Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 124

Văn bản gốc(Tây Tạng)

Trang 13 / 23 (50.000 ký tự/trang)
གས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པར་བསྟན་པའོ། །འཆད་པ་ནི་བཤད་པར་བྱེད་པ་སྟེ། མངོན་པར་མཆོད་ཅེས་བྱ་བ་དང་སྦྱར་རོ། །ཁ་ཅིག་ན་རེ་བདེ་གཤེགས་ཉིད་ལས་སྐྱེས་པ་ཞེས་ཀྱང་བྱའོ་ཞེའོ། །དེ་ནི་འཕགས་པ་ཐོགས་མེད་དོ། །
དེ་ལ་ནི་འཕགས་པ་བྱམས་པའི་བྱིན་རླབས་ཀྱིས་ན། ཆོས་ཀྱི་རྒྱུན་གྱིས་བསྟན་བཅོས་འདི་མངོན་དུ་གྱུར་ཅིང་བཤད་དོ། །སུ་ལ་འཆད་པ་ཞེ་ན། བདག་སོགས་ལ་ཞེས་བྱ་བ་སྟེ། བདག་ཐོག་མར་བྱས་པ་གང་ཡིན་པ་དེ་དག་ནི་བདག་ལ་སོགས་པ་སྟེ། འདི་ནི་བདག་ཉིད་ཀྱི་མི་སླུ་བ་ལས་
ལུང་མནོས་པར་སྟོན་ཏོ། །ཡང་ཞེས་བྱ་བ་ནི་བསྡུ་བའམ། རྩ་བ་བསྐངས་པའམ། ལྷག་པའི་ཚིག་སྟེ། མཛད་པ་དང་། འཆད་པ་ཉི་ཚེ་ལ་མ་ཡིན་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་དག་ལ་མཆོད་པར་བྱའོ། །མངོན་མཆོད་ཅེས་བྱ་བ་ནི་རྗེད་པའོ། །མངོན་
པར་ཞེས་བྱ་བ་ནི་མདུན་ནམ་མངོན་སུམ་དང་འདྲ་བར་གནས་པའོ། །མཆོད་པ་ནི་ལུས་དང་ངག་དང་ཡིད་ཀྱིས་རྗེད་པའོ། །བསྟན་བཅོས་མཛད་པ་དང་འཆད་པ་ལ་མངོན་པར་མཆོད་ནས་ཅི་ཞིག་བྱ་ཞེ་ན། དོན་རྣམས་དབྱེ་ཕྱིར་འབད་པར་བྱ། །ཞེས་བྱ་བ་སྨོས་སོ། །དོན་དབྱེ་བའི་ཕྱིར་
རམ། དོན་དགྲོལ་བའི་ཕྱིར་རམ། སོ་སོར་དབྱེ་བའི་ཕྱིར་བསྒྲིམ་པར་བྱ་བའི་ཕྱིར་ཞེས་བྱ་བ་འདི་ནི་རྒྱུའི་དོན་ཏེ། དོན་རྣམ་པར་དབྱེ་བའི་རྒྱུར་ཞེས་བྱ་བའི་ཐ་ཚིག་གོ། །དོན་ནི་འདིར་བསྟན་བཅོས་ཀྱི་ལུས་ཡིན་ཏེ་ཞེས་བྱ་བ་དོན་བདུན་པོ་འདི་དག་བསྟན་བཅོས་འདི་ལས་འཆད་དོ་ཞེས་འབྱུང་བའི་

ཕྱིར་རོ། །ཅིའི་ཕྱིར་བསྟན་བཅོས་འདི་བཤད་ཅེ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་ཏེ། ཆོས་ལ་བདག་མེད་པ་བསྟན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པ་དང་། དེ་གོམས་པས་བག་ཆགས་དང་བཅས་པའི་ཉོན་མོངས་
པ་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པ་ཐོབ་པར་འགྱུར་རོ། །ཆོས་ལ་བདག་མེད་པ་ཡང་ཆོས་ཐམས་ཅད་མེད་པ་ཉིད་ཆོས་ལ་བདག་མེད་པ་དང་། ནང་ན་བྱེད་པའི་སྐྱེས་བུ་མེད་པ་ཉིད་ཆོས་རྣམས་ལ་བདག་མེད་པའོ་ཞེས་མི་མཐུན་པར་སྨྲ་བ་དེ་དག་བཀག་པས།
ཆོས་ལ་བདག་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བའི་ཕྱིར་བསྟན་བཅོས་བརྩམ་མོ། །གཞན་དག་ན་རེ་མཚན་ཉིད་དང་སྒྲིབ་པ་ལ་སོགས་པ་མ་རྟོགས་པ་དང་། ལོག་པར་རྟོགས་པ་རྣམས་ཡང་དག་པར་རྟོགས་པ་སྐྱེད་པས་མ་རྟོགས་པ་རྣམས་དང་། ལོག་པར་
རྟོགས་པ་བསལ་བའི་ཕྱིར་རོ་ཞེའོ། །ཡང་ན་འཇིག་རྟེན་གྱི་ཁམས་དང་སེམས་ཅན་དང་ཆོས་དང་འདུལ་བ་དང་། ཐབས་ཀྱི་བདག་ཉིད་དེ། ཤེས་བྱ་རྣམ་ལྔ་རེ་རེ་ལ་ཡང་རབ་ཏུ་དབྱེ་བ་མཐའ་ཡས་པའི་ཕྱིར་ཤེས་པར་བྱ་དཀའོ་སྙམ་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་
སེམས་ཞུམ་པ་གང་ཡིན་པ་དེ་བསྩལ་བའི་ཕྱིར། མཚན་ཉིད་དང་སྒྲིབ་པ་དང་། དེ་ཁོ་ན་ཞེས་བྱ་བ་དག་སྨོས་སོ། །དེ་ལ་ཐོག་མ་ཁོ་ནར་བསྟན་བཅོས་ཀྱི་ལུས་རྣམ་པར་གཞག་སྟེ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་དོན་རྣམ་པར་འབྱེད་པ་དེ་ལའམ། བསྟན་
བཅོས་ལའོ། །ཐོག་མ་ཁོ་ནར་ཞེས་བྱ་བ་ནི། དང་པོ་ཁོ་ནར་རོ། །བསྟན་བཅོས་ནི་བཤད་པར་ཟད་དོ། །དེའི་ལུས་ནི་མདོར་བསྡུས་པའམ། དོན་བསྡུས་པའོ། །གནས་ཀྱི་དོན་ནི་ལུས་སོ། །དཔེར་ན་ཕྱི་དང་ནང་གི་སྐྱེ་མཆེད་ཀྱི་གནས་ནི་ཁོག་པ་སྟེ། ལུས་ཞེས་བྱ་བ་དེ་
བཞིན་དུ། དོན་གང་དག་ལ་གནས་ཏེ། བསྟན་བཅོས་ལ་འཇུག་པའི་དོན་དེ་རྣམས་ནི་དེའི་ལུས་སོ། །དེ་དག་ཀྱང་དོན་བདུན་པོ་དག་སྟེ། མཚན་ཉིད་ལ་སོགས་པ་དག་གོ། །རྣམ་པར་གཞག་ཅེས་བྱ་བ་ནི་བཅས་པ་སྟེ། བཤད་ཅེས་བྱ་བའི་ཐ་ཚིག་གོ། །བསྟན་བཅོས་ཁོང་དུ་ཆུད་

པ་ཉིད་ཀྱིས་དེའི་ལུས་ཤེས་པར་མི་འགྱུར་རམ། དེ་བས་ན་ཐོག་མ་དེ་རྣམ་པར་གཞག་པ་ནི་དོན་མེད་དོ། །སློབ་མ་རྣམས་ལ་ཕན་གདགས་པའི་ཕྱིར་དོན་མེད་པ་མ་ཡིན་ནོ། །སློབ་མས་དོན་ཁོང་དུ་ཆུད་ན་རྒྱས་པར་བརྗོད་ཀྱང་བདེ་བླག་ཏུ་ཁོང་དུ་ཆུད་པར་འགྱུར་ཏེ་དཀྱུས་
ཀྱིས་བསྟན་པའི་རྟ་ཐགས་ཐོགས་མེད་པར་རྒྱུག་པ་བཞིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་བྱ་བ་དོན་བདུན་པོ་འདི་དག་བསྟན་བཅོས་འདི་ལས་འཆད་དོ་ཞེས་བྱ་བ་ལ་ཞེས་བྱ་བ་ནི། བསྟན་བཅོས་ཀྱི་ལུས་རྫོགས་སོ་ཞེས་བྱ་བ་ནི་ཐ་ཚིག་གོ། །ཤེས་པར་བྱ་བ་ཡིན་པས་དོན་དེ་ཁོང་དུ་ཆུད་
པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །བདུན་པོ་ཞེས་བྱ་བ་ནི་གྲངས་སོ། །འདི་དག་ཅེས་བྱ་བ་ནི་མཚན་ཉིད་ལ་སོགས་པ་སྨོས་པ་གང་ཡིན་པ་རྣམས་སོ། །བསྟན་བཅོས་འདི་ལས་ཞེས་བྱ་བ་ནི་དབུས་དང་མཐའ་རྣམ་པར་འབྱེད་པ་ཞེས་བྱའོ། །འཆད་ཅེས་བྱ་བ་ནི་བསྟན་པའམ་གཏན་ལ་
འབེབས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་དེའི་དོན་ཁོང་དུ་ཆུད་པར་བྱེད་པའི་ཚིག་གི་ཕྲད་དོ། །མཚན་ཉིད་ཅེས་བྱ་བ་ནི། འདིས་མཚོན་པར་བྱེད་པས་མཚན་ཉིད་དོ། །དེ་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད་དོ། །དེ་ལ་ཀུན་
ནས་ཉོན་མོངས་པའི་མཚན་ཉིད་ནི་རྣམ་པ་དགུ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་བྱ་བ་ནས་བཟུང་སྟེ། རྣམ་བདུན་ཡང་དག་མིན་རྟོག་ལས། །ཞེས་བྱ་བའི་བར་དུའོ། །ལྷག་མ་ནི་རྣམ་པར་བྱང་བའི་མཚན་ཉིད་དུ་བསྟན་ཏོ། །གལ་ཏེ་འདིས་མཚོན་པར་བྱེད་པས་མཚན་ཉིད་
ཅེས་བྱ་ན། དེ་ལྟ་ན་ནི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ཐ་དད་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་ཉིད་མཚན་ཉིད་དེ། དཔེར་ན་སའི་ཁམས་ཀྱི་མཚན་ཉིད་ནི་སྲ་བ་སྟེ། སྲ་བ་ཉིད་ལས་སའི་ཁམས་གུད་ན་མེད་པ་ལྟ་
བུའོ། །ཡང་ན་དེས་མཚོན་པར་བྱ་བས་མཚན་ཉིད་དེ། དེ་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་ཀྱིས་མཚོན་པར་བྱ་བས་མཚན་ཉིད་དུ་འགྱུར་རོ། །ཡང་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་

ལས་མཚན་ཉིད་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དོ། །སྒྲིབ་པ་ཞེས་བྱ་བ་ནི་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པའམ། འདིས་དགེ་བའི་ཆོས་རྣམས་བསྒྲིབ་པས་སྒྲིབ་པ་སྟེ། སྐྱེ་བ་ལ་བགེགས་བྱེད་པའི་ཕྱིར་སྒྲིབ་པའོ། །དེ་ཡང་ལྔ་བཅུ་
རྩ་གསུམ་མོ། །དེ་ཁོ་ན་ཞེས་བྱ་བ་ནི་འདི་ཉིད་དེ་ཡིན་པས་དེའོ། །དེའི་དངོས་པོ་ནི་དེ་ཁོ་ན་སྟེ། ཕྱིན་ཅི་མ་ལོག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རྣམ་པ་བཅུའོ། །མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིར། ཕྱོགས་ནི་གཉེན་པོ་སྟེ་དེ་ནི་ལམ་མོ། །དེ་གོམས་པར་བྱ་བ་ནི་བསྒོམ་
པའོ། །གནས་སྐབས་ནི་དེ་ཉིད་རྒྱུན་གྱིས་སྐྱེ་བའི་ཁྱད་པར་རོ། །དེ་ཡང་རྣམ་པ་བཅུ་དགུ་སྟེ། རིགས་ཀྱི་གནས་ལ་སོགས་པའོ། །འབྲས་བུ་ཐོབ་པ་ནི་འབྲས་བུ་རྙེད་པའོ། །དེ་ཡང་རྣམ་པ་བཅོ་ལྔ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ལ་སོགས་པའོ། །ཐེག་པ་བླ་ན་མེད་པ་ཞེས་བྱ་བ་
ནི་འདིས་འགྲོ་བས་ཐེག་པ་སྟེ། དེ་ནི་ཐེག་པ་ཡང་ཡིན་ལ་བླ་ན་མེད་པ་ཡང་ཡིན་པས་ཐེག་པ་བླ་ན་མེད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། བསྒྲུབ་པ་བླ་ན་མེད་པ་ལ་སོགས་པའོ། །དོན་བདུན་པ་ཞེས་བྱ་བ་ནི། ངེས་པའི་དོན་དང་གོ་རིམས་ཀྱི་དོན་དུ་སྨོས་པ་སྟེ། དོན་འདི་རྣམས་
འདིར་བཤད་ཀྱི་དེ་ལས་གཞན་མ་ཡིན་ནོ། །ཡང་གོ་རིམས་འདི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་མཐུན་པའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པ་ལ་གནས་པ། ཚུལ་ཁྲིམས་ལ་རབ་ཏུ་གནས་པས། ཐོག་མར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་
བྱང་བ་ལ་མཁས་པར་བྱའོ། །དེའི་འོག་ཏུ་དགེ་བའི་ཆོས་རྣམས་ཀྱི་གང་གིས་སྒྲིབ་པ་གང་ཡིན་པ་དེ་ཤེས་པར་བྱ་སྟེ། དེ་མ་སྤངས་ན་རྣམ་པར་གྲོལ་མི་སྲིད་ལ། རྣམ་པར་མི་ཤེས་ན་ཡང་ཉེས་པ་མ་མཐོང་བས་སྤོང་མི་ནུས་སོ། །དེའི་འོག་ཏུ་སྒྲིབ་པ་དེ་ལས་དམིགས་པ་གང་གིས་
སེམས་རྣམ་པར་གྲོལ་བར་འགྱུར་བ་དེ་ནི་དེ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེའི་འོག་ཏུ་དམིགས་པ་དེས་སྒྲིབ་པ་དེ་སྦྱོར་བ་གང་གིས་ཟད་པར་འགྱུར་བ་དེ་གཉེན་པོ་བསྒོམ་པར་ཤེས་པར་བྱའོ། །དེའི་འོག་ཏུ་གཉེན་པོ་བསྒོམ་པ་ནི་དེའི་མི་མཐུན་པའི་ཕྱོགས་འབྲི་བ་དང་གཉེན་པོ་

