན་ འདིས་བཤད་པ་ནི་གོ་རིམས་བཞིན་དུ། དཔེ་འདི་དག་གིས་ཁྱད་པར་ཅན་གྱི་དགའ་བའི་རྒྱུ་ཉིད་དུ་སྦྱར་བར་བྱའོ། །དེའི་ཚེ་ནི་བརྡུངས་བྱས་དང་། རྒྱས་པའི་སྒྲ་དག་ནི་བཟླས་ནས་ཐོབ་པ་ཡིན་ལ། ཁ་ཟས་གཡོས་ལེགས་ལ་སོགས་པའི་དཔེ་གསུམ་ལ་ནི། དང་པོ་བཤད་པ་དང་མ་ སྦྱར་བའི་ཚིག་གཞན་རྣམས་མ་སྦྱར་བར་བསྟན་པར་བྱ་བ་ཡིན་ཏེ། དེ་དག་གང་ཞེ་ན། བཀྲེས་པས་ཉེན་པ་ཟ་བ་འདྲ་བ་དང་། །ཐོས་འདྲ་བ་དང་ཕྱེ་བ་ལྟར། །ཞེས་བྱ་བ་དེ་དག་ཡིན་ནོ། །དེས་ན་དོན་འདི་བསྒྲུབ་པར་བྱ་སྟེ། ཇི་ལྟར་གསེར་ལས་གདུ་བུ་དང་། རྣ་རྒྱན་ལ་སོགས་པ་ཉིད་དུ་ བརྡུངས་ཤིང་གཟུགས་ཀྱི་རྣམ་པ་ཅན་དུ་བྱས་པ་རང་བཞིན་གྱིས་ཉམས་དགའ་བར་བྱེད་པ་ཡིན་ཡང་། བརྒྱན་པར་བྱ་བ་ཡང་ལང་ཚོ་མའི་གཙོ་མོའི་དཔུང་པའི་ཡལ་ག་ལ་སོགས་པ་ལ་བརྡུངས་ཤིང་རྒྱན་ཉིད་དུ་སྦྱར་ན། དགའ་བའི་མཆོག་སྐྱེད་པར་བྱེད་པ་དེ་བཞིན་དུ། བསྒྲུབ་པར་བྱ་བའི་ དོན་གྱི་དབང་དུ་བྱས་ནས། བསྟན་པའི་ཆོས་འདི་ལ་འཐད་པའི་སྒྲུབ་བྱེད་ཀྱི་རིགས་པ་ཅི་ལྟ་བ་དེ་བཞིན་དུ་རྣམ་པར་གཞག་པར་བཤད་པ་ན་ཁྱད་པར་ཅན་གྱི་དགའ་བ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་པདྨ་རྒྱས་པ་ནི་རྣམ་པར་ཕྱེ་བ་སྟེ། ཇི་ལྟར་རྒྱས་པ་རྟོགས་པ་པོས་དེ་ལྟ་བུ་ཉིད་དུ་མཐོང་ ནས། དགའ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། བྱེ་བྲག་ཏུ་ཤེས་པར་བྱ་བའི་དོན་གྱི་དབང་དུ་མཛད་ནས་བསྟན་པའི་ཆོས་འདི་རྣམ་པར་བཀྲོལ་བ་ཡིན་ནོ། །ཇི་ལྟར་ཁ་ཟས་གཡོས་ལེགས་པ་ནི་ལེགས་པར་བསྒྲུབས་པ་སྟེ། བཀྲེས་པས་ཉེན་པས་ཟ་བ་ན། དེ་དག་ལ་མཆོག་ཏུ་དགའ་ བ་སྐྱེད་པར་བྱེད་པ་དེ་བཞིན་དུ། བསམ་པར་བྱ་བའི་དོན་གྱི་དབང་དུ་བྱས་ནས་བསྟན་པའི་ཆོས་འདིས་རྣམ་པར་ཕྱེ་བ་ཡིན་ནོ། །ཇི་ལྟར་སྤྲིང་ཡིག་ལེགས་པ་ཐོས་པ་ནི་དོན་ཤེས་པ་སྟེ། མཁས་པ་ལ་ཁྱད་པར་ཅན་གྱི་དགའ་བ་བསྐྱེད་པ་དེ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་དོན་གྱི་དབང་ དུ་བྱས་ནས་བསྟན་པའི་ཆོས་འདི་རྣམ་པར་བཤད་པ་ཡིན་ནོ། །ཇི་ལྟར་རིན་ཆེན་སྒྲོམ་ཕྱེ་བ་ནི་ཁ་ཁམས་ཕྱེ་བ་སྟེ། རྟོགས་པ་པོ་རྣམས་ཀྱི་མཐོང་བའི་ཡུལ་དུ་གྱུར་པ་ཉིད་མཆོག་ཏུ་དགའ་བ་བསྐྱེད་པ་དེ་བཞིན་དུ། ཡོངས་སུ་གྲུབ་པ་དོན་གྱི་དབང་དུ་བྱས་ནས་བསྟན་པའི་ཆོས་ འདིས་དོན་རྣམ་པར་ཕྱེ་བ་ཡིན་ནོ། །འདི་སྐད་བསྟན་པ་ཡིན་ཏེ། གསེར་ལས་བརྡུངས་བྱས་ལ་སོགས་པ་ནི་རང་བཞིན་གྱིས་ཉམས་དགའ་བ་ཡིན་ཡང་། ཇི་ལྟར་རྟོགས་པ་པོ་རྣམས་ཀྱིས་རྟོགས་པའི་སྤྱོད་ཡུལ་དུ་གྱུར་པ་ཁོ་ན་ཁྱད་པར་ཅན་གྱི་དགའ་བ་སྐྱེད་པར་བྱེད་ཀྱི། རང་གི་ངོ་བོ་གནས་ པ་ཉིད་ཀྱིས་མ་ཡིན་པ་དེ་བཞིན་དུ། དོན་ལྔའི་དབང་དུ་བྱས་ནས་བསྟན་པའི་ཐེག་པ་ཆེན་པོའི་མདོ་སྡེ་ཞེས་བྱ་བའི་ཆོས་འདི་ཉེ་བར་བསྟན་པའི་བསྟན་བཅོས་འདིའི་དབང་གིས་རྟོགས་པ་ཁོ་ན་རྟོགས་པ་པོ་རྣམས་ལ་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པ་ཡིན་ནོ། ། དེའི་ཕྱིར་སྔར་བསྟན་པའི་ཆོས་ཉིད་རབ་ཏུ་དགའ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་རྒྱན་དང་འདྲ་བར་རྒྱན་ཉིད་དུ་བསྟན་པ་ཡིན་ནོ། །དེ་བས་ན་དེ་ལྟར་རྣམ་པ་གཉིས་སུ་དཔེ་སྦྱར་བའི་སྒོ་ནས་ཚིགས་སུ་བཅད་པ་འདི་བཤད་པ་ཡིན་པར་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་ཏེ་འགྲེལ་པ་མཛད་པའི་ དགོངས་པ་ཡིན་པའི་ཕྱིར་རོ། །གཞན་དུ་གལ་ཏེ་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་བསྟན་པའི་ཆོས་འདིས་རྣམ་པར་བཀྲོལ་བ་ན། དགའ་བ་སྐྱེད་པར་བྱེད་པ་ནི་སྒྲུབ་པའི་ཡན་ལག་ཉིད་དུ་གསེར་ལས་བརྡུངས་བྱས་པ་ལ་སོགས་པ་ཉེ་བར་བཀོད་པ་དེ་ལྟ་བུ་ཁོ་ན་བསྟན་བཅོས་མཛད་པའི་བཤད་ པར་བཞེད་པ་ཡིན་ན། དེའི་ཚེ་འདིས་ད་ནི་དོན་གྱི་ཚུལ་ལྔའི་བདག་ཉིད་དེ་ཚིགས་སུ་བཅད་པ་གཉིས་པས་སྟོན་པར་བྱེད་དེ་ཞེས་བྱ་བ་ཚིགས་སུ་བཅད་པ་འདིའི་འཇུག་པར་བྱེད་པ་དང་། ངག་ཐ་དད་པར་བཤད་པར་བྱེད་པ་མ་ཡིན་པར་འགྱུར་རོ། །ངག་ཐ་དད་པར་བཤད་པར་མི་བཞེད་པ་ཡིན་ ན་ནི། དེའི་ཞེས་བྱ་བ་འདིར་དེའི་སྒྲས་རབ་ཏུ་གཟུང་བའི་ཆོས་དེ་མདོ་སྡེ་རྒྱན་འདིས་ཞེས་བྱ་བ་འདིར་ཡང་དེའི་སྒྲས་བསྟན་པ་འབྲེལ་པ་མེད་པ་ཁོ་ནར་འགྱུར་རོ། །དཔེ་ལྔས་ཞེས་བྱ་བའི་འགྲེལ་པའི་གཞུང་ཡང་བརྗོད་པར་འོས་པ་ཉིད་མ་ཡིན་ཏེ། གོ་རིམས་བཞིན་དུ། གསེར་ལས་ བརྡུངས་བྱས་པ་ལ་སོགས་པ་ལྟར་ཞེས་བྱ་བ་འདིས་དོན་རྟོགས་པ་ཡིན་པའི་ཕྱིར་རོ། །སྔར་བཤད་པ་བསྟན་པའི་རིམ་པས་ནི་མཐའ་དག་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། འདི་ལྟར་དཔེ་ལྔས་ཞེས་བྱ་བ་འདི་ནས་བརྩམས་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ཅེས་བྱ་བའི་བར་ གྱི་ངག་གཅིག་གིས་ནི། ཐེག་པ་ཆེན་པོའི་ཆོས་ཀྱི་བརྗོད་བྱ་རྒྱུ་མཚན་ལ་སོགས་པའི། དངོས་པོ་བསྒྲུབ་པར་བྱ་བ་ལ་སོགས་པ་ཉིད་དུ་བསྒྲུབ་པའི་ཡན་ལག་ཉིད་དུ་དཔེ་སྦྱར་བར་མཛད་ནས། མདོ་སྡེ་རྒྱན་འདིས་ཞེས་བྱ་བ་ལ་སོགས་པའི་ངག་གཉིས་པས་ནི། རྣམ་པ་ལྔ་བསྟན་པའི་ཆོས་ བསྟན་བཅོས་འདིས་རྣམ་པར་ཕྱེ་བ་ལ་དགའ་བ་སྐྱེད་པར་བྱེད་པ་ཉིད་བསྒྲུབ་པའི་དོན་དུ། གསེར་ལས་བརྡུངས་བྱས་ཞེས་བྱ་བ་ལ་སོགས་པའི་དཔེ་ཉེ་བར་བཀོད་པ་འགྲེལ་པ་མཛད་པས། ལེགས་པར་བརྗོད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་དུ་ལེགས་པར་གནས་པ་ཡིན་ནོ། ། དེ་ཉིད་དོན་རྟོགས་ལ་མཁས་མ་བརྟེན་པ་དང་བློ་ཆུང་བས། །ཚིགས་སུ་བཅད་པ་འདི་གཉིས་ཇི་བཞིན་དུ་ནི་རྟོགས་པ་མེད། །དེ་ཕྱིར་འདི་ཡི་རྣམ་བཤད་བྱས་ལས་བྱུང་བའི་བསོད་ནམས་གང་། །དེ་ནི་དོན་ཀུན་གྲུབ་པའི་གཏེར་བཞིན་དུ་ནི་གྲུབ་གྱུར་ཅིག །མདོ་སྡེ་རྒྱན་ལས་དང་པོའི་ སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་པའི་བཤད་པ་ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ་དཔལ་བཙུན་པ་སོ་མ་ཤྲཱིའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་པདྨའི་ཟེའུ་འབྲུའི་རྡུལ་གྱིས་རེག་པ། སློབ་དཔོན་གཞན་ལ་ཕན་པ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཐུགས་དམ་ས་ ཁྭ་ཆར་གྱི་དཔལ་ཡིད་བཞིན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཁ་ཆེའི་མཁན་པོ་པཎྜི་ཏ་པ་ར་ཧི་ཏ་བྷ་དྲའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་གཞོན་ནུ་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། སཱུ་ཏྲཱ་ལཾ་ཀ་ ར་པཎྜཱ་རྠ། བོད་སྐད་དུ། མདོ་སྡེ་རྒྱན་གྱི་དོན་བསྡུས་པ། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །མ་བཤད་པའི་སྐྱོན་དང་། བཤད་པའི་སྐྱོན་དང་། ཕྱིན་ཅི་ལོག་ཏུ་བཤད་པའི་སྐྱོན་གསུམ་དང་བྲལ་བར་བཤད་པར་བྱའོ། །དེ་ནི་སྟོན་པ་དང་། སྟོན་པའི་ཚིག་དང་། བསྟན་པར་བྱ་བའི་ཆོས་དང་། བསྟན་པར་བྱ་བའི་ཐབས་བླ་ན་མེད་པའོ། །དང་པོ་ལ་སྟོན་པའི་དབྱེ་བ་དང་། སེར་སྣ་དགག་པ་དང་། ཆོས་བསྟན་པ་དོན་ཡོད་པ་དང་གསུམ་མོ། །རྒྱལ་སྲས་ཚིག་ནི་མི་ཞེན་དང་། །ཞེས་བྱ་བ་ལ་སོགས་པ་ཚིག་བརྒྱད་ཀྱིས་སྟོན་པའི་ཚིག་གོ། ། རྒྱལ་བ་བྱམས་པས་བཤད་པའི་མདོ་སྡེའི་རྒྱན་ལ་བསྟན་པར་བྱ་བའི་ཆོས་ནི་གཅིག་སྟེ། ཉེས་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་མཆོག་གོ། །དེ་བསྟན་པར་བྱ་བའི་ཐབས་བླ་ན་མེད་པ་ལ་གཉིས་ཏེ། ཟབ་པ་དང་། རྒྱ་ཆེ་བའོ། །དེ་ཡང་རྣམ་པ་གསུམ་དང་ལྡན་པའི་དབང་དུ་བྱས་ནས་བཤད་དེ། སྒྲ་ནི་ངེས་པར་རྟོགས་པའི་དབང་དུ་བྱས་ནས་བཤད་པ་དང་། སྒྲུབ་པ་ཉམས་སུ་ལེན་པའི་དབང་དུ་བྱས་ནས་བཤད་པ་དང་། བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པའི་མཁས་པའི་དབང་དུ་བྱས་ཏེ་བཤད་པའོ། །དེ་ཡང་སྡེ་སྣོད་གསུམ་དུ་བསྡུས་ནས་རྣམ་པ་བཞི་ བཞིའི་སྒོ་ནས་བཤད་པ་ཡིན་ནོ། །དེ་ལྟར་གཞུང་གི་དོན་བསྡུ་ན་ལྔ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་མཐར་ཐུག་པའི་དོན་ནོ། །མིང་རྒྱུ་མཚན་ལ་སོགས་པ་ལྔ་ནི་མི་བཞག་སྟེ། གཞུང་ ནས་བརྗོད་བྱར་མ་བཞག་པ་དང་། འབྱོར་པའི་དོན་ཚུལ་བླ་ན་མེད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་གང་ཡིན་ཞེ་ན། འབྱོར་པའི་དོན་ཚུལ་བླ་མེད་གྱུར་པ་ལྔ་ཡི་བདག་ཉིད་སྟོན་པར་བྱེད། །ཅེས་བྱ་བ་དེ་གོང་མ་དང་སྦྱར་བ་དང་། འོག་མ་དང་སྦྱར་བ་གཉིས་བྱམས་པའི་དགོངས་པ་ཡིན་ལ། གོང་མ་ དང་སྦྱར་བ་ནི་བླ་མ་བརྒྱུད་པ་ལས་ཤེས་ཏེ། དེ་དབྱིག་གཉེན་གྱིས་མ་བཤད་དོ། །དབྱིག་གཉེན་གྱིས་འོག་མ་དང་སྦྱར་བའི་བཤད་པ་འདི་ཡིན་ཏེ། གང་ལ་བསླབ་པར་བྱ་བའི་ཡུལ་ཐེག་པ་ཆེན་པོ་བཀར་བསྒྲུབ་པ་དང་། སེམས་བསྐྱེད་ཀྱི་ཡུལ་སྐྱབས་སུ་འགྲོ་བ་མཆོག་ཏུ་བསྒྲུབ་པ་དང་ ཉེ་བར་ལེན་པའི་རྒྱུ་ཐེག་པ་ཆེན་པོའི་རིགས་བསྒྲུབ་པ་བསྟན་ཏེ་བསྒྲུབ་པར་བྱ་བ་གསུམ་བསྡུས་པ་ཡིན་ནོ། །བྱེ་བྲག་ཏུ་ཤེས་པར་བྱ་བ་ནི་གཉིས་ཏེ། སེམས་བསྐྱེད་དང་། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེ་བྲག་ཏུ་ཤེས་པར་བྱའོ། །བསམ་པར་བྱ་བ་ནི་གཉིས་ཏེ། ཟབ་པའི་དེ་ཁོ་ན་ དང་། རྒྱ་ཆེ་བ་ཐབས་ལ་མཁས་པའི་དེ་ཁོ་ནའོ། །བསམ་གྱིས་མི་ཁྱབ་པ་ལ་གཉིས་ཏེ། མངོན་པར་ཤེས་པ་ལ་སོགས་པའི་མཐུ་བསམ་གྱིས་མི་ཁྱབ་པ་དང་། དགའ་བ་དང་དད་པ་ལ་སོགས་པ་བདག་དང་གཞན་ཡོངས་སུ་སྨིན་པ་བསམ་གྱིས་མི་ཁྱབ་པའོ། །ཡོངས་སུ་གྲུབ་ པའི་དོན་ནི་གཅིག་སྟེ། མངོན་པར་བྱང་ཆུབ་པར་མཐར་ཐུག་པ་ཉིད་དོ། །འདི་ཇི་ལྟར་ཤེས་པར་བྱེད་པ་གང་ཡིན་ཞེ་ན། སྒྲུབ་པའི་སྐབས་ཞེས་སྨོས་པའི་ཕྱིར་དང་། མཐར་ཡང་། ཉེས་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། ། སངས་རྒྱས་ཉིད་ནི་ཡང་དག་བསྟན། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན། སྡོམ་ནི་དང་པོ་སྒྲུབ་སྐྱབས་རིགས། །དེ་བཞིན་དུ་ནི་སེམས་བསྐྱེད་དང་། །རང་གཞན་དོན་དང་དེ་ཉིད་དོན། །མཐུ་དང་ཡོངས་སྨིན་བྱང་ཆུབ་པོ། །ཞེས་ཚིགས་སུ་བཅད་ནས། གང་ལ་བསླབ་པར་བྱ་བའི་ཡུལ་ ཡོངས་སུ་རྫོགས་པའི་དོན་བསྟན་པའོ། །དེ་ལ་ཇི་ལྟར་བསླབ་པར་བྱ་ཞེ་ན། མོས་པ་མང་བ་ཉིད་དང་ནི། །ཆོས་ཚོལ་བ་དང་སྟོན་པ་དང་། །དེ་བཞིན་སྒྲུབ་དང་ཡང་དག་པའི། །གདམས་ངག་རྗེས་སུ་བསྟན་པ་ཡིན། །ཞེས་བྱ་བ་གསུངས་ཏེ། མགོན་པོས་ཆུ་བོའི་འགྲོས་ལྟ་བུའི་བཤད་པ་ནི་ འདི་ཡིན་ཏེ། ཐོག་མར་ཐེག་པ་ཆེན་པོ་མཆོག་ཏུ་གྲུབ་པ་ལས་བརྩམས་ནས་མོས་པ་འབྱུང་ངོ་། །མོས་པ་ལས། ཆོས་ཚོལ་བ་འབྱུང་ངོ་། །དེ་སྟོན་པར་བྱེད་པ་དགེ་བའི་བཤེས་གཉེན་ལ་རག་ལས་པས་ཆོས་སྟོན་པའོ། །དེ་ནས་སྒྲུབ་པ་ནན་ཏན་དུ་བྱ་བ་ཡིན། བསྒྲུབ་པའི་སྐབས་ཞེས་ རང་མིང་ནས་སྨོས་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་ཡིན་ནོ། །བྱེ་བྲག་ཏུ་ཤེས་པར་བྱ་བ་ནི་ཡང་དག་པར་གདམས་ངག་དང་རྗེས་སུ་བསྟེན་པ་ཡིན་ནོ། །བསམ་པར་བྱ་བ་ནི་དེ་ཁོ་ན་ཉིད་ཟབ་པ་དང་རྒྱ་ཆེ་བ་ཐབས་ལ་མཁས་པའི་སྐབས་སོ། །ཐབས་ཡང་རྣམ་པ་གསུམ་སྟེ། བསྡུ་བའི་དངོས་པོ་ བཞི་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞིས་བསྡུས་པ་དཀོན་མཆོག་མཆོད་པ་ལ་སོགས་པ་བསྟན་པ་དང་། ལམ་གྱིས་བསྡུས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྟན་པའོ། །བསམ་གྱིས་མི་ཁྱབ་པ་ནི་ཡོན་ཏན་གྱི་སྐབས་སོ། །ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་ སོར་རང་གིས་རིག་པར་བྱ་བ་ནི་མཐར་ཐུག་པའི་སྐབས་ཡིན་ཏེ། དེ་ལྟར་ན་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་མདོར་གཞག་པ་དང་། དཔེ་ལྔས་མཚོན་ནས་བཀོད་པ་འོག་མ་དང་སྦྱར་བ་ཡིན་ནོ། །གོང་མ་དང་སྦྱར་བ་རྟོགས་པ་བརྒྱུད་དེ་འོངས་པ་ནི་འདི་ཡིན་ཏེ། ཐེག་པ་ཆེན་པོ་ལ་འབྱོར་པའི་ དོན་ཚུལ་བླ་ན་མེད་པ་ལྔ་སྟེ་གང་ཞེ་ན། རིགས་མཆོག་དང་ལྡན་པའི་གང་ཟག་དོན་ཤེས་པར་ནུས་པ་ལ་ཕྱིན་ཅི་མ་ལོག་པར་དོན་སྟོན་པ་དང་། སྟོན་པའི་ཚིག་དྲི་མ་མེད་པ་བསྟན་པ་དང་། འགྲོ་བ་ལྔ་པོ་སྡུག་བསྔལ་ལས་བསྒྲལ་བའི་ཆེད་ཡིན་པ་དང་། དེའི་རྒྱུད་སྙིང་རྗེ་ཆེན་པོ་དང་ལྡན་པའི་བདག་ ཉིད་དང་། བསྟན་པར་བྱ་བའི་ཆོས་ཐེག་པ་མཆོག་ཏུ་གྱུར་པའོ། །དེ་ལྔ་ནི་ཚིགས་བཅད་དང་པོའི་དོན་ཏེ། དཔེ་ལྔས་མཚོན་པའི་དོན་ལྔ་སྟེ། མདོར་བསྟན་པའོ། །དེ་ལྔའི་རྒྱས་པར་བཤད་པ་ནི་འདི་ཡིན་ཏེ། དོན་ཤེས་ཀྱི་རྒྱས་བཤད་ནི་དམིགས་པར་བྱ་བའི་ཡུལ་ཐེག་ པ་ཆེན་པོའི་རྒྱུ་འབྲས་བུ་དང་བཅས་པའི་བྱང་ཆུབ་ཀྱི་སྐབས་ཀྱི་བར་རོ། །དོན་སྟོན་གྱི་རྒྱས་བཤད་ནི་ཐེག་པ་ཆེན་པོ་ལ་མོས་པ་ཆོས་ཚོལ་བ་ཇི་ལྟ་བ་བཞིན་དུ་སྟོན་པའི་སྐབས་སོ། །རབ་ཏུ་བྱེད་པ་ངག་དང་ཚིག་རྣམས་དྲི་མེད་ཀྱི་རྒྱས་བཤད་ནི། རྒྱལ་སྲས་ཚིག་ནི་མི་ཞན་པ་ནས། ཡན་ལག་དྲུག་ཅུ་བསམ་ མི་ཁྱབ་ཀྱི་བར་རོ། །སྡུག་བསྔལ་བསྒྲལ་ཕྱིར་གྱི་རྒྱས་བཤད་ནི། སྒྲུབ་པའི་སྐབས་ནས་ཚད་མེད་པ་རྣམ་པར་དབྱེ་བའི་བར་རོ། །འགྲོ་ལ་སྙིང་རྗེའི་ཕྱིར་ཏེ་དེའི་བདག་ཉིད་ཀྱི་རྒྱས་བཤད་ནི་རྣམ་པར་དབྱེ་བ་ལས་བརྩམས་པ་མན་ཆད་དོ། །ཐེག་མཆོག་བསྟན་པའི་རྣམ་པའི་ཆོས་ཀྱི་རྒྱས་བཤད་ནི་ངོ་ཚ་ རྣམ་པར་དབྱེ་བ་ནས་བཟུང་སྟེ། མཐར་ཐུག་པའི་སངས་རྒྱས་ཀྱི་མཚན་ཉིད་རྫོགས་ཀྱི་བར་གྱིས་སོ། །དེ་ལྟར་ལུས་རྣམ་པར་གཞག་པ་དང་། ཡན་ལག་རྒྱས་པར་བཤད་པའི་ཚུལ་གཉིས་སུ་བཤད་པས་མདོ་སྡེའི་དོན་བཤད་པ་ཡིན་ལ། ཚིགས་བཅད་གཉིས་པས་རྒྱན་བཤད་དེ། ཐེག་པ་ ཆེན་པོའི་ཆོས་ནི་དགའ་བ་བསྐྱེད་པའི་ཕྱིར་མདོ་སྡེའི་རྒྱན་ཅེས་བྱ་བ་ཡིན་ནོ། །གལ་ཏེ་ལུས་ཅན་དགའ་བ་བསྐྱེད་པས་རྒྱན་ཡིན་ན། འདི་ལ་དྲི་བ་ལྔ་འབྱུང་སྟེ། དྲི་བ་དང་པོ་ནི་ཐེག་པ་ཆེན་པོ་འདི་བཀར་གྲུབ་ན་བཅོམ་ལྡན་འདས་ལས་ཁྱད་པར་དུ་འཕགས་པའི་སྒྲ་དང་དོན་ཅི་ཞིག་བྱམས་པས་ བོགས་དབྱུང་དུ་ཡོད་ནས་དགའ་བ་སྐྱེད་པར་བྱེད་ཅེ་ན། ལན་དུ། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན་ལ་སོགས་པའོ། །དྲི་བ་གཉིས་པ་ནི་ཐེག་པ་ཆེན་པོ་ལས་འགའ་ཞིག་གི་ཚེ་རྣམ་པར་འཚེ་བ་བཤད་པ་དང་། གང་ཡང་མེད་པ་ཉིད་དུ་སྟོན་པའི་ཕྱིར་དགའ་བ་བསྐྱེད་ པ་མ་ཡིན་ནོ་ཞེ་ན། ལན་དུ། ཇི་ལྟར་བསྣམས་ན་རབ་དཀུ་ལ་མན་ཆད་སྨོས་སོ། །དྲི་བ་གསུམ་པ་ནི་ཐེག་པ་ཆེན་པོ་ལས་བསྐལ་པ་དཔག་ཏུ་མེད་པར་དཀའ་བ་སྤྱད་པ་སྣ་ཚོགས་འབྱུང་བས་དེའི་ཕྱིར་དགའ་བ་བསྐྱེད་པ་མ་ཡིན་ནོ་ཞེ་ན། ལན་དུ། ཆོས་དཀའ་རྒྱ་ཆེན་ཞེས་བྱ་བ་སྨོས་སོ། ། དྲི་བ་བཞི་པ་ནི་རྟོག་པ་དང་ལྡན་པ་ནི་རང་ལ་ཕན་པ་ཚོལ་བ་ཡིན་ན། འདི་ལས་ནི་གཞན་ལ་ཕན་པའི་ཕྱིར་རང་ལ་སྡུག་བསྔལ་བསྐྱེད་པས་དགའ་བ་མ་ཡིན་ནོ་ཞེ་ན། ལན་དུ། རིན་ཆེན་རིགས་ལྡན་རིན་ཐང་མེད་ལ་སོགས་པའོ། །དྲི་བ་ལྔ་པ་ནི་ཐུན་མོང་དུ་གྲགས་པའི་སྡུད་པ་པོ་མེད་པའི་ཕྱིར་དང་། བདག་ཅག་ལ་གྲགས་པ་ཁོ་ན་ཐེག་པ་ཆེན་པོ་ཡིན་ཏེ། ཐེག་པ་ཆེན་པོ་བཀའ་མ་ཡིན་ནོ་ཞེ་ན། ལན་དུ། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་མན་ཆད་སྨོས་སོ། །མདོར་གཞག་པ་ལས་འཕྲོས་སོ། །བསྟན་བཅོས་ཀྱི་རྣམ་གཞག་གཞན་ཡང་ཚིགས་བཅད་དང་པོ་གཉིས་ཀྱིས་བསྟན་བཅོས་ཀྱི་ མཚན་བཤད་པ་དང་། དེ་ལས་འཕྲོས་པས་ལེའུ་དང་པོས་ལུས་མདོར་གཞག་བསྟན། སྐྱབས་འགྲོ་བསྣན་པས་རྒྱས་བཤད་བསྟན། ཉེ་བར་ལེན་པའི་རྒྱུ་རིགས་དང་། རྐྱེན་སེམས་བསྐྱེད་ནས་འབྲས་བུ་མཐར་ཐུག་གི་བར་གྱིས་ཤིན་ཏུ་རྒྱས་པར་བཤད་པ་བསྟན་ཏོ། །རྒྱལ་བ་བྱམས་པས་མཛད་ པའི་བསྟན་བཅོས་མདོ་སྡེའི་རྒྱན་གྱི་ཐོག་མར་མཚན་བཤད་པའི་སྒོ་ནས་ལུས་རྣམ་པར་གཞག་པ་ལ་གསུམ་སྟེ། བྱེད་པ་དང་། བྱ་བ་དང་། དགོས་པའོ། །བྱེད་པ་ལ་རྣམ་པར་དབྱེ་བ་བདུན་ཏེ། དབྱེ་བ་པོ་དང་། བྱེད་པའི་ལས་དང་། བྱེད་པ་དང་། བྱེད་པ་པོའི་ཆེད་དང་། རྒྱུའི་དོན་དང་། འབྲེལ་ པའི་དོན་དང་། གནས་ཀྱི་དོན་ནོ། །བྱ་བ་ནི་ལྔ་སྟེ། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཉིད་དོ། །དེ་ཐེག་པ་ཆེན་པོ་མདོ་སྡེའི་ རྒྱན་འདིས་རིམ་པ་བཞིན་རྣམ་པར་བཀྲོལ་བས་མཁས་པ་དགའ་བ་བསྐྱེད་པའི་ཕྱིར་རྒྱན་དུ་གཞག་གོ། །ཆོས་དེ་རང་བཞིན་གྱིས་རྒྱན་དང་ལྡན་ན་བསྟན་བཅོས་འདིས་རྒྱན་དུ་བྱས་པ་ཅི་ཡོད་ཅེ་ན། གཟུགས་རྒྱན་རང་བཞིན་ལ་སོགས་པ་སྨོས་སོ། །དགོས་པ་ནི་ཕན་ཡོན་རྣམ་པ་གསུམ་སྟེ། སྒྲིབ་པ་ སྤོང་བ་དང་། དབང་འབྱོར་པའི་རྒྱུ་དང་། འཕགས་པའི་ནོར་ལ་ལོངས་སྤྱོད་པའི་རྒྱུའོ། །ཁ་ཅིག་འདི་སྐད་དུ། འདི་བཀའ་མ་ཡིན་ན་ཕན་ཡོན་ལྟ་སྨོས་ཀྱང་ཅི་དགོས་སྙམ་པ་ལ། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། གཏན་ཚིགས་དང་། བསྒྲུབ་བྱ་བླ་ན་མེད་ པའི་ཐབས་སུ་གྲུབ་པ་དང་། དེ་ལ་སྐྲག་པའི་ཉེས་དམིགས་རྒྱུ་དང་བཅས་པ་དང་། སྐྲག་པར་མི་བྱ་བའི་གཏན་ཚིགས་དང་། དགག་པ་མི་འགྲུབ་པའི་རྒྱུ་མཚན་དང་། གནས་མ་ཡིན་པ་ལ་སྐྲག་མི་དགོས་པ་དང་། མ་མོས་པ་ཉིད་ཀྱིས་གྲུབ་པ་དང་། རང་གིས་ མ་ཐོས་པ་སྤང་བར་མི་རིགས་པ་དང་། སྤོང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དགག་པ་དང་། ཁོང་དུ་མ་ཆུད་པས་སྤང་བར་མི་རིགས་པ་སྟེ་བཅུ་པའོ། །དེ་ལ་སྔར་ལུང་མ་བསྟན་པ་ལ་སོགས་པ་གཏན་ཚིགས་བདུན་ནོ། །སྔར་ལུང་མ་བསྟན་པས་སྒྲུབ་པ་མ་ངེས་པ་སྤང་བ་དང་། ཡོད་མེད་ཀྱིས་མ་གྲུབ་པ་སྤང་བ་དང་། སྤྱོད་ཡུལ་མ་ཡིན་པ་སྒྲུབ་པར་བྱེད་པ་སྟེ་གསུམ་མོ། །ཐེག་པ་ཆེན་པོར་གྲུབ་པའི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར་མོས་པ་བསྒྲུབ་པར་བྱ་བ་ལ་དགུ་སྟེ། སྐྱབས་སུ་འགྲོ་བ་མཆོག་གི་ཁྱད་པར་དང་། དེ་ལ་སྤྲོ་བར་བྱ་བ་དང་། དེའི་ངོ་བོ་དང་། རྒྱུ་དང་། འབྲས་བུ་དང་། ལས་དང་། ལྡན་པ་དང་། དབྱེ་བ་དང་། ཕན་ཡོན་ནོ། །དེ་ལ་སྐྱབས་སུ་འགྲོ་བའི་ཁྱད་པར་ནི། ཀུན་ཏུ་འགྲོ་བ་ལ་སོགས་པ་བཞིའོ། །དེའི་ཉེ་བར་ལེན་པའི་རྒྱུ་བསྒྲུབ་པར་བྱ་བའི་ཕྱིར་རིགས་ཡོད་པ་དང་། མེད་པ་དང་། རིགས་ཀྱི་དབྱེ་བ་དང་། འབྲས་བུ་ཁྱད་པར་དུ་ འཕགས་པ་སྟེ་བཞིའོ། །ཡོད་པ་ཡང་། ཡོད་དང་མཆོག་དང་མཚན་ཉིད་དང་། །རྟགས་དང་རིགས་རབ་དབྱེ་བ་དང་། །ཉེས་དམིགས་དང་ནི་ཕན་ཡོན་དང་། །དཔེ་རྣམས་གཉིས་ཏེ་རྣམ་པ་བཞི་སྟེ་རྣམ་པ་དགུའོ། །དེའི་རྐྱེན་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའི་བདག་ཉིད་སེམས་བསྐྱེད་ པ་རྣམ་པ་བཅུ་གསུམ་སྟེ། མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་། རྣམ་པར་གཞག་པ་དང་། ཡང་དག་པར་བླངས་པ་དྷ་ལས་བྱུང་བ་དང་། དོན་དམ་པ་དང་། དཔེའི་ཆེ་བ་དང་། སེམས་མ་བསྐྱེད་པ་སྨད་པ་དང་། བསྐྱེད་པ་བསྔགས་པ་དང་། མི་བྱེད་པའི་སྡོམ་པ་འཐོབ་པ་དང་། སེམས་མི་ ལྡོག་པ་དང་། སྡུག་བསྔལ་གྱིས་མི་འཇིགས་པ་དང་། སེམས་ཅན་ཡལ་བར་མི་འདོར་བ་དང་། ལེ་ལོ་མི་རིགས་པའོ། །བསྡུ་ན་གཉིས་ཏེ། མཚན་ཉིད་དང་། དབྱེ་བའོ། །དེ་ལ་དྲུག་སྟེ། མངོན་པར་རྟོགས་པའི་དབྱེ་བ་དང་། རྣམ་པར་གཞག་པའི་དབྱེ་བ་དང་། བརྡར་བཏགས་དོན་དམ་གྱི་ དབྱེ་བ་དང་། དཔེའི་སྒོ་ནས་དབྱེ་བ་དང་། སྐྱོན་དང་ཡོན་ཏན་གྱི་སྒོ་ནས་དབྱེ་བ་དང་། ལས་ཀྱི་སྒོ་ནས་དབྱེ་བའོ། །སྒྲུབ་པ་ནི་དགུ་སྟེ། མཚན་ཉིད་དང་མཉམ་པ་ཉིད་དང་། གཞན་གྱི་དོན་ཁྱད་པར་དུ་བྱ་བ་དང་། གཞན་གྱི་དོན་སྒྲུབ་པའི་དབྱེ་བ་དང་། དེའི་ཕུན་སུམ་ཚོགས་པ་དང་། སྒྲུབ་པའི་ཁྱད་པར་དང་། སྤྱོད་ཡུལ་ བསྔོ་བ་དང་། གཞན་གྱིས་ཉེས་པ་བཟོད་པ་དང་། སྒྲུབ་པའི་ཆེ་བ་ཉིད་དོ། །བསམ་པར་བྱ་བ་དེ་ཁོ་ན་ཉིད་ཟབ་མོ་རྣམ་པ་དྲུག་གིས་བསྟན་ཏེ། དོན་དམ་པའི་མཚན་ཉིད་དང་། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་དགག་པ་དང་། ཕྱིན་ཅི་ལོག་དམད་པ་དང་། བདག་མེད་ཀྱང་ཞི་བར་རུང་བ་དང་། གཉེན་པོ་ཡེ་ ཤེས་ལ་འཇུག་པ་དང་། ཡེ་ཤེས་ཀྱི་ཆེ་བ་ཉིད་དོ། །བསམ་གྱིས་མི་ཁྱབ་པའི་མཐུ་ནི་རྣམ་པ་བདུན་གྱིས་བསྟན་ཏེ། མཚན་ཉིད་རྣམ་པར་དབྱེ་བ་དང་། རྒྱུ་དང་། འབྲས་བུ་དང་། ལས་དང་ལྡན་པ་དང་། འཇུག་པ་དང་། ཆེ་བའི་ཡོན་ཏན་ནོ། །ལས་ལ་དྲུག་སྟེ། མཐོང་། སྟོན། འོད་ཟེར། རྣམ་པར་རོལ་པ། སྤྲུལ་པ་དང་། ཞིང་དག་གོ། །ཡོངས་སུ་སྨིན་པ་ནི་རྣམ་པ་གཉིས་ཏེ། བདུན་དང་གཞན་ནོ། །དེ་ལ་བདག་ཡོངས་སུ་སྨིན་པ་རྒྱ་ཆེ་བའི་བདག་ཉིད་དང་བཅས་པ་སྟེ། དགའ་དང་དད་དང་རབ་ཞི་སྙིང་བརྩེ་དང་། །བཟོད་དང་ཡིད་གཞུངས་མཐུ་ཅན་ཉིད་དང་ནི། །མི་འཕྲོགས་པ་ དང་ཡན་ལག་ལྡན་པ་རབ། །དེ་ནི་རྒྱལ་སྲས་ཡོངས་སུ་སྨིན་པའི་མཚན་ནོ། །སེམས་ཅན་ཡོངས་སུ་སྨིན་པ་ནི་ལྔ་སྟེ། རང་བཞིན་དང་། རབ་ཏུ་དབྱེ་བ་དང་། ཕན་བདེའི་བསམ་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་དྲུག་གིས་བསྒྲུབ་པ་དང་། མཇུག་བསྡུ་བའོ། །ཡོངས་སུ་གྲུབ་པའི་ དོན་བླ་ན་མེད་པའི་བྱང་ཆུབ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་བཞི་སྟེ། ཡང་དག་པར་འགྲུབ་པ་དང་། ངོ་བོ་ཉིད་དང་། དཔེ་དང་། སངས་རྒྱས་ཉིད་གཉིས་སུ་མེད་པའི་མཚན་ཉིད་མཐུ་དང་བཅས་པའོ། །རྒྱས་པར་བཤད་པ་ལ་བཅུ་གཉིས་ཏེ། དེ་སྐྱབས་ གནས་བླ་ན་མེད་པ་དང་། གནས་ཡོངས་སུ་གྱུར་པ་དང་། མཛད་པ་ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་འཆད་པ་དང་། ཟག་པ་མེད་པའི་དབྱིངས་ཟབ་པ་དང་། འབྱོར་པ་རྣམ་པར་དབྱེ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་རྒྱུ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། སྐུ་གསུམ་ དང་ཡེ་ཤེས་རྣམ་པར་དབྱེ་བ་དང་། སངས་རྒྱས་ཐམས་ཅད་གཅིག་པ་དང་། ཐ་དད་པ་ལས་གྲོལ་བ་དང་། སངས་རྒྱས་ཉིད་ལ་འཇུག་པའི་ཐབས་དང་། ཕན་ཚུན་མཛད་པ་གཅིག་པ་དང་། སངས་རྒྱས་ཉིད་ལ་སྤྲོ་བར་བྱའོ། །སྐྱབས་གནས་བླ་ན་མེད་པ་ལ་གསུམ་ སྟེ། ཉོན་མོངས་པ་ལས་སྐྱོབ་པ་དང་འཚེ་བ་ལས་སྐྱོབ་པ་དང་། འཆི་བ་ལ་སོགས་པ་ལས་སྐྱོབ་པ་དང་། སྐྱབས་ཆེན་པོ་བླ་ན་མེད་པའི་རྒྱུ་མཚན་དང་། ཡོངས་སུ་རྫོགས་པ་དང་། ཡུལ་དུས་རྣམ་པར་རྫོགས་པའི་ཕྱིར་རོ། །གནས་ཡོངས་སུ་གྱུར་པ་ལ་བཞི་སྟེ། གཉེན་པོ་ཕུན་སུམ་ ཚོགས་པ་དང་ལྡན་པ་དང་། གཞན་ལས་ཁྱད་པར་དུ་འཕགས་པ་དང་། ཡོན་ཏན་གྱི་དབྱེ་བ་དང་། དཔེ་རྣམ་པ་གསུམ་མོ། །ཟག་མེད་ཀྱི་དབྱིངས་ཟབ་པ་ལ་རྣམ་པ་གསུམ་སྟེ། མཚན་ཉིད་དང་གནས་དང་། ཕྲིན་ལས་ཟབ་པའོ། །དང་པོ་ལ་བཞི་སྟེ། རྣམ་པར་དག་པའི་མཚན་ཉིད་ ཟབ་པ་དང་། བདག་མཆོག་གི་མཚན་ཉིད་ཟབ་པ་དང་། ལུང་མི་སྟོན་པའི་མཚན་ཉིད་ཟབ་པ་དང་། རྣམ་པར་གྲོལ་བའི་མཚན་ཉིད་ཟབ་པའོ། །ཕྲིན་ལས་ཟབ་པ་ལ་བཅུ་གཅིག་སྟེ། ཡོན་ཏན་གནས་ཉིད་དང་། སེམས་ཅན་སྨིན་མཛད་དང་། མཐར་ཐུག་གཤེགས་དང་། ཆོས་སྟོན་ཕྲིན་ ལས་དང་། མཛད་པ་གཅིག་དང་། ཡེ་ཤེས་དུས་གཅིག་འཇུག་དང་། རྣམ་པར་མི་རྟོག་དང་། ཡེ་ཤེས་སྣ་ཚོགས་དང་། ཡེ་ཤེས་མི་འཇུག་དང་། ཡེ་ཤེས་ཁྱད་པར་འཕགས་དང་། བདེ་གཤེགས་སྙིང་པོ་ཅན་ནོ། །འབྱོར་པ་རྣམ་པར་དབྱེ་ལ་གསུམ་སྟེ། མཐུ་ཕུལ་དུ་བྱུང་བ་དང་། རྣམ་པའི་རབ་ཏུ་དབྱེ་བ་དང་། གཞན་དུ་གྱུར་པའི་འབྱོར་པའི་རབ་ཏུ་དབྱེ་བའོ། །སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་རྒྱུ་ལ་བདུན་ཏེ། ཇི་ལྟར་སྨིན་པར་མཛད་པ་དང་། ཡ་མཚན་ཆེ་བ་ཉིད་དང་། སྨིན་པའི་ཐབས་མང་བ་དང་། ལྷུན་གྱིས་གྲུབ་ཅིང་འདུ་བྱེད་པ་དང་བྲལ་བ་དང་། དེའི་དཔེ་དང་། གཅིག་ནས་གཅིག་ཏུ་སྨིན་པ་དང་། ངོམས་པ་དང་འཕེལ་བ་མེད་པར་བསྟན་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དྲུག་སྟེ། ངོ་བོ་ཉིད་དང་། རྒྱུ་དང་། འབྲས་བུ་དང་། ལས་དང་ལྡན་པ་དང་། འཇུག་པའོ། །མོས་པའི་ལེའུ་བདུན་གྱིས་བསྟན་ཏེ། རྣམ་པར་དབྱེ་བ་དང་། བར་དུ་གཅོད་པ་ དང་། ཕན་ཡོན་དང་། ཐེག་པ་ཆེན་པོ་ལ་མོས་པ་ལེན་དུ་གཞུག་པ་དང་། ཞུམ་པ་དགག་པ་དང་། བསོད་ནམས་ཀྱི་ཁྱད་པར་དང་། མོས་པའི་འབྲས་བུའོ། །ཆོས་ཚོལ་བ་ལ་བཅུ་དགུ་སྟེ། དམིགས་པ་ཡོངས་སུ་ཚོལ་བ་དང་། དེ་རྙེད་པ་དང་། ཡིད་ལ་བྱེད་པ་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། དེ་ཁོ་ན་ ཉིད་སྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བ་དང་། ཤེས་བྱ་ཡོངས་སུ་ཚོལ་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་ཡོངས་སུ་ཚོལ་བ་དང་། རྣམ་པར་རིག་པ་ཙམ་དང་། མཚན་ཉིད་དང་རྣམ་པར་གྲོལ་བ་དང་། ངོ་བོ་ཉིད་མེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། ཐེག་པ་གཅིག་པ་ཉིད་དང་། རིག་ པའི་གནས་དང་། ཁམས་བརྟས་པ་དང་། ཆོས་ཚོལ་བའི་རབ་ཏུ་དབྱེ་བ་དང་། རྒྱུ་ཉིད་དུ་དང་། སྤང་བྱ་རྣམ་པར་རྟོག་པ་ཚོལ་བ་དང་། མཇུག་བསྡུ་བ་ཕན་ཡོན་དང་བཅས་པའོ། །དེ་ཁོ་ན་སྒྱུ་མ་ལྟ་བུར་ཚོལ་བ་ལ་བཅུ་གཅིག་སྟེ། སྒྱུ་མའི་མཚན་ཉིད་དང་། དུས་གཅིག་ཏུ་རྟོགས་ པར་སྤྱོད་པ་དང་། དཔེ་དང་སྦྱར་བ་དང་། དོན་དང་སྦྱར་བ་དང་། དགོས་པ་དང་སྦྱར་བ་དང་། རྒྱུ་མཚན་དང་སྦྱར་བ་དང་། དཔེའི་དབྱེ་བ་དང་། མི་མཐུན་པ་དང་གཉེན་པོའི་དབྱེ་བ་དང་། སྤང་བའི་ཚུལ་དང་། ཐར་པའི་དཔེ་དང་། སྒྱུ་མ་ལ་སོགས་པ་དཔེ་བརྒྱད་ཀྱི་དོན་བསྟན་པའོ། །ཆོས་ སྟོན་པ་ལ་བཅུ་གཅིག་སྟེ། སེར་སྣ་དགག་པ་དང་། ཆོས་དོན་མེད་པ་མ་ཡིན་པ་དང་། སྟོན་པའི་རྣམ་པར་དབྱེ་བ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་། ཚིག་ཕུན་སུམ་ཚོགས་པ་དང་། ཡི་གེ་ཕུན་སུམ་ཚོགས་པ་དང་། སྟོན་པའི་ཆེ་བའི་བདག་ཉིད་དང་། དོན་ཕུན་སུམ་ཚོགས་པ་དང་། ལྡེམ་པོར་དགོངས་པ་དང་། དགོངས་པ་རྣམ་པར་དབྱེ་བ་དང་། ཤིན་ཏུ་རྒྱས་པ་བསྡུས་པ་ཕན་ཡོན་དང་བཅས་པ་བསྟན་པ་དང་། ཆོས་བསྟན་པའི་ཕན་ཡོན་ནོ། །བསྒྲུབ་པའི་ལེའུ་ལ་བརྒྱད་དེ། རྣམ་པར་དབྱེ་བ་དང་། སྒྲུབ་པ་ལ་བག་ཡོད་པར་བྱ་བ་དང་། ཉོན་མོངས་པ་ཁོ་ནས་ཉོན་མོངས་པ་ལས་ ངེས་པར་འབྱུང་བ་དང་། ཐེག་པ་དམན་པ་ཡིད་ལ་བྱེད་པ་སྤང་བ་དང་། རང་བཞིན་གྱིས་དག་པ་ལ་སྐྲག་པ་སྤང་བ་དང་། ཆགས་པ་ལས་སྐྱེས་པའི་ལྟུང་བ་དགག་པ་དང་། ཇི་ལྟར་གང་དུ་སྒྲུབ་པ་དང་། སྒྲུབ་པའི་འཁོར་གསུམ་ཡོངས་སུ་དག་པའོ། །བྱེ་བྲག་ཏུ་ཤེས་པར་བྱ་བའི་གདམས་ངག་ དང་རྗེས་སུ་བསྟན་པ་ལ་བཅུ་གསུམ་སྟེ། མོས་པ་རྣམ་པར་འཕེལ་བ་དང་། དེ་བཞིན་དུ་ནི་ཚོགས་བསགས་པ་ལ་སོགས་པ་དང་། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ལས་གདམས་ངག་རྙེད་པ་དང་། དེ་ལ་དམིགས་པའི་སེམས་དྲུག་བསྟན་པ་དང་། ཡིད་ལ་བྱེད་པ་བཅུ་གཅིག་བསྟན་པ་དང་། ཞི་གནས་ཀྱི་སེམས་དགུ་བསྟན་པ་དང་། དེ་ལས་རིམ་གྱིས་བསམ་གཏན་ལས་སུ་རུང་བ་ཅན་ཡོན་ཏན་དང་བཅས་པ་ཐོབ་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། མཐོང་བའི་ལམ་དང་། དེའི་མཚན་ ཉིད་རྣམ་པར་གཞག་པ་དང་། ཆེ་བའི་བདག་ཉིད་དང་། བསྒོམ་པའི་ལམ་དང་། གདམས་ངག་གི་ཆེ་བའི་བདག་ཉིད་བསྟན་པའོ། །ཐབས་དང་ལྡན་པའི་ལས་རྣམ་པར་དབྱེ་བ་ལ་གསུམ་སྟེ། ཀུན་ནས་སློང་བའི་ཐབས་དང་། ལྟ་བའི་ཐབས་དང་། འཁོར་ གསུམ་ཡོངས་སུ་དག་པའི་ཐབས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ། གྲངས་དང་དཔེའི་མཚན་ཉིད་གོ་རིམས་དང་། །ངེས་པའི་ཚིག་དང་གོམས་བྱ་ཡོན་ཏན་དང་། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཤེས་བྱའོ། །བསྡུ་བའི་དངོས་པོ་བཞི་ལ་ དྲུག་སྟེ། ངོ་བོ་དང་བྱེད་པ་དང་། ལས་དང་། གྲངས་ངེས་པ་དང་། རབ་ཏུ་དབྱེ་བ་དང་། ཕན་ཡོན་ནོ། །མཆོད་ལ་སོགས་པ་བཞི་ནི། སངས་རྒྱས་ལ་མཆོད་པ་དང་། དགེ་བཤེས་བསྟེན་པ་དང་། ཚད་མེད་པ་བསྒོམ་པ་དང་། དེ་དག་མཇུག་བསྡུ་བའོ། །མཆོད་པ་ལ་རྒྱུ་མཚན་དང་ནི་ ཡོངས་བསྔོ་དང་། །རྟེན་དང་དངོས་དང་རྒྱུ་དང་ནི། །ཡེ་ཤེས་དང་ནི་ཞིང་དག་དང་། །གནས་ཀྱི་སྒོ་ནས་རབ་ཏུ་བསྟན། །དགེ་བཤེས་བསྟེན་པ་བཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང་། །རྒྱུ་དང་ཡེ་ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་རབ་ཏུ་བསྟན། །ཚད་མེད་པ་ལ་གསུམ་སྟེ། ཁྱད་པར་དང་། རབ་ཏུ་དབྱེ་བ་དང་། སྙིང་རྗེའི་རྣམ་པར་དབྱེ་བའོ། །སྙིང་རྗེའི་རྣམ་པར་དབྱེ་བ་ལ་ཉི་ཤུ་རྩ་གཉིས་ཏེ། དམིགས་པའི་རབ་ཏུ་དབྱེ་བ་དང་། འབྲས་བུ་ལྔ་དང་། སྲིད་པ་དང་ཞི་བར་མི་གནས་པ་དང་། འཁོར་བ་ཡོངས་སུ་ཤེས་པ་དང་། སྙིང་རྗེའི་རྒྱུ་རྣམ་པར་དབྱེ་བ་དང་། ལྗོན་ཤིང་ གི་དཔེ་དང་། ཕན་ཡོན་དང་། སྙིང་རྗེ་ཆགས་པ་དང་བྲལ་བ་དང་། སྙིང་རྗེ་བྱམས་པས་ཁྱད་པར་དུ་འཕགས་པ་དང་སྐྲག་པ་དང་དགའ་བའི་རྒྱུ་མཚན་དང་། སྙིང་རྗེའི་སྡུག་བསྔལ་གྱིས་བདེ་བ་ཟིལ་གྱིས་གནོན་པ་དང་། སྙིང་རྗེས་བྱིན་པའི་ཕན་ཡོན་དང་། སྡུག་བསྔལ་ཁས་ལེན་པ་དང་། རྣམ་ པ་གསུམ་པོ་དང་། དེའི་འབྲས་བུ་འཕེལ་བ་དང་། སྦྱིན་པ་ལ་སྤྲོ་བ་བསྐྱེད་པ་དང་། གཞན་བདེ་བས་བདེ་བ་ཉམས་སུ་མྱོང་བ་དང་། སྦྱིན་པ་ལ་རྗེས་སུ་སྟོན་པ་དང་། བརྩེ་བས་སྦྱིན་པ་ཁྱད་པར་དུ་འཕགས་པ་དང་། ཉེ་བར་སྤྱད་པའི་ཁྱད་པར་གྱིས་དགའ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཉེ་ བར་བསྒྲུབ་པ་དང་། སྙིང་རྗེའི་རྐྱེན་རྣམ་པ་བཞི་དང་། སྙིང་རྗེ་ཆེན་པོ་མཆོག་གི་རྣམ་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་ཉི་ཤུ་རྩ་བཞི་སྟེ། ངོ་ཚའི་རྣམ་པར་དབྱེ་བ་དང་། བརྟན་པ་དང་། མི་སྐྱོ་བ་དང་། བསྟན་བཅོས་ཤེས་པ་དང་། འཇིག་རྟེན་ཤེས་པ་དང་། རྟོན་པ་དང་། སོ་ སོ་ཡང་དག་པར་རིག་པ་དང་། ཚོགས་གཉིས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་དང་། ཞི་གནས་དང་། ལྷག་མཐོང་དང་། ཐབས་ལ་ མཁས་པ་དང་། གཟུངས་དང་། སྨོན་ལམ་དང་། ཏིང་ངེ་འཛིན་དང་། ཆོས་ཀྱི་སྡོམ་དང་། དེའི་སྐད་ཅིག་མ་དང་། བདག་མེད་པ་དང་། ངོ་ཚ་ལ་སོགས་པའི་ལས་མདོར་བསྡུས་པ་བསྟན་པའོ། །བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཉི་ཤུ་རྩ་བཞི་སྟེ། ངོ་མཚར་ཆེ་བ་དང་མི་ཆེ་བ་ རྣམ་པར་དབྱེ་བ་དང་། སེམས་མཉམ་པ་ཉིད་དང་། ཕན་འདོགས་པ་དང་། ལན་དུ་ཕན་འདོགས་པ་དང་། སྨོན་པ་དང་། སྦྱོར་བ་ཆུད་མི་ཟ་བ་དང་། ཡང་དག་པའི་སྦྱོར་བ་དང་། ཡོངས་སུ་ཉམས་པ་དང་། ཁྱད་པར་ཅན་གྱི་ཆོས་རྣམ་པར་དབྱེ་བ་དང་། བཅོས་མ་དང་བཅོས་མ་མིན་ པའི་ཡོན་ཏན་དང་། འདུལ་བ་རྣམ་པར་དབྱེ་བ་དང་། ལུང་བསྟན་པ་དང་། ངེས་པར་འགྱུར་བ་དང་། གདོན་མི་ཟ་བར་བྱ་དགོས་པ་དང་། རྟག་པར་བྱ་བ་དང་། གཙོ་བོའི་དངོས་པོ་དང་། གདགས་པ་རྣམ་པར་གཞག་པ་དང་། ཡོངས་སུ་ཚོལ་བ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ ཤེས་པ་དང་། དཔག་ཏུ་མེད་པ་དང་། བཤད་པའི་འབྲས་བུ་དང་། ཐེག་པ་ཆེན་པོ་དང་། དེའི་འབྲས་བུ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་དབྱེ་བ་དང་། དེའི་མཚན་གྱི་རྣམ་པར་དབྱེ་བའོ། །ཡོངས་སུ་གྲུབ་པ་མཐར་ཐུག་པའི་སྐབས་ལ་བཅོ་བརྒྱད་དེ། རྟགས་དང་། ཕྱོགས་དང་། ལྷག་པའི་བསམ་པ་དང་། ཡོངས་སུ་འཛིན་པ་དང་། སྐྱེ་བ་དང་གནས་པ་དང་། ས་རྣམ་པར་དབྱེ་བ་མདོར་བསྟན་པ་དང་། སའི་མཚན་ཉིད་དང་། དེའི་གང་ཟག་དང་། དེ་ལ་བསླབ་པ་རྣམ་པར་གཞག་པ་དང་། ཕུང་པོ་རྣམ་པར་གཞག་པ་དང་། གྲུབ་པ་དང་། ས་ལ་ཞུགས་པའི་རྟགས་དང་། ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྟགས་དང་། དེའི་ཕན་ཡོན་དང་། སའི་ངེས་པའི་ཚིག་དང་། ཐོབ་པ་དང་། སྤྱོད་པ་དང་། སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་དབྱེ་བའོ། །དེ་ཡང་བསྡུ་ན་གཉིས་ཏེ། རྒྱུའི་ཁྱད་པར་དང་། ངོ་བོའི་སྒོ་ནས་སོ། །རྒྱུ་ལ་དྲུག་སྟེ། རྟགས་དང་། ཕྱོགས་དང་། བསམ་པ་དང་། ཡོངས་སུ་འཛིན་པ་དང་། སྐྱེ་བ་དང་། སའི་སྒོ་ནས་སོ། །ངོ་བོའི་སྒོ་ནས་སངས་རྒྱས་ཀྱི་ཡོན་ཏན་བཅོ་བརྒྱད་དེ། ཚད་མེད་པ་དང་། རྣམ་ཐར་ལ་སོགས་པ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་མཁྱེན་པ་དང་། སོ་སོ་ཡང་དག་པར་ རིག་པ་དང་། མངོན་པར་ཤེས་པ་དང་། མཚན་དང་། དཔེ་བྱད་དང་། ཡོངས་སུ་དག་པ་དང་། སྟོབས་དང་། མི་འཇིགས་པ་དང་། བསྲུང་མེད་དྲན་པ་ཉེར་གནས་དང་། བག་ཆགས་བཅོམ་པ་དང་། བསྙེལ་བ་མི་མངའ་བ་དང་། ཐུགས་རྗེ་ཆེན་པོ་དང་། མ་འདྲེས་པའི་ཡོན་ཏན་དང་། ཐམས་ཅད་མཁྱེན་པའི་ཡོན་ཏན་དང་། ཕ་རོལ་ཏུ་ཕྱིན་པ་རྫོགས་པ་དང་། སངས་རྒྱས་ཀྱི་མཚན་ཉིད་རྣམ་པར་དབྱེ་བའོ།། །།རྒྱལ་སྲས་མི་ཕམ་མགོན་ལས་མངོན་སུམ་དུ། །རྣ་བའི་སྙིམ་པས་བདུད་རྩིའི་རྒྱུན་འཐུངས་པས། །སྐལ་ལྡན་གངྒཱ་དྷ་རའི་སློབ་མ་ནི། །བྲམ་ཟེ་རིན་ ཆེན་རྡོ་རྗེས་ལེགས་བཟུང་ནས། །ཐེག་ཆེན་མདོ་སྡེ་མ་ལུས་པ་ཡི་དོན། །མཁས་པ་དག་པར་བྱེད་པའི་རྒྱན་བཤད་པ། །མཁས་པ་ཛྙཱ་ན་ཤྲཱི་ཡིས་རྣ་རྒྱན་ལྟར། །ལེགས་བཟུང་དེས་ནི་བཤད་པ་མངོན་སུམ་དུ། །དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་མཉན་ནས། །མ་ནོར་དོན་ཚིག་ ཕྲེང་བ་ལྟར་སྦྲེང་འདི། །བྱམས་པ་ཉིད་ལས་མཁས་པ་བཞིས་བརྒྱུད་ནས། །ཕྱི་མ་དག་ལ་སྣང་བར་བྱ་ཕྱིར་བྲིས། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དོན་བསྡུས་པ། སློབ་དཔོན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས་ ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་དྷྱནྣ་ཏ་བི་བྷཾ་ག་ཊཱི་ཀཱ། བོད་སྐད་དུ། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡ་རབས་དག་ནི་ཕལ་ཆེར་བླ་མ་དང་། དད་པའི་ལྷ་ལ་མཆོད་ནས་ལས་རྣམས་ལ་འཇུག་སྟེ། དབུས་དང་མཐའ་རྣམ་པར་འབྱེད་པའི་མདོ་རྣམ་པར་བཤད་པར་འདོད་པས། བདག་ལ་ཡང་འདི་ནི་ཡ་རབས་ཀྱི་ཚུལ་ཅན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར། དེ་མཛད་པ་དང་འཆད་པ་ལ་མཆོད་ནས། དེའི་དོན་རྣམ་པར་དབྱེ་བར་ ཞུགས་སོ་ཞེས་རབ་ཏུ་བསྟན་པའི་ཕྱིར། བསྟན་བཅོས་འདི་ནི་རབ་མཛད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་བྱས་ན་ཡོན་ཏན་ཅི་ཞིག་ཐོབ་ཅེ་ན། ཡོན་ཏན་དང་ལྡན་པ་དང་། ཕན་འདོགས་འདོགས་པ་ལ་མཆོད་ན་བསོད་ནམས་འཕེལ་བར་འགྱུར་རོ། །བསོད་ནམས་འཕེལ་ ན་ཡང་དག་པར་རྩོམ་པ་ལ་བར་ཆད་དང་བགེགས་ཀྱིས་མི་ཚུགས་པར་ཚོགས་ཆུང་ངུ་རྫོགས་པར་འགྱུར་རོ། །ཡང་ན་མཛད་པས་གསུངས་པ་དང་། འཆད་པས་བཤད་པ་ཡང་དག་པར་བྱིན་པར་བསྙད་པས། མཛད་པ་དང་། འཆད་པ་དང་། མདོ་དང་འབྲེལ་པ་ལ་གུས་པ་བསྐྱེད་པར་བྱ་བའི་ ཕྱིར། བསྟན་བཅོས་འདི་ནི་རབ་མཛད་པ། །ཞེས་བྱ་བ་ཐམས་ཅད་སྨོས་སོ། །དེ་ལ་མཛད་པས་བཤད་པར་བསྟན་པས་མདོ་ལ་གུས་པ་སྐྱེ་སྟེ། འདི་ལྟར་བསྟན་བཅོས་ཚིག་ལེའུར་བྱས་པའི་མཛད་པ་པོ་ནི་འཕགས་པ་བྱམས་པ་སྟེ། དེ་ཡང་སྐྱེ་བ་གཅིག་གིས་ཐོགས་པའི་ཕྱིར། བྱང་ ཆུབ་སེམས་དཔའི་མངོན་པར་ཤེས་པ་དང་གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང་། ཏིང་ངེ་འཛིན་དང་། དབང་དང་བཟོད་པ་དང་། རྣམ་པར་ཐར་པ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་སྒྲིབ་པ་ཡང་མ་ལུས་པར་སྤངས་པའོ། ། འཆད་པས་ཡང་དག་པར་བྱིན་པའི་སྒོ་ནས་འགྲེལ་པ་ལ་གུས་པ་སྐྱེ་བར་འགྱུར་ཏེ། འདི་ལ་འཆད་པ་ནི་སློབ་དཔོན་ཐོགས་མེད་དོ། །དེ་ལས་སློབ་དཔོན་བཙུན་པ་དབྱིག་གཉེན་གྱིས་གསན་ནས་འདིའི་འགྲེལ་པ་མཛད་དེ། དེ་གཉིས་ཀྱང་ཤེས་རབ་མཆོག་དང་ ལྡན་པས་མ་ནོར་བར་རྟོགས་པ་དང་། བཟུང་བ་དང་སྟོན་ནུས་པས་འདིར་མདོའི་དོན་མ་ནོར་བ་བསྟན་ཏོ་ཞེས་འགྲེལ་པ་ལ་གུས་པ་སྐྱེ་སྟེ། དེ་ལྟར་གང་དག་གང་ཟག་ཚད་མར་བྱེད་པ་དེ་དག་ནི། མདོ་དང་འགྲེལ་པ་ལ་གུས་པ་སྐྱེའོ། །གང་ཡང་ཆོས་ལ་སྟོན་པ་དེ་དག་ནི་མདོ་ དང་འགྲེལ་པའི་དོན་བཟང་པོ་ཁོང་དུ་ཆུད་དེ། ངེས་པ་སྐྱེས་ན་འདི་མཛད་པ་དང་འཆད་པ་ཡང་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་གྱི། རྟོག་གེ་དང་ལུང་ཙམ་གྱིས་རབ་ཏུ་ཕྱེ་བར་ནི་ཟད་དོ་ཞེས་མཛད་པ་དང་། འཆད་པ་ལ་གུས་པ་སྐྱེའོ། །ད་ནི་བསྟན་བཅོས་ཀྱི་རང་བཞིན་ཅི་འདྲ་བ་དང་། ཅིའི་ ཕྱིར་བསྟན་བཅོས་ཞེས་བྱ་བ་འདི་བཤད་པར་བྱའོ། །མིང་དང་ཚིག་དང་ཡི་གེའི་ཚོགས་སུ་སྣང་བའི་རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ། །ཡང་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པ་རྣམས་བསྟན་བཅོས་སོ། །རྣམ་པར་ རིག་པ་རྣམས་ཇི་ལྟར་མཛད་ཅིང་བརྗོད་ཅེ་ན། མཛད་པ་དང་འཆད་པའི་རྣམ་པར་རིག་པ་ལས་ཉན་པའི་རྣམ་པར་རིག་པ་རྣམས་སྐྱེ་བས་འདི་ལ་ཉེས་པ་མེད་དོ། །སློབ་མ་འཆོས་པའི་ཕྱིར་བསྟན་བཅོས་ཏེ། སློབ་མ་འཆོས་པ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཁྱད་པར་ བསྐྱེད་པའི་ཕྱིར། ལུས་དང་ངག་དང་ཡིད་ཚོགས་པར་མི་འབྱུང་བའི་ལས་ལས་བཟློག་པ་དང་། ཚོགས་པར་འབྱུང་བའི་ལས་ལ་འཇུག་པའོ། །ཡང་ན་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་བསྟན་བཅོས་ཏེ། ལུང་མནོས་པ་གོམས་པར་བྱས་པས་བག་ཆགས་དང་བཅས་པའི་ ཉོན་མོངས་པ་སྤོང་བར་འགྱུར་བ་དང་། བར་ཆད་མེད་པ་ཡུན་རིང་བའི་སྡུག་བསྔལ་དྲག་པོ་སྣ་ཚོགས་ཀྱིས་འཇིགས་པའི་ངན་སོང་རྣམས་དང་། སྲིད་པ་ལས་སྐྱོབ་པ་གང་ཡིན་པ་དེ་ནི་བསྟན་བཅོས་ཀྱི་མཚན་ཉིད་དོ། །དེའི་ཕྱིར་ཉོན་མོངས་པའི་དགྲ་འཆོས་པ་དང་། ངན་འགྲོ་དང་སྲིད་ པ་ལས་སྐྱོབ་པས་བསྟན་བཅོས་ཀྱི་མཚན་ཉིད་དེ། དེ་གཉིས་ཀྱང་ཐེག་པ་ཆེན་པོ་ཐམས་ཅད་དང་། དེ་བཤད་པ་ཐམས་ཅད་ལ་ཡོད་ཀྱི་གཞན་ལ་མེད་དེ་དེའི་ཕྱིར་འདི་ནི་བསྟན་བཅོས་སོ། །དེ་ལ་སྨྲས་པ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་ པ་གང་ཡིན་པ། །ཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །འདི་ནི་ཞེས་བྱ་བ་ནི། ཐེག་པ་གསུམ་གྱི་སྒོ་ནས་དངོས་པོ་བདུན་དུ་བསྡུས་པ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་ཐོབ་པ་དང་། བསྟན་བཅོས་དབུས་དང་མཐའ་ རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་འདི་ནི་སེམས་ལ་གནས་པའི་ཕྱིར་དང་འདི་ཞེས་མངོན་སུམ་དུ་བསྟན་ཏོ། །རབ་མཛད་པ་ཞེས་བྱ་བ་ནི་བྱེད་པ་པོའོ། །སྐད་ཀྱི་དབྱིངས་འདི་ཐོབ་པར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་རབ་ཀྱི་སྒྲ་དང་སྒྲོགས་ན་བྱེད་པར་ལྟ་སྟེ། སྐད་དབྱིངས་དོན་གྱི་ སྟོབས་ལྡན་ཡང་། །ཉེ་བར་བསྒྱུར་བས་ཟིལ་ནོན་འགྱུར། །གངྒཱའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུ་ནི་ཇི་བཞིན་ནོ། །ཞེས་བཤད་དོ། །བདེ་གཤེགས་ཉིད་སྐྱེས་ཞེས་བྱ་བ་ནི། བག་ཆགས་དང་བཅས་པའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ལས་མི་གནས་ པའི་མྱ་ངན་ལས་འདས་པར་ཤིན་ཏུ་གཤེགས་པས་བདེ་བར་གཤེགས་པའོ། །དེ་ཡང་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྤངས་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་རང་གི་ངོ་བོ་འབྱོར་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ ལྟར་བསམ་གྱིས་མི་ཁྱབ་པའི་མཐུ་མངའ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་པར་སྤྱོད་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཁྱད་པར་གྱི་བདག་ཉིད་ནི་བདེ་བར་གཤེགས་པའོ། །དེའི་བདག་ཉིད་ནི་རྣམ་པར་དག་པའི་དེ་བཞིན་ཉིད་དེ། དེ་ལས་རྣམ་ པར་མི་རྟོག་པའི་ཡེ་ཤེས་རབ་ཏུ་བྱུང་བའི་ཕྱིར་དེ་ལས་སམ། དེར་སྐྱེ་བས་ན་བདེ་གཤེགས་ཉིད་སྐྱེས་སོ། །ཡང་ན་བདེ་བར་གཤེགས་པ་ཉིད་དུ་སྐྱེས་པས། བདེ་གཤེགས་ཉིད་སྐྱེས་ཏེ། མདོ་གཞན་ལས་དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་རྙེད་པས། དེ་བཞིན་གཤེགས་པའི་གདུང་དུ་སྐྱེས་ པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་རབ་ཏུ་གནས་པ་ནི། ཤེས་བྱའི་དངོས་པོའི་རྣམ་པ་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་གཞག་པ། དར་ལྭ་སྲབ་མོས་གཡོགས་པའི་མིག་ལ་སྣང་བ་བཞིན་ནོ། །བཅོམ་ ལྡན་འདས་ཀྱི་ནི་མིག་གི་སྒྲིབ་པ་བསལ་བ་བཞིན་ཏེ། འདི་ནི་ཁྱད་པར་རོ། །འདིར་ནི་བདེ་བར་གཤེགས་པའི་བདག་ཉིད་ལས་སྐྱེས་པས། བསྟན་བཅོས་མཛད་པ་དེ་ཁོ་ན་ཐུགས་སུ་ཆུད་པ་ཕུན་སུམ་ཚོགས་པར་བསྟན་པ་དང་། རྙེད་པ་དང་བཀུར་སྟི་ལ་མི་ལྟ་བར་བསྟན་བཅོས་ མཛད་པས། ཐུགས་རྗེ་ཕུན་སུམ་ཚོ