འཕེལ་བ་ལ་གནས་སྐབས་སུ་ཤེས་པར་བྱ་སྟེ། རིགས་ཀྱི་གནས་སྐབས་ལ་སོགས་པའོ། །དེའི་འོག་ཏུ་འཇིག་རྟེན་ལས་འདས་པའི་ཆོས་མངོན་དུ་གྱུར་པ་ནི་འབྲས་བུ་རྣམས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པར་ཤེས་པར་བྱའོ། །
དེ་དག་ཐམས་ཅད་ཀྱང་བླ་མ་དང་བཅས་པས་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་ལ་སོགས་པ་དང་ཐུན་མོང་སྟེ། མདོ་ལས་ཇི་སྐད་དུ། རབ་ཏུ་བྱུང་བ་དེ་ཉན་ཐོས་ཀྱི་བསླབ་པ་དང་། ཆོ་ག་དང་སྤྱོད་ཡུལ་དང་། ཡང་དག་པར་སྤྱོད་པ་ལ་ཡང་སློབ་པོ། །རང་སངས་རྒྱས་ཀྱི་བསླབ་པ་
དང་། ཆོ་ག་དང་། སྤྱོད་ཡུལ་དང་། ཡང་དག་པར་སྤྱོད་པ་ལ་སློབ་པོ། །བྱང་ཆུབ་སེམས་དཔའི་བསླབ་པ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། ཡང་དག་པར་སྤྱོད་པ་ལ་ཡང་སློབ་པོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་བླ་ན་མེད་པ་ཐུན་མོང་མ་ཡིན་པ་སྟེ་
དོན་བདུན་པ་བླ་ན་མེད་པའོ། །གཞན་ན་རེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་ལ་མཁས་པར་བྱ་བ་བསྐྱེད་པའི་ཕྱིར་ཐོག་མར་མཚན་ཉིད་དོ། །དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡིན་པ་དེ་ནི། སྒྲིབ་པའོ། །རྣམ་པར་བྱང་བ་གང་ཡིན་པ་དེ་ནི་དེ་ཁོ་ནའོ། །དེ་ཁོ་ན་ཉིད་
ཁོང་དུ་ཆུད་པས་སྒྲིབ་པ་སྤོང་བར་འགྱུར་ཏེ། དེའི་ཕྱིར་སྒྲིབ་པ་དང་དེ་ཁོ་ནའོ། །དེ་སྤང་བའི་ཐབས་བསྟན་པའི་ཕྱིར། དེའི་འོག་ཏུ་གཉེན་པོ་འཁོར་དང་བཅས་པ་ནི་ལམ་མོ། །ལམ་དེའི་ཐོག་མ་དང་བར་མ་དང་ཐ་མ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོ་རབ་ཏུ་དབྱེ་བར་བསྟན་པའི་ཕྱིར་དེའི་གནས་སྐབས་
སོ། །གནས་སྐབས་དང་མཐུན་པའི་འབྲས་བུ་ཐོབ་པར་བྱེད་པས། དེའི་འོག་ཏུ་འབྲས་བུའོ། །དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པ་དང་ཐུན་མོང་སྟེ། དེ་བས་ན་ཐུན་མོང་མ་ཡིན་པ་དང་ཐེག་པ་ཆེན་པོའི་ཚུལ་རབ་ཏུ་བསྟན་པའི་ཕྱིར་བླ་ན་མེད་པ་
ཞེས་བྱའོ་ཟེར་རོ། །གཞན་དག་ན་རེ་ཡོད་པ་དང་མེད་པའི་མཚན་ཉིད་ཤེས་པར་བྱ་བའི་ཕྱིར་ཐོག་མར་མཚན་ཉིད་བཤད་དོ། །མཚན་ཉིད་ཤེས་ནས་སྒྲིབ་པ་སྤང་བར་བྱ་བ་དང་། དེ་ཁོ་ན་མངོན་སུམ་དུ་བྱ་བས་དེའི་འོག་ཏུ་སྒྲིབ་པ་དང་དེ་ཁོ་ནའོ། །དེ་གཉིས་སྤང་བ་དང་མངོན་དུ་བྱ་བའི་ཐབས་

ནི་འདི་ཡིན་ཏེ། གཉེན་པོ་བསྒོམ་པའོ། །དེའི་འབྲིང་དང་མཆོག་ནི་གནས་སྐབས་ཀྱི་ཁྱད་པར་རོ། །དེས་སྤང་བར་བྱ་བ་ནི་འབྲས་བུའོ། །དེའི་འོག་ཏུ་ཐེག་པ་བླ་ན་མེད་པའོ་ཞེས་བྱ་བར་རབ་ཏུ་བསྟན་པའི་ཕྱིར་འདི་ནི་གོ་རིམས་སོམོ་ཞེས་ཟེར་རོ། །གཞན་ཡང་སེམས་པ་ཡོད་པ་དང་
མེད་པའི་ཆོས་ལ་རྨོངས་ནས། སྐུར་པ་འདེབས་པ་དང་། སྒྲོ་འདོགས་པ་སྤང་བའི་ཕྱིར་མཚན་ཉིད་བཤད་དོ། །རྨོངས་པ་སྤངས་ནས་སྒྲིབ་པ་ལ་མཁས་པར་བྱ་བའི་ཕྱིར་སྒྲིབ་པའོ། །དེས་དེ་ཁོ་ན་བསྒྲིབས་པས་དེ་ཁོ་ན་ལ་མཁས་པར་བྱ་བའི་ཕྱིར་དེའི་འོག་ཏུ་དེ་ཁོ་ནའོ། །དེ་ཁོ་
ན་རབ་ཏུ་རྟོགས་པ་བསྒོམས་པས་སྒྲིབ་པ་སྤོང་བར་འགྱུར་བས་དེ་ཁོ་ནའི་འོག་ཏུ་གཉེན་པོ་བསྒོམ་པའོ། །དེའི་དབྱེ་བ་ལ་མཁས་པར་བྱ་བའི་ཕྱིར་གནས་སྐབས་སོ། །གནས་སྐབས་ཀྱིས་འབྲས་བུ་རབ་ཏུ་ཕྱེ་བས་དེ་ལ་མཁས་པར་བྱ་བ་བསྐྱེད་པའི་ཕྱིར་གནས་སྐབས་ཀྱི་འོག་ཏུ་འབྲས་
བུའོ། །དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་བརྟེན་པས་ཐེག་པ་བླ་ན་མེད་པ་ཐ་མར་བཤད་དོ་སྙམ་མོ། །དེ་ལ་མཚན་ཉིད་ལས་བརྩམས་ནས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་བྱ་བར་
གསུངས་སོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་མཚན་ཉིད་དང་། སྒྲིབ་པ་ལ་སོགས་པ་དངོས་པོ་བདུན་སྨོས་པ་དག་གི་ནང་ནས་མཚན་ཉིད་ལས་བརྩམས་ནས་དེའི་དབང་དུ་མཛད་དེ། དེའི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་བསྟན་
པ་དེ་བཞིན་དུ་བཤད་དེ། ཐོག་མར་མཚན་ཉིད་བསྟན་པས་དེའི་ཕྱིར་ལྷག་མ་རྣམས་པས་དེ་ཉིད་བཤད་པ་སྔར་བརྩམ་མོ། །ལ་ལ་དག་ཆོས་ཐམས་ཅད་རི་བོང་གི་རྭ་ལྟར་རང་བཞིན་ཡེ་མེད་དོ། །སྙམ་དུ་སེམས་པ་དེའི་ཕྱིར་ཐམས་ཅད་ལ་སྐུར་པ་དགག་པའི་དོན་དུ། ཡང་དག་མ་ཡིན་ཀུན་
རྟོག་ཡོད། །ཅེས་བྱ་བར་གསུངས་ཏེ། རང་བཞིན་གྱི་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་ལྟར་ན་མདོ་ལས་ཆོས་ཐམས་ཅད་སྟོང་པའོ་ཞེས་བཤད་པས། མདོ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ་འདི་ལྟར། དེ་ལ་གཉིས་པོ་ཡོད་མ་ཡིན། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་

གཟུང་བ་དང་འཛིན་པའི་ངོ་བོ་དང་བྲལ་བས་སྟོང་པ་ཞེས་བྱ་བའི་རང་བཞིན་ཡེ་མེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་མདོ་དང་མི་འགལ་ལོ། །གལ་ཏེ་དེ་ལྟར་གཉིས་པོ་ནི་རི་བོང་གི་རྭ་ལྟར་ཡེ་མེད་ལ། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ནི། དོན་དམ་པར་རང་
བཞིན་གྱིས་ཡོད་ན། དེ་ལྟ་ན་ནི་སྟོང་པ་ཉིད་མེད་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་འདི་ལྟར། སྟོང་པ་ཉིད་ནི་འདི་ལ་ཡོད། །ཡང་དག་མ་ཡིན་པ་ཀུན་རྟོག་པ་ལ་གཟུང་བ་དང་འཛིན་པ་མེད་པ་ཉིད་གང་ཡིན་པ་དེ་སྟོང་པ་ཉིད་ཡིན་པས་སྟོང་པ་ཉིད་མེད་པར་མི་འགྱུར་རོ། །
གལ་ཏེ་གཉིས་པོ་མེད་པ་སྟོང་པ་ཉིད་ཡིན་ལ། དེ་ཡང་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ལ་ཡོད་ན། ཅིའི་ཕྱིར་བདག་ཅག་མ་གྲོལ། ཡོད་ན་ཡང་ཅིའི་ཕྱིར་མ་རྟོགས་སྙམ་པའི་དོགས་པ་བསལ་བའི་ཕྱིར། དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་བྱ་བ་གསུངས་ཏེ། འདི་ལྟར་སྟོང་
པ་ཉིད་ལ་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་པས་དེའི་ཕྱིར་ཁྱེད་མ་གྲོལ་ལོ། །དེ་བས་ན་དྲི་མ་དང་བཅས་པས་ཆུའི་ཁམས་དངས་པ་བཞིན་རྟོགས་པར་མི་རུང་ངོ་། །ཡང་ན་སེམས་དང་སེམས་ལས་བྱུང་བ་རྣམས་དང་། གཟུགས་དང་རྫས་ཉིད་དུ་ཡོད་པར་གང་དག་ལྟ་བ་དེ་དགག་
པའི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་གསུངས་ཏེ་དེ་ཉིད་རྫས་སུ་ཡོད་དོ། །གཟུགས་ནི་དེ་ལས་ལོགས་ཤིག་ན་ཡང་མེད་ལ། རྫས་སུ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་གཉིས་པོ་ཡོད་མ་ཡིན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་ཅི་ལ་ཡང་
འཛིན་པ་མ་ཡིན། སུས་ཀྱང་གཟུང་བར་བྱ་བ་མ་ཡིན་གྱི། གཟུང་བ་དང་འཛིན་པ་དང་བྲལ་བའི་དངོས་པོ་ཙམ་ཉིད་དེ། འདི་ལྟར་རྣམ་པར་ཤེས་པ་ལས་ཕྱི་རོལ་ན་གཟུགས་ལ་སོགས་པ་གཟུང་བ་མེད་པར་རྨི་ལམ་ལ་སོགས་པ་བཞིན་དུ། གཟུགས་ལ་སོགས་པར་སྣང་བའི་རྣམ་
པར་ཤེས་པ་འབྱུང་ངོ་། །གལ་ཏེ་རྒྱུ་ཡིན་ན་དེ་མེད་པར་དེ་འབྱུང་བར་མི་རུང་ངོ་། །དེའི་ཕྱིར་དམིགས་པ་མེད་པ་ཉིད་དེ། ད་རྨི་ལམ་ལ་སོགས་པ་བཞིན་ནོ། །གཞན་ལ་ཡང་རང་གི་ས་བོན་ཡོངས་སུ་སྨིན་པ་ལས་དོན་དུ་སྣང་བའི་རྣམ་པར་ཤེས་པ་འབྱུང་བར་ཤེས་པར་བྱའོ། །

གཟུང་བ་མེད་ན་འཛིན་པ་མེད་པར་འགྱུར་བས་གཟུང་བ་མེད་ན་འཛིན་པ་ཡོད་པར་མི་རུང་སྟེ། དེ་བས་ན་གཟུགས་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ལས་གུད་ན་ཡོད་པ་མ་ཡིན་ནོ། །གལ་ཏེ་གཟུང་བ་མེད་ན་དེའི་ཕྱིར་རྣམ་པར་དག་པའི་དམིགས་པ་མེད་པས་ཐར་པ་ཡང་མེད་པར་
འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར། སྟོང་པ་ཉིད་ནི་འདི་ལ་ཡོད། །ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྟོང་པ་ཉིད་ནི་རྣམ་པར་དག་པའི་དམིགས་པ་སྟེ། གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་དེ། དེ་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ཡོད་
པས་ཐར་པ་མེད་པར་མི་འགྱུར་རོ། །གལ་ཏེ་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་ལ་ཡོད་ན། དེ་ཡོད་པས་ཅིའི་ཕྱིར་མི་རྟོགས་ཤེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་བསྒྲིབས་པས་ནམ་མཁའ་དྲི་མ་མེད་པ་བཞིན་དུ་རྟོགས་པར་མི་རུང་གི་མེད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་
ཕྱིར། དེ་ལ་ཡང་ནི་དེ་ཡོད་དོ་ཞེས་བྱ་བ་གསུངས་སོ། །ཡང་ན་ཐམས་ཅད་ལ་སྐུར་པ་འདེབས་པ་དགག་པའི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པ་གྱུར་པའི་བདག་ཉིད་ཡོད་པས། ཐམས་ཅད་མེད་པ་ཡང་མ་ཡིན་བདག་ཉིད་ཡོད་པ་
ཡང་མ་ཡིན་ནོ། །གང་དག་སེམས་པ་གཟུགས་ལ་སོགས་པ་ཇི་ལྟར་སྣང་བ་དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་ལོགས་ཤིག་ན་རང་བཞིན་དུ་ཡོད་དོ་ཞེས། ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པ་དགག་པའི་དོན་དུ་དེའི་ཕྱིར། དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་བྱ་བ་
གསུངས་སོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ཡོད་པར་དགོངས་པའོ། །ཁ་ཅིག་གཉིས་པོ་མེད་པ་ནི་མོ་གཤམ་གྱི་བུ་བཞིན་དུ་དངོས་པོ་མེད་དེ་ཞེས་ཆད་པའི་དངོས་པོའི་ངོ་བོར་འཛིན་པ་དང་། གཞན་དག་ནང་ན་བྱེད་པའི་སྐྱེས་བུ་མེད་པ་ཉིད་ནི། ཆོས་རྣམས་ཀྱི་སྟོང་པ་ཉིད་དོ་
ཞེས་སྨྲ་བ་དེའི་ཕྱིར། སྟོང་པ་ཉིད་ལ་སྐུར་པ་འདེབས་པ་དགག་པའི་དོན་དང་། བདག་མེད་པ་ཡང་དག་པར་བསྟན་པའི་ཕྱིར། སྟོང་པ་ཉིད་ནི་འདི་ལ་ཡོད་ཅེས་བྱ་བ་གསུངས་སོ། །གལ་ཏེ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་སྟོང་པ་ཉིད་ཡོད་ན་དེ་ལྟ་ན་ནི། བསྒྲིམ་མི་དགོས་

པར་སྲོག་ཆགས་ཐམས་ཅད་ཐར་བར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ་འདི་ལྟར། དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་ཉིད་ཀྱང་རྣམ་པར་མ་སྦྱངས་ཀྱི་བར་དུ་ཐར་པ་མེད་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པར་གྱུར་པ་ནི། འབད་པ་ཆེན་པོས་རྣམ་པར་སྦྱང་དགོས་
པས་འབད་པ་མ་བྱས་པར་ཐར་པ་མེད་དོ། །ཡང་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་གི་མཚན་ཉིད་བརྗོད་པ་ལས་གཞན་མེད་པས་དེའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་བསྟན་པའི་དོན་དུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་རྒྱ་ཆེར་
གསུངས་སོ། །འཁྲུལ་པའི་མཚན་ཉིད་ཀྱི་ཕྱིར། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རང་བཞིན་ནི་ཀུན་ནས་ཉོན་མོངས་པའོ། །འདི་འཁྲུལ་པའི་མཚན་ཉིད་དུ་ཇི་ལྟར་ཤེས་པར་བྱ་ཞེ་ན། འདི་ལྟར་དེ་ལ་གཉིས་པོ་ཡོད་མ་ཡིན། །བདག་ཉིད་དུ་མེད་པར་གཟུང་བ་དང་འཛིན་པའི་རྣམ་
པར་སྣང་བས་འཁྲུལ་པའི་ངོ་བོ་ཉིད་དུ་མངོན་ནོ། །ད་ནི་རྣམ་པར་བྱང་བའི་ངོ་བོ་བརྟག་པའི་ཕྱིར། སྟོང་པ་ཉིད་ནི་འདི་ལ་ཡོད། །ཅེས་བྱ་བ་གསུངས་སོ། །གཉིས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར། སྟོང་པ་ཉིད་ཀྱི་རང་བཞིན་ནི་རྣམ་པར་བྱང་བའོ། །སྟོང་པ་ཉིད་ཀྱིས་རབ་ཏུ་ཕྱེ་བས་ལམ་
དང་འགོག་པ་དག་ཀྱང་འདིར་བསྡུ་བར་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་ཉིད་ལས་རྣམ་པར་བྱང་བའི་ཕྱོགས་ཉིད་བཙལ་བར་བྱ་བའི་རང་གི་རྒྱུད་གུད་ན་མེད་པར་རབ་ཏུ་བསྟན་པའི་ཕྱིར་འདི་ལ་ཞེས་བྱ་བ་གསུངས་སོ། །གལ་ཏེ་གཉིས་པོ་མེད་ན་ཅིའི་ཕྱིར་དེ་ཡོད་པར་འཇིག་རྟེན་
འཁྲུལ་པར་གྱུར་ཞེས་དྲིས་པ་དང་། དེའི་ཕྱིར་དེ་ལ་ཡང་ནི་དེ་ཡོད་དོ་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ནི་གང་པོ་ཆེ་ལ་སོགས་པས་སྟོང་ཡང་། གླང་པོ་ཆེ་ལ་སོགས་པར་སྣང་བ་ལྟ་བུའོ། །ཡང་དག་པ་མ་ཡིན་པ་གཉིས་པོ་དེ་
ལའམ། དེས་ཡོངས་སུ་རྟོག་པས་ཡང་དག་པ་མ་ཡིན་པ་གཉིས་པོར་ཡོངས་སུ་རྟོག་པས་ཡང་དག་མ་ཡིན་ཀུན་རྟོག་པའོ། །ཡང་དག་པ་མ་ཡིན་པའི་ཚིག་གིས་ནི། ཇི་ལྟར་འདི་ལ་གཟུང་བ་དང་འཛིན་པར་ཀུན་རྟོག་པ་དེ་བཞིན་དུ་མེད་པར་སྟོན་ཏོ། །ཀུན་རྟོག་པའི་ཚིག་གིས་ནི་དོན་

ཇི་ལྟ་བུར་ཀུན་རྟོག་པ་དོན་དེ་ལྟ་བུར་ཡོད་པ་མ་ཡིན་ཞེས་སྟོན་ཏེ། །དེ་ལྟར་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བ་དེའི་མཚན་ཉིད་བཤད་པ་ཡིན་ནོ། །དེ་ཡང་གང་ཡིན་ཞེ་ན་སེམས་དང་སེམས་ལས་བྱུང་བ་འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་དང་རྒྱུ་དང་འབྲས་བུར་གྱུར་པ་དང་།
ཁམས་གསུམ་པ་དང་། ཐོག་མ་མེད་པའི་དུས་ཅན་དང་མྱ་ངན་ལས་འདས་པའི་མཐར་ཐུག་པ་དང་། འཁོར་བའི་རྗེས་སུ་མཐུན་པ་དག་ནི། ཁྱད་པར་མེད་པར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ། །ཁྱད་པར་ནི་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པའོ། །དེ་ལ་གཟུང་བར་རྣམ་པར་རྟོག་པ་
ནི། དོན་དང་སེམས་ཅན་དུ་སྣང་བའི་རྣམ་པར་ཤེས་པའོ། །འཛིན་པར་རྣམ་པར་རྟོག་པ་ནི་བདག་དང་རྣམ་པར་རིག་པར་སྣང་བའོ། །གཉིས་པོ་ནི་གཟུང་བ་དང་འཛིན་པའོ་ཞེས་བྱ་བ་དེ་ལ་གཟུང་བ་ནི་གཟུགས་ལ་སོགས་པའོ། །འཛིན་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །
གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བ་ཉིད་དེ། དབེན་པ་ཉིད་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་སྟོང་པ་ཉིད་ཡིན་གྱི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡང་མེད་པ་ནི་མ་ཡིན་ཏེ། དཔེར་ན་ཐག་པ་ནི་སྦྲུལ་གྱི་དངོས་པོས་སྟོང་སྟེ། དེའི་རང་བཞིན་མ་ཡིན་པས་དུས་ཐམས་ཅད་
དུ་སྟོང་པ་ཉིད་ཡིན་གྱི། ཐག་པའི་དངོས་པོ་ནི་མ་ཡིན་ཏེ། འདིར་ཡང་དེ་བཞིན་ནོ། །དེ་ལ་ཡང་ནི་དེ་ཡོད་དོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྟེ། དེ་ལྟར་གློ་བུར་གྱི་སྒྲིབ་པས་ཉོན་མོངས་པའི་ཕྱིར། དེ་ཆུ་ཁམས་ལ་སོགས་པ་བཞིན་དུ་རྟོགས་པར་མི་རུང་ངོ་ཞེས་བསྟན་པ་
ཡིན་ནོ། །དེ་ལྟར་གང་ན་གང་མེད་པ་དེ་ནི། དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་བྱ་བ་ལ། ཅི་ཞིག་གང་ན་མེད་ཅེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་པོ་སྟེ། དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་ཀྱིས་སྟོང་པར་མཐོང་ངོ་། །འདི་ལ་ལྷག་མ་
གང་ཡིན་པ་དེ་ནི་ཡོད་དེ་འདི་ལ་ལྷག་མ་གང་ཡིན་ཞེ་ན། ཡང་དག་མ་ཡིན་པ་ཀུན་རྟོག་པ་དང་སྟོང་པ་ཉིད་དོ། །དེ་གཉི་ག་ཡང་འདིར་ཡོད་པར་མ་སྐུར་བ་དང་། སྒྲོ་བཏགས་པ་མེད་པར་མཐོང་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་པོ་

མེད་པར་མཐོང་བའི་ཕྱིར་སྒྲོ་མི་འདོགས་སོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་སྟོང་པ་ཉིད་ཡོད་པར་མཐོང་བའི་ཕྱིར་ཏེ། སྐུར་པ་མི་འདེབས་ཏེ། སྟོང་པ་ཉིད་གང་ཡིན་པ་དེ་ཡོད་པ་དང་གང་གིས་སྟོང་པ་དེ་དེ་ལ་མེད་པའི་ཕྱིར། སྟོང་པ་ཉིད་ཀྱི་མཚན་ཉིད་
ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནོ། །ཐམས་ཅད་མེད་པའམ་ཐམས་ཅད་ཡོད་པ་ནི་སྟོང་པ་ཉིད་ཀྱང་མཚན་ཉིད་ཕྱིན་ཅི་ལོག་ཡིན་ཏེ། སྟོང་པ་ཉིད་མེད་པར་འགྱུར་རོ། །སྟོང་པ་ཞེས་བྱ་བ་མེད་ན་སྟོང་པ་ཉིད་དུ་མི་རུང་སྟེ། ཆོས་ཉིད་ནི་དངོས་པོ་ལ་རག་ལུས་པའི་ཕྱིར་མི་རྟག་པ་ཉིད་ལ་
སོགས་པ་བཞིན་ནོ། །གཉིས་པོ་ཡོད་དོ་ཞེ་ན། སྟོང་པ་ཉིད་མེད་པར་འགྱུར་རོ། །གལ་ཏེ་གཉིས་པོ་ནི་རི་བོང་གི་རྭ་དང་འདྲ་ན་ཡང་ཇི་ལྟར་དེས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྟོང་སྟེ། དཔེར་ན་དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་བཞིན་དུ་གཞན་གྱིས་གཞན་སྟོང་པར་མཐོང་
ཞེ་ན། དཔེར་ན་ཐག་པ་ལའམ་སྒྱུ་མ་ལ་བདག་ཉིད་ཀྱིས་མེད་པར་སྦྲུལ་གྱི་རྣམ་པ་དང་སྐྱེས་བུ་ལ་སོགས་པ་ལྟ་བུར་སྣང་བ་དེ་ལ་ཁ་ཅིག་འཛིན་པ་བཟློག་པའི་ཕྱིར། སྦྲུལ་དང་སྐྱེས་བུ་ལ་སོགས་པས་སྟོང་ངོ་ཞེས་བརྗོད་པ་དེ་བཞིན་དུ། ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་ལ་ཡང་
བདག་ཉིད་ཀྱིས་མེད་པར་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་དེ་ལ་བྱིས་པ་རྣམས་འཛིན་ཅིང་མངོན་པར་ཞེན་པ་དོར་བར་བྱ་བའི་ཕྱིར་གཉིས་ཀྱིས་སྟོང་ཞེས་བཤད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ཅིའི་ཕྱིར་བརྩམས་ཤེ་ན། འདུས་བྱས་དང་འདུས་མ་བྱས་
ཐམས་ཅད་གཉིས་དང་བྲལ་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལྟར་མཐའ་གཅིག་བཀག་པས་འདི་ཐམས་ཅད་སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་པ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་ནས་བཤད་པའི་དགོངས་པ་བསྟན་པ་ཡིན་ནོ། །གཞན་དུ་ན་ལྟག་འོག་འགལ་བར་འགྱུར་
རོ། །གཞན་ཡང་དབུ་མའི་ལམ་རབ་ཏུ་བསྟན་པའི་ཕྱིར་ཏེ། གཞན་དུ་ན་ནི་གཅིག་ཏུ་སྟོང་པ་ཁོ་ནའམ། མི་སྟོང་པའི་མཐར་འགྱུར་རོ། །ཡང་ན་སྐུར་པ་འདེབས་པ་དང་སྒྲོ་འདོགས་པ་དགག་པ་བཤད་མ་ཐག་པ་མཇུག་བསྡུ་བའི་དོན་དུ་དེ་བརྩམས་སོ། །རྒྱུ་དང་རྐྱེན་དང་འབྲེལ་པ་ལས་སྐྱེས་པའི་ཕྱིར།

ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་འདུས་བྱས་ཏེ། དེ་ལ་མི་ལྟོས་པའི་ཕྱིར་སྟོང་པ་ཉིད་ནི་འདུས་མ་བྱས་སོ། །བཤད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ནང་ནས་འབྱུང་བའོ། །ཡོད་པས་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྟེ། ཡང་དག་པ་མ་ཡིན་པ་ཀུན་
རྟོག་པའི་བདག་ཉིད་ཀྱིས་འདུས་བྱས་སྟོང་པ་མ་ཡིན་ནོ། །མེད་པས་ཞེས་བྱ་བ་ནི་གཉིས་པོ་སྟེ། གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས་སྟོང་པའོ། །སྟོང་པ་ཉིད་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་དེའི་ཆོས་ཉིད་དུ་ཡོད་དེ། སྟོང་པ་ཉིད་ལ་ཡང་ཡང་དག་པ་མ་ཡིན་པ་
ཀུན་རྟོག་པ་ཆོས་ཅན་གྱི་ངོ་བོར་ཡོད་དོ། །དེ་ལྟར་འདུས་མ་བྱས་ཀྱང་ཆོས་ཉིད་ཀྱི་ངོ་བོས་སྟོང་པ་མ་ཡིན་ཏེ། དངོས་པོ་མེད་ཅེས་བྱ་བ་གཉིས་ཀྱི་ངོ་བོས་སྟོང་པའོ། །དེ་ནི་དབུ་མའི་ལམ་ཡིན་ནོ་ཞེས་བྱ་བ་ནི་དཀོན་མཆོག་བརྩེགས་པ་ལ་སོགས་པའི་ནང་ནས། འོད་སྲུངས་ཡོད་ཅེས་བྱ་
བ་འདི་ནི་མཐའ་གཅིག་གོ། །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་ཏེ། འོད་སྲུངས་མཐའ་གཉིས་པོ་འདི་དག་གི་དབུས་གང་ཡིན་པ་འདི་ནི་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པའོ་ཞེས་འབྱུང་བ་གང་ཡིན་པ་སྟེ། དེ་ལྟར་དབུ་མའི་ལམ་དེ་དང་མཐུན་པར་བྱས་པ་ཡིན་ནོ། །ཐམས་ཅད་
ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་སོ། །གཅིག་ཏུ་སྟོང་པ་ཡང་མ་ཡིན་ཞེས་བྱ་བ་ནི། ཡང་དག་པ་མ་ཡིན་པ་ཀུན་རྟོག་དང་། དེ་ལ་སྟོང་པ་ཉིད་ཀྱང་ཡོད་པའི་ཕྱིར་རོ། །གཅིག་ཏུ་མི་སྟོང་པ་ཡང་མ་ཡིན་པ་ནི་གཉིས་པོ་མེད་པའི་ཕྱིར་རོ། །ཐམས་ཅད་ཡོད་པའམ་ཐམས་ཅད་མེད་
པ་ནི་མཐའ་ཉིད་དུ་འགྱུར་གྱི། དབུ་མའི་ལམ་མ་ཡིན་ནོ། །དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ཡོད་པའི་མཚན་ཉིད་དང་། མེད་པའི་མཚན་ཉིད་བརྗོད་ནས་ཞེས་བྱ་བ་འདི། ཡོད་པར་ཉེ་བར་མཚོན་པས་ཡོད་པ་ཉིད། ཡོད་པའི་མཚན་ཉིད་དེ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་
ཡོད་ཅེས་བྱ་བ་དེས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་པར་སྟོན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་མེད་པར་ཉེ་བར་མཚོན་པས་མེད་པ་ཉིད་མེད་པའི་མཚན་ཉིད་དེ། དེ་ཡང་གཟུང་བ་དང་འཛིན་པའི་དངོས་པོ་མེད་པ་སྟེ། འདི་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་པོ་མེད་

པས་དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡང་གཉིས་ཀྱི་བདག་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རང་གི་མཚན་ཉིད་བརྗོད་དེ་ཞེས་བྱ་བ་ལ་ཡོད་པའི་མཚན་ཉིད་དང་། རང་གི་མཚན་ཉིད་གཉིས་ཁྱད་པར་ཅི་ཡོད་ཅེ་ན། ཡོད་པའི་མཚན་ཉིད་ནི་
སྤྱིའིའོ། །རང་གི་མཚན་ཉིད་ནི་བྱེ་བྲག་ཡིན་ནོ། །གལ་ཏེ་རང་གི་མཚན་ཉིད་མ་བཤད་ན་ཅི་ཞིག་ཏུ་འགྱུར་ཞེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ལུས་མ་བཤད་པར་འགྱུར་ཏེ། དེ་བས་ན་དེའི་ལུས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་
པ་ནི། །རབ་ཏུ་སྐྱེའོ་དེའི་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་བྱ་བ་གསུངས་སོ། །ཡང་ན་གཟུང་བ་དང་འཛིན་པ་མེད་པའི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ཉིད་ཡོད་དོ་ཞེས་བསྟན་པ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་དེ་ལ། དབང་པོ་དང་ཡུལ་དང་། རྣམ་པར་ཤེས་པ་
ཇི་ལྟར་རྣམ་པར་གཞག་པ་མི་ཤེས་པས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་སྣང་བ་ཐ་དད་པ་དེ་ལ་རྣམ་པར་གཞག་གོ་ཞེས་ཤེས་པར་བྱ་བའི་ཕྱིར། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རང་གི་མཚན་ཉིད་བཤད་དེ། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་ཞེས་རྒྱ་ཆེར་འབྱུང་
བའོ། །ཡང་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་ཅེས་བྱ་བ་དེས་དེ་ཡོད་པ་ཙམ་དུ་ཤེས་པར་བྱེད་ཀྱི། དེའི་རང་བཞིན་ནི་མ་ཡིན་པ་དང་གཉིས་པོ་མེད་པར་ཡང་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་རྒྱུ་གང་ཡིན་པ་རྣམ་པར་མི་ཤེས་པ་དང་། གང་གི་ཕྱིར་གཉིས་པོ་མེད་པར་
ཡིད་ཆེས་པར་བྱ་བ་དེ་ཡང་མ་བཤད་པས་དེ་བསྟན་པའི་ཕྱིར། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་རྣམ་པར་ཤེས་པའི་རང་བཞིན་ནོ། །རྣམ་པར་ཤེས་པ་དེ་ཡང་འདིར་མཚུངས་པར་ལྡན་པ་དང་
བཅས་པར་དགོངས་ཏེ། གཙོ་བོར་ནི་རྣམ་པར་ཤེས་པ་གཟུང་ངོ་། །གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་དེ་ཉིད་ཀྱི་རྒྱུ་ནི་དོན་དང་སེམས་ཅན་ལ་སོགས་པར་སྣང་བའོ། །དེའི་དོན་མེད་དེ་མེད་པས་ན་དེ་ཡང་མེད་ཅེས་བྱ་བ་ནི་གཉིས་པོ་མེད་པའི་རྒྱུའོ། །དེ་ལ་དོན་དང་སེམས་ཅན་དུ་

སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། དེ་ཡང་རྣམ་པར་སྨིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཉིད་དོ། །བདག་ཏུ་སྣང་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་མཚུངས་པར་ལྡན་པ་དང་བཅས་པའོ། །དེ་ཡང་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། ཉོན་མོངས་པ་དང་
མཚུངས་པར་ལྡན་པའི་ཕྱིར་བསྟན་པའོ། །རྣམ་པར་རིག་པར་སྣང་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་པོ་མཚུངས་པར་ལྡན་པ་དང་བཅས་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །དོན་དང་སེམས་ཅན་དང་བདག་དང་རྣམ་པར་རིག་པར་སྣང་བ་རྣམ་པར་ཤེས་པ་
བརྒྱད་པོ་མཚུངས་པར་ལྡན་པ་དང་བཅས་པ་དེ་དག་ནི་ཀུན་འབྱུང་བའི་བདེན་པར་བསྡུས་པ། ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པའི་ཀུན་གཞི་རྣམ་པར་ཤེས་པ་ལས་ཇི་ལྟར་མཐུན་མཐུན་དུ་འགྲོ་བ་ལྔ་རྣམས་སུ་རབ་ཏུ་འབྱུང་ངོ་། །ཀུན་གཞི་རྣམ་པར་ཤེས་པ་ལ་དགེ་བ་དང་། མི་དགེ་བ་དང་།
ལུང་དུ་མ་བསྟན་པའི་ཆོས་ཀྱིས་བག་ཆགས་འགྱུར་བའི་ཁྱད་པར་འགའ་ཞིག་ཡོད་དེ། དེ་དབང་གིས་ཕན་ཚུན་ཐ་དད་པར་སྣང་བའི་རྣམ་པར་ཤེས་པ་རབ་ཏུ་སྐྱེའོ། །དོན་ལ་སོགས་པ་མེད་པ་དེར་སྣང་བའི་རྣམ་པར་ཤེས་པ་ཇི་ལྟར་སྐྱེ་སྟེ། མི་མེད་ན་སྡོང་པོ་མི་སྣང་བར་མི་འགྱུར་བ་ལྟ་
བུའོ་ཞེ་ན། དེ་ནི་ཉེས་པ་མ་ཡིན་ཏེ། དོན་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་ལ་བྱས་པ་རྣམ་པར་ཤེས་པ་ལས་དོན་གུད་ན་ཡོད་པར་མངོན་པར་ཞེན་ཏེ། རབ་རིབ་ཅན་ལ་སྐྲ་ཤད་འཛིངས་པ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་དེ་ལ་མངོན་པར་ཞེན་པ་སྤངས་པའི་ཕྱིར། རྣམ་པར་ཤེས་
པ་འདི་ཉིད་དོན་ལ་སོགས་པར་སྣང་བར་འབྱུང་སྟེ། རབ་རིབ་ཅན་ལ་སྐྲ་ཤད་འཛིངས་པ་ལ་སོགས་པ་སྣང་བ་དེ་བཞིན་དུ་མེད་པར་ཡང་དོན་དང་། སེམས་ཅན་ལ་སོགས་པར་སྣང་ངོ་ཞེས་བརྗོད་དོ། །དེ་ལྟར་ན་རྣམ་པར་ཤེས་པ་བརྒྱད་ཀྱི་དངོས་པོ་ཅན། གཞན་གྱི་དབང་ནི་ཡང་དག་པ་
མ་ཡིན་པ་ཀུན་དུ་རྟོག་པར་བཤད་པ་ཡིན་ནོ། །གཟུགས་ལ་སོགས་པའི་དངོས་པོར་ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་། ཆོས་ཀྱི་ངོ་བོར་སྣང་བ་ནི་དེའི་རྣམ་པར་འབྱུང་བའི་ཕྱིར་རོ། །སེམས་ཅན་དུ་སྣང་བའི་དབང་པོ་ལྔར་བདག་དང་གཞན་གྱི་རྒྱུད་ལ་གང་

ཡིན་པའོ་ཞེས་བྱ་བ་ནི། སྣང་བ་ཞེས་བྱ་བ་དང་སྦྱར་རོ། །དབང་པོ་ལྔ་ལ་སེམས་ཅན་ཞེས་བྱ་བར་ལྷག་པར་ཆགས་པའི་གནས་སུ་གྱུར་པ་སྟེ། དེ་དག་གིས་སམ། དེ་དག་ལ་ཆགས་པས་སེམས་ཅན་ཏེ། དེའི་རྣམ་པར་འབྱུང་བའི་ཕྱིར། དེ་སྣང་བའི་རྣམ་
པར་ཤེས་པ་ཞེས་བྱའོ། །བདག་ཏུ་སྣང་བ་ཞེས་བྱ་བ་དང་། བདག་ཏུ་སྣང་བ་ནི་བདག་ཏུ་རྨོངས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར། ཉོན་མོངས་པ་ཅན་གྱི་ཡིད་དོ་ཞེས་བྱ་བ་ལ་ཉོན་མོངས་པ་ཅན་གྱི་ཡིད་ནི་བདག་ཏུ་རྨོངས་པ་དང་བདག་ཏུ་ལྟ་བ་དང་བདག་ལ་ཆགས་པ་དང་། ངའོ་སྙམ་
པའི་ང་རྒྱལ་དང་རྟག་ཏུ་མཚུངས་པར་ལྡན་པ་དང་། དེ་དག་ཀྱང་བདག་ཏུ་དམིགས་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ནི་བདག་ཏུ་སྣང་བར་རིགས་སོ། །རྣམ་པར་རིག་པར་སྣང་བ་ནི་རྣམ་པར་ཤེས་པ་དྲུག་རྣམས་སོ་ཞེས་བྱ་བ་ནི་ཡུལ་འཛིན་པའི་ངོ་བོར་སྣང་བས་དེའི་རྣམ་པར་འབྱུང་བའི་ཕྱིར་རྣམ་པར་རིག་
པ་སྣང་ངོ་། །དེའི་དོན་མེད་ཅེས་བྱ་བ་ནི་རྣམ་པ་བཞི་ཆར་གྱིའོ། །དོན་དང་སེམས་ཅན་དུ་སྣང་བ་རྣམ་པ་མེད་པ་དང་། བདག་དང་རྣམ་པར་རིག་པར་སྣང་བ་ནི་ལོག་པར་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དང་སེམས་ཅན་དུ་སྣང་བ་གཉིས་གཟུང་བའི་ངོ་བོར་སྣང་བས། ལོག་པར་སྣང་བ་མི་སྲིད་པའི་ཕྱིར།
རྣམ་པ་མེད་པ་ཉིད་ནི་དོན་མེད་པའི་རྒྱུའོ། །གཞན་དག་ནི་འཛིན་པའི་ངོ་བོར་སྣང་བས་རྣམ་པ་མེད་པ་མ་ཡིན་ཏེ། ལོག་པར་སྣང་བ་ཉིད་ནི་དོན་མེད་པའི་རྒྱུའོ་ཞེས་བཤད་དོ། །རྣམ་པ་ནི་དམིགས་པ་ལ་མི་རྟག་པ་ལ་སོགས་པའི་ངོ་བོར་འཛིན་པའི་རྣམ་པ་ཡིན་ན། དེ་ཡང་དེ་དག་ལ་མེད་དེ།
གཟུང་བའི་ངོ་བོར་སྣང་བས་དེའི་ཕྱིར་རྣམ་པ་མེད་པ་ནི་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དམིགས་པ་ཡང་དག་པར་ཚོར་བ་ལ་རྣམ་པ་ཞེས་བྱ་སྟེ། དེ་ཡང་དེ་དག་ལ་མེད་པས་དམིགས་པ་མེད་པའི་ཕྱིར་རྣམ་པ་མེད་དོ། །གལ་ཏེ་གཉིས་ཀ་ཡང་རྣམ་པ་མེད་པ་དང་། ཕན་ཚུན་
ཐ་དད་པའི་ངོ་བོ་ཡིན་ཏེ། གཟུགས་ལ་སོགས་པ་དང་མིག་ལ་སོགས་པ་བཞིན་ནོ། །དེ་ལྟ་ཡིན་ན་ནི་འཇིག་རྟེན་དང་བསྟན་བཅོས་ལས་གྲགས་པའི་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པ་ལས་རྣམ་པར་ཤེས་པ་རང་བཞིན་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་ན། འདི་ལྟར་དེ་དག་ནི་

གསལ་ལ། དེ་དག་དང་ཐ་དད་པ་མེད་པའི་ངོ་བོ་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་ཞེ་ན། དེ་ལས་ལྷག་པའི་དོན་མི་སྲིད་པའི་ཕྱིར་རོ། །དེ་ནི་འདི་ལྟར་རྣམ་པར་གཞག་སྟེ། འདི་ལྟར་ཐ་དད་པའི་དོན་གྱི་ངོ་བོ་མེད་ཀྱང་སེམས་ཀྱི་རྒྱུད་སོ་སོར་ངེས་པས། རྣམ་པར་ཤེས་པ་ཉིད་སོ་སོས་
ཟིན་པ་ཐ་དད་པའི་དོན་ལ་སོགས་པར་སྣང་བར་རང་གི་ས་བོན་ལས་རབ་ཏུ་འབྱུང་སྟེ། འདི་ལྟར་ཡི་དགས་རྣམས་ཀྱིས་ཆུ་རྣག་དང་ཕྱི་ས་དང་། གཅིན་ལ་སོགས་པས་གང་བ་དང་། སྐྱེས་བུ་ལག་ན་དབྱིག་པ་ཐོགས་པ་རྣམས་ཀྱིས་ངོགས་གཉིས་བསྲུང་བར་མཐོང་ལ། མི་ལ་སོགས་
པས་ནི་ཆུ་དང་བ་དང་བསིལ་བ་དང་བཀྲུར་རུང་བ་དང་བཏུང་དུ་རུང་བ་དང་། འཇུག་ཏུ་རུང་བས་གང་ཞིག་བགེགས་བྱེད་པ་མེད་པར་ཤེས་སོ། །རྣལ་འབྱོར་པ་མི་སྡུག་པ་ཡིད་ལ་བྱེད་པ་ལ་སོགས་པ་གོམས་པས་ནི། རྒྱུན་མི་འཆད་པར་ས་ལ་ཀེང་རུས་ཀྱིས་གང་བར་མཐོང་ངོ་། །དེ་བཞིན་དུ་ས་ལ་
སོགས་པ་ཟད་པར་ལ་ཐམས་ཅད་ས་ལ་སོགས་པས་ཁྱབ་པར་མཐོང་ངོ་། །དོན་ལ་རག་ལས་ཏེ་བདག་ཉིད་ཐོབ་པ་ནི་དོན་མེད་པར་རམ། དོན་གྱི་རང་གི་ངོ་བོ་ཐ་དད་པའི་རྣམ་པའི་རྣམ་པར་ཤེས་པ་འབྱུང་བར་མི་རིགས་སོ། །དེ་བས་ན་དོན་མེད་པར་ཡང་དོན་དང་སེམས་ཅན་ལ་སོགས་པ་ཐམས་ཅད་
དུ་སྣང་བའི་རྣམ་པར་ཤེས་པ་ཉིད་རབ་ཏུ་འབྱུང་ངོ་ཞེས་བྱ་བར་ངེས་སོ། །གཟུང་བ་མེད་པར་བདག་དང་རྣམ་པར་རིག་པར་སྣང་བ་གཉིས་འཛིན་པའི་རྣམ་པར་སྣང་བས་ལོག་པར་སྣང་བ་ཉིད་དོ། །ཡང་ན་ཇི་ལྟར་རྣམ་པར་ཤེས་པས་དོན་ཡོངས་སུ་བརྟགས་པ་དེ་བཞིན་དུ་བདག་དང་རྣམ་པར་རིག་པར་དོན་
མེད་དེ་སྟག་ལ་སོགས་པ་ཐོབ་པ་ལྟར། ལོག་པར་དམིགས་པའི་ཕྱིར། ལོག་པར་སྣང་བ་ཉིད་དོ། །འདི་ལྟར་རྣམ་པར་རིག་པ་ཡང་རྣམ་པར་རིག་པ་གཞན་གྱིས་ཀུན་བརྟགས་པའི་བདག་ཉིད་ཀྱིས་སྟོང་ངོ་ཞེས་གྲུབ་པའི་མཐའ་ལས་འབྱུང་ངོ་། །དེའི་ཕྱིར་དོན་དང་སེམས་ཅན་དུ་སྣང་བ་བཞིན་དུ།
བདག་དང་རྣམ་པར་རིག་པར་སྣང་བའི་དོན་ཡང་མེད་དོ། །དོན་མེད་པས་རྣམ་པར་ཤེས་པ་དེ་ཡང་མེད་དོ། །རྣམ་པར་རིག་པས་ན་རྣམ་པར་ཤེས་པ་སྟེ། དེ་ཡང་གཟུང་བ་མེད་ན་རྣམ་པར་ཤེས་པ་པོར་མི་རིགས་ཏེ། དེ་ལྟ་བས་ན་དོན་མེད་པའི་ཕྱིར་རྣམ་པར་ཤེས་པ་ཁོ་ནར་རྣམ་པར་ཤེས་པ་མེད་ཀྱི་

དོན་དང་སེམས་ཅན་དང་བདག་དང་རྣམ་པར་རིག་པར་སྣང་བས་ན་མེད་པ་མ་ཡིན་ནོ། །དེ་མེད་དུ་ཟིན་ན་དེ་མ་གཏོགས་པར་རྣམ་པར་ཤེས་པའི་རང་བཞིན་མ་བསྟན་པའི་ཕྱིར་ཡེ་མེད་པར་ཐལ་བར་འགྱུར་རོ། །དེ་དང་ཐ་དད་པའི་རང་བཞིན་ཡིན་ན་ནི་དེ་ཇི་ལྟར་རྣམ་པར་ཤེས་པར་རུང་།
ཇི་ལྟར་ཕན་ཚུན་ཐ་དད་པར་འགྱུར། དེ་ལྟར་གཟུང་བ་དང་འཛིན་པ་ནི་མེད་ལ་དེ་སྣང་བའི་རྣམ་པར་ཤེས་པ་ནི་ཡོད་པས། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་ཡོད། གཉིས་པོ་ནི་དེ་ན་ཡོད་པ་མ་ཡིན་པར་སྔར་དམ་བཅས་པ་དེ་གྲུབ་པོ་ཞེས་རབ་ཏུ་བསྟན་པའི་ཕྱིར། ཡང་དག་མ་ཡིན་ཀུན་
རྟོག་པ། །དེ་ནི་དེ་ཕྱིར་གྲུབ་པ་ཡིན། །ཞེས་བྱ་བ་གསུངས་སོ། །རྣམ་པར་ཤེས་པ་བཞི་པོ་དེ་ཡང་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་གྲུབ་པ་ཡིན་ནོ། །དེ་ཕྱིར་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྒྱུ་དེའི་ཕྱིར་ཏེ། དོན་མེད་པས་ན་དེ་ཡང་མེད་ཅེས་བྱའོ། །ཡང་ཡང་དག་པ་མ་ཡིན་པ་ཀུན་
རྟོག་པ་ཡོད་པར་བསྒྲུབ་པ་དང་། གཉིས་པོ་མེད་པར་རབ་ཏུ་བསྒྲུབ་པའི་ཕྱིར། དེ་བཞིན་མ་ཡིན་ཡེ་མེད་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་དེའི་ཕྱིར་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཕྱིར་རོ། །དེ་ཉིད་རབ་ཏུ་བསྟན་པའི་ཕྱིར། །དེ་བཞིན་མ་ཡིན་ཡེ་མེད་མིན། །ཞེས་བྱ་བ་
གསུངས་ཏེ། དེ་བཞིན་དུ་ཡོད་པ་མ་ཡིན་པ་དང་ཡེ་མེད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་གཟུང་བ་དང་འཛིན་པར་སྣང་བ་དེ་སྐྱེ་བ་སྟེ། དེ་ལ་རྣམ་པ་བཞི་པོ་དེ་ཡང་རྣམ་པ་མེད་པ་དང་། ལོག་པར་སྣང་བའི་ཕྱིར་ཇི་ལྟར་མཐུན་པར་འཛིན་པ་ཉིད་དུ་མེད་དོ། །རྣམ་པར་རིག་པ་གཞན་གྱིས་ཀུན་
བརྟགས་པའི་བདག་ཉིད་ཀྱིས་ཐམས་ཅད་སྟོང་པས་གཟུང་བ་ཉིད་དུ་མེད་དོ། །འཁྲུལ་པ་ཙམ་འབྱུང་བའི་ཕྱིར་ཡེ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མེད་ཀྱང་། རྣམ་པར་སྣང་བ་གང་ཡིན་པ་དེ་ནི་འཁྲུལ་པ་ཞེས་བྱ་སྟེ་སྒྱུ་མ་བཞིན་ནོ། །ཙམ་ཞེས་བྱ་བའི་སྒྲ་ནི་དེ་ལས་ལྷག་མ་རྣམ་
བར་གཅད་པའི་ཐ་ཚིག་སྟེ། དེ་ནི་འདི་སྐད་དུ་འཁྲུལ་པའི་རྣམ་པར་ཤེས་པ་ཡོད་དོ། །ཡེ་མེད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འཁྲུལ་པའི་རྣམ་པར་ཤེས་པ་དེ་གཟུང་བ་དང་འཛིན་པ་མེད་པ་བཞིན་དུ་མེད་པ་ཉིད་དུ་ཅིའི་ཕྱིར་མི་འདོད། རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་ལས་

འདས་པའི་ཕྱིར། སུས་ཀྱང་དེ་ཡོད་པ་ཉིད་དུ་བརྟག་པར་མི་ནུས་སོ་ཞེས་བསམས་པའོ་ཞེ་ན་འདི་ལྟར། དེ་ཟད་ནས་ནི་གྲོལ་བར་འདོད། །དེའི་ཕྱིར་དེ་མེད་པ་ཉིད་དུ་མི་འདོད་དོ། །དེ་ཇི་ལྟ་ཞེ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཀྱི་མཐུས་དེ་ཡོད་པར་རྗེས་སུ་དཔག་གོ། །གཞན་དུ་ན་
ཞེས་བྱ་བ་ནི་གལ་ཏེ་ཡེ་མེད་པ་ཉིད་དུ་འདོད་ན་ནི་བཅིངས་པ་ཡང་མེད་ཅེས་བྱ་སྟེ། འཁྲུལ་པ་ཙམ་ཡང་མེད་དུ་ཟིན་ན། ཀུན་ནས་ཉོན་མོངས་པ་མེད་པས་བཅིངས་པ་ཡང་མེད་དོ། །སྔར་བཅིངས་པ་ལས་གྲོལ་ལོ་ཞེས་བྱ་ན་གྲོལ་བ་ཡང་མེད་པར་འགྱུར། ཡང་ན་དེ་ཇི་ལྟར་སྣང་བ་དེ་བཞིན་དུ་
ཡོད་པའམ། ཡང་ན་ཡེ་མེད་པར་ཅིའི་ཕྱིར་མི་འདོད་ཅེས་གཞན་དེ་སྙམ་དུ་སེམས་པ་བསལ་བའི་ཕྱིར། དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་ཏེ། དེ་མ་ཟད་ན་བཅིངས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཞན་དུ་ན་བཅིངས་པ་དང་གྲོལ་བ་མེད་དོ་ཞེས་དེ་སྐད་བཤད་པར་འགྱུར་ཏེ།
ཀུན་ནས་ཉོན་མོངས་པ་དང་མྱ་ངན་ལས་འདས་པ་ལ་སྐུར་པ་འདེབས་པའི་ཉེས་པར་འགྱུར་རོ། །གལ་ཏེ་ཇི་ལྟར་གཟུང་བ་དང་འཛིན་པ་ཉིད་དུ་ཕྱུགས་ཡན་ཆད་ལ་སྣང་བ་ཡང་གལ་ཏེ་དེ་བཞིན་དུ་དོན་དམ་པར་འགྱུར་ན་ནི། དེ་ལྟ་ཡིན་དུ་ཟིན་ན་རྟག་པར་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། དེ་ལྟར་
ན་མྱ་ངན་ལས་འདས་པ་ཡང་མེད་པར་འགྱུར་རོ། །དེ་ལྟར་འཁྲུལ་པ་ཙམ་མེད་ན་ཡང་ཀུན་ནས་ཉོན་མོངས་པ་མེད་པར་འགྱུར་ཏེ། རྟག་ཏུ་རྣམ་པར་བྱང་བར་འགྱུར་རོ། །དེ་ལྟར་ན་གཉི་གར་ཡང་ཐར་པ་ཚོལ་བ་རྣམས་ཀྱི་འབད་པ་དོན་མེད་པར་འགྱུར་བས་དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་
རྟོག་པ་ཡོད་པ་དང་གཉིས་པོ་མེད་པར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །བསྡུ་བའི་མཚན་ཉིད་སྟོན་ཏེ་ཞེས་བྱ་བ་ནི། བསྡུ་བ་ཉིད་མཚན་ཉིད་དོ། །ཡང་ན་གང་གིས་བསྡུ་བར་མཚོན་པ་དེ་བསྡུ་བའི་མཚན་ཉིད་དོ། །དེ་ཡང་ཅིའི་ཕྱིར་བཤད་ཅེ་ན། འདིར་ནི་གཟུང་བ་དང་འཛིན་པ་དང་
བྲལ་བ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ཉིད་ཡོད་དོ་ཞེས་སྨྲས་ལ། མདོ་གཞན་དག་ལས་ནི། ངོ་བོ་ཉིད་གསུམ་གསུངས་པས་མདོ་དག་དང་མི་འགལ་བར་རབ་ཏུ་བསྟན་པའི་ཕྱིར་དེ་དག་འདིར་བསྡུ་བར་བརྗོད་དེ། དེ་ལྟ་བས་ན་འགྲེལ་པ་མཛད་པས། ཡང་དག་པ་མ་ཡིན་པ་ཀུན་

རྟོག་པ་ཙམ་དུ་ཟད་ན་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ་། །དོན་ཕྱིར་ཡང་དག་མིན་རྟོག་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་བྱ་བ་ནི། གཟུང་བ་དང་འཛིན་པ་རང་བཞིན་གྱིས་སྟོང་པ་ལས་
ཡང་དག་པ་མ་ཡིན་པར་ཡང་ཡོད་པར་ཡོངས་སུ་རྟོག་པས་ཀུན་བརྟགས་པ་ཞེས་བྱའོ། །དེ་ནི་རྫས་སུ་མེད་ཀྱང་ཐ་སྙད་དུ་ཡོད་པས་ངོ་བོ་ཉིད་ཅེས་བྱའོ། །གཞན་གྱི་དབང་ནི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བས་གཞན་གྱི་ཁ་ན་ལས་པའོ། །སྨྲས་པ། བརྟགས་མིན་རྐྱེན་ལས་སྐྱེས་པ་དང་། །རྣམ་
པ་ཀུན་ཏུ་བརྗོད་མེད་པ། །གཞན་གྱི་དབང་གི་ངོ་བོ་ཉིད། །འཇིག་རྟེན་པ་ཡི་སྤྱོད་ཡུལ་ལོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཉིད་གཉིས་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་ནི་འདུས་མ་བྱས་པས་མི་འགྱུར་བར་ཡོངས་སུ་གྲུབ་པའོ། །བརྟགས་པའི་ངོ་བོ་ཉིད་
ཀྱིས་ཏེ། །ཤིན་ཏུ་སྟོང་ཉིད་གང་ཡིན་པ། །ཡོངས་སུ་གྲུབ་པའི་ངོ་བོ་སྟེ། །མི་རྟོག་ཡེ་ཤེས་སྤྱོད་ཡུལ་ལོ། །དོན་ཕྱིར་ཞེས་བྱ་བ་ནི་དོན་གྱི་དབང་དུ་མཛད་ནས་བཤད་པ་སྟེ། དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ཕྱིར་དང་གཉིས་པོ་མེད་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དོན་
ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ་ཞེས་བྱ་ལ། དོན་ནི་འདིར་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པ་དང་། བདག་དང་རྣམ་པར་རིག་པ་རྣམས་ཏེ། དེ་ཡང་རྣམ་པར་བརྟགས་པའི་རང་བཞིན་དུ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་མེད་པས། མེད་པ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་
ཅེས་བྱའོ། །ཡང་སྨྲས་པ། རྣམ་རྟོག་རྣམ་པར་མི་རྟོག་ནི། །རྣམ་རྟོག་གཞན་གྱིས་བརྟགས་པ་སྟེ། །རྣམ་རྟོག་གཞན་གྱིས་བརྟགས་དེ་ཡི། །རང་བཞིན་དེ་ནི་ཡོད་མ་ཡིན། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ་རྒྱུ་དང་རྐྱེན་གཞན་དག་གི་
དབང་བྱེད་པ་དང་། སྐྱེད་པ་སྟེ། རང་མི་འབྱུང་བས་གཞན་གྱི་དབང་ངོ་། །གཟུང་བ་དང་འཛིན་པ་མེད་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་མི་འགྱུར་བར་ཡོངས་སུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་ཕྱིར། ཡོངས་སུ་གྲུབ་པའོ་ཞེས་བྱའོ། །

འདིར་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་གཉིས་དང་བྲལ་བ་ཉིད་གཟུང་བ་དང་འཛིན་པ་མེད་པར་བསྟན་པ་ཡིན་གྱི། གཉིས་པོ་མེད་པ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཉིད་རྒྱུ་དང་རྐྱེན་གཞན་གྱི་ཁ་ན་ལས་པས་གཞན་གྱི་དབང་ངོ་། །དེ་ཉིད་གཟུང་བ་དང་
འཛིན་པའི་ངོ་བོར་བདག་ཉིད་ཀྱིས་མེད་ཀྱང་སྣང་བའི་ཕྱིར་ཀུན་བརྟགས་པའོ། །དེ་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་ཡོངས་སུ་གྲུབ་པའོ། །དེ་ལྟར་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ངོ་བོ་ཉིད་གསུམ་འདུས་སོ། །དེ་ལྟར་བྱས་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོངས་སུ་
ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མངོན་དུ་བྱ་བའི་དངོས་པོ་ཡང་བསྟན་པ་ཡིན་ནོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་མེད་པའི་མཚན་ཉིད་ཡོངས་སུ་མ་ཤེས་པའི་ཕྱིར། ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པར་གྱུར་ཏོ། །དེ་ལྟ་
བས་ན་མེད་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་དང་། དེའི་ཐབས་བསྟན་པའི་ཕྱིར། དམིགས་པ་ལ་ནི་བརྟེན་ནས་སུ། །ཞེས་རྒྱ་ཆེར་གསུངས་སོ། །ཡང་དག་མ་ཡིན་ཀུན་རྟོག་པ་ལ་དེ་མཚོན་པའམ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ། །གཟུང་བ་དང་འཛིན་པ་གཉིས་
མེད་པ་ཉིད་ནི་མེད་པའི་མཚན་ཉིད་དོ། །དེ་ལ་འཇུག་པ་ནི་དེ་ཁོང་དུ་ཆུད་པའོ། །དེའི་ཐབས་ནི་ཐབས་གང་གིས་དེའི་མེད་པའི་མཚན་ཉིད་ཀྱི་རྗེས་སུ་འཇུག་པའོ། །དེ་ཡང་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་རབ་ཏུ་རྟོགས་པར་བྱ་བར་སྦྱོར་བ་ནི། གནས་ཀྱི་ཁྱད་པར་མཁས་པ་རྣམ་པ་གཉིས་སོ། །
དེ་ཉེ་བར་མཚོན་པའི་དོན་དུ་ཚིགས་སུ་བཅད་པ་འདི་གསུངས་སོ། །རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་བརྟེན་ནས་དོན་མི་དམིགས་པ་སྐྱེའོ་ཞེས་བྱ་བ་ནི། དམིགས་པའི་དོན་དང་བྲལ་བ་འདི་ནི་རྣམ་པར་རིག་པ་ཙམ་ཉིད་དེ། རང་གི་ས་བོན་ཡོངས་སུ་སྨིན་པ་ལས་གཟུགས་ལ་སོགས་པར་སྣང་བའི་
རྣམ་པར་ཤེས་པ་སྐྱེ་བ་ཡིན་གྱི། གཟུགས་ལ་སོགས་པའི་དོན་ནི་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་འཛིན་པ་དམིགས་པ་ལ་གནས་ཏེ། གཟུང་བ་མི་དམིགས་པར་རབ་ཏུ་འཇུག་གོ། །དེས་འདི་ལྟར་བརྟག་པར་བྱ་སྟེ། རྣམ་པར་ཤེས་པ་སྐྱེ་བའི་ཚེའམ། སྐྱེས་ཟིན་པས་ཡུལ་ལ་དམིགས་

པར་འགྱུར་གྲང་ན། དེ་ལ་སྐྱེ་བའི་ཚེ་ནི་མེད་པས་སྐྱེ་བའི་ཚེ་ཡུལ་ལ་དམིགས་པར་མི་རུང་ངོ་། །ཡུལ་དུ་སྣང་བའི་བདག་ཉིད་དུ་སྐྱེས་པའི་ཕྱིར། སྐྱེས་པས་ཀྱང་མ་ཡིན་ཏེ། ཡུལ་དུ་སྣང་བའི་བདག་ཉིད་དུ་སྐྱེ་བ་མ་གཏོགས་པར། གང་བྱེད་ན་རྣམ་པར་ཤེས་པ་ཡུལ་ལ་དམིགས་
པའོ་ཞེས་བྱའོ་ཞེས་བྱ་བའི་རྣམ་པར་ཤེས་པའི་བྱ་བ་གཞན་མེད་དོ། །གལ་ཏེ་ཡང་ད་ལྟར་གྱི་རྣམ་པར་ཤེས་པ་ཉིད་ཀྱི་དམིགས་པ་བྱེད་པ་ཡིན་གྱི། སྐྱེ་བའི་ཚེ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དམིགས་པའི་རྐྱེན་རྣམ་པར་ཤེས་པའི་སྐྱེ་བ་མ་ཡིན་ཏེ། དེར་ཡོངས་སུ་རྟོག་པ་དོན་མེད་དོ། །ད་ལྟར་གྱི་
དམིགས་པ་འཛིན་ན་ནི་སྐད་ཅིག་པ་འཇིག་པའི་གནོད་པར་འགྱུར་རོ། །རང་བཞིན་བྱེ་བྲག་ཏུ་གྱུར་པ་ཡང་མེད་པས་སྔ་མ་བཞིན་ཏེ། རྣམ་པར་ཤེས་པས་དམིགས་པ་འཛིན་པར་མི་རུང་ངོ་། །འོན་ཏེ་དམིགས་པ་འཛིན་པའི་དུས་ན། དེ་ལ་རང་བཞིན་བྱེ་བྲག་ཏུ་གྱུར་པར་འདོད་ན། དེ་ལྟ་ན་ཡང་རང་
བཞིན་བྱེ་བྲག་ཏུ་གྱུར་པ་གཞན་ཉིད་དུ་སྣང་བས། བྱུང་བ་གཞན་ཉིད་ཀྱིས་དམིགས་པ་འཛིན་པར་ཐལ་བར་འགྱུར་རོ། །གཞན་ནི་འགག་པའི་ཚེའི་དོན་ཉིད་སྐྱེ་བའི་ཚེའི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ཉིད་ཡིན་ཏེ། དེ་ཡང་རང་གི་རྣམ་པར་སྣང་བའི་རྣམ་པར་ཤེས་པའི་རྒྱུ་ཡིན་པས་
རྐྱེན་ལྷག་མ་རྣམས་ལས་ཁྱད་པར་ཅན་ནོ་སྙམ་དུ་སེམས་ཏེ། དེས་ཀྱང་གཟུགས་ལ་སོགས་པའི་རྡུལ་ཕྲ་རབ་བམ། དེ་འདུས་པ་ལ་དམིགས་པ་ཁོ་ནར་ཀུན་ཏུ་བརྟག་གྲང་ན། དེ་གཉི་ག་ཡང་དམིགས་པར་མི་འགྱུར་ཏེ། རྣམ་པར་ཤེས་པ་ཐམས་ཅད་ནི་བུམ་པ་དང་། སྣམ་བུ་ལ་སོགས་པར་
སྣང་བ་འབྱུང་གི །རྡུལ་ཕྲ་རབ་ཏུ་སྣང་བར་ནི་མ་ཡིན་ནོ། །དོན་གྱི་རྣམ་པ་གཞན་དུ་སྣང་བའི་རྣམ་པར་ཤེས་པའི་དམིགས་པ་ནི་གཞན་མ་ཡིན་ཏེ། མིག་ལ་སོགས་པ་ཡང་དམིགས་པ་ཉིད་དུ་ཐལ་བར་འགྱུར་ཏ་རེ། གང་གཞན་ཡང་རྡུལ་ཕྲ་རབ་སིལ་བུ་སོ་སོ་ལ་དམིགས་པ་ཡིན་པ་སྙམ་དུ་སེམས་པ་དེའི་
འདི་ཡང་ལན་དུ་མི་རུང་སྟེ། སིལ་བུ་དེ་ནི་དེ་དག་སོ་སོ་ཉིད་ལ་དམིགས་པར་འདོད་ཀྱི། དེ་དག་གི་འདུས་པ་ལ་ནི་མ་ཡིན་ནོ། །དེར་རྡུལ་ཕྲ་རབ་སོ་སོར་སྣང་བའི་རྣམ་པར་ཤེས་པ་ནི་མི་འབྱུང་གི །འདི་ལྟར་དེ་དག་གི་འདུས་པར་སྣང་བ་སྟེ། དེ་བས་ན་རྡུལ་ཕྲ་རབ་རྣམས་ལ་དམིགས་པ་མི་སྲིད་དོ། །

བརྟགས་པར་ཡོད་པ་ནི་རྒྱུར་མི་སྲིད་པའི་ཕྱིར། རྡུལ་ཕྲ་རབ་འདུས་པ་ཡང་དམིགས་པ་མ་ཡིན་ན། དེ་མ་ཐག་པ་ལ་སོགས་པའི་རྐྱེན་ལྟར་དམིགས་པའི་རྐྱེན་ཡང་དག་པར་ཤེས་པའི་རྒྱུར་འདོད་དེ། དེའི་ཕྱིར་འགག་པའི་ཚེ་ཡང་དམིགས་པའི་རྐྱེན་དུ་མི་སྲིད་དོ། །ཇི་སྟེ་ཡང་འགག་པ་
ཉིད་དམིགས་པ་ཡིན་ན། དེ་ལྟ་ན་ནི་འདས་པ་དང་མ་འོངས་པ་ཡུལ་དུ་འགྱུར་བ་དང་། རྨི་ལམ་ལ་སོགས་པ་ལ་ཡང་རྣམ་པར་ཤེས་པ་དམིགས་པ་མེད་པར་གྲུབ་པོ། །ལ་ལན་རེ་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་མཚན་མ་ལ་དམིགས་པའི་ཕྱིར་དམིགས་པ་མེད་པ་མ་ཡིན་ནོ། །
མཚན་མ་ནི་དོན་གྱི་གཟུགས་བརྙན་ཏེ་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞིན་ནོ་ཞེའོ། །རྨི་ལམ་ལ་སོགས་པ་དོན་མེད་པ་ལ་དེའི་མཚན་མ་མི་རུང་སྟེ། བཞིན་ལ་སོགས་པ་མེད་པར་དེའི་གཟུགས་བརྙན་མི་འགྲུབ་པ་བཞིན་ནོ། །འབྱུང་བའི་ཚེའམ་བྱུང་ཟིན་པའི་རྣམ་པར་ཤེས་པས་ཀྱང་
མཚན་མ་ལ་དམིགས་པ་མ་ཡིན་ཏེ། མེད་པ་དང་དགག་པ་སྔར་བསྟན་པའི་ཕྱིར་རོ། །དེའི་ཕྱིར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞིན་མཚན་མར་མི་རུང་བས། རྣམ་པར་ཤེས་པ་ཉིད་དོན་དུ་སྣང་བ་དོན་གྱི་གཟུགས་བརྙན་ཏེ། རྣམ་པར་ཤེས་པ་ཉིད་དོན་གྱི་རྣམ་པར་གདོན་མི་ཟ་བར་ཁས་
བླང་དགོས་སོ། །རྣམ་པ་མེད་ན་ནི་དེ་ལ་གཟུང་བ་དང་འཛིན་པ་ངེས་པ་ཉིད་དུ་མི་འགྱུར་རོ། །གཞན་ནི་ཐོགས་པ་མེད་པའི་གཟུགས་ཉིད་རྨི་ལམ་དང་། རྣལ་འབྱོར་པ་རྣམས་ཀྱི་མི་སྡུག་པ་ལ་སོགས་པར་དམིགས་པའོ་སྙམ་དུ་སེམས་ཏེ། དེའི་ཡང་ཁ་དོག་དང་དབྱིབས་ལ་སོགས་པའི་བདག་
ཉིད་ཡིན་པས། ཐོགས་པ་མེད་པ་ཉིད་དང་ཡིད་འབའ་ཞིག་གི་ཡུལ་དུ་འགལ་ལོ། །རྣམ་པར་རིག་བྱེད་མ་ཡིན་པ་ཙམ་མ་གཏོགས་པར་ཡང་ཐོགས་པ་མེད་པའི་གཟུགས་གཞན་བསྟན་བཅོས་ལས་མི་བཤད་པས། དེའི་ཕྱིར་དེ་ཉིད་ཀྱང་རྟོག་པ་ཙམ་ཉིད་དོ། །གཞན་དག་ནི་
དམུས་ལོང་གི་རྨི་ལམ་ན་སྔོན་པོ་ལ་སོགས་པའི་གཟུགས་མི་འཛིན་པའི་ཕྱིར། དོན་མྱོང་བ་ནི་རྨི་ལམ་གྱི་རྣམ་པར་ཤེས་པའི་ཡུལ་ཉིད་དུ་འདོད་དོ། །དམུས་ལོང་གི་རྨི་ལམ་ན་གཟུགས་མི་འཛིན་པ་མ་ཡིན་ཏེ། བརྡ་མི་ཤེས་པས་མིང་རྣམ་པར་མི་ཤེས་པའི་ཕྱིར་གཞན་ལ་བསྙད་མི་ནུས་སོ། །

གལ་ཏེ་ཡང་མྱོང་བ་ཉིད་རྨི་ལམ་དུ་མཐོང་ན་དེ་ལྟ་ན་དམུས་ལོང་གིས་ཀྱང་གཟུགས་མཐོང་བར་ཅིའི་ཕྱིར་མི་འདོད། དེས་ཀྱང་ཚེ་རབས་སྔ་མ་དག་ལ་གཟུགས་དམིགས་པ་ཉིད་དོ། །དེ་ལྟར་གྱི་ཚེ་ལ་དམིགས་པ་ཉིད་རྨི་ལམ་དུ་སྣང་བ་ཡང་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དང་
ད་ལྟར་གྱི་འཛིན་པར་ཡང་རྨི་ལམ་དང་གཉིད་ཀྱིས་མ་ལོག་པར་ཁྱད་པར་མེད་དོ། །དེ་ལྟ་བས་ན་དོན་མྱོང་བ་དེ་ནི་རྨི་ལམ་གྱི་རྣམ་པར་ཤེས་པའི་ཡུལ་ལོ་ཞེས་བྱ་བ་ནི་ཀུན་རྟོག་པ་ཙམ་ཉིད་དོ། །འདས་པ་ཡང་མེད་པར་ཡུལ་མེད་པར་རྣམ་པར་ཤེས་པ་ཉིད་རྨི་ལམ་དུ་དོན་དུ་སྣང་བ་འབྱུང་བར་ངེས་སོ། །
དེ་ལྟར་རྣམ་པར་རིག་པ་ཙམ་དུ་དམིགས་པས་ཡུལ་མི་དམིགས་པར་བསྒོམ་མོ། །དོན་མི་དམིགས་པ་ལ་བརྟེན་ནས། རྣམ་པར་རིག་པ་ཙམ་ཡང་མི་དམིགས་པ་སྐྱེ་སྟེ་ཞེས་བྱ་བ་ནི། ཇི་ལྟར་རྣམ་པར་ཤེས་པ་ལས་ཕྱི་རོལ་ན་ཀུན་བརྟགས་པའི་གཟུང་བ་མེད་པས་རྣམ་པར་རིག་པ་ཙམ་ཉིད་ཀྱི་སྟོབས་
ཀྱིས་གཟུང་བ་མེད་པར་འཇུག་པ་དེ་ལྟར་གཟུང་བ་མེད་པའི་སྟོབས་ཀྱིས་རྣམ་པར་རིག་པ་ཙམ་ཡང་མེད་པར་ཁོང་དུ་ཆུད་དོ། །གཟུང་བ་ཉིད་ལ་ལྟོས་ཏེ་དེ་འཛིན་པར་རྣམ་པར་གཞག་པའི་ཕྱིར། གཟུང་བ་མེད་ན་འཛིན་པར་མི་རུང་ངོ་། །དེ་ལྟར་གཟུང་བ་དང་འཛིན་པ་ཀུན་བརྟགས་པའི་རང་གི་ངོ་བོ་དག་
གི་མེད་པའི་མཚན་ཉིད་ལ་འཇུག་གི །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཐོག་མ་ཉིད་དུ་རྣམ་པར་རིག་པ་ཙམ་ཉིད་མེད་པར་རྣམ་པར་མི་གཞག་ཅེ་ན། འཛིན་པ་ནི་གཟུང་བ་ལ་རག་ལས་པའི་ཕྱིར་དམིགས་པར་བྱ་བའི་དོན་མེད་ན། དམིགས་
པའི་ངོ་བོའི་དངོས་པོ་འཇིག་པས་བདེ་བླག་ཏུ་འཇུག་པར་འགྱུར་གྱི། གཞན་དུ་ན་གཟུང་བ་དང་འཛིན་པ་གཉིས་ཕན་ཚུན་ལྟོས་པ་མེད་པའི་ཕྱིར། དངོས་པོ་ལ་སྐུར་པ་འདེབས་པ་ཉིད་དུ་འགྱུར་རོ། །རྒྱུན་མི་འཆད་པར་ཚོགས་རྣམས་ལ་ཞུགས་ཏེ། བསྐལ་པ་གྲངས་མེད་པ་དང་པོ་ཡོངས་སུ་རྫོགས་
ན། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་འདས་པའི་ཡེ་ཤེས་ཀྱིས་འདིར་ཆུད་དེ། འདི་ལྟར་རྣམ་པར་རིག་པ་ཙམ་འདི་ལ་བརྟེན་ནས། གཟུགས་ལ་སོགས་པ་མེད་པར་བསྒོམ་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་ཐོག་མའི་རང་བཞིན་དྲོ་བར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་

འཁོར་དང་བཅས་པ་མངོན་དུ་འགྱུར་རོ། །དེའི་འོག་ཏུ་རྩེ་མོ་ཞེས་བྱ་བའོ། །དེའི་འོག་ཏུ་གཟུང་བ་མ་ལུས་པར་མི་དམིགས་པས་འཛིན་པ་མི་དམིགས་པ་དང་མཐུན་པ་བཟོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེའི་འོག་ཏུ་དོན་མི་དམིགས་པ་ལ་བརྟེན་ཏེ། རྣམ་པར་ཤེས་པ་ཙམ་ཡང་
མི་དམིགས་པར་བསྒོམ་ཞིང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ལ་སོགས་པ་དང་བཅས་པའི་ཏིང་ངེ་འཛིན་འཁོར་དང་བཅས་པ་མངོན་དུ་འགྱུར་རོ། །དེའི་འོག་ཏུ་མཐོང་བའི་ལམ་སྟེ། དེ་ཉིད་ལ་ཡང་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་རྟོག་པས་ས་དང་པོ་ལ་འཇུག་ཅེས་བྱའོ། །འདི་ནི་དེ་
ཁོ་ན་ཡིད་ལ་བྱེད་པ་ཡིན་གྱི། ཚད་མེད་པ་ལ་སོགས་པ་བཞིན་དུ་མོས་པ་ཡིད་ལ་བྱེད་པ་ནི་མ་ཡིན་ཏེ། དམིགས་པ་མི་དམིགས་པའི་རང་བཞིན་གྱི་ཕྱིར་རོ་ཞེས་རབ་ཏུ་བསྟན་པའི་ཕྱིར། དེ་ཡི་ཕྱིར་ན་དམིགས་པ་ནི། །མི་དམིགས་ངོ་བོ་ཉིད་དུ་གྲུབ། །ཅེས་བྱ་བ་གསུངས་སོ། །ཡང་ན་རྣམ་པ་འདིས་སོ་
སོ་རང་གིས་རིག་པའི་ཕྱིར། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་གཉིས་མེད་དོ་ཞེས་གང་སྔར་དམ་བཅས་པ་དེ་གྲུབ་པོ་ཞེས་རབ་ཏུ་བསྟན་པའི་ཕྱིར། དེ་ཡི་ཕྱིར་ན་དམིགས་པ་ནི། །མི་དམིགས་ངོ་བོ་ཉིད་དུ་གྲུབ། །ཅེས་བྱ་བ་གསུངས་སོ། །དེའི་ཕྱིར་ཞེས་བྱ་བ་ནི། དམིགས་པར་བྱ་བའི་དོན་གྱི་དངོས་
པོ་མེད་པའི་ཕྱིར་རོ། །དམིགས་པ་ཞེས་བྱ་བ་ནི་དངོས་པོ་དང་བྱེད་པ་པོ་དང་བྱེད་པ་གང་ཡང་རུང་བ་ཞིག་ཏུ་བརྟག་གྲང་ན། ལས་མེད་པས་དེ་གསུམ་ཆར་ཡང་མི་རུང་སྟེ། དེའི་ཕྱིར་དམིགས་པ་མི་དམིགས་པའི་ངོ་བོ་ཉིད་དུ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་མཛད་པས་དམིགས་པར་བྱ་
བའི་དོན་མེད་ན་དམིགས་པར་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་བས་ན་དམིགས་པ་དང་མི་དམིགས་པ་མཉམ་པར་ཤེས་པར་བྱ། འདི་ལྟར་དམིགས་པ་ནི་མི་དམིགས་པའི་ངོ་བོ་ཉིད་དུ་གྱུར་ཏེ། དེའི་ཕྱིར་མཉམ་མོ། །དོན་མི་དམིགས་པ་དང་རྣམ་པར་རིག་པ་ཙམ་དུ་དམིགས་
པ་ཡང་མེད་པར་བྱེ་བྲག་མེད་པའི་ཕྱིར་མཚུངས་པ་ཉིད་དུ་ཤེས་པར་བྱའོ། །དམིགས་པ་དང་མི་དམིགས་པའི་སྒྲ་དག་ཕན་ཚུན་འགལ་བ་བསལ་བའི་ཕྱིར། ཡང་དག་པ་མ་ཡིན་པའི་དོན་དུ་སྣང་བས་དམིགས་པ་ཞེས་བྱའོ་ཞེས་བྱ་བ་སྨོས་ཏེ། དོན་མེད་པས་འདིས་ནི་ཅི་ཡང་མི་

དམིགས་སོ། །དེའི་ཕྱིར་དོན་དམ་པར་མི་དམིགས་པའི་ངོ་བོ་ཉིད་ཀྱང་ཡིན་པས་འགལ་བ་མེད་དོ། །གཞན་དག་ན་རེ་བྱིས་པ་རྣམས་དོན་མེད་པ་ལ་དོན་དུ་དམིགས་པ་གང་ཡིན་པ་དང་། འཕགས་པ་རྣམས་དོན་མི་དམིགས་པ་གང་ཡིན་པ་དེ་གཉིས་
མཚན་ཉིད་མཚུངས་པས་མཉམ་པར་ཤེས་པར་བྱ་སྟེ། སྦྲུལ་དུ་འཁྲུལ་པ་མི་དམིགས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྦྲུལ་དུ་འཁྲུལ་པ་མི་དམིགས་པར་བཤད་པ་བཞིན་དུ། མི་དམིགས་པའི་ངོ་བོ་ཉིད་ཡིན་ཡང་། ཡང་དག་པ་མ་ཡིན་པའི་དོན་དུ་སྣང་བའི་ཕྱིར་དམིགས་པ་ཞེས་བཤད་དོ་
ཞེས་ཟེར་རོ། །གཞན་དག་ན་རེ་བྱིས་པ་རྣམས་ཀྱིས་འཛིན་པར་དམིགས་པ་གང་ཡིན་པ་དང་། དོན་མེད་པའི་ཕྱིར་འཕགས་པ་རྣམས་ཀྱིས་འཛིན་པ་མི་དམིགས་པ་གང་ཡིན་པ་དང་། དམིགས་པ་དང་མི་དམིགས་པ་དེ་གཉིས་ནི་གཉི་ག་ཡང་གཟུང་བ་མེད་ན། འཛིན་པ་མེད་པར་བྱེ་བྲག་མེད་པའི་
ཕྱིར་མཉམ་པར་ཤེས་པར་བྱ་སྟེ། དེའི་ཕྱིར་ཡང་དག་པ་མ་ཡིན་པའི་དོན་དུ་སྣང་བས་ཞེས་རྒྱ་ཆེར་སྨོས་སོ་ཞེའོ། །ཡང་ཁ་ཅིག་སེམས་པ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་གཉེན་པོར་དེ་ལྟ་བས་ན་དམིགས་པ་དང་། མི་དམིགས་མཉམ་པར་ཤེས་པར་བྱ། །ཞེས་གསུངས་སོ་སྙམ་སྟེ།
དོན་མེད་པའི་ཕྱིར་དམིགས་པ་ནི་དམིགས་པའི་རང་བཞིན་དུ་མེད་པས། ངོ་བོ་ཉིད་ཀྱིས་དེ་མེད་པ་ཞེས་བྱ་སྟེ། དམིགས་པ་ལ་དམིགས་པའི་རང་བཞིན་བསལ་བར་བྱ་བའམ། མི་དམིགས་པའི་རང་བཞིན་ཡང་གཞག་པར་བྱ་བ་མེད་དེ། དེ་གཉིས་ཀ་ཡང་རྣམ་པར་བརྟག་ཏུ་མེད་པས་མཉམ་པ་ཉིད་
དོ། །དེ་ལྟ་བས་ན་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་ལ་མི་ལྟོས་པར་དམིགས་པ་དང་། མི་དམིགས་པ་གཉིས་སོ་སོ་རང་གིས་མཉམ་པ་ཉིད་དུ་ཤེས་པར་བྱའོ། །སྨྲས་པ། འདི་ལས་བསལ་བྱ་གང་ཡང་མེད། །གཞག་པར་བྱ་བའང་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། ཡང་དག་
མཐོང་བ་རྣམ་པར་གྲོལ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་རྣམ་པར་རིག་པ་ཙམ་ལ་དམིགས་པ་ཞེས་བྱ་ཞེ་ན། མི་དམིགས་པའི་རང་བཞིན་ཡིན་ཡང་། ཡང་དག་པ་མ་ཡིན་པའི་དོན་དུ་སྣང་བས། འཇིག་རྟེན་དང་བསྟན་བཅོས་ལས་ཀྱང་དེ་བཞིན་དུ་གྲགས་པའི་ཕྱིར་རོ། །རབ་ཏུ་དབྱེ་བའི་

མཚན་ཉིད་སྟོན་ཏེ་ཞེས་བྱ་བ་ལ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བདག་ཉིད་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རབ་ཏུ་དབྱེ་བ་སྟེ། རྣམ་པ་ཐ་དད་པ་ཉིད་དོ། །རབ་ཏུ་དབྱེ་བ་ཉིད་མཚན་ཉིད་ཡིན་པས། རབ་ཏུ་དབྱེ་བའི་མཚན་ཉིད་དེ། རབ་ཏུ་དབྱེ་བ་འདིས་ཡང་དག་པ་
མ་ཡིན་པ་ཀུན་རྟོག་པ་མཚོན་པའི་ཕྱིར་རོ། །རབ་ཏུ་དབྱེ་བའི་མཚན་ཉིད་ཀྱང་ཅིའི་ཕྱིར་བཤད་ཅེ་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ལ་འདོད་པ་དང་། གཟུགས་ཀྱི་ཁམས་མི་རིགས་ཏེ། ཁམས་ཐ་དད་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཐ་དད་པའི་ཕྱིར་འཕགས་པའི་
གང་ཟག་ལ་སོགས་པར་ཐ་དད་པ་གང་ཡིན་པ་དེ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་བསྟན་པ་ལ་ཉེས་པ་ཆེན་པོར་འགྱུར་རོ་སྙམ་པའི་དོགས་པ་བསལ་བའི་ཕྱིར་རབ་ཏུ་དབྱེ་བའི་མཚན་ཉིད་བཤད་དོ། །ཡང་ན། གང་རྟོག་པ་དང་དཔྱོད་པ་ཡོད་པ་དེ་ཉིད་ན། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་
ཀྱི་གཞན་ནི་མ་ཡིན་ནོ་སྙམ་སྟེ། དེ་བས་ན་དེ་བསལ་བའི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་རབ་ཏུ་དབྱེ་བའི་མཚན་ཉིད་བརྗོད་དེ་གང་ན་རྟོག་པ་དང་དཔྱོད་པ་ཡོད་པ་ཉི་ཚེ་ལ་ནི་མ་ཡིན་ནོ། །དཔེར་ན་གཟུགས་ནི་འབྱུང་བ་རྣམས་དང་འབྱུང་བ་
ལས་གྱུར་པ་ཡིན་པ་བཞིན་དུ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡང་སེམས་དང་སེམས་ལས་བྱུང་བ་ཡིན་གྱི། སེམས་འབའ་ཞིག་ནི་མ་ཡིན་ནོ། །དེ་དག་ཀྱང་ཁམས་གསུམ་པའི་ངོ་བོ་ཉིད་དེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཐ་དད་པས་ཁམས་གསུམ་པ་རྣམས་སོ། །
དེ་ལ་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་དེ་ལས་སེམས་ཅན་དམྱལ་བ་ལ་སོགས་པའི་རྣམ་པ་ཉི་ཤུ་གང་དག་འབྱུང་བ་དེ་ནི་འདོད་པའི་ཁམས་སོ། །ཚངས་རིགས་ལ་སོགས་པའི་རྣམ་པ་བཅུ་བདུན་གང་ཡིན་པ་དེ་དག་ནི་གཟུགས་ཀྱི་ཁམས་སོ། །ནམ་མཁའ་མཐའ་ཡས་ལ་སོགས་
པའི་རྣམ་པ་བཞི་པོ་གང་ཡིན་པ་དེ་དག་ནི་གཟུགས་མེད་པའི་ཁམས་སོ། །གཞན་ན་རེ་འདོད་པ་ལ་འདོད་ཆགས་མ་སྤངས་པ་དང་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བ་རྣམས་ནི་འདོད་པ་ན་སྤྱོད་པའོ། །འདོད་པ་ལ་འདོད་ཆགས་སྤངས་ལ་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བ་རྣམས་ནི་

གཟུགས་ཀྱི་ཁམས་སོ། །འདོད་པ་དང་གཟུགས་ལ་འདོད་ཆགས་སྤངས་ཤིང་གཟུགས་ཀྱི་འདུ་ཤེས་དང་ཡང་བྲལ་བ་རྣམས་ནི་གཟུགས་མེད་པ་ན་སྤྱོད་པའོ་ཞེས་ཟེར་རོ། །གཞན་དག་ནི་འདོད་པ་ལ་འདོད་ཆགས་རྒྱས་པར་གྱུར་པ་རྣམས་ནི་འདོད་པའི་ཁམས་སོ། །
གཟུགས་ལ་འདོད་ཆགས་རྒྱས་པར་གྱུར་པ་རྣམས་ནི་གཟུགས་ཀྱི་ཁམས་སོ། །གཟུགས་མེད་པ་ལ་འདོད་ཆགས་རྒྱས་པར་གྱུར་པ་རྣམས་ནི། གཟུགས་མེད་པའི་ཁམས་སོ་ཞེས་སྨྲའོ། །ཁ་ཅིག་ནི་རྟག་ཏུ་གཡེང་བ་དང་སེམས་ལས་བྱུང་བའི་སྡུག་བསྔལ་གྱི་རྣམ་པའི་གནས་སུ་གྱུར་པ་
རྣམས་ནི་འདོད་པའི་ཁམས་སོ། །མཉམ་པར་གཞག་པ་ལ་སེམས་ལས་བྱུང་བའི་སྡུག་བསྔལ་གྱི་རྣམ་པ་དང་བྲལ་བ་རྣམས་ནི་གཟུགས་ཀྱི་ཁམས་སོ། །མཉམ་པར་གཞག་ལ་བདེ་བ་དང་སྡུག་བསྔལ་གྱི་རྣམ་པ་སྤངས་པ་རྣམས་ནི། གཟུགས་མེད་པའི་ཁམས་སོ་ཞེས་སྨྲའོ། །
ཁ་ཅིག་ནི་དྲི་དང་རོ་དང་དེ་དག་ཏུ་སྣང་བའི་རྣམ་པར་ཤེས་པ་མ་སྤངས་པ་རྣམས་ནི་འདོད་པའི་ཁམས་སོ། །དྲི་དང་རོ་དང་དེ་དག་ཏུ་སྣང་བའི་རྣམ་པར་ཤེས་པ་སྤངས་པ་རྣམས་ནི་གཟུགས་ཀྱི་ཁམས་སོ། །ཁམས་བཅོ་ལྔར་སྣང་བ་སྤངས་པ་རྣམས་ནི་གཟུགས་མེད་པའི་ཁམས་སོ་ཞེས་སྨྲའོ། །
བཤད་པ་དེ་དག་ཐམས་ཅད་ལ་དེ་དག་གང་ཡིན་ཞེ་ན། ཐོག་མར་བཤད་པ་ལས་བརྗོད་པ་ཉིད་བཤད་པར་བྱ་བ་སྟེ། དེ་ལྟར་ན་བཤད་པ་འདི་དག་ནི་ལྟོས་པ་དང་བཅས་པ་ཉིད་དོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་སྐབས་ཡིན་བཞིན་དུ་ཡང་། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་
སྨོས་པ་ནི་མི་དམིགས་པས་བར་དུ་བཅད་པའི་ཕྱིར་རོ། །རྣམ་གྲངས་ཀྱི་མཚན་ཉིད་ཀྱང་སྟོན་ཏེ་ཞེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་རབ་ཏུ་བསྟན་པས། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རྣམ་གྲངས་ཀྱི་མཚན་ཉིད་ཀྱང་སྟོན་ཏོ། །ཇི་ལྟ་ཞེ་ན། སེམས་དང་སེམས་
ལས་བྱུང་བ་རྣམས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་དངོས་པོའི་རང་བཞིན་དང་། ཁྱད་པར་ལ་རྟོག་པར་ཞུགས་པའི་ཕྱིར་རོ། །དོན་གྱི་རང་གི་ངོ་བོ་དང་བྱེ་བྲག་མཐོང་བ་སེམས་དང་སེམས་ལས་བྱུང་བ་རྣམས་དང་། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཞེས་བྱ་བ་ནི་རྣམ་གྲངས་སུ་གཏོགས་པ་

སྟེ། དོན་ལ་ནི་ཁྱད་པར་མེད་དོ། །དེ་ལ་དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་ཙམ་ཞེས་བྱ་བའི་སྒྲ་ནི། ཁྱད་པར་སེལ་བའི་ཕྱིར་ཏེ་ཁྱད་པར་མི་འཛིན་གྱི་དངོས་པོའི་རང་གི་ངོ་བོ་ཙམ་དམིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་གྱི་ཁྱད་པར་མཐོང་བ་ནི་སེམས་ལས་བྱུང་བ་རྣམས་ཏེ་
ཚོར་བ་ལ་སོགས་པའོ་ཞེས་བྱ་བ་ནི་ཁྱད་པར་གྱི་ངོ་བོ་དེ་དང་དེས་དེར་མངོན་པར་འཇུག་པའི་ཕྱིར་རོ། །དེ་ལ་གང་དངོས་པོ་དེའི་ཁྱད་པར་སིམ་པ་དང་། གདུང་བ་ཉིད་ཡིད་བདེ་བ་ལ་སོགས་པའི་གནས་པ་གང་ཡིན་པ་དེ་འཛིན་པ་ནི་ཚོར་བའོ། །བུད་མེད་དང་སྐྱེས་པ་ལ་སོགས་པར་ཐ་སྙད་གདགས་པའི་
མཚན་མ་དོན་གྱི་ཁྱད་པར་གང་ཡིན་པ་དེ་འཛིན་པ་ནི་འདུ་ཤེས་སོ། །དེ་བཞིན་དུ་གཞན་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ལྟར་དེ་དག་ཀྱང་གནས་པ་དང་དམིགས་པ་དང་། དུས་དང་རྫས་མཚུངས་པ་ཉིད་ཀྱིས་མཚུངས་པར་ལྡན་པ་ཡིན་གྱི། རྣམ་པར་ཤེས་པ་དང་ཁྱད་པར་མེད་པར་ཐལ་
བར་འགྱུར་བས་རྣམ་པར་མཚུངས་པས་ནི་མ་ཡིན་ནོ། །ཁ་ཅིག་ནི་འདིར་སེམས་ཀྱི་བྱེ་བྲག་ཉིད་སེམས་ལས་བྱུང་བར་དགོངས་པར་ཤེས་ཏེ། རྨ་བྱའི་མདོངས་ལྟར་རྣམ་པར་ཤེས་པ་དེ་ཉིད། དེ་ལྟ་བུའི་ངོ་བོ་ལ་སོགས་པར་སྣང་བ་སྣ་ཚོགས་སུ་འབྱུང་ངོ་ཞེའོ། །ཇི་ལྟར་ན་གཅིག་པུ་ཡང་ཡིན་ལ་སྣ་ཚོགས་
ཀྱང་ཡིན། གཅིག་པུ་དུ་མའི་ངོ་བོ་ཉིད་དུ་འགྱུར་དུ་འོང་ཞེས། འཇིག་རྟེན་ནི་གཅིག་ལ་མི་མཐུན་པའི་མཚན་ཉིད་སྣ་ཚོགས་སུ་མི་འདོད་དོ་ཞེ་ན། གལ་ཏེ་ཆོས་ཀྱི་ངོ་བོ་ཉིད་ཡོངས་སུ་གྲུབ་པར་གྱུར་ན་ནི། འདི་ཡང་ཉེས་པར་འགྱུར་རོ། །ནོར་བ་ཙམ་ལ་ནི་ཉེས་པ་འདི་མེད་དེ། དེ་བཞིན་མ་ཡིན་
ཡེ་མེད་མིན། །ཞེས་བཤད་པའི་ཕྱིར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། མདོ་ལས་ཚོར་བ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། སེམས་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་སྟེ་ཆོས་འདི་རྣམས་ནི་འདྲེས་པ་སྟེ། མ་ཡིན་ནོ་ཞེས་འབྱུང་བ་དང་འགལ་བའི་ཕྱིར་རོ། །འདྲེས་པ་
ཞེས་བྱ་བ་ནི་ཡོད་པ་རྣམས་ཅིག་ཅར་ཕྲད་པར་འགྱུར་བ་ལ་བྱའོ། །གང་ཆོས་ཀྱི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པར་འདོད་པ་དེ་ལ། མདོ་དེ་ནི་དོན་འདིར་ཁུངས་སུ་མི་རུང་ངོ་། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་དུ་ཟད་ལ་གཞན་ཡང་མེད་པས་རྒྱུ་དང་འབྲས་བུ་རབ་ཏུ་དབྱེ་བ་རྣམ་པར་མི་ཤེས་པས་

དེ་རབ་ཏུ་བསྟན་པའི་ཕྱིར་འཇུག་པའི་མཚན་ཉིད་ཀྱང་སྟོན་ཏེ། འདིས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་རྒྱུ་དང་འབྲས་བུའི་དངོས་པོར་མཚོན་པའོ། །འཇུག་པ་ཉིད་མཚན་ཉིད་ཡིན་པས་འཇུག་པའི་མཚན་ཉིད་དེ། འཇུག་པ་ཡང་རྣམ་པ་གཉིས་སོ། །སྐད་ཅིག་བརྒྱུད་མར་
འཇུག་པ་སྟེ། དེའི་དབང་གིས་ད་ལྟར་བྱུང་བའི་ཉེ་བར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་དང་། ཚེ་རབས་གཞན་དུ་འཇུག་སྟེ། དེའི་དབང་གིས་ཚེ་ཕྱི་མའི་ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པའོ། །འདིར་ནི་སྐད་ཅིག་བརྒྱུད་མར་འཇུག་པ་འཇུག་པའི་མཚན་ཉིད་དུ་བཤད་པའོ། །ཚེ་རབས་
གཞན་དུ་འཇུག་པ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་འོག་ནས་འཆད་དོ། །གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །ཞེས་རྒྱ་ཆེར་འབྱུང་བ་དེ་ལ། གཅིག་ཅེས་བྱ་བ་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པ་ལྷག་མ་བདུན་རྣམས་ཀྱི་རྒྱུའི་རྐྱེན་གྱི་དངོས་པོའི་རྒྱུ་ཡིན་པས་རྐྱེན་གྱི་
རྣམ་པར་ཤེས་པའོ། །གཉིས་པ་ཉེ་བར་སྤྱོད་པ་ཅན་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ཞེས་བྱ་བར་སྙེགས་ཏེ། དེའི་འབྲས་བུ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་ཡང་རྣམ་པ་བདུན་ནོ། །ཉེ་བར་སྤྱོད་པ་ནི་འཇུག་པའི་རྣམ་པར་ཤེས་པའི་དགོས་པ་ཡིན་པས་ཉེ་བར་སྤྱོད་པ་ཅན་ནོ། །རྣམ་པར་ཤེས་པ་དེ་ལ་
སེམས་ལས་བྱུང་བ་ཉེ་བར་སྤྱོད་པ་དང་། ཡོངས་སུ་གཅོད་པ་དང་འཇུག་པར་བྱེད་པ་གང་ཡིན་པ་དག་ཀྱང་དེའི་འབྲས་བུ་ཞེས་བྱ་བར་སྦྱར་ཏེ། རྣམ་པར་ཤེས་པ་དང་། གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་གཞན་དག་ནི་རྒྱུའི་རྐྱེན་ཡིན་པས་རྐྱེན་གྱི་རྣམ་
པར་ཤེས་པའོ་ཞེས་བྱ་བ་ལ། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་དེར་འབྲས་བུའི་དངོས་པོར་སྦྱོར་བ་དང་། དེ་ཡང་དེ་དག་ལ་རྒྱུའི་དངོས་པོར་སྦྱོར་བས་ཀུན་གཞིའོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དེ་ལྟར་སྣང་བས་རྣམ་པར་རིག་པར་བྱེད་པའི་ཕྱིར་རྣམ་པར་ཤེས་པའོ། །དེ་ཡང་གཅིག་ཏུ་
རྣམ་པར་སྨིན་པས་ལུང་དུ་མ་བསྟན་པ་ཉིད་དོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ས་བོན་རྗེས་སུ་འབྲེལ་པ་དང་། འཇུག་པའི་རྣམ་པར་ཤེས་པ་གཞན་དག་གི་རྒྱུའི་རྐྱེན་ཡིན་པས་རྐྱེན་གྱི་རྣམ་པར་ཤེས་པའོ། །དེ་ལས་བྱུང་བ་འཇུག་པའི་རྣམ་པར་ཤེས་པ་ནི་ཉེ་བར་སྤྱོད་པ་ཅན་ནོ་ཞེས་བྱ་བ་ནི།

ཀུན་གཞི་རྣམ་པར་ཤེས་པ་དེ་ལས་བྱུང་བ་སྟེ། དེའི་རྐྱེན་གྱིས་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་འབྱུང་ཞེ་ན། འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་ན་དེ་དང་རིགས་གཅིག་པ་འཇུག་པའི་རྣམ་པར་ཤེས་པ་མ་བྱུང་བ་འབྱུང་བར་བྱེད་པའི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟས་པར་བྱེད་དེ། ས་
བོན་བརྟས་ནས་འགྱུར་བའི་བྱེ་བྲག་རྙེད་པ་དེ་ལས་ཡང་དེ་དང་རིགས་གཅིག་ལ་འཇུག་པའི་རྣམ་པར་ཤེས་པ་འབྱུང་སྟེ། དེ་ལྟར་ན་དེའི་རྐྱེན་གྱིས་འཇུག་པའི་རྣམ་པར་ཤེས་པར་འགྱུར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའི་ཉེ་བར་སྤྱོད་པའི་གནས་སུ་གྱུར་པ་དང་། ཀུན་
ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོ་བའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་ཡང་ཉེ་བར་སྤྱོད་པ་ཅན་དུ་འགྱུར་ལ། འཇུག་པའི་རྣམ་པར་ཤེས་པ་ཡང་རྐྱེན་གྱི་རྣམ་པར་ཤེས་པར་འགྱུར་བར་ཐལ་བར་མི་འགྱུར་རམ། རྐྱེན་གྱི་དངོས་པོ་མ་གཏོགས་པར་བག་ཆགས་བསྒོ་བ་གཞན་མེད་དེ།
ཆོས་མངོན་པའི་མདོ་ལས་ཚིགས་སུ་བཅད་པ་ལས་ཇི་སྐད་དུ། ཕན་ཚུན་འབྲས་བུའི་དངོས་པོ་དང་། །རྒྱུ་ཡི་དངོས་པོར་རྟག་ཏུ་ཡང་། །རྣམ་པར་ཤེས་ལ་ཆོས་ཀུན་སྦྱོར། །དེ་ཡང་དེ་བཞིན་དེ་དག་ལའོ། །ཞེས་གསུངས་པ་ལྟ་བུའོ་ཞེ་ན། ཐལ་བར་མི་འགྱུར་ཏེ་ཅིའི་ཕྱིར་ཞེ་ན། དེའི་ཚོར་བ་ཤེས་
པར་དཀའ་བས་འཇུག་པའི་རྣམ་པར་ཤེས་པ་བཞིན་དུ་ཉེ་བར་སྤྱོད་པ་ཅན་དུ་མི་ཤེས་སོ། །ཡང་ན་ཉི་མ་ལྟར་ཁྱད་ཞུགས་པར་ཤེས་པར་བྱ་སྟེ། འདི་ལྟར་ཉེ་བར་སྤྱོད་པ་ཚོར་བ་རྣམ་པ་གསུམ་པོའི་གནས་ནི་འཇུག་པའི་རྣམ་པར་ཤེས་པ་ཉིད་ཡིན་གྱི། ཀུན་གཞི་རྣམ་པར་ཤེས་པ་ནི་མ་ཡིན་
ནོ། །འདིར་ནི་རྒྱུའི་རྐྱེན་དུ་འདོད་ཀྱི་རྐྱེན་ཙམ་དུ་ནི་མ་ཡིན་ཏེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་དགེ་བ་དང་མི་དགེ་བའི་ཆོས་ཀྱི་དབང་གིས་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུའི་བག་ཆགས་དང་། ལུང་དུ་མ་བསྟན་པའི་ཆོས་ཀྱི་དབང་གིས་རྒྱུ་མཐུན་པའི་འབྲས་བུའི་བག་
ཆགས་ཡོངས་སུ་འཛིན་ཏོ། །དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པའི་ཆོས་མ་ལུས་པ་རྣམས་ཀྱི་རྒྱུའི་རྐྱེན་ཏོ། །འཇུག་པའི་རྣམ་པར་ཤེས་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་ཏེ། རྒྱུའི་རྐྱེན་མ་ཡིན་པས་འཇུག་པའི་རྣམ་པར་ཤེས་པའི་རྐྱེན་དུ་

ཐལ་བར་འགྱུར་བ་མེད་དོ། །ཉེ་བར་སྤྱོད་པ་ནི་ཚོར་བའོ་ཞེས་བྱ་བ་ལ། རྣམ་པ་གསུམ་ཆར་ཡང་ཉེ་བར་སྤྱོད་པས་ཉེ་བར་སྤྱོད་པ་སྟེ། མྱོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྲིད་པའི་རོ་བྲོ་བའི་སྙིང་པོ་འདྲ་བ་ནི་ཚོར་བ་སྟེ། དེའི་ཕྱིར་བྱིས་པ་རྣམས་དེ་ཀུན་ཏུ་མྱོང་བར་བྱ་བའི་ཕྱིར་
ཡུལ་རྣམས་ལ་ཆགས་སོ། །ཁ་ཅིག་ན་རེ་ཚོར་བ་འབའ་ཞིག་ཏུ་མ་ཟད་ཀྱི་དོན་ལ་དམིགས་པ་ཡང་ཉེ་བར་སྤྱོད་པ་ཞེས་བྱའོ་ཞེས་ཟེར་ཏེ། བཤད་པ་ལས་ཉེ་བར་སྤྱོད་པ་ནི་ཚོར་བ་ཞེས་འབྱུང་བ་དང་འགལ་བས་དེ་ནི་མ་ཡིན་ནོ། །དོན་ལ་དམིགས་པ་ནི་རྣམ་པར་ཤེས་པ་ལས་གཞན་
མ་ཡིན་པས་དེ་སེམས་ལས་བྱུང་བར་མི་རུང་ངོ་། །བདེ་བ་ལ་སོགས་པའི་བྱེ་བྲག་འཛིན་པའི་བདག་ཉིད་ཀྱི་ཕྱིར་ཚོར་བ་ཡོངས་སུ་སྤྱོད་པ་ནི་འདུ་ཤེས་ཉེ་བར་སྤྱོད་པ་དང་། འདུ་ཤེས་ལ་རྣམ་པར་ཤེས་པ་འཇུག་པར་བྱེད་པ་དག་ནི་འདུ་བྱེད་རྣམས་ཏེ། སེམས་པ་དང་ཡིད་ལ་བྱེད་པ་ལ་
སོགས་པའོ། །ཡང་ན་ཉེ་བར་སྤྱོད་པ་ནི་ཚོར་བའོ་ཞེས་བྱ་བ་ནི། རང་གི་དམིགས་པ་ཇི་ལྟ་བ་བཞིན་དུ་མྱོང་བའམ། བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་ལས་མྱོང་བའི་ཕྱིར་རོ། །དེ་ལྟར་ཡུལ་དང་ལས་ལ་སྤྱོད་པ་ནི་ཚོར་བ་སྟེ། དེའི་ཕྱིར་ཉེ་བར་སྤྱོད་པ་ཞེས་བྱའོ། །ཡུལ་གྱི་དོན་རྟགས་ཐ་
སྙད་ཀྱི་མཚན་མ་ཡོངས་སུ་གཅོད་པར་བྱེད་པས་ཡོངས་གཅོད་ནི་འདུ་ཤེས་སོ། །རྣམ་པར་ཤེས་པ་དམིགས་པ་གཞན་ལ་འཇུག་པར་བྱེད་པ་དག་ནི་འདུ་བྱེད་རྣམས་ཏེ། དེ་ལྟར་ན་སེམས་པ་ལ་སོགས་པའི་དབང་གིས་རྣམ་པར་ཤེས་པ་དམིགས་པ་གཞན་ལ་བརྟེན་ཏོ། །སོགས་པའི་སྒྲས་ནི་འདུན་པ་
ལ་སོགས་པ་བསྡུའོ། །གང་ནས་ཅི་འདྲ་གང་གི་ཕྱིར་འཇུག་པ་ནི་བཤད་ཟིན་ཏོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་སྟོན་ཏོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་རྣམས་ཇི་ལྟར་འབྱུང་བ་ན། འགྲོ་བ་ཡོངས་སུ་ཉོན་མོངས་པར་འགྱུར་བ་དེ་ནི་ཀུན་ནས་ཉོན་མོངས་པའི་
མཚན་ཉིད་དོ། །དེ་ནི་བདག་མེད་པར་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་ལས་འཁོར་བ་རྒྱས་པར་འགྱུར་བ། རབ་ཏུ་བསྟན་པའི་ཕྱིར་བཤད་དེ། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །ཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །ཞེས་རྒྱ་ཆེར་གསུངས་སོ། །རྟེན་ཅིང་འབྲེལ་པར་

འབྱུང་བ་ཡན་ལག་བཅུ་གཉིས་པ་འདི་ཡང་འཇུག་པའི་ཕྱོགས་ཀྱི་དབང་དུ་མཛད་དོ། །དེ་ལ་སྒྲིབ་པའི་ཕྱིར་ཏེ། འགྲོ་བ་ཉོན་མོངས་པར་བྱེད་དོ་ཞེས་ཐ་མར་སྨོས་པ་ནི་ཐམས་ཅད་དང་སྦྱར་རོ། །གང་གིས་སྒྲིབ་པ་དང་ཇི་ལྟར་སྒྲིབ་པའི་ཕྱིར་ཉོན་མོངས་པར་བྱེད་ཅེ་ན། དེའི་ཕྱིར་མ་རིག་པས་ཡང་དག་པ་
ཇི་ལྟ་བ་བཞིན་དུ་མཐོང་བ་ལ་བགེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །མ་རིག་པ་ནི་མི་མཐོང་བའི་བདག་ཉིད་ཡིན་པས་ཡང་དག་པ་མཐོང་བའི་ཡུལ་ལ་རབ་ཏུ་སྒྲིབ་པའི་ཕྱིར། ཡང་དག་པ་མཐོང་བ་མི་སྐྱེ་སྟེ། དེའི་ཕྱིར་ཡང་དག་པ་མཐོང་བ་སྐྱེ་བ་ལ་བགེགས་བྱེད་པས་མ་རིག་པ་ནི་
ཡང་དག་པ་མཐོང་བ་ལ་བགེགས་བྱེད་པའོ། །ཡང་དག་པ་མཐོང་བ་ཡང་དངོས་སུ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་པོ། །དེའི་རྗེས་ལས་བྱུང་བའི་ཕྱིར་དེའི་རྗེས་ལས་ཐོབ་པ་དང་། དེའི་རྟོགས་པའི་ཕྱིར་དེ་སྦྱོང་བར