Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 124
Văn bản gốc(Tây Tạng)
Trang 14 / 23 (50.000 ký tự/trang)
་བྱེད་པ་ཐོས་པ་དང་། སེམས་པ་དང་བསྒོམ་པ་ལས་བྱུང་བ་ཡང་ཡང་དག་པ་ མཐོང་བ་ཞེས་བྱའོ། །ཡང་དག་པ་མཐོང་བའི་བགེགས་སུ་གྱུར་པས། མ་རིག་པ་ནི་འདུ་བྱེད་རྣམས་ཀྱི་རྐྱེན་ཞེས་བྱ་སྟེ། དེ་ལྟར་སྒྲིབ་པའི་ཕྱིར་མ་རིག་པས་འགྲོ་བ་ཉོན་མོངས་པར་བྱེད་དོ། །འདེབས་པའི་ཕྱིར་ཞེས་བྱ་བ་ཡང་འགྲོ་བ་ཉོན་མོངས་པར་བྱེད་ཅེས་བྱ་བ་དང་སྦྱར་རོ། །གང་གིས་གང་དུ་ཅི་འདེབས་ ཤེ་ན། དེའི་ཕྱིར་འདུ་བྱེད་རྣམས་ཀྱིས་རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་ཞེས་བྱ་བ་སྨོས་སོ། །དེ་ལ་འདུ་བྱེད་རྣམས་ནི་ལུས་དང་ངག་དང་ཡིད་ཀྱི་ལས་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ངོ་བོ་ཉིད་གང་ཡིན་པའོ། །དེ་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པས་འདུ་ བྱེད་དེ། མ་བཏབ་པ་འདེབས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་འདུ་བྱེད་ཀྱི་སྒྲར་བཤད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །དེ་ཡང་མ་རིག་པའི་དབང་གིས་ཡང་སྲིད་པ་འདེབས་ནུས་པར་འགྱུར་གྱི། ཡོད་པ་ཙམ་གྱིས་ནི་མ་ཡིན་པས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་སྟེ། འདི་ལྟར་མ་རིག་ པ་མ་སྐྱེས་ན་དེ་དག་ཡང་སྲིད་པ་འདུ་བྱེད་ཀྱི། རིག་པ་སྐྱེས་ན་ནི་མ་ཡིན་ནོ། །བདག་པོ་ཙམ་གྱིས་ནི་མ་རིག་པ་འདུ་བྱེད་ཀྱི་རྐྱེན་ཞེས་མི་བྱའི། སྤྱིའི་རྐྱེན་ཡིན་པས་ཀུན་ནས་འབྱུང་བ་ན་ཡང་ཡིན་ཏེ། འདི་ལྟར་མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར། ཇི་ལྟར་ཉོན་ མོངས་པ་ཀུན་ནས་འབྱུང་བ་རྣམས་ཀྱི་སྤྱིའི་རྐྱེན་ཡིན་པ་དེ་བཞིན་དུ་དེ་ལས་བྱུང་བའི་སེམས་པ་རྣམས་ཀྱི་ཡང་ཡིན་ནོ། །བསོད་ནམས་ཀྱི་འདུ་བྱེད་སྲིད་པ་དང་ལོངས་སྤྱོད་བྱེ་བྲག་ཅན་ལ་སྨོན་པའི་རྗེས་སུ་འགྲོ་བ་རྣམས་ཀྱི་ཡང་ཡིན་ཏེ། ཀུན་ནས་འབྱུང་བ་ནི་དེ་དང་ལྷན་ཅིག་ འབྱུང་བའི་མ་རིག་པ་ནི་སྤྱིའི་རྐྱེན་ཡིན་ནོ། །མི་གཡོ་བ་དེ་ལ་ངེས་པར་འབྱུང་བར་ལྟ་བ་ཀུན་འབྱུང་བ་རྣམས་ཀྱི་ཡང་ཡིན་ཏེ། དེ་དང་ལྷན་ཅིག་འབྱུང་བའི་མ་རིག་པ་ནི་སྤྱིའི་རྐྱེན་ཡིན་པས། འདུ་བྱེད་ཀྱི་རྐྱེན་ཞེས་བཤད་དོ། །རྣམ་པར་ཤེས་པ་ལ་ཞེས་བྱ་བ་ནི། འདིར་ཀུན་གཞི་རྣམ་པར་ཤེས་པ་ལ་ དགོངས་པ་ཡིན་གྱི། འཇུག་པའི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། རྒྱུན་ཆད་པ་དང་འཇུག་པའི་རྣམ་པར་ཤེས་པས་སྐྱེ་བའི་གནས་སུ་ཁྲིད་མི་སྲིད་པ་དང་། དགེ་བ་དང་ཉོན་མོངས་པ་ཅན་གཉིས་འགྲོགས་མི་སྲིད་པས། འདུ་བྱེད་རྣམས་ཀྱིས་དེ་ལ་ལས་ཀྱི་བག་ཆགས་གཞོམ་མི་སྲིད་པའི་ ཕྱིར་རོ། །ལས་ཀྱི་བག་ཆགས་ཞེས་བྱ་བ་ལ་ལས་ཀྱི་བག་ཆགས་ཞེས་བྱ་བ་འདི་གང་ཡིན་ཞེ་ན། མ་འོངས་པའི་ས་བོན་ཏེ་རྒྱུའི་དངོས་པོའོ། །དཔེར་ན་འབྲུའི་འབྲས་བུ་ས་དང་ཐལ་བ་དང་། ལུད་ལ་སོགས་པ་རྐྱེན་གྱི་བྱེ་བྲག་ལ་ལྟོས་ཏེ། འགྱུར་བ་ལས་མྱུ་གུ་འབྱུང་བའི་རྒྱུའི་དངོས་པོ་ནི་ས་བོན་ ཞེས་བྱ་བ་ལྟ་བུའོ། །འཇོག་པའི་ཕྱིར་ཞེས་བྱ་བ་ནི་འདེབས་པ་ཉིད་ཀྱི་རྣམ་གྲངས་གཞན་བཤད་པའོ། །འཇོག་པ་ཡང་རྣམ་པར་ཤེས་པའི་རྒྱུད་འདི་ལ་དེས་ཐོག་མ་ཁོ་ནའི་ས་བོན་དེ་རྒྱས་པར་བྱེད་པ་ཡིན་ཏེ། ཟག་པ་མེད་པའི་ལྟར་ཟག་པ་དང་བཅས་པའི་ཆོས་ནི་འགའ་ཙམ་གྱིས་ཀྱང་ས་བོན་སྔོན་མ་ བསྐྱེད་པ་མེད་དེ། འདི་ལྟར་འདུ་བྱེད་རྣམས་ཀྱིས་རྣམ་པར་ཤེས་པ་ལ་ཡང་སྲིད་པའི་ས་བོན་སྐྱེད་པའི་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་དོ། །ཁྲིད་པའི་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་དོ་ཞེས་བྱ་བ་གང་གིས་གང་དུ་གང་ཁྲིད་པ་མི་ཤེས་ནས། དེའི་ཕྱིར་རྣམ་པར་ཤེས་པས་སྐྱེ་བའི་གནས་སུ་ཕྱིན་ པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་རྒྱུན་ཆགས་སུ་འཇུག་པས་འཆིའོ། །གནས་ནས་སྐྱེ་བའི་གནས་སུ་ཡང་སྲིད་པའི་ས་བོན་དུ་གྱུར་པའི་བག་ཆགས་ཕྱིན་པར་བྱེད། ཁྲིད་པར་བྱེད་དོ། །དེ་ལྟར་བྱས་ན་ཉིང་མཚམས་སྦྱོར་བའི་རྣམ་ པར་ཤེས་པའི་རྐྱེན་ནི་འདུ་བྱེད་མ་ཡིན་གྱི། སྔོན་གྱི་དུས་ཀྱི་སྲིད་པའི་རྣམ་པར་ཤེས་པ་ཉིད་ཀྱི་རྐྱེན་འདུ་བྱེད་ཡིན་པར་རབ་ཏུ་བསྟན་པ་ཡིན་ཏེ། རྒྱུ་ཞིག་པ་ལས་འབྲས་བུ་འབྱུང་བར་མི་རུང་ངོ་། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྙེད་པ་རྣམས་ནི་གང་ཤི་བ་དེ་ཉིད་དུ་སྐྱེ་བས་གཟུགས་མེད་ པ་རྣམས་སུ་ཇི་ལྟར་སྐྱེ་བའི་གནས་སུ་ཕྱིན་པར་བྱེད་ཅེ་ན། དེ་ནི་ཅི་རིགས་པར་ཤེས་པར་བྱ་སྟེ། མིང་དང་གཟུགས་བཞིན་ནོ། །ཀུན་འཛིན་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་དོ་ཞེས་བྱ་བ་གང་གིས་གང་དུ་གང་ཡོངས་སུ་འཛིན་ཞེ་ན། དེའི་ཕྱིར་མིང་དང་གཟུགས་ཀྱི་ལུས་སོ་ཞེས་བྱ་བ་སྨོས་ཏེ། མིང་ དང་གཟུགས་ནི་ཕུང་པོ་ལྔའོ། །དེ་དག་ཀྱང་ཉིང་མཚམས་སྦྱོར་བ་ནས་བཟུང་སྟེ། ནུར་ནུར་པོ་དང་མེར་མེར་པོ་དང་། ནར་ནར་པོ་དང་གོར་གོར་པོ་དང་། རྐང་ལག་འགྱུས་པའི་དུས་དང་། སྐྱེ་མཆེད་དྲུག་མ་དོད་ཀྱི་བར་དུ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་སྟེ། འདི་ལྟར་དེ་ལ་ བསྒོས་པའི་བྱེ་བྲག་གིས་རིགས་མཐུན་པ་གཞན་དག་ཏུ་དེ་བྱེ་བྲག་ཅན་དུ་གྲུབ་པོ། །དེ་སྐྱེས་ནས་ཀྱང་མི་དང་དུད་འགྲོ་ལ་སོགས་པའི་རིགས་མཐུན་པ་ཐ་དད་པའི་ཕྱིར་ལུས་ཀྱང་ཐ་དད་པས་མིང་དང་གཟུགས་ཀྱིས་ལུས་ཡོངས་སུ་འཛིན་ཞེས་བྱའོ། །ཡང་ན་འཆི་བ་ལ་ཐུག་གི་བར་དུ་ལུས་ ཐམས་ཅད་ཡོངས་སུ་འཛིན་པ་སྟེ། དེ་ཐོག་མ་ཁོ་ནར་ཐམས་ཅད་ཀྱི་རྒྱུའི་དངོས་པོར་རྣམ་པར་གནས་པའི་ཕྱིར་རོ། །ཡང་ན་དབྱེར་མེད་ཀྱང་མིང་དང་གཟུགས་ཀྱིས་ལུས་ཡོངས་སུ་འཛིན་ཏོ་ཞེས་འདི་ཐ་དད་པར་སྟོན་ཏོ། །དཔེར་ན་འདུས་བྱས་ཐམས་ཅད་ཕུང་པོ་ལྔ་རྣམས་ཀྱིས་ཀུན་བསྡུས་སོ་ ཞེས་བྱ་བ་ལྟ་བུའོ། །རྫུས་ཏེ་སྐྱེ་བ་རྣམས་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཉིད་དོ། །དེའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཅི་རིགས་པར་ཤེས་པར་བྱའོ། །རྫོགས་བྱེད་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་དོ་ཞེས་བྱ་བ་གང་གིས་གང་དུ་གང་རྫོགས་པར་བྱེད་པའི་ཕྱིར་ཞེ་ན། སྐྱེ་ མཆེད་དྲུག་གིས་མིང་དང་གཟུགས་སུ་བསྡུས་པའི་ལུས་ཏེ་འདི་ལྟར་མིང་དང་གཟུགས་ཀྱི་ཚེ་ནི། མིག་ལ་སོགས་པའི་སྐྱེ་མཆེད་མེད་པའི་ཕྱིར་ལུས་མ་རྫོགས་པ་ཞེས་བྱའོ། །དེའི་ཚེ་ན་ལུས་ཀྱི་སྐྱེ་མཆེད་དང་ཡིད་ཀྱི་སྐྱེ་མཆེད་ཡོད་མོད་ཀྱི་འོན་ཀྱང་བརྟེན་པ་དང་། གནས་ཡོངས་སུ་རྫོགས་པར་མེད་ པའི་ཕྱིར་ཡོངས་སུ་མ་རྫོགས་པ་ཉིད་དོ། །སྐྱེ་མཆེད་དྲུག་གི་དུས་ན་ནི་མིག་ལ་སོགས་པ་མངོན་པར་གྲུབ་པས་གནས་ཡོངས་སུ་རྫོགས་པ་ཡིན་ནོ། །མིག་ལ་སོགས་པ་དེ་ལ་བརྟེན་པ་རྣམས་ཡོངས་སུ་རྫོགས་པས་ལུས་ཀྱི་སྐྱེ་མཆེད་ཀྱང་ཡོངས་སུ་རྫོགས་པ་ཡིན་ནོ། །ཇི་ལྟར་མིག་ལ་ སོགས་པ་ལ་བརྟེན་ཞེ་ན་དེ་ལ་རག་ལས་ཏེ་འབྱུང་བའི་ཕྱིར་རོ། །ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པ་དྲུག་གིས་བསྡུས་པ་སྟེ། དེའི་ཚེ་གནས་མ་ལུས་པར་ཡོངས་སུ་རྫོགས་པའི་ཕྱིར་ཡོངས་སུ་རྫོགས་པ་ཡིན་ནོ། །ཡན་ལག་དང་ཉིང་ལག་ཡོངས་སུ་རྫོགས་པའི་ཕྱིར་སྐྱེ་མཆེད་དྲུག་གི་དུས་ཉིད་ན། གནས་ཡོངས་སུ་རྫོགས་པས་སྐྱེ་མཆེད་དྲུག་གིས་འགྲོ་བ་ཉོན་མོངས་པར་བྱེད་ཅེས་བྱའོ། །གསུམ་གཅོད་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་དོ་ཞེས་བྱ་བ་དང་སྦྱར་རོ། །གསུམ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདུས་སོ། །བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་དང་མཐུན་པ་དབང་པོའི་ འགྱུར་བ་རྣམ་པ་གསུམ་གང་ཡིན་པ་དེ་ཡོངས་སུ་གཅོད་པ་ནི་རེག་པའོ། །དེ་བས་ན་དབང་པོའི་འགྱུར་བ་གང་ཡིན་པ་དེའི་རྣམ་པ་དང་འདྲ་བར་རེག་པར་བྱེད་པས་རེག་པ་ཞེས་བྱའོ། །ཡང་ན་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ནི་བདེ་བ་ལ་སོགས་པར་ཚོར་བ་དང་མཐུན་པ་དབང་པོའི་འགྱུར་བ་རྣམ་པ་གསུམ་སྐྱེད་ དོ། །ཉེ་བར་སྤྱོད་པ་ནི་ཚོར་བས་སོ་ཞེས་བྱ་བ་ལ། ཚོར་བ་ནི་སྲེད་པས་ཉེ་བར་སྤྱད་པ་སྟེ། རོ་མྱོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་བསོད་ནམས་ལ་སོགས་པའི་ལས་ལ་ཉེ་བར་སྤྱོད་པས་ཚོར་བ་ནི་ཉེ་བར་སྤྱོད་པ་ཞེས་བྱའོ། །ཡང་ན་འདིར་ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་ཚོར་བ་མྱོང་བ་སྟེ། བདེ་བ་ལ་སོགས་པ་མྱོང་བ་ན་དེར་བདེ་བ་ལ་སོགས་པ་རྒྱས་པར་གྱུར་པའི་ཕྱིར། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་གཏི་མུག་རྣམས་ཀྱིས་འགྲོ་བ་ཉོན་མོངས་པར་བྱེད་དོ། །སྡུད་པའི་ཕྱིར་ཞེས་བྱ་བ་གང་གིས་གང་སྡུད་པ་མི་ཤེས་སོ། །དེའི་ཕྱིར་ལས་ཀྱིས་བཏབ་པའི་ཡང་སྲིད་པ་སྲེད་པས་སོ་ཞེས་བྱ་བ་ སྨོས་སོ། །འདུ་བྱེད་རྣམས་ཀྱིས་ཡང་སྲིད་པའི་ས་བོན་རྣམ་པར་ཤེས་པ་ལ་གསོ་བའི་ཕྱིར་བཏབ་པ། ཡང་སྲིད་པར་འགྱུར་བའི་ས་བོན་ཆུ་དང་འདྲ་བའི་སྲེད་པ། འགྲོ་བ་ཐམས་ཅད་དུ་བྱེ་བྲག་མེད་པར་ལུས་འདོད་པ་ཞེས་བྱ་བས་བརླན་ནས་ཡང་སྲིད་པ་འབྱུང་བར་ཉེ་བར་སྦྱོར་ཞིང་འབྱུང་བ་ངེས་པར་འཇོག་ པ་གང་ཡིན་པ་དེ་ནི་སྡུད་པའོ། །སྦྱོར་བའི་ཕྱིར་ཞེས་བྱ་བ་ལ་གང་གིས་གང་དུ་གང་ཞིག་སྦྱོར་བ་དྲི་བར་བྱ་བའི་སྐབས་སུ་བདག་ཉིད་ཀྱིས་ལེན་པ་རྣམས་ཀྱིས་རྣམ་པར་ཤེས་པ་སྐྱེ་བ་དང་། མཐུན་པ་འདོད་པ་ལ་སོགས་པ་རྣམས་སུའོ་ཞེས་བྱ་བ་སྨོས་སོ། །མངོན་པར་ཞེན་པ་དང་འདུན་པའི་འདོད་ ཆགས་ཀྱི་མཚན་ཉིད་ཉེ་བར་ལེན་པ་བཞི་པོ་དག་གིས་ལས་ཀྱིས་བཏབ་པའི་རྣམ་པར་ཤེས་པ་སྐྱེ་བ་དང་མཐུན་པ་འདོད་པ་དང་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་ལྟ་བ་དག་ཏུ་སྦྱོར་བར་བྱེད་འཇོག་པར་བྱེད་དེ། འདི་ལྟར་འདུན་པའི་འདོད་ཆགས་ཀྱི་དབང་གིས་རྣམ་པར་ ཤེས་པ་དེར་གནས་སོ། །མངོན་དུའི་ཕྱིར་ཞེས་བྱ་བ་འདིར་ཡང་གཞན་གྱིས་ཡོངས་སུ་དྲི་བར་བྱ་བའི་སྐབས་སུ་བདག་ཉིད་ཀྱིས་ལས་བྱས་པའི་རྣམ་པར་སྨིན་པས་ཡང་སྲིད་པར་འབྱིན་པར་མངོན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྔོན་བྱས་པའི་ལས་རྣམ་པར་ཤེས་པའི་རྒྱུ་ ཡང་འབྱུང་བས་བག་ཆགས་ཀྱི་དུས་སུ་གྱུར་པ་རྣམ་པར་སྨིན་པའི་འབྲས་བུའི་ཕྱིར། འཇུག་པ་རྙེད་པས་སྲིད་པ་ཡོད་པར་གྱུར་ཅིང་སྲིད་པ་བཏབ་པ་འགྲུབ་པར་མངོན་དུ་གྱུར་པ་སྟེ། དེ་ལྟར་ན་སྲིད་པས་མངོན་དུའི་ཕྱིར་འགྲོ་བ་ཉོན་མོངས་པར་བྱེད་དོ། །སྡུག་བསྔལ་ཕྱིར་ནི་སྐྱེ་བ་དང་རྒ་ཤིས་འགྲོ་བ་ཉོན་ མོངས་པར་བྱེད་པའོ་ཞེས་བྱ་བ་ནི། དེ་ལྟར་སྲིད་པ་ལས་ཡང་སྲིད་པ་མངོན་པར་འགྲུབ་པ་ཡོད་པ་ཐོག་མ་ཉིད་དུ་མངལ་དུ་ཞུགས་པ་ན་ཁུ་བ་དང་ཁྲག་གི་ནང་ན་རྣམ་པར་ཤེས་པ་མྱོས་པས་ཉོན་མོངས་པར་བྱེད་དོ། །དེ་བཞིན་དུ་མའི་མངལ་དུ་ཞུ་བ་དང་མ་ཞུ་བའི་གནས་ཀྱི་བར་ན་འགྲོ་ལྡོག་པས་ཉོན་མོངས་ པར་བྱེད་དོ། །ཡང་དེ་ལྟར་མའི་ཁ་ཟས་དང་སྤྱོད་པ་ཉམ་ང་བ་དང་། ཡ་ང་བ་མ་སྤངས་པས་ཀྱང་ཉོན་མོངས་པར་བྱེད་དོ། །དེ་བཞིན་དུ་དོག་པ་མི་གཙང་བའི་ལམ་ནས་འབྱུང་བས་ཉོན་མོངས་པར་བྱེད་དོ། །སྐྱེས་ནས་ཀྱང་སྤྱི་ཅེར་དང་སྐྲ་སྐྱ་བ་ལ་སོགས་པ་རྒ་བའི་མཚན་ཉིད་དང་མིང་དང་གཟུགས་ འཇིག་པའི་འཆི་བའི་མཚན་ཉིད་དང་། ལང་ཚོ་དང་སྲོག་ཕངས་པ་ལས་ཉམས་པས་འགྲོ་བ་ཉོན་མོངས་པར་བྱེད་དོ། །འགྲོ་བར་བྱེད་པས་ན་འགྲོ་བ་སྟེ། རིགས་མཐུན་པའི་གནས་སྐབས་ནས་སྐད་ཅིག་གི་གནས་སྐབས་སུ་རབ་ཏུ་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པར་བྱེད་ཅེས་བྱ་བ་ནི། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པས་ཁམས་གསུམ་དུ་སྐད་ཅིག་གཅིག་ནས་གཅིག་ཏུ་བརྒྱུད་པ་འོང་ཞིང་འགྲོ་བར་གྱུར་པས་ཉེན་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ན་རེ་རྣམ་པར་བྱང་བའི་མ་ཡིན་པས་ཉོན་མོངས་པ་ཞེས་བྱ་ཞེའོ། །དེ་ལྟར་ཀུན་ནས་ ཉོན་མོངས་པའི་མཚན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པ་འདི་ནི་སྒྲིབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དོན་རྣམ་པ་བཅུ་གཅིག་གིས་རྣམ་པར་བྱང་བའི་མི་མཐུན་པའི་ཕྱོགས་སུ་འགྱུར་རོ། །མ་རིག་པ་ལ་སོགས་པའི་གོ་རིམས་ནི་སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྐྱེད་པའི་ཕྱིར་རོ། ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་འདིས་ཡང་མདོར་བསྡུ་ན་ཉོན་མོངས་པ་རྣམ་པ་དུ་བསྟན་ཞེ་ན། དེའི་ཕྱིར་འདི་སྐད་ཅེས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ། དེ་ཡང་རྣམ་གསུམ་རྣམ་གཉིས་ཀྱང་། །ཉོན་མོངས་རྣམ་བདུན་ཞེས་བྱ་བ་སྨོས་སོ། ། ཀྱང་ཞེས་བྱ་བའི་སྒྲ་ནི་བསྡུ་བ་དང་གོ་བསྣོར་བའི་ཐ་ཚིག་གོ། །ཉོན་མོངས་པ་ཉིད་ཀུན་ནས་ཉོན་མོངས་པ་ཡིན་པས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་ཚེའི་ཀུན་ནས་ཉོན་མོངས་པ་ཡང་དེ་བཞིན་ནོ། །ཉོན་མོངས་པ་འབྱུང་བ་ན་བདག་དང་ གཞན་ལ་གནོད་པ་བྱེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་སྟེ། མདོ་ལས་ཀྱང་ཇི་སྐད་དུ་ཆགས་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་བདག་ལ་ཡང་གནོད་པར་སེམས། གཞན་ལ་ཡང་གནོད་པར་སེམས། གཉི་ག་ལ་ཡང་གནོད་པར་སེམས་སོ། །དེ་བཞིན་དུ་ཞེ་སྡང་ དང་རྨོངས་པ་ཡང་ཤེས་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །ལས་དང་ཚེའི་ཀུན་ནས་ཉོན་མོངས་པ་འབྱུང་བའི་ཕྱིར་ཡང་ཀུན་ནས་ཉོན་མོངས་པ་སྟེ། འདི་ལྟར་ཉོན་མོངས་པའི་དབང་གིས་ན་ལས་ཀྱིས་ཚེ་འཕེན་ཏེ། བདེན་པ་མཐོང་བ་ལས་ཡོད་ཀྱང་སྲིད་པ་འཕེན་པ་མེད་པ་དང་། ཉོན་མོངས་པ་ཀུན་ཏུ་འབྱུང་བས་ཡང་སྲིད་པའི་ས་བོན་སྲིད་པར་བྱེད་པའི་ཕྱིར་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡང་སྲིད་པའི་ཉིང་མཚམས་སྦྱོར་བའི་ཕྱིར། ཚེའི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡང་ཡིན་ནོ། །དེ་བས་ན་དགྲ་བཅོམ་པ་ལ་ཉོན་མོངས་པ་ཅན་གྱི་སེམས་མེད་པའི་ ཕྱིར། ཉིང་མཚམས་སྦྱོར་བ་མེད་དོ། །ལས་ཀྱང་དགེ་བ་དང་མི་དགེ་བ་སྟེ། དེ་ཉིད་ཀྱི་ཚེ་ན་ལུས་དང་སེམས་སྡུག་བསྔལ་བའི་རྒྱུར་གྱུར་པ་དང་། མ་འོངས་པ་ན་རྣམ་པར་སྨིན་པ་ཡང་འབྱིན་པས་ཀུན་ནས་ཉོན་མོངས་པའོ། །ཚེ་ཡང་གནོད་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ཉོན་མོངས་ པའོ། །རྒྱུ་རྣམ་པ་གཉིས་སུ་བྱེ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་གསུམ་མོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་མ་རིག་པ་དང་སྲེད་པ་དང་། ལེན་པ་རྣམས་ཏེ། གསུམ་ཆར་ཡང་ཉོན་མོངས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ལས་ཀྱིས་ཀུན་ནས་ཉོན་མོངས་པ་ནི་འདུ་བྱེད་ རྣམས་དང་སྲིད་པ་ལ་བྱ་སྟེ། གཉི་ག་ཡང་ལས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་བྱེ་བྲག་ཡིན་ཏེ། རང་གི་ངོ་བོར་གནས་པའི་ལས་ནི་འདུ་བྱེད་རྣམས་སོ། །ས་བོན་དུ་གནས་པ་ནི་སྲིད་པའོ། །ཚེའི་ཀུན་ནས་ཉོན་མོངས་པ་ནི། རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་། སྐྱེ་བ་དང་རྒ་ཤི་ཞེས་བྱ་བ་ཡན་ལག་ལྷག་མ་རྣམས་ཏེ། དེ་དག་ནི་ཚེའི་ནང་དུ་འདུས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་རྣམ་གཉིས་ནི་རྒྱུ་མི་དབྱེ་བར་བྱས་པ་སྟེ། རྒྱུའི་ཀུན་ནས་ཉོན་མོངས་པ་ནི་ཉོན་མོངས་པ་དང་། ལས་ཀྱི་ངོ་བོ་ཉིད་ཀྱི་ ཡན་ལག་རྣམས་ཀྱིས་སོ། །འབྲས་བུའི་ཀུན་ནས་ཉོན་མོངས་པ་ནི་ཡན་ལག་ལྷག་མ་རྣམས་ཀྱིས་སོ། །དེ་ལ་ལས་དང་ཉོན་མོངས་པ་རྣམས་ནི་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པ་སྐྱེ་བའི་བདག་ཉིད་ཅན་དང་། རྒ་ཤིའི་ཉེས་དམིགས་ཅན་གྱི་ཚེ་སྐྱེད་པར་རབ་ཏུ་ཞུགས་པའི་ ཕྱིར་རོ། །འབྲས་བུའི་ཀུན་ནས་ཉོན་མོངས་པ་ནི་ལྷག་མ་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱིས་ཏེ། ལས་དང་ཉོན་མོངས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་ཀུན་ནས་ཉོན་མོངས་པ་རྣམ་པ་བདུན་ཞེས་བྱ་སྟེ། ཕྱིན་ཅི་ལོག་དང་འདེབས་པ་དང་། ཉེ་བར་ཁྲིད་པ་དང་ཀུན་འཛིན་པ་དང་། ཉེ་བར་སྤྱོད་པ་དང་། སྡུད་པ་དང་། སྐྱོ་བའི་རྒྱུའི་ཕྱིར་རོ། །རྒྱུ་བདུན་པོ་དེ་ལྟ་མ་རིག་པ་ནི་ཕྱིན་ཅི་ལོག་གི་རྒྱུའོ་ཞེས་བྱ་བ་ལ། མ་རིག་པར་གྱུར་པ་ནི་དེ་ཁོ་ན་ཉིད་ལ་རྨོངས་པའི་ཕྱིར། མི་རྟག་པ་ལ་སོགས་པ་ལ་རྟག་པའི་ངོ་བོར་མཐོང་བས་ཕྱིན་ཅི་ལོག་ ཅེས་བྱའོ། །འདུ་བྱེད་རྣམས་ནི་འདེབས་པའི་རྒྱུའོ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་ལ་ཡན་ལག་བཞིའི་བདག་ཉིད་ཀྱི་ཚེའི་ས་བོན་འཇོག་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་ཉེ་བར་ཁྲིད་པའི་རྒྱུའོ་ཞེས་བྱ་བ་ལ་འདིར་ཤི་འཕོས་ནས་སྐྱེ་བའི་ཡུལ་དུ་ཉེ་བར་ཁྲིད་ པའི་ཕྱིར་རོ། །མིང་དང་གཟུགས་དང་སྐྱེ་མཆེད་དྲུག་ནི་ཀུན་འཛིན་པའི་རྒྱུའོ་ཞེས་བྱ་བ་ནི་ཁྲིད་པར་གྱུར་པ་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་གི་རིས་མཐུན་པ་ཀུན་འཛིན་པའི་ཕྱིར་རོ། །སྔར་མངལ་ནས་སྐྱེ་བ་ལ་སོགས་པའི་སྐྱེ་གནས་ལ་དགོངས་ནས་མིང་དང་གཟུགས་ཀྱིས་ཀུན་ འཛིན་པར་བཤད་དོ། །ད་ནི་བརྫུས་ཏེ་སྐྱེ་བའི་དབང་དུ་མཛད་དེ་སྐྱེ་མཆེད་དྲུག་གིས་ཀྱང་འཛིན་ཏོ་ཞེས་བཤད་དོ། །ཡང་ན་མིང་དང་གཟུགས་ཀྱིས་ཐོག་མ་ཉིད་དུ་ལུས་ཙམ་འཛིན་པར་བརྗོད་པར་བཞེད་པའོ། །འདིར་ནི་ཡོངས་སུ་མ་རྫོགས་པ་དང་། ཡོངས་སུ་རྫོགས་པ་འཛིན་པས་ འགལ་བ་མེད་དོ། །རེག་པ་དང་ཚོར་བ་ནི་ཉེ་བར་སྤྱོད་པའི་རྒྱུའོ་ཞེས་བྱ་བ་ལ། རྒྱུ་དང་བཅས་པའི་མྱོང་བས་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལ་ཉེ་བར་སྤྱོད་པའི་ཕྱིར་རོ། །སྲེད་པ་དང་ལེན་པ་དང་སྲིད་པ་ནི་སྡུད་པའི་རྒྱུའོ་ཞེས་བྱ་བ་ལ། བྱིས་པ་ལས་ཀྱི་རྣམ་པར་སྨིན་པ་ལ་ སྤྱོད་པ་དེ་ཚོར་བ་དེ་དང་དེ་ལ་སྲེད་པར་བྱེད་དེ་སྲེད་པ་འཕེལ་ནས། ཡང་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པས་འདོད་པ་ལ་སོགས་པ་ལེན་ཏོ། །དེ་བླངས་པས་ཀྱང་དེའི་ལས་སྔོན་བྱུང་བ་ཡང་སྲིད་པ། བག་ཆགས་སུ་གནས་པ་ཡོངས་སུ་གྱུར་ན་ཇི་ལྟར་བཏབ་པ་བཞིན་དུ་རྣམ་པར་སྨིན་པ་འབྱིན་པའི་ ཕྱིར། འཇུག་པ་རྙེད་ནས་སྲིད་པར་འགྱུར་རོ། །དེ་ཡང་འདུ་བྱེད་ཀྱིས་བཏབ་པའི་ཡང་སྲིད་པ་མངོན་པར་གྲུབ་པར་བྱ་བའི་ཕྱིར། སྲིད་པ་དང་ལེན་པ་དང་སྲིད་པ་རྣམས་ཀྱིས་སྡུད་ཅིང་མངོན་པར་འདུ་བྱེད་ཅེས་བྱ་བས། སྲེད་པ་དང་ལེན་པ་དང་སྲིད་པ་རྣམས་ནི་སྡུད་པའི་རྒྱུའོ། །ཡང་ན་སྲེད་ པའི་དབང་གིས་འདུན་པའི་འདོད་ཆགས་དང་མཐུན་པ་གང་ཡང་རུང་བའི་ལས་ཀྱི་བག་ཆགས་མངོན་དུ་བྱེད་པའི་ཕྱིར། སྲེད་པ་དང་ལེན་པ་དང་སྲིད་པ་ནི་བསྡུས་པའི་རྒྱུའོ། །སྐྱེ་བ་དང་རྒ་ཤི་ནི་སྐྱེ་བའི་རྒྱུའོ་ཞེས་བྱ་བ་ནི། དེ་ལྟར་འདི་ནི་ཚེ་དྲངས་བས་སེམས་ཅན་གྱི་རིགས་དེ་དང་དེར་སྐྱེ་བ་དང་ རྒ་ཤིའི་སྡུག་བསྔལ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུགས་པའི་སྡུག་བསྔལ་རབ་ཏུ་དབྱེ་བ་མཐའ་ཡས་པ་གཞན་ཡང་མྱོང་བར་འགྱུར་རོ། །དེ་ལ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་དུ་བརྗོད་པས་ཉོན་མོངས་པ་དང་ལས་ནི། ཚེའི་རྒྱུ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རབ་ཏུ་བསྟན་ཏོ། །ཉོན་མོངས་པ་ནི་ས་ལ་སོགས་པ་ལྟར་ཚེའི་མྱུ་གུའི་ཐུན་མོང་གི་རྒྱུའོ། །ལས་ནི་ཐུན་མོང་མ་ཡིན་ཏེ། མྱུ་གུའི་ས་བོན་ལྟར་དེ་ཐ་དད་པས་ཚེ་ཐ་དད་པའི་ཕྱིར་རོ། །ཡང་ན་འདིར་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། བར་ གྱི་མཐའ་ཞེས་བྱ་བ་རབས་གསུམ་དུ་ནི་མ་ཡིན་གྱི། ལས་དང་ཉོན་མོངས་པ་དང་འབྲས་བུ་ཡིད་ཞེས་རབ་ཏུ་སྟོན་ཏོ། །རྣམ་པ་གཉིས་སུ་བརྗོད་པས་འདི་ཉིད་རྒྱུ་དང་འབྲས་བུ་ཙམ་དུ་ཟད་དེ། འདི་ལ་བྱེད་པ་པོའམ། ཚོར་བ་པོ་ཀུན་ནས་ཉོན་མོངས་པ་གཞན་མེད་དོ་ཞེས་རབ་ཏུ་སྟོན་ཏོ། །ཡང་ ན་འདིར་ལས་དང་ཉོན་མོངས་པ་ཙམ་ཉིད་རྒྱུ་སྟེ། དེ་དག་ཡོད་པ་དང་མེད་པས་ཚེ་ཡོད་པ་དང་མེད་པར་སྣང་བའི་ཕྱིར་རོ། །དེའི་ཕྱིར་ཚེ་ནི་དེའི་འབྲས་བུ་ཉིད་དོ། །དེ་ལྟ་བས་ན་འདི་ལ་རྒྱུ་འམ་འབྲས་བུ་ནི་མེད་ཀྱི་དུས་སྐབས་ཐམས་ཅད་དུ་ཡང་ཕུང་པོ་ལྔ་ཉིད་དོ་ཞེས་རབ་ཏུ་སྟོན་ཏོ། །རྒྱུ་རྣམ་པ་བདུན་ བཤད་པས་ནི་འཕེན་པའི་མཚན་ཉིད་དང་། མངོན་པར་འགྲུབ་པའི་མཚན་ཉིད་དུ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་གཉིས་སུ་རབ་ཏུ་བསྟན་ཏོ། །དེ་ལ་འཕེན་པའི་མཚན་ཉིད་ནི་གང་གིས་འཕེན་པ་དང་། ཇི་ལྟར་འཕེན་པ་དང་། གང་འཕེན་པ་དེ་རབ་ཏུ་བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བའི་ ཡན་ལག་བདུན་གྱིས་བསྟན་ཏོ། །མངོན་པར་འགྲུབ་པའི་མཚན་ཉིད་ནི་འཕངས་པ་དེ་གང་གིས་མངོན་པར་འགྲུབ་པ་དང་། ཇི་ལྟར་མངོན་པར་འགྲུབ་པ་དང་། གང་མངོན་པར་འགྲུབ་པ་དང་། དེའི་ཉེས་པ་བསྟན་པའི་ཕྱིར་ཡན་ལག་ལྔས་སོ། །གང་གིས་འཕེན་ཞེ་ན་མ་རིག་པ་ལས་བྱུང་བའི་འདུ་བྱེད་ རྣམས་ཀྱིས་ཏེ། ཇི་ལྟར་དེ་ཁོ་ན་ལ་རྨོངས་ནས་ཕྱིན་ཅི་ལོག་ཏུ་ཤེས་ཏེ། དགེ་བ་དང་མི་དགེ་བ་དང་། མི་གཡོ་བའི་འདུ་བྱེད་རྣམས་མངོན་པར་འདུ་བྱེད་དོ། །འདུ་བྱེད་དེ་དག་གིས་ཇི་ལྟར་འཕེན་ཞེ་ན། རྣམ་པར་ཤེས་པ་ལས་ས་བོན་གསོས་པས་སྐྱེ་བར་ནུས་པར་གནས་པའི་ཕྱིར་རོ། །ཅི་ཞིག་འཕེན་ཞེ་ ན། ཡང་སྲིད་པ་བའི་མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་སྟེ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེ་ལྟར་འཕངས་པ་དེ་གང་གིས་མངོན་པར་འགྲུབ་པར་བྱེད་ཅེ་ན། ཇི་སྐད་བཤད་པའི་རིམ་གྱིས་སྔ་མ་འཕངས་པས་འདིར་སྐྱེས་པའི་ཚོར་བ་ལ་ བརྟེན་ནས་སྲེད་པ་སྐྱེད་པ་གང་ཡིན་པ་དེ་དག་བྱུང་བའི་ལེན་པས་སོ། །ཇི་ལྟར་དེས་མངོན་པར་འགྲུབ་ཅེ་ན། རྣམ་པར་ཤེས་པ་ལ་བག་ཆགས་སུ་གནས་པའི་ལས་དེ། དེས་སྲིད་པར་བྱེད་པའི་ཕྱིར་རོ། །འདུ་བྱེད་སྣ་ཚོགས་ཀྱིས་ཡོངས་སུ་བསྒོས་པའི་ཕྱིར། རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་རྣམ་པ་ མང་པོ་གནས་ཏེ། ལེན་པའི་བྱེ་བྲག་གིས་ཡོངས་སུ་གཟུང་བའི་ཕྱིར། གང་གིས་འདི་ལས་ཡང་སྲིད་པ་གཉིས་པར་འགྱུར་བ་དེ་ནི་འདིར་སྲིད་པ་ཞེས་བྱའོ། །མངོན་པར་འགྲུབ་པ་དེ་གང་ཡིན་ཞེ་ན། མིང་དང་གཟུགས་ལ་སོགས་པ་འཕངས་པ་དེས་ཕྱིས་སྐྱེ་བ་གང་ཡིན་པའོ། །དེ་ཡོད་པས་ཉེས་པར་ འགྱུར་བ་གང་ཡིན་ཞེ་ན། རྒ་ཤི་དེ་ལང་ཚོ་དང་སྲོག་ཕངས་པ་འཇིག་པའི་ཕྱིར་རོ། །འདིར་ཉེ་བར་ཁྲིད་པའི་རྒྱུ་ནི་དོན་མེད་དོ་ཞེ་ན་དོན་མེད་པ་མ་ཡིན་ཏེ། འཆི་བའི་སྲིད་པ་ཆད་ནས་སྐྱེ་བའི་སྲིད་པ་འབྱུང་བར་རྟོག་པ་བསལ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་འདི་དག་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ ཀུན་རྟོག་པ་ལས་འབྱུང་ངོ་ཞེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཀུན་ནས་ཉོན་མོངས་པའི་གནས་ཡིན་པའི་ཕྱིར་ཏེ། དེ་ཡང་། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བཤད་པ་ཡིན་ནོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་དོན་ བསྡུས་པ་ནི་ཞེས་བྱ་བ་ནི། དོན་རྒྱས་པར་བཤད་པ་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བ་དང་། མི་བརྗེད་པར་བྱ་བའི་ཕྱིར་དོན་བསྡུས་པ་བསྟན་ཏོ། །དེའི་ཕྱིར་འདིར་ནི་དོན་གཉི་ག་ཡང་བཤད་དོ། །ཡོད་པའི་མཚན་ཉིད་ནི། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་བྱའོ། །མེད་པའི་མཚན་ཉིད་ནི། དེ་ལ་ གཉིས་པོ་ཡོད་མ་ཡིན། །ཞེས་བྱ་བའོ། །རང་གི་མཚན་ཉིད་ནི། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་ཞེས་བྱ་བའོ། །བསྡུ་བའི་མཚན་ཉིད་ནི། རྟག་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ་། །ཞེས་བྱའོ། །མེད་པའི་མཚན་ཉིད་ ལ་འཇུག་པའི་ཐབས་ཀྱི་མཚན་ཉིད་ནི། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་བྱ་བ་ལ་སོགས་པའོ། །རབ་ཏུ་དབྱེ་བའི་མཚན་ཉིད་ནི། །ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བྱ་བའོ། །རྣམ་གྲངས་ཀྱི་མཚན་ ཉིད་ནི། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་བྱེ་བྲག་སེམས་ལས་བྱུང་། །ཞེས་བྱ་བའོ། །འཇུག་པའི་མཚན་ཉིད་ནི། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ཞེས་བྱའོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ནི། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། ། ཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་མཚན་ཉིད་རྣམ་པ་དགུར་བརྗོད་ནས་སྟོང་པ་ཉིད་ཇི་ལྟར་ཤེས་པར་བྱ་བ་དེ་སྟོན་ཏེ་ཞེས་བྱ་བ་འདིར་ཇི་ལྟར་སྦྱར་ཞེ་ན། འདིས་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་། སྟོང་པ་ཉིད་དང་། སྔར་ ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བ་དང་། ཆོས་ཁོང་དུ་ཆུད་པ་ལ་བརྟེན་ནས་ཆོས་ཉིད་ངེས་པར་འཛིན་པར་འགྱུར་བ་གཉིས་དམ་བཅས་པ་ཡིན་ཏེ། དེའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་བཤད་པའི་འོག་ཏུ། སྟོང་པ་ཉིད་ཇི་ལྟར་ཤེས་པར་བྱ་བ་དེ་ལྟར་འཆད་དེ། མཚན་ཉིད་དང་ནི་རྣམ་ གྲངས་དང་། །ཞེས་རྒྱ་ཆེར་རོ། །དེ་ལ་མཚན་ཉིད་ནི་དངོས་པོ་དང་དངོས་པོ་མེད་པ་དགག་པའི་བདག་ཉིད་དེ། སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །མིང་གཞན་ནི་རྣམ་གྲངས་སོ། །རྣམ་གྲངས་དང་མཐུན་པ་རྣམ་གྲངས་འཇུག་པའི་རྒྱུ་ནི་རྣམ་གྲངས་ཀྱི་དོན་ཏོ། །ནམ་མཁའ་ ལྟར་ཐ་མི་དད་པའི་མཚན་ཉིད་ཀྱི་ཕྱིར། རྣམ་པར་མི་རྟོག་ཀྱང་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་དང་ཕྲད་པ་དང་། བྲལ་བའི་དུས་ཐ་དད་པས་དབྱེ་བའོ། །གཞན་ཡང་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་ཐ་དད་པས་དབྱེ་བ་རྣམ་པ་བཅུ་དྲུག་གོ། །སྒྲུབ་པ་ནི་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་སྟོན་པར་བྱེད་པའི་ རིགས་པའོ། །ཅིའི་ཕྱིར་རྣམ་པ་དེ་དག་གིས་སྟོང་པ་ཉིད་ཤེས་པར་བྱ་ཞེ་ན། རྣམ་པར་དག་པའི་དམིགས་པ་ཡིན་པས་ན། རྣམ་པར་དག་པ་འདོད་པ་རྣམས་ཀྱི་མཚན་ཉིད་ཤེས་པར་བྱའོ། །མདོ་གཞན་དག་ལས་རྣམ་གྲངས་བཤད་པ་རྣམས་ལ་མི་རྨོངས་པར་བྱ་བའི་ཕྱིར་རྣམ་གྲངས་སོ། །རྣམ་ གྲངས་ཀྱི་དོན་ཁོང་དུ་ཆུད་པར་གྱུར་ན་སྟོང་པ་ཉིད་ལ་རྣམ་པར་དག་པའི་དམིགས་པ་ཉིད་དུ་ངེས་པའི་ཕྱིར་རྣམ་གྲངས་ཀྱི་དོན་ཏོ། །ཀུན་ནས་ཉོན་མོངས་པ་བསལ་ན། དེ་རྣམ་པར་དག་གོ་ཞེས་ཀུན་ནས་ཉོན་མོངས་པ་དེ་སྤངས་པའི་ཕྱིར་འབད་པ་སྐྱེད་པའི་དོན་དུ་དབྱེ་བའོ། །དབྱེ་བའི་ སྒྲུབ་པ་ཁོང་དུ་ཆུད་ན། འགྱུར་བ་མེད་ཀྱང་དབྱེ་བ་བདེ་བླག་ཏུ་རིག་པའི་ཕྱིར་དབྱེ་བའི་སྒྲུབ་པ་ཡང་ཤེས་པར་བྱའོ། །མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན་ཞེས་བྱ་བ་ནི། མཚན་ཉིད་སྔར་སྨོས་པས་དེའི་ཕྱིར་དེ་ཉིད་དང་པོར་འདྲི་སྟེ། གཉིས་དངོས་མེད་པའི་དངོས་པོ་ཡི། །དངོས་པོ་སྟོང་པའི་མཚན་ཉིད་དོ། ། ཞེས་བྱ་བར་ཤེས་པར་བྱའོ། །གཉིས་ནི་གཟུང་བ་དང་འཛིན་པའོ་ཞེས་བྱ་བ་ལ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལའམ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་ཀུན་བརྟགས་པའི་བདག་ཉིད་ཡིན་པས་དངོས་པོའི་ངོ་བོར་མེད་དོ། །གཉིས་པ་དངོས་པོ་མེད་པ་དེའི་དངོས་པོ་གང་ཡིན་ པ་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཚིག་ལེའུར་བྱས་པ་དང་མཐུན་པར་བྱས་པའི་ཕྱིར་འདིར་ཡང་དངོས་པོའི་རྐྱེན་མ་སྨོས་པར་བསྟན་པར་ལྟ་བའོ། །དངོས་པོ་མེད་པའི་དངོས་པོ་ཞེས་བྱ་བ་དེ་དག་གང་ཡིན། དངོས་པོ་མེད་པའི་བདག་ཉིད་ནི་ཡོད་པ་ཉིད་དོ། །གཞན་དུ་ན་དེའི་དངོས་པོ་མེད་ པའི་དངོས་པོ་སྟོང་པ་མེད་པའི་ཕྱིར་རོ། །གཉིས་ཀྱི་དངོས་པོ་ཡོད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དངོས་པོའི་ངོ་བོའི་མཚན་ཉིད་དུ་ནི་མ་ཡིན་ནོ། །དངོས་པོ་མེད་པའི་སྒྲ་ནི་དངོས་པོ་ དགག་པའི་ཚིག་ཡིན་ན། དངོས་པོའི་སྒྲ་མེད་ཀྱང་དོན་འདི་ཁོང་དུ་ཆུད་པར་འགྱུར་བས། དངོས་པོའི་སྒྲ་ནི་འདིར་ལྷག་གོ། །ལྷག་མ་མ་ཡིན་ཏེ་གཉིས་ཀྱི་དངོས་པོ་མེད་པ་སྟོང་པའི་མཚན་ཉིད་དོ་ཞེས་དེ་ཙམ་ཞིག་བཤད་ན། གཙོར་གཉིས་ཀྱི་དངོས་པོ་མེད་པ་ཉིད་དུ་རི་བོང་གི་རྭ་དངོས་པོ་མེད་པ་དང་འདྲ་ བར་ཁོང་དུ་ཆུད་དེ། སྡུག་བསྔལ་ཉིད་ལ་སོགས་པ་ལྟར་ཆོས་ཉིད་ཀྱི་ངོ་བོར་མི་རུང་ངོ་། །དེ་ལྟ་བས་ན་འདི་སྐད་ཅེས་བྱ་སྟེ། གཉིས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལ་ཡོད་དེ། སྟོང་པ་ཉིད་ཅེས་བྱ་བ་སྟེ་དངོས་པོ་མེད་པའི་དངོས་པོའི་མཚན་ཉིད་ ཡོངས་སུ་གཟུང་བའི་ཕྱིར་ཆོས་ཉིད་ཀྱི་ངོ་བོར་བསྟན་པ་ཡིན་ནོ། །ཡང་ན་གཉིས་ཀྱི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ལ། མེད་པའི་སྒྲ་ནི་ཐུན་མོང་ཡིན་པས་འདིར་མེད་པ་ཞེས་བྱ་བ་གང་ལས་དགོངས་པ་མི་ཤེས་པས། གཏན་མེད་པར་རབ་ཏུ་བསྟན་པའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་རྟོག་ པ་ལ། གཉིས་པོའི་དངོས་པོ་མེད་པའི་དངོས་པོ་ཞེས་བྱ་བ་བརྗོད་དོ། །སྔ་ན་མེད་པ་དང་ཞིག་ནས་མེད་པ་གཉིས་ནི་རང་གི་ཉེ་བར་ལེན་པ་ལས་གཞན་དུ་བཤད་པར་མི་རིགས་སོ། །གཅིག་ལ་གཅིག་མེད་པ་ཡང་གཉི་ག་གནས་ཡིན་པའི་ཕྱིར། གཅིག་ཏུ་གནས་པར་མི་རིགས་སོ། །དེའི་ཕྱིར་ དངོས་པོའི་དངོས་པོ་མེད་པའི་མཚན་ཉིད་ཉེ་བར་བཟུང་བས། གཟུང་བ་དང་འཛིན་པ་དག་གཏན་དངོས་པོ་མེད་པ་ཉིད་སྟོང་པ་ཉིད་ཅེས་བྱ་བར་དེ་ཤེས་པར་བྱས་པ་ཡིན་ནོ། །གལ་ཏེ་མེད་པའི་བདག་ཉིད་སྟོང་པ་ཉིད་ཡིན་ན། དོན་དམ་པ་ཞེས་ཇི་སྐད་དུ་བྱ་ཞེ་ན། ཡེ་ཤེས་དམ་པའི་ཡུལ་ཡིན་པས་མི་རྟག་པ་ ཉིད་བཞིན་དུ་སྟེ། དངོས་པོའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་དེའི་དངོས་པོ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ཡོད་པ་མ་ཡིན་མེད་པའང་མིན། ཇི་ལྟར་ཡོད་པ་མ་ཡིན་ཞེ་ན། འདི་ལྟར་གཉིས་པོའི་དངོས་པོ་མེད་པ་སྟེ། ཡོད་པ་ནི་གཉིས་ ཀྱི་དངོས་པོ་གཏན་མེད་པར་ཡང་མི་འགྱུར་ལ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ཆོས་ཉིད་དུ་ཡང་མི་འགྱུར་རོ། །ཇི་ལྟར་མེད་པའང་མ་ཡིན་ཞེ་ན། འདི་ལྟར་གཉིས་པོའི་དངོས་པོ་མེད་པའི་དངོས་པོ་སྟེ། གཉིས་ཀྱི་དངོས་པོ་མེད་པ་ནི་གཉིས་ཀྱི་དངོས་པོ་མེད་པའི་ངོ་བོར་མེད་པ་མ་ཡིན་ཏེ། དེ་མེད་དུ་ ཟིན་ན་གཉིས་ཡོད་པ་ཉིད་དུ་འགྱུར་ཞིང་། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ཆོས་ཉིད་དུ་ཡང་མི་འགྱུར་ཏེ། དཔེར་ན་མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་བཞིན་ནོ། །སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་པས་སྒྲོ་བཏགས་པའི་རྟག་པ་དང་། བདེ་བའི་དངོས་པོའི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱའོ། །གལ་ཏེ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་སྟོང་པ་ཉིད་ཆོས་ཉིད་ཡིན་ན། ཅི་སྟེ་དེ་ལས་གཞན་ཞེས་བྱ་བའམ། འོན་ཏེ་གཞན་མ་ཡིན་ཞེ་ན། དེའི་ཕྱིར་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཁོ་ནའོ། ། ཡང་ན་དངོས་པོ་ཁོ་ན་དངོས་པོ་མེད་པ་དགག་པའི་བདག་ཉིད་ཁོ་ནའོ། །དེ་ལྟ་བས་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་ཐ་དད་གཅིག་པའི་མཚན་ཉིད་མིན། ཐ་དད་པ་ཡིན་ན་ནི་ཆོས་ཉིད་ལས་ཆོས་ཉིད་གཞན་ཡིན་པ་མི་རུང་སྟེ། ཇི་ལྟར་མི་རུང་ཞེ་ན་ཆོས་ལས་མཚན་ ཉིད་ཐ་དད་པས་ཆོས་ཉིད་ཆོས་གཞན་ཉིད་དུ་འགྱུར་ཏེ། དེ་ལས་གཞན་པའི་ཆོས་བཞིན་ནོ། །ཆོས་གཞན་ནི་ཆོས་གཞན་གྱི་ཆོས་ཉིད་དུ་མི་རུང་སྟེ། དེ་ལ་ཡང་ཆོས་གཞན་བཙལ་དགོས་པས་ཐུག་པ་མེད་པར་འགྱུར་རོ། །མི་རྟག་པ་ཉིད་དང་སྡུག་བསྔལ་བ་ཉིད་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་མི་ རྟག་པ་ཉིད་མི་རྟག་པ་རྣམས་ལས་གཞན་མ་ཡིན་པ་དང་། སྡུག་བསྔལ་བ་ཉིད་ཀྱང་སྡུག་བསྔལ་བ་ལས་གཞན་མ་ཡིན་པ་དེ་ལྟར་སྟོང་པ་ཉིད་ཀྱང་སྟོང་པ་ལས་གཞན་མ་ཡིན་པ་ཞེས་བྱའོ། །གཅིག་པ་ཡིན་དུ་ཟིན་ན་ནི་རྣམ་པར་དག་པའི་དམིགས་པ་དང་། སྤྱིའི་མཚན་ཉིད་དུ་མི་འགྱུར་རོ། །འདིས་རྣམ་ པར་དག་པར་བྱེད་པས་རྣམ་པར་དག་པ་ནི་ལམ་མོ། །ཆོས་ཀྱི་རང་གི་མཚན་ཉིད་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་རང་གི་མཚན་ཉིད་བཞིན་དུ་ལམ་གྱི་དམིགས་པར་མི་འགྱུར་རོ། །དེའི་ཕྱིར་རང་གི་མཚན་ཉིད་ལས་གཞན་མ་ཡིན་པའི་ཕྱིར། སྤྱིའི་མཚན་ཉིད་དུ་ཡང་མི་རུང་ངོ་། །དེ་ཡང་ ཆོས་ཀྱི་རང་གི་ངོ་བོ་དང་འདྲ་བར་ཕན་ཚུན་ཐ་དད་པས་མཉམ་པ་ཉིད་ཉམས་པར་འགྱུར་རོ། །ཡང་ན་རང་གི་མཚན་ཉིད་དེ་ལས་གཞན་མ་ཡིན་པས་དངོས་པོའི་རང་གི་ངོ་བོ་ཐ་དད་པ་མེད་དོ། །དེའི་ཕྱིར་སྤྱི་ཡང་མེད་པར་འགྱུར་ཏེ། སྤྱིའི་མཚན་ཉིད་ནི་ཐ་དད་པ་ལ་ལྟོས་པའི་ཕྱིར་རོ། །ཡང་ན་རྣམ་པར་དག་པར་ བྱ་བའི་ཕྱིར་དམིགས་པ་ནི་རྣམ་པར་དག་པའི་དམིགས་པའོ། །དངོས་པོ་ནི་རང་གི་མཚན་ཉིད་ལ་དམིགས་པས་རྣམ་པར་དག་པ་ཐོབ་པ་མེད་དེ། སེམས་ཅན་ཐམས་ཅད་རྣམ་པར་དག་པར་ཐལ་བར་འགྱུར་རོ། །གལ་ཏེ་གཞན་དང་གཞན་མ་ཡིན་པར་མི་བརྗོད་ན། གཅེར་བུ་པ་སྨྲ་བ་ལ་འཆེལ་བར་དེ་ ལྟར་མི་འགྱུར། དངོས་པོ་ཡོད་པ་ལ་དེ་ཉིད་དམ་གཞན་དུ་ལུང་མི་སྟོན་པ་གང་ཡིན་པ་དེ་གཅེར་བུ་པའི་སྨྲ་བ་ལ་འཆེལ་བར་འགྱུར་རོ། །སྟོང་པ་ཉིད་ནི་དངོས་པོ་མེད་པས་སྐྱོན་དུ་འགྱུར་བ་འདི་མེད་དོ། །དེ་ལྟར་སྟོང་པ་ཉིད་འདི་ནི་མེད་པའི་མཚན་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དང་། མི་གཉིས་ པའི་མཚན་ཉིད་དེ། དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བའི་མཚན་ཉིད་ཡོངས་སུ་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ཀྱི་མཚན་ཉིད་བཤད་ཟིན་ཏོ། །དེ་ནི་རྣམ་གྲངས་བརྗོད་པར་བྱའོ། །སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་ དབྱིངས་ནི་རྣམ་གྲངས་སོ། །ཞེས་བྱ་བ་ལ། རྣམ་གྲངས་ཞེས་བྱ་བ་ནི་དོན་གཅིག་ལ་སྒྲ་ཐ་དད་པར་གྲག་པ་སྟེ་རྣམ་གྲངས་ཀྱི་དོན་བརྗོད་པས་རྣམ་གྲངས་ཞེས་བྱའོ། །བརྗོད་པ་དེ་རྣམས་ནི་མདོ་གཞན་དག་ལས་སྟོང་པ་ཉིད་དུ་སྟོན་ཏོ། །རྣམ་གྲངས་ལྔ་པོ་དེ་དག་གཙོ་བོ་ཡིན་པར་ཚིགས་སུ་བཅད་པ་ལས་ཇི་སྐད་ སྨོས་པ་དེ་བཞིན་དུ་རྣམ་གྲངས་གཞན་འདིར་མ་སྨོས་ཏེ། གསུང་རབ་ལས་ཁོང་དུ་ཆུད་པར་བྱ་བ་ནི་འདི་ལྟ་སྟེ། མི་གཉིས་པ་ཉིད་དང་། རྣམ་པར་མི་རྟོག་པའི་དབྱིངས་དང་། ཆོས་ཉིད་དང་། བརྗོད་དུ་མེད་པ་ཉིད་དང་། མི་འགག་པ་ཉིད་དང་། འདུས་མ་བྱས་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པའོ། ། རྣམ་གྲངས་ཀྱི་དོན་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་སྟོན་ཏེ་སྒྲ་དེ་དག་ནི་བརྟགས་པ་མ་ཡིན་གྱི། དོན་དང་ལྡན་པ་རྣམས་ཞེས་བྱ་སྟེ། གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགག་འཕགས་པའི་སྤྱོད་ཡུལ་དང་། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམས་བཞིན། །ཞེས་ བྱའོ། །དེ་ལ་གཞན་མ་ཡིན་པའི་ཕྱིར་དེ་བཞིན་ཉིད་དེ་ཞེས་བྱ་བ་ནི་མི་འགྱུར་བའི་དོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པའི་ཕྱིར་རྟག་ཏུ་དེ་བཞིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྟག་པར་དུས་ཐམས་ཅད་འདུས་མ་བྱས་པ་ཡིན་པས་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིན་ཅི་ལོག་མ་ཡིན་ པའི་ཕྱིར་ཡང་དག་པའི་མཐའ་སྟེ་ཞེས་བྱ་བ་ལ་ཡང་དག་པ་ནི་བདེན་པ་དང་མ་ནོར་བ་ཞེས་བྱ་བའི་ཐ་ཚིག་གོ། །མཐའ་ཞེས་བྱ་བ་ནི་མུ་མེད་པ་སྟེ། གང་ཕན་ཆད་ནས་ཤེས་པར་བྱ་བ་གཞན་མེད་པའི་ཕྱིར་ཡང་དག་པའི་མཐའ་སྟེ། ཡང་དག་པའི་མུ་ཞེས་བྱའོ། །ཇི་ལྟར་དེ་བཞིན་ཉིད་ཤེས་པར་བྱ་བ་མུ་ཞེས་བྱ་ ཞེ་ན། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་མེད་པའི་ཕྱིར་རོ། །འདིར་རྒྱུ་སྨོས་པ་ཕྱིན་ཅི་ལོག་གི་གཞི་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཕྱིན་ཅི་ལོག་ནི་རྣམ་པར་ རྟོག་པའོ། །རྣམ་པར་རྟོག་པའི་དམིགས་པ་མ་ཡིན་པས་ཕྱིན་ཅི་མ་ལོག་པའོ། །མཚན་མ་འགོག་པའི་ཕྱིར་མཚན་མ་མེད་པ་སྟེ་ཞེས་བྱ་བ་ནི། འདིར་མཚན་མ་མེད་པ་ལ་མཚན་མ་འགོག་པ་ཞེས་བྱ་བའོ། །འདིར་རབ་ཏུ་བསྟན་པའི་ཕྱིར་མཚན་མ་ཐམས་ཅད་མེད་པའི་ཕྱིར་རོ་ཞེས་ བྱ་བ་སྨོས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་མ་ཐམས་ཅད་ཀྱི་སྟོང་པ་ཉིད་སྟོང་པས་མཚན་མ་མེད་པ་ཞེས་བྱའོ། །མཚན་མ་ཐམས་ཅད་མེད་པའི་ཕྱིར་མཚན་མ་མེད་པ་སྟེ། མཚན་མ་མེད་པ་ཉིད་མཚན་མ་མེད་པའོ། །འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་དོན་དམ་པ་སྟེ་ཞེས་ བྱ་བ་ལ། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། དེའི་དོན་ནི་དོན་དམ་པའོ། །འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཏེ་ཞེས་བྱ་བ་ལ། ཆོས་ཀྱི་སྒྲ་ནི་འདིར་འཕགས་པའི་ཆོས་རྣམས་ཏེ། ཡང་དག་པར་ལྟ་བ་ལ་སོགས་པ་དང་། ཡང་དག་པར་རྣམ་པར་གྲོལ་བ་དང་། ཡེ་ཤེས་ལ་ ཐུག་པ་རྣམས་ལ་བྱ་སྟེ། དེ་དག་གི་རྒྱུ་ཡིན་པས་དབྱིངས་སོ། །དེ་ཉིད་བསྟན་པའི་ཕྱིར་འཕགས་པའི་ཆོས་རྣམས་ནི་དེ་ལ་དམིགས་པས་བྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པ་ལ་ཡང་ཁམས་ཀྱི་སྒྲ་འདི་འཇུག་པ་དེའི་ཕྱིར། འདིར་དབྱིངས་ཀྱི་དོན་ནི་ རྒྱུའི་དོན་ཏོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་གསེར་ཁུང་དང་ཟངས་ཁུང་བཞིན་ནོ། །མདོ་གཞན་ལས་རྣམ་གྲངས་གསུངས་པ་གཞན་དག་ཀྱང་འདིའི་ཚུལ་དུ་དོན་བདག་གིས་བརྟག་པར་བྱའོ། །སྟོང་པ་ཉིད་ནི་གཟུང་བ་དང་འཛིན་པ་མེད་པའི་ངོ་བོ་ཡིན་པས་ཐ་དད་པ་མི་སྲིད་དེ། འདྲི་བའམ་ཡང་ན་རྣམ་གྲངས་ཀྱི་དོན་གྱི་འོག་ ཏུ་དབྱེ་བ་ཤེས་པར་བྱ་བར་བསྟན་པས། དེའི་ཕྱིར་དེ་བཤད་པའི་འོག་ཏུ་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཇི་ལྟར་ཤེས་པར་བྱ་ཞེ་ན་ཞེས་དྲིས་སོ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ནི་ཀུན་ནས་ཉོན་མོངས་པའོ། །དེ་སྤངས་ན་རྣམ་པར་དག་པ་ཞེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པའི་དུས་ན་ཡང་སྟོང་ པ་ཉིད་མ་རྟོགས་པར་གང་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བ་གཞན་མེད་དོ། །དེ་ལྟ་བས་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་གཉིས་ཀྱི་དུས་ན་ཡང་། སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །ཀུན་ནས་ཉོན་ མོངས་རྣམ་པར་དག །ཅེས་བྱ་བ་སྟེ། དེའི་རབ་ཏུ་དབྱེའོ་ཞེས་བྱ་བ་སྨོས་སོ། །གང་གི་ཚེ་ཉོན་མོངས་ལ། གང་གི་ཚེ་དྲི་མ་མེད་པ་ཁོང་དུ་མ་ཆུད་ནས། གང་གི་ཚེ་ཀུན་ནས་ཉོན་མོངས་ལ། གང་གི་ཚེ་རྣམ་པར་དག་ཅེ་ན་ཞེས་དྲིས་པ་དང་། དེ་ནི་དྲིར་བཅས་དྲི་མ་མེད། །ཅེས་རྒྱ་ཆེར་རོ། །གནས་གྱུར་པ་དང་མ་ གྱུར་པ་ལ་ལྟོས་པས། དྲི་མ་དང་བཅས་པ་དང་དྲི་མ་སྤངས་པར་རྣམ་པར་གཞག་གོ། །མ་རྟོགས་པ་དང་ལོག་པར་རྟོགས་པའི་ཉེས་པས་མི་མཁས་པ་གང་དག་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་ཅིང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་སེམས་ཀྱི་རྒྱུད་དྲི་མ་ཅན་དུ་གྱུར་པ་ལ། སྟོང་པ་ཉིད་མི་སྣང་བ་དེ་དག་དྲི་མ་དང་བཅས་པའོ་ཞེས་རྣམ་པར་གཞག་གོ། །འཕགས་པ་གང་དག་དེ་ཁོ་ན་མཁྱེན་པས་ཕྱིན་ཅི་ལོག་གི་སེམས་མེད་པ་ལ་སྟོང་པ་ཉིད་ནམ་མཁའ་ལྟར་རྡུལ་མེད་པ་སྟེ་རྒྱུན་མི་འཆད་པར་སྣང་བ་དེ་དག་ནི་དྲི་མ་སྤངས་པ་ཞེས་བྱའོ། །དེ་ལྟར་སྟོང་པ་ཉིད་ནི་ཉོན་ མོངས་པ་དང་རྣམ་པར་དག་པ་ལ་ལྟོས་པ་ཅན་ཡིན་པར་བལྟ་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་ངོ་བོ་ཉིད་དྲི་མ་ཅན་དུ་ནི་མ་ཡིན་ནོ། །གལ་ཏེ་དྲི་མ་དང་བཅས་པར་གྱུར་ལ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི། འགྱུར་བ་མེད་པར་གནས་སྐབས་ཐ་དད་པ་མ་མཐོང་ལ། འགྱུར་བ་ནི་སྐྱེ་བ་དང་འཇིག་པ་དང་ རྗེས་སུ་འབྲེལ་བ་སྟེ། དེའི་ཕྱིར་འགྱུར་བའི་ཆོས་ཅན་ཡིན་པས་ཇི་ལྟར་མི་རྟག་པར་མི་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་ནས་ཉོན་མོངས་པའི་གནས་སྐབས་ལས་སྟོང་པ་ཉིད་རྣམ་པར་དག་པའི་གནས་སྐབས་སུ་འགྱུར་བ་གཞན་མེད་ཀྱི། དེ་ཁོ་ན་ཉིད་དུ་གནས་པར་རང་བཞིན་གཞན་དུ་ འགྱུར་བ་མེད་པ་སྟེ། གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར་འདི་ལྟར། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །དེའི་ཕྱིར་མི་རྟག་པར་མི་འགྱུར་རོ། །དཔེར་ན་ཆུའི་ཁམས་དང་གསེར་དང་། ནམ་མཁའ་རྣམས་དེའི་རང་བཞིན་མ་ཡིན་པའི་ཕྱིར། དྲི་མའི་ ངོ་བོ་ཉིད་ཡིན་པར་མ་གྱུར་ཀྱང་། གློ་བུར་གྱི་དྲི་མས་དྲི་མ་ཅན་ཁོ་ན་དང་གློ་བུར་གྱི་དྲི་མ་དང་བྲལ་ན་ཡང་རང་བཞིན་གཞན་དུ་འགྱུར་བ་མེད་བཞིན་དུ་རྣམ་པར་དག་པ་ཉིད་དོ། །དེ་བཞིན་དུ་སྟོང་པའི་གློ་བུར་གྱི་དྲི་མ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པར་གྱུར་ཡང་། འགྱུར་བ་མེད་པའི་རང་གི་ངོ་བོ་ཡིན་ལ། དེ་དང་ བྲལ་ན་རྣམ་པར་དག་པ་ཞེས་བྱའོ། །དངོས་པོ་དེ་ཉིད་སྔར་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། ཕྱིས་རྣམ་པར་དག་པའི་རང་བཞིན་དུ་གང་རྣམ་པར་འཇོག་པ་དེ་ནི། རང་བཞིན་གཞན་དུ་གྱུར་པས་འགྱུར་བའི་ཆོས་བཟློག་པར་མ་གྱུར་གྱི། གང་ལ་དེ་གཉི་ག་ཡང་གློ་ བུར་ཡིན་པ་ལ་ནི་མ་ཡིན་ཏེ། དེ་ལྟ་བས་ན་དེ་འགྱུར་བའི་ཆོས་ཉིད་ལ་རེག་པ་མེད་དོ། །རབ་ཏུ་དབྱེ་བའི་སྐབས་ཡིན་པས་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཐམས་ཅད་བརྗོད་དགོས་ཏེ། དེའི་ཕྱིར་གཞན་ཡང་རབ་ཏུ་དབྱེ་བ་ནི་སྟོང་པ་ཉིད་རྣམ་པ་བཅུ་དྲུག་པོ་འདི་ལྟ་སྟེ་ཞེས་བྱ་བ་སྨོས་སོ། །དངོས་པོ་ཐ་ དད་པས་རྣམ་པ་བཅུ་དྲུག་ཏུ་འགྱུར་ཏེ། གཉིས་ཀྱི་དངོས་པོ་མེད་པའི་རང་གི་ངོ་བོ་ལ་ནི་ཐ་དད་པ་མེད་དོ། །ནང་སྟོང་པ་ཉིད་ཅེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་བར་དུ་སྟོང་པ་ཉིད་རྣམ་པ་བཅུ་དྲུག་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་ངོ་། །དེ་ཡང་མདོར་བསྡུ་བ་ཞེས་བྱ་བར་རིག་ པར་བྱའོ། །ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་གཉིས་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ནི་སྤྱིའི་མཚན་ཉིད་དོ། །གཞན་དུ་ན་དེ་ནི་ཐ་དད་པར་བསྟན་པར་མི་ནུས་ཏེ། དེའི་ཕྱིར་གཞི་ཐ་དད་པས་དེ་ཐ་དད་པར་སྟོན་ཏོ། ། གཞན་དུ་ན་དེ་ནི་ཐ་དད་པར་བསྟན་པར་མི་ནུས་སོ། །དེ་ལ་ཆགས་པ་དང་མངོན་པར་ཞེན་པ་དེ་སྤངས་པའི་ཕྱིར། ཐོག་མར་ཟ་བ་གཞིག་པར་བྱའོ། །དེ་ལ་ཆགས་པ་དང་མངོན་པར་ཞེན་པ་དེ་ནི་སངས་རྒྱས་སུ་འགྲུབ་པ་དང་། རྣམ་པར་ཐར་པ་ཐོབ་པའི་བགེགས་སུ་གྱུར་པའོ། །དེའི་འོག་ཏུ་དེའི་ བཟའ་བའོ། །དེའི་འོག་ཏུ་དེ་གཉིས་ཀྱི་གནས་ཏེ་ལུས་སོ། །དེའི་འོག་ཏུ་ཟ་བ་ལ་ཕན་འདོགས་པའི་ཕྱིར། བདག་གིར་ཆགས་པ་དང་འཛིན་པ་བཟློག་པའི་ཕྱིར། དེའི་གནས་ཏེ་ལུས་ཀྱི་རྟེན་སྣོད་ཀྱི་འཇིག་རྟེན་གཞིག་པར་བྱའོ། །གཞི་རྣམ་པ་བཞི་པོ་འདིའི་སྟོང་པ་ཉིད་དེ་ནི་གཞི་སྟོང་པ་ཉིད་ཅེས་ བྱའོ། །དེ་ལ་ཟ་བ་སྟོང་པ་ཉིད་ནི་ནང་གི་སྐྱེ་མཆེད་རྣམས་ལས་བརྩམས་སོ་ཞེས་བྱ་བ་ནི། དེ་དག་ཀྱང་མིག་ལ་སོགས་པ་ནས་ཡིད་ལ་ཐུག་པའི་བར་དུའོ། །ཟ་བ་དེ་ལས་གཞན་མེད་པས་མིག་ལ་སོགས་པ་ཡུལ་ལ་ཉེ་བར་སྤྱོད་པར་འཇུག་པར་མཐོང་ནས་མིག་ལ་སོགས་པ་ཉིད་ཀྱིས་ཟ་བར་ འཇིག་རྟེན་མངོན་པའི་ང་རྒྱལ་བྱེད་པས་དེའི་ཕྱིར། མིག་ལ་སོགས་པའི་སྐྱེ་མཆེད་སྟོང་པ་ཉིད་ལ་ཟ་བ་སྟོང་པ་ཉིད་ཅེས་བཤད་དོ། །བཟའ་བ་སྟོང་པ་ཉིད་ནི་ཕྱི་རོལ་གྱི་རྣམས་སོ་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ནས་ཆོས་ལ་ཐུག་པའི་བར་དུའོ། །དེ་དག་ལ་ཡུལ་གྱི་དངོས་པོར་བཟའ་བར་བྱ་བས་ ན་བཟའ་བ་སྟེ། དེའི་ཕྱིར་ཕྱི་རོལ་གྱི་སྐྱེ་མཆེད་སྟོང་པ་ཉིད་ནི་བཟའ་བ་སྟོང་པ་ཉིད་ཅེས་བཤད་དོ། །ཟ་བ་དང་བཟའ་བ་དེ་གཉིས་ནི་ལུས་དང་ཕན་ཚུན་ཐ་དད་དུ་མི་འཇུག་པར་གནས། དེའི་ལུས་ནི་ཁོག་པའོ་ཞེས་བྱ་སྟེ། དེ་བས་ན་དེའི་སྟོང་པ་ཉིད་ཅེས་བྱའོ། །གནས་ཀྱི་གཞི་ནི་སྣོད་ཀྱི་འཇིག་ རྟེན་ཏེ། ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་གནས་ཀྱི་གཞི་རབ་ཏུ་འདོགས་པས། དེ་ཉིད་ཀྱི་ཕྱིར་དེ་རྒྱ་ཆེ་བའི་ཕྱིར་དེ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ་ཞེས་བྱ་བ་སྨོས་སོ། །གཞིའི་སྒྲ་ནི་རེ་རེ་དང་ཡང་སྦྱར་བར་བྱའོ། །དེ་ལྟར་ཤེས་བྱའི་དངོས་པོ་རྣམས་གཞིའི་སྟོང་པ་ཉིད་ལ་རྟོག་པ་དང་ བཅས་པའི་ཚུལ་བཞིན་ཡིད་ལ་བྱེད་པས་ཡིད་ལ་བྱེད་པ་ན། བྱང་ཆུབ་སེམས་དཔའ་རྣལ་འབྱོར་པ་དེ་ལ་མཚན་མར་འཛིན་པ་གཞན་འདི་ཉེ་བར་གནས་པར་འགྱུར་རོ། །སྟོང་པ་ཉིད་ཤེས་བྱ་གང་གིས་ནང་དང་ཕྱིའི་སྐྱེ་མཆེད་ལ་སོགས་པ་འདི་སྟོང་པར་མཐོང་བ་དེ་ལ། གང་གཟུང་བ་དང་འཛིན་པར་ མངོན་པར་ཞེན་པ་དང་། ཇི་ལྟར་དེའི་སྟོང་པ་ཉིད་ཤེས་པས་མཐོང་བ་འདི་ཉིད་ཀྱང་འདིར་དོན་དམ་པའི་རྣམ་པའོ་སྙམ་དུ་རྣམ་པར་རྟོག་པ་ལ་རྣལ་འབྱོར་གྱི་སའི་འཁྲུལ་པའི་མཚན་མའི་རྣམ་པར་རྟོག་པ་རྣམ་པ་དེ་གཉིས་གཞིག་པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་དེ་གོ་རིམས་ བཞིན་ནོ། །ཤེས་པ་དང་རྣམ་པ་ནི་མ་སྨོས་པར་བྱས་ཏེ་བཤད་དོ། །ཡང་ན་སྟོང་པ་ཉིད་ཡུལ་ཡིན་པས་ཤེས་པ་དང་སྟོང་པ་ཞེས་བཤད་པ་ཡིན་ནོ། །གཟུང་བ་དང་འཛིན་པའི་དངོས་པོས་དེ་སྟོང་པ་ཉིད་ནི་སྟོང་པ་ཉིད་དོ། །ནང་གི་སྐྱེ་མཆེད་ལ་སོགས་པ་ཡང་སྟོང་པ་ཉིད་ཤེས་པ་དེས་ཇི་ལྟར་མཐོང་བ་ དེ། འདིར་དོན་དམ་པའོ་སྙམ་པའི་རྣམ་པ་དེས་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ནི་དོན་དམ་པ་སྟེ་ཀུན་བརྟགས་པའི་རང་བཞིན་གྱིས་སྟོང་པ་ཞེས་བྱའོ། །མཚན་མར་འཛིན་པ་གཞན་འདི་ནི་སྟོང་པ་ཉིད་བསྒོམ་པའི་ཉེས་པར་གྱུར་པ་སྟེ། གང་གི་ཕྱིར་བྱང་ ཆུབ་སེམས་དཔའ་སྟོང་པ་ཉིད་སྒྲུབ་པ་དེ་ཡང་དངོས་པོའི་ངོ་བོར་སྒྲོ་བཏགས་པ་སྟེ། དེ་གཞིག་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་ཅེས་བྱ་བ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ལ་ཐུག་པའི་བར་གྱི་སྟོང་པ་ཉིད་བཤད་དོ། །ཅིའི་ཕྱིར་སྒྲུབ་པར་བྱེད་ཅེ་ན། དགེ་བ་གཉིས་ཐོབ་པར་ བྱ་བའི་ཕྱིར་ཞེས་བྱ་བ་ནས། སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །ཞེས་བྱ་བའི་བར་དག་གིས་སྟོང་པ་ཉིད་ལ་སྒྲུབ་པར་བྱེད་དེ། སྟོང་པ་ཉིད་བསྒོམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བ་ནི་འདུས་བྱས་དང་འདུས་མ་བྱས་ཏེ་ལམ་དང་མྱ་ངན་ལས་འདས་པའོ། །དེ་གཉིས་ནི་འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་གོ་རིམས་བཞིན་དུ་སྦྱར་རོ། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་དུ་རྟག་པར་བདག་གིས་སེམས་ཅན་ལ་ཕན་པར་བྱའོ་སྙམ་པ་དེའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འཁོར་བ་མི་གཏང་བྱ་བའི་ཕྱིར། །ཞེས་བྱ་བ་ ནི་སེམས་ཅན་གྱི་དོན་དུ་བདག་གིས་འཁོར་བ་ཡོངས་སུ་གཏང་བར་མི་བྱ་སྟེ། འཁོར་བ་ཡོངས་སུ་བཏང་ན་བྱང་ཆུབ་མ་རྙེད་པར། ཉན་ཐོས་ཀྱི་སར་གནས་པར་འགྱུར་བས། དེའི་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །ཅིའི་ཕྱིར་དེའི་སྟོང་པ་ཉིད་བཤད་ཅེ་ན། དེའི་ཕྱིར་འཁོར་བ་ཐོག་མ་དང་ཐ་ མ་མེད་པ་སྟོང་པ་ཉིད་དུ་མ་མཐོང་ན་སྐྱོ་སྟེ། འཁོར་བ་ཡོངས་སུ་གཏོང་ངོ་ཞེས་བྱ་བ་སྨོས་སོ། །དགེ་བ་མི་ཟད་བྱ་བའི་ཕྱིར། །ཞེས་བྱ་བ་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་བདག་གིས་དགེ་བའི་རྩ་བ་རྣམས་མི་ཟད་པར་བྱའོ་སྙམ་པ་སྟེ། མི་གཏོང་ཞེས་བྱ་བ་ནི་དེ་མི་འདོར་བར་ བཤད་པའོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་གྲུབ་པར་འགྱུར་ཞེ་ན། ཟག་པ་དང་བཅས་པའི་ཆོས་ཀྱི་རྣམ་པར་སྨིན་པའི་ལུས་ནི་མེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཟག་པ་མེད་པའི་དངོས་པོའི་ཆོས་ཀྱི་སྐུ་ནི་ཕུང་པོའི་ལྷག་མ་མེད་པའི་ མྱ་ངན་ལས་འདས་པའི་དབྱིངས་ན་ཡང་རྒྱུན་ཆད་པར་མི་འགྱུར་རོ་ཞེས་གྲུབ་པའི་མཐའ་ལས་འབྱུང་ངོ་། །དེའི་ཕྱིར་དེའི་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །ཞེས་བྱ་བ་ལ། དེའི་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་དེ། དེ་ཉིད་ཀྱི་ཕྱིར་རིགས་ནི་ རང་བཞིན་ཞེས་བཤད་དོ། །འདི་ཇི་ལྟ་བུ་ཞེ་ན་དེའི་ཕྱིར་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ངོ་བོ་ཉིད་ནི་ཐོག་མ་མེད་པའི་དུས་ཅན་ཏེ། གློ་བུར་དུ་བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་ལ་ལ་ནི་སེམས་དང་བཅས། ལ་ལ་ནི་སེམས་མེད་པ་དེ་བཞིན་དུ་ འདིར་ཡང་སྐྱེ་མཆེད་དྲུག་པོ་ཁ་ཅིག་ནི་སངས་རྒྱས་ཀྱི་རིགས། ཁ་ཅིག་ནི་ཉན་ཐོས་ལ་སོགས་པའི་རིགས་ཞེས་བྱའོ། །རིགས་ནི་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་འོངས་པས་སེམས་དང་སེམས་མེད་པའི་བྱེ་བྲག་བཞིན་ཏེ། གློ་བུར་དུ་བྱུང་བ་མ་ཡིན་ནོ། །གཞན་དག་ན་རེ་སེམས་ཅན་ཐམས་ཅད་ དེ་བཞིན་གཤེགས་པའི་རིགས་ཡིན་པས། འདིར་རིགས་ཞེས་བྱ་བ་ནི་དེ་བཞིན་དུ་ཤེས་པར་བྱའོ་ཞེའོ། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །ཞེས་བྱ་བ་ནི། དེའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་རྣམས་དཔེ་བྱད་བཟང་པོ་རྣམས་དང་བཅས་པའི་སྟོང་པ་ཉིད་ནི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །གཞན་ཡང་། སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །སྒྲུབ་པར་བྱེད་པ་ཐ་མར་བརྗོད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་ཐམས་ཅད་དང་ སྦྱར་རོ། །སངས་རྒྱས་ཀྱི་ཆོས་དེ་གང་དག་ཡིན་ཞེ་ན། དེའི་ཕྱིར་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའོ་ཞེས་བྱ་བ་སྨོས་སོ། །མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་བདག་གིས་འབད་པར་བྱའོ་ཞེས་སྒྲུབ་པར་བྱེད་པས་དེའི་ཕྱིར་རྣམ་པར་བསྒོམ་པ་ཞེས་ བྱ་སྟེ། དེའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །འདིར་རྣམ་པར་བསྒོམ་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཤེས་པར་བྱ་བ་ལ་ཤེས་པ་བར་ཆད་མེད་པར་འཇུག་པ་སྟེ། དེ་ལྟར་རེ་ཞིག་ནང་སྟོང་པ་ཉིད་ལ་སོགས་པ་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཐུག་གི་བར་དུ་སྟོང་པ་ཉིད་བཅུ་བཞི་ རྣམ་པར་གཞག་པར་ཤེས་པར་བྱའོ། །ཟ་བ་པོ་ལ་སོགས་པ་འདི་ལ་སྟོང་པ་ཉིད་གང་ཡིན། ངོ་བོ་ཉིད་ནི་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ལ་དེ་ཉིད་སྟོང་ཉིད་གཞན། །ཞེས་བྱ་བ་གསུངས་སོ། ། དེ་ལ་ཇི་སྐད་དེ་བཤད་པའི་ཟབ་པོ་ལ་སོགས་པ་ལ་གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ཡང་སྟོང་པ་ཉིད་དོ། །དེ་ལ་གང་ཟག་དང་ཆོས་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་དག་གི་ནང་ནས་སྟོང་པ་ཉིད་རྣམ་པ་གཉིས་ཅིའི་ཕྱིར་ཐ་མར་རྣམ་པར་གཞག་ཅེ་ན། དེའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །སྟོང་པ་ཉིད་བསྟན་པ་ཡང་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང་། དེའི་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་བསལ་བའི་ཕྱིར་གོ་རིམས་བཞིན་ཞེས་བྱ་བ་སྨོས་ཏེ། གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་བསལ་བའི་དོན་དུ་དངོས་པོ་མེད་པ་སྟོང་པ་ཉིད་རྣམ་པར་གཞག་གོ། །དེའི་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་བསལ་བའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། ། གལ་ཏེ་དངོས་པོ་མེད་པ་སྟོང་པ་ཉིད་མ་བརྗོད་ན། ཀུན་བརྟགས་པའི་ངོ་བོ་ཆོས་དང་གང་ཟག་གཉིས་ཡོད་པར་འགྱུར་རོ། །གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཤད་ན། སྟོང་པ་ཉིད་ཀྱི་དངོས་པོ་མེད་པར་འགྱུར་རོ། །དེ་མེད་ན་ཡང་གང་ཟག་དང་ཆོས་གཉིས་སྔ་མ་བཞིན་དུ་དངོས་པོར་ འགྱུར་རོ། །དེ་ལ་རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་རང་བཞིན་ནང་གི་སྐྱེ་མཆེད་བྱིས་པ་རྣམས་ཀྱིས་ཟ་བར་བསམས་པ་རྣམས་ལ། ཟ་བའི་གང་ཟག་དང་། བརྟགས་པའི་མཚན་ཉིད་མིག་ལ་སོགས་པ་རྣམས་མེད་པ་དང་དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ནང་སྟོང་པ་ཉིད་དོ། །ཕྱིའི་སྐྱེ་ མཆེད་གཟུགས་ལ་སོགས་པ་རྣམ་པར་རིག་པ་སྣང་བའི་ངོ་བོ་ཉིད་བྱིས་པ་རྣམས་ཀྱིས་སྤྱད་པར་བྱ་བར་བསམས་པ་རྣམས་ལ་བདག་གིས་ཟ་བ་དང་། ཡོངས་སུ་བརྟགས་པའི་མཚན་ཉིད་གཟུགས་ལ་སོགས་པའི་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཕྱི་སྟོང་པ་ཉིད་དོ། །དེའི་ལུས་ ཏེ་ཁོག་པ་ལ་ཟ་བའི་གང་ཟག་དང་། བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་དང་། ལུས་ཀྱི་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཕྱི་ནང་སྟོང་པ་ཉིད་དོ། །སྣོད་ཀྱི་འཇིག་རྟེན་ལ་སེམས་ཅན་གྱི་འཇིག་རྟེན་གྱི་དངོས་པོ་མེད་པ་དང་། ཀུན་བརྟགས་པ་ དེ་རང་གི་ངོ་བོས་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་ཆེན་པོ་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཤེས་པ་དང་དོན་དམ་པའི་རྣམ་པ་ལ་ཡང་། ཤེས་པ་པོ་དང་རྣམ་པ་འཛིན་པ་པོའི་གང་ཟག་དང་། ཀུན་བརྟགས་པའི་མཚན་ཉིད་སྟོང་པ་ཉིད་ཤེས་པ་དང་། དོན་དམ་པའི་རྣམ་པའི་ དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དེ་གོ་རིམས་བཞིན་ནོ། །དེ་ནི་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་འདུས་བྱས་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐུག་གི་བར་དུ་བྱང་ཆུབ་སེམས་ དཔའ་བསྒྲུབ་དགོས་པ་རྣམས་ལ། གང་ཟག་དང་ཀུན་བརྟགས་པའི་མཚན་ཉིད་ཆོས་རྣམས་ཀྱི་དངོས་པོ་མེད་པ་དང་། དེའི་དངོས་པོ་མེད་པའི་དངོས་པོ་ཡོད་པ་ནི་འདུས་པས་སྟོང་པ་ཉིད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའི་བར་དུ་གོ་རིམས་བཞིན་ཏེ། འདི་ལྟར་འདུས་བྱས་ལ་བདག་པོའམ་སྦྱོར་ བ་པོའི་གང་ཟག་ཀྱང་མེད་དེ། འདུས་བྱས་ཀྱང་བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་བདག་ཉིད་དུ་མེད་དོ། །མདོར་བསྡུས་ན་རྣམ་པར་རྟོག་པའི་འཛིན་པ་ཐམས་ཅད་ཀྱི་གཉེན་པོ་དང་། མདོ་སྡེའི་དགོངས་པ་ཐམས་ཅད་ལུང་བསྟན་པའི་ཕྱིར། ཉན་ཐོས་དང་ཐུན་མོང་མ་ཡིན་པ། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྟོང་པ་ཉིད་བཅུ་དྲུག་པོ་འདི་དག་བཤད་དོ། །འདིར་ནི་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ཀྱི་ཡུལ་དང་། སྟོང་པ་ཉིད་ཀྱི་རང་བཞིན་དང་སྟོང་པ་ཉིད་བསྒོམ་པའི་དགོས་པ་ཡང་རབ་ཏུ་བསྟན་ཏོ། །དེ་ལ་སྟོང་པ་ཉིད་ཀྱི་ཡུལ་ནི་ཟ་བ་ལ་སོགས་པའི་དོན་ནས་སངས་རྒྱས་ཀྱི་ཆོས་ལ་ཐུག་གི་བར་དུའོ། །དེ་རབ་ ཏུ་བསྟན་པ་ཡང་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པར་ཤེས་པར་བྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། དངོས་པོ་མེད་པའི་དངོས་པོའི་ངོ་བོ་ཉིད་དོ། །སྟོང་པ་ཉིད་ཀྱི་རང་བཞིན་རབ་ཏུ་བསྟན་པ་ཡང་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་གཉེན་པོར་ལྟ་བ་ཐམས་ཅད་ལས་ ངེས་པར་འབྱུང་བའི་བདག་ཉིད་དུ་ཤེས་པར་བྱེད་པའི་ཕྱིར་རོ། །སྟོང་པ་ཉིད་བསྒོམ་པའི་དགོས་པ་ནི་དགེ་བ་གཉིས་ཐོབ་པར་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་བར་དུའོ། །དེ་བསྟན་པ་ཡང་བདག་དང་གཞན་གྱི་གཟུགས་དང་། ཆོས་ཀྱི་སྐུ་ཕུན་སུམ་ཚོགས་པའི་མཆོག་ནི་སྟོང་པ་ཉིད་ བསྒོམ་པ་ལས་འཐོབ་པོ་ཞེས་རབ་ཏུ་བསྟན་པའི་ཐ་ཚིག་གོ། །དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་པར་བྱའོ་ཞེས་བྱ་བ་ནི་དྲི་མ་དང་བཅས་པའི་དུས་ན་ཀུན་ནས་ཉོན་མོངས་པ་དང་། དྲི་མ་མེད་པའི་དུས་ན་རྣམ་པར་དག་གོ་ཞེས་བྱ་བ་དང་། ནང་སྟོང་པ་ཉིད་ལ་སོགས་པ་བཅུ་དྲུག་ཏུ་གྱུར་ པའི་དབྱེ་བ་བཤད་མ་ཐག་པའི་རྣམ་པ་ཡིན་པར་ཤེས་པར་བྱའོ། །དབྱེ་བ་སྨོས་པའི་འོག་ཏུ་དེ་སྒྲུབ་པ་སྨོས་པས་དབྱེ་བ་བཤད་པའི་འོག་ཏུ། སྒྲུབ་པ་ཇི་ལྟར་ཤེས་པར་བྱ་ཞེ་ན་ཞེས་དྲིས་སོ། །འདིར་ཅི་ཞིག་པ་སྒྲུབ་པར་བྱ་ཞེ་ན། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ཉིད་དང་། རང་བཞིན་གྱིས་རྣམ་པར་དག་པ་ཉིད་དོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཉིད་བསྒྲུབ་པའི་དབང་དུ་མཛད་དེ། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །ཞེས་བྱ་བ་གསུངས་སོ། །རྣམ་པར་གྲོལ་བ་ནི་ཀུན་ནས་ཉོན་མོངས་པ་སྤངས་པའོ། །ཀུན་ནས་ཉོན་མོངས་ པ་སྤངས་པ་དེ་ཡང་ལམ་བསྒོམས་པས་སོ། །དེ་ལ་གལ་ཏེ་གཉེན་པོ་མ་སྐྱེས་པར་ཡང་ཆོས་རྣམས་ཀྱི་སྟོང་པ་ཉིད་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་སྐྱེས་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུར་ན། དེ་ལྟར་གྱུར་ན་ནི་ཀུན་ནས་ཉོན་མོངས་པ་མེད་པས་ འབད་པ་མེད་པར་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ། །འབད་པ་མེད་པར་ཞེས་བྱ་བ་ནི་གཉེན་པོ་མེད་པ་ཉིད་དུ་སྟེ། གཉེན་པོ་མེད་པར་ནི་སྲོག་ཆགས་རྣམས་ཐར་པ་མེད་དོ། །དེའི་ཕྱིར་སོ་སོའི་སྐྱེ་བོའི་དུས་ན། དེ་བཞིན་ཉིད་ལ་གློ་བུར་གྱི་དྲི་མ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ཉིད་དུ་གདོན་མི་ཟ་བར་ ཁས་བླང་དགོས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཀུན་ནས་ཉོན་མོངས་པ་བསྒྲུབས་པ་ཡིན་ནོ། །ད་ནི་རབ་ཏུ་དབྱེ་བ་རྣམ་པར་དག་པ་སྒྲུབ་པའི་ཕྱིར། གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ལུས་ཅན་རྣམས་དང་སྦྱར་བར་བྱའོ། ། ཅི་སྟེ་གཉེན་པོ་སྐྱེས་ཀྱང་ཞེས་བྱ་བ་ལ། ཀྱང་གི་སྒྲ་ནི་མ་སྐྱེས་པ་དང་འདྲ་བར་རྣམ་པར་དག་པར་མི་འགྱུར་ན། དེ་ལྟར་གྱུར་ན་ནི་ཐར་པར་བྱ་བའི་ཕྱིར་རྩོམ་པ་འབྲས་བུ་མེད་པར་འགྱུར་ཏེ། གཉེན་པོ་བསྒོམས་ཀྱང་དྲི་མ་དེ་དང་བྲལ་བར་མི་འགྱུར་བ་དང་། དྲི་མ་དང་བཅས་པ་ནི་གྲོལ་བར་མི་འཐད་པའི་ ཕྱིར་རོ། །ཐར་པར་བྱ་བའི་ཕྱིར་འབྲས་བུ་མེད་པར་མི་འདོད་པས། དེའི་ཕྱིར་གཉེན་པོ་གོམས་པར་བྱས་ན། གློ་བུར་གྱི་ཉེ་བའི་ཉོན་མོངས་པ་དང་བྲལ་བས། སྟོང་པ་ཉིད་ཀྱི་རྣམ་པར་དག་པ་གདོན་མི་ཟ་བར་ཁས་བླང་དགོས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པར་དག་པ་བསྒྲུབས་པ་ ཡིན་ནོ། །འདིར་ཀུན་ནས་ཉོན་མོངས་པའི་ཆོས་ཉེ་བར་བཟུང་བས་ཀུན་ནས་ཉོན་མོངས་པ་ལ། རྣམ་པར་དག་པའི་ཆོས་ཉེ་བར་བཟུང་བ་རྣམ་པར་དག་གི། སྟོང་པ་ཉིད་ལ་མངོན་དུ་ཀུན་ནས་ཉོན་མོངས་པའམ། རྣམ་པར་དག་པར་ནི་མི་འདོད་དེ། །ཆོས་ཉིད་ནི་ཆོས་ཀྱི་ཁ་ན་ལས་པས། དེའི་ཕྱིར། ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །ཞེས་གསུངས་ཏེ། འདིར་ལུས་ཅན་ཞེས་བྱ་བ་ནི་དེའི་རྒྱུ་ཉིད་དུ་བཤད་པ་ཡིན་ནོ། །གཞན་དུ་ན་གལ་ཏེ་སྟོང་པ་ཉིད་ལ་མངོན་དུ་ཀུན་ནས་ཉོན་མོངས་པའམ། རྣམ་པར་དག་པར་གྱུར་དུ་ཟིན་ན་ནི། དེའི་ཕྱིར་ལུས་ཅན་རྣམས་དང་འབྲེལ་པ་ཅི་ཡོད་ན། འདི་ལྟར་ སྟོང་པ་ཉིད་རྣམ་པར་དག་པས་ལུས་ཅན་རྣམས་རྣམ་པར་དག་པ་དང་། སྟོང་པ་ཉིད་ཀུན་ནས་ཉོན་མོངས་པས་ཀྱང་། ཀུན་ནས་ཉོན་མོངས་པ་ཞེས་བྱ། གལ་ཏེ་སོ་སོའི་སྐྱེ་བོའི་དུས་ན། སྟོང་པ་ཉིད་ཉོན་མོངས་ལ། འཕགས་པའི་དུས་ན་དག་པ་ཡིན་ན་ནི། དེའི་ཕྱིར། ཉོན་མོངས་མ་ཡིན་མི་མོངས་ མིན། །དེ་ནི་དག་དང་མ་དག་མིན། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །ཇི་ལྟར་ཉོན་མོངས་པར་གྱུར་པ་མ་ཡིན་ལ་མ་དག་པ་ཡང་མ་ཡིན་ཞེ་ན། དགག་པ་གཉིས་ཀྱིས་སྐབས་སུ་ཁོང་དུ་ཆུད་པར་བྱེད་པས་དག་པ་ཉིད་དེ། འདིར་ལུས་དང་སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ་ཞེས་འབྱུང་ངོ་། ། འདིར་ནི་སེམས་ཀྱི་ཆོས་ཉིད་ལ་སེམས་ཀྱི་སྒར་བཤད་དེ། སེམས་ཉིད་ནི་དྲི་མའི་མཚན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཉོན་མོངས་པར་མ་གྱུར་པ་མ་ཡིན་པ་ཡང་མ་ཡིན་ལ་རྣམ་པར་དག་པ་ཡང་མ་ཡིན་ཞེ་ན། ཉོན་མོངས་པ་ཉིད་ཡིན་པར་དགག་པ་གཉིས་ཀྱིས་ཁོང་དུ་ཆུད་པར་བྱེད་དོ། །དེ་ཡང་གློ་བུར་གྱི་ཉོན་ མོངས་པས་ཉོན་མོངས་པ་ཡིན་གྱི་རང་བཞིན་གྱིས་ནི་མ་ཡིན་ཞེས་སྟོན་ཏོ། །དེ་ཡང་ལུང་ལས་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་ཉོན་མོངས་སོ་ཞེས་འབྱུང་ངོ་། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་གཉིས་སུ་ཕྱེ་སྟེ་བཤད་ན། ཅིའི་ཕྱིར་དབྱེ་བ་རྣམ་པ་བཞིར་བཤད་ཅེ་ན། ཁ་ཅིག་ན་རེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ལས་ཁྱད་པར་དུ་བསྟན་པའི་ཕྱིར་ཏེ། འཇིག་རྟེན་གྱི་ལམ་ནི་རང་གི་སའི་དྲི་མ་རྣམས་ཀྱི་ཉོན་མོངས་ཀྱི། དེའི་གཉེན་པོའི་ཕྱིར་འོག་མས་ནི་མ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ནི་ཆུང་ ངུ་དང་། འབྲིང་པོ་ལ་སོགས་པའི་བྱེ་བྲག་གིས་ནི་མ་དག་གི། ཟག་པ་མེད་པས་ནི་དག་པ་སྟེ། སྟོང་པ་ཉིད་ནི་དེ་ལྟ་མ་ཡིན་ནོ་ཞེའོ། །ཀུན་ནས་ཉོན་མོངས་པ་མ་ཡིན་ནོ་ཞེས་བཤད་པ་ལ། གཞན་དག་ན་རེ་མིག་ལ་སོགས་པ་དང་བྱེ་བྲག་ཡོད་པས་མ་དག་པ་ཡིན་ནོ། །མིག་ལ་ སོགས་པ་ནི་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཡིན་པས་ཉོན་མོངས་པ་མ་ཡིན་ལ། དེ་དག་གི་ཟག་པ་དང་བཅས་པས་རང་བཞིན་གྱིས་རྣམ་པར་དག་པ་མ་ཡིན་པས། མ་དག་པ་ཡང་མ་ཡིན་ཞེས་བཤད་དོ། །དེ་བཞིན་དུ་ཉོན་མོངས་པ་མེད་པ་ཡང་མ་ཡིན་ཞེས་བཤད་པ་ལ། དག་པ་ མ་ཡིན་ནོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དགེ་བ་དང་བྱེ་བྲག་ཡོད་པའི་ཕྱིར་ཏེ། ཟག་པ་དང་བཅས་པའི་དགེ་བ་ནི་འཁོར་བར་གཏོགས་པས་ཉོན་མོངས་པ་མེད་པ་མ་ཡིན་ལ། རྣམ་པར་སྨིན་པ་ཡིད་དུ་འོང་བས་དག་པ་སྟེ། ཆོས་ཉིད་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་ཉོན་མོངས་པའི་དུས་ན་ཉོན་ མོངས་པ་ཅན་ཡིན་ལ་མ་དག་པ་ཉིད་ཅེས་བཤད་དོ། །དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་བསྟན་པ་འདི་བསྒྲུབས་པ་ཡིན་ནོ། །སྟོང་པ་ཉིད་ཀྱི་དོན་བསྡུས་པ་ནི། མཚན་ཉིད་དང་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་མཚན་ཉིད་ནི་ དངོས་པོ་མེད་པའི་མཚན་ཉིད་དང་དངོས་པོའི་མཚན་ཉིད་དོ་ཞེས་བྱ་བ་ལ་གཉིས་ཀྱི་དངོས་པོ་མེད་དོ་ཞེས་བཤད་པས་དངོས་པོ་མེད་པའི་མཚན་ཉིད་དོ། །དངོས་པོ་མེད་པའི་དངོས་པོ་ཞེས་བཤད་པས་དངོས་པོའི་མཚན་ཉིད་དོ། །དངོས་པོའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་མེད་པའང་མ་ཡིན་ཞེས་བཤད་ པས། དངོས་པོ་ཡོད་པ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་དང་། དེ་ཉིད་དང་གཞན་ལ་རྣམ་པར་གྲོལ་བའི་མཚན་ཉིད་དེ་འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་བས་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དང་ཐ་དད་གཅིག་པའི་མཚན་ཉིད་མིན་ཞེས་བཤད་དོ། །དེ་ལྟར་ན་མཚན་ ཉིད་ཀྱི་དོན་བསྡུས་པའོ། །རྣམ་པར་གཞག་པའི་དོན་བསྡུས་པ་ཇི་ལྟར་གཞག་པར་བྱ་ཞེ་ན། དེའི་ཕྱིར་རྣམ་པར་གཞག་པ་ནི་རྣམ་གྲངས་ལ་སོགས་པ་རྣམ་པར་གཞག་པར་རིག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། རྣམ་གྲངས་དང་དེའི་དོན་དང་དེའི་དབྱེ་བ་དང་དེ་སྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་ ཉིད་ལ་སོགས་པ་རྣམ་པ་བཞི་པོ་འདི་དག་བསྟན་པས་ཉེ་བའི་ཉོན་མོངས་པ་རྣམ་པ་བཞིའི་གཉེན་པོར། རང་གི་མཚན་ཉིད་དང་། ལས་ཀྱི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་དང་། རིགས་པའི་མཚན་ཉིད་བརྗོད་པ་ཡིན་ནོ། །དེ་ལ་རྣམ་པར་རྟོག་ པའི་གཉེན་པོར་རང་གི་མཚན་ཉིད་དེ། དེ་ནི་དངོས་པོ་དང་། དངོས་པོ་མེད་པ་དང་གཉི་ག་དང་། ཐ་དད་གཅིག་པ་ཉིད་དུ་འཛིན་པའི་བདག་ཉིད་དོ། །སྟོང་པ་ཉིད་ཀྱི་མཚན་ཉིད་ཐོས་ནས་མ་མོས་པ་རྣམས་ཀྱིས་སྐྲག་པར་འགྱུར་བ་དེའི་གཉེན་པོར་ལས་ཀྱི་མཚན་ཉིད་དེ། མ་ནོར་བ་དེ་ བཞིན་ཉིད་ཀྱི་ལས་དང་། ཕྱིན་ཅི་མ་ལོག་པའི་ལས་དང་། མཚན་མ་ཐམས་ཅད་སྤངས་པའི་ལས་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐམས་ཅད་ཀྱི་ཡུལ་ཉིད་དུ་གནས་པའི་ལས་དང་། དམིགས་ན་འཕགས་པའི་ཆོས་ཀྱི་རྒྱུའི་དངོས་པོའི་ལས་སོ། །དེ་ལྟར་སྟོང་པ་ཉིད་ ཀྱི་རང་གི་ངོ་བོ་དང་ལས་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་ལེ་ལོ་ཅན་རྣམས་ཀྱི་ལེ་ལོ་བསལ་བའི་ཕྱིར། རབ་ཏུ་དབྱེ་བའི་མཚན་ཉིད་དོ། །དེ་ཇི་ལྟར་ཀུན་ནས་ཉོན་མོངས་པར་འགྱུར་རྣམ་པར་དག་པར་འགྱུར་སྙམ་པའི་སོམ་ཉི་ཟ་བ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་རིགས་པའི་མཚན་ཉིད་དོ། ། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་མཚན་ཉིད་ཀྱི་ལེའུར་བཅད་པ་སྟེ་དང་པོའི་འགྲེལ་བཤད་དོ།། །།མཚན་ཉིད་བཤད་པའི་འོག་ཏུ་སྒྲིབ་པ་བཤད་པའི་སྐབས་ཡིན་ཏེ། དེའི་འོག་ཏུ་སྣོས་པས་དེའི་ཕྱིར་སྒྲིབ་པའི་དབང་དུ་མཛད་དེ་ཞེས་བྱ་བ་སྨོས་སོ། ། ཁྱབ་དང་ཉི་ཚེ་ལྷག་པ་དང་། །མཉམ་དང་ལེན་དང་སྤོང་བ་ནི། །གཉིས་ཀྱི་སྒྲིབ་པར་བསྟན་པ་ཡིན། །གཉིས་པོ་དག་གི་སྒྲིབ་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་དང་། ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱི་སྒྲིབ་པའོ། །བསྒྲིབ་པར་བྱ་བའི་དོན་ཐ་དད་པས་སྒྲིབ་པ་ཐ་ དད་པར་རབ་ཏུ་བསྟན་པའི་ཕྱིར་ལེའུ་འདི་བརྩམས་སོ། །དེ་ལ་ཁྱབ་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པས་ཁྱབ་པ་སྟེ། དོན་མཐའ་དག་ལ་སྒྲིབ་པའི་ཕྱིར་རོ། །དོན་མཐའ་དག་གི་ དོན་དང་གཞན་གྱི་དོན་ཏོ། །ཡང་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་གཉིས་བཏགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་ལ་ཁྱབ་པར་བྱེད་པས་ཁྱབ་པ་ཞེས་བྱའོ། །ཉོན་མོངས་པ་ཉིད་སྒྲིབ་པས་ན་སྒྲིབ་པའོ། །ཉོན་མོངས་པ་ཉིད་ཀྱི་ཆོས་ཁོ་ནར་འདྲ་བས། འདིར་ནི་ཉེ་བའི་ ཉོན་མོངས་པ་ཡང་ཉོན་མོངས་པའི་སྒྲར་གཟུང་ངོ་། །གཞན་དུ་ན་ནི་ཉོན་མོངས་པའི་མཚན་ཉིད་རྣམ་པ་དགུ་ཞེས་བྱ་བར་ཕྲག་དོག་དང་སེར་སྣ་གཉིས་གཟུང་བར་མི་འགྱུར་ཏེ། དེ་གཉིས་ཉེ་བའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །ཤེས་བྱ་ལ་སྒྲིབ་པས་ཤེས་བྱའི་སྒྲིབ་པ་སྟེ། དེས་ཤེས་བྱ་རབ་ཏུ་ བསྒྲིབས་པས་ཤེས་པའི་ཡུལ་དུ་མི་འགྱུར་རོ། །ཡང་ན་ཤེས་བྱ་ལ་ཡེ་ཤེས་ཀྱི་སྒྲིབ་པ་ཡིན་ཏེ། ཤེས་པར་བྱ་བ་ལ་ཡེ་ཤེས་སྐྱེ་བའི་བགེགས་བྱེད་པའི་ཕྱིར་རོ། །ཤེས་བྱ་དང་སྒྲིབ་པའི་བར་གྱི་ཚིག་མ་སྨོས་པར་མར་གྱི་བུམ་པ་བཞིན་ནོ། །དེ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་ པའོ། །བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱིས། བདག་དང་གཞན་གྱི་དོན་ཕུལ་དུ་བྱུང་བ་ཐོབ་པས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་ཐམས་ཅད་ཀུན་ལ་ནན་ཏན་དུ་བྱ་བ་དེ་ལ་གཉི་ག་ཡང་བགེགས་སུ་གྱུར་པས་དེའི་ཕྱིར་དེ་བྱང་ཆུབ་ སེམས་དཔའི་རིགས་ཅན་རྣམས་ཀྱི་སྒྲིབ་པར་རྣམ་པར་གཞག་གོ། །དེ་ལ་ཁྱབ་པ་ནི་ཐམས་ཅད་ཡུལ་ཡིན་ལ་མཐའ་དག་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་ལ་བྱ་ན། ཇི་ལྟར་མཐའ་དག་གིས་ཁྱབ་པར་ཤེས་པར་བྱེད་པར་འགྱུར་ཞེ་ན། མཐའ་དག་གི་ཕྱིར་དེ་ཁྱབ་པའི་སྒྲིབ་པར་བརྗོད་དེ་རྒྱུར་ བསྟན་པས་འགྱུར་རོ། །ཡང་ན་ཁྱབ་པའི་སྒྲ་ནི་མ་ལུས་པའི་དོན་དུ་བསྟན་པའི་ཕྱིར་མཐའ་དག་གི་ཕྱིར་རོ་ཞེས་སྨོས་སོ། །ཉི་ཚེ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པའོ་ཞེས་བྱ་བ་ནི། བདག་གི་དོན་ཙམ་ལ་སྒྲིབ་པས་སྒྲིབ་པར་བཏགས་པ་དང་ཁྱབ་པ་ མ་ཡིན་པའི་ཕྱིར་ཉི་ཚེ་བ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་མེད་དམ་ཞེ་ན། འདི་ལྟར་དེ་དག་ལ་ཉོན་མོངས་པའི་སྒྲིབ་པ་ཉིད་རྣམ་པར་གཞག་ཅེ་ན། ཡོད་མོད་ཀྱི་དེ་ནི་དེ་དག་གི་སྒྲིབ་པ་མ་ཡིན་ཏེ། དེ་ཡོད་བཞིན་དུ་ཉན་ཐོས་དང་ རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའི་ཕྱིར་རོ། །མི་ཤེས་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་ལ། ཉན་ཐོས་ལ་སོགས་པའི་ཤེས་པ་སྐྱེ་བའི་བགེགས་སུ་གྱུར་པ་ཡང་མ་ཡིན་ནམ། དེ་བས་ན་དེ་དག་ལ་ཡང་སྒྲིབ་པ་གཉི་ག་ཡོད་པར་འགྱུར་རོ། །དེའི་ཕྱིར་ཉན་ཐོས་ལ་སོགས་པ་ ལ་ནི་ཉོན་མོངས་པའི་སྒྲིབ་པ་ཁོ་ནའོ་ཞེས་བརྗོད་པར་མི་བྱའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་མ་རིག་པ་ནི་ཉོན་མོངས་པར་གྱུར་པ་དང་། རིག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དང་། འཁོར་བའི་རྩ་བར་གྱུར་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་ཉིད་དུ་རྣམ་པར་གཞག་གི །ཤེས་བྱའི་སྒྲིབ་ པ་ནི་མ་ཡིན་ཏེ། སོམ་ཉི་བཞིན་ནོ། །དཔེར་ན་སྡུག་བསྔལ་གྱི་བདེན་པ་ལ་སོགས་པའི་ཡུལ་ལ་སོམ་ཉི་ཟ་བ་ནི་ཐེ་ཚོམ་དང་ཉོན་མོངས་པ་ཞེས་བྱའི་ཡུལ་གཞན་ལ་ནི་མ་ཡིན་ནོ། །ཡུལ་གཞན་ལ་ནི་སོམ་ཉི་ཉིད་དེ། ཉོན་མོངས་པ་ཡང་མ་ཡིན་ཐེ་ཚོམ་ཡང་མ་ཡིན་ནོ། །དེ་བཞིན་དུ་ སྡུག་བསྔལ་གྱི་བདེན་པ་ལ་སོགས་པའི་ཡུལ་ཉིད་ལ་མི་ཤེས་པ་ནི་མ་རིག་པ་དང་ཉོན་མོངས་པ་ཞེས་བྱའི་ཡུལ་གཞན་ལ་མ་ཡིན་ནོ། །ཡུལ་གཞན་ལ་ནི་མི་ཤེས་པ་ཉིད་ཡིན་ཏེ། མ་རིག་པའང་མ་ཡིན་ཉོན་མོངས་པའང་མ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་ཤེས་པར་བྱ་བ་ལ་ཡེ་ཤེས་ཙམ་འཇུག་ པ་ལ་སྒྲིབ་པའི་ཕྱིར། ཤེས་བྱའི་སྒྲིབ་པ་ཞེས་བྱ་སྟེ། མ་རིག་པ་ལྟར་ཉོན་མོངས་པ་དང་ལས་དང་ཚེ་རྣམས་ཀྱང་འབྱུང་བ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པར་རྣམ་པར་མི་གཞག་གོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཐོས་པའི་ ཚོགས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། དེ་དག་གི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། དེ་སྐད་དུ། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །འཕགས་མཆོག་ཅིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་གཅོད་རྗེས་སུ་གཟུང་ཕྱིར་རམ། །རང་གིས་ཤེས་པར་བྱ་ ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་བཤད་དོ། །ལྷག་པ་ནི་འདོད་ཆགས་ལ་སོགས་པའི་དངོས་པོ་ཆུང་ཡང་བྱང་ཆུབ་སེམས་དཔའི་རིགས་ཅན་དང་། ཉན་ཐོས་ལ་སོགས་པའི་རིགས་ཅན་དེ་དག་ལ་ཤས་ཆེ་བ་དང་རྒྱུན་དུ་འབྱུང་བའོ། །འདོད་ཆགས་ལ་སོགས་པ་སྤྱོད་པ་ རྣམས་ཀྱི་སྒྲིབ་པའོ་ཞེས་བྱ་བ་ནི། སུ་དག་ཡུལ་ངན་པ་ལ་ཡང་འདོད་ཆགས་ལ་སོགས་པ་གང་ཡང་རུང་བ་ཤས་ཆེ་བ་དང་། རྒྱུན་དུ་འབྱུང་བ་དེ་དག་ནི་འདོད་ཆགས་ལ་སོགས་པ་སྤྱོད་པའོ། །མཉམ་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་དང་། ཉན་ཐོས་ལ་སོགས་པའི་རིགས་ཅན་དེ་ དག་ཉིད་ཀྱི་སྒྲིབ་པ་སྟེ། མཉམ་པ་ནི་དེ་གཉི་གའི་རྣམ་པ་ཡང་མེད་པའི་ཕྱིར་རོ། །ཆ་མཚུངས་པར་སྤྱོད་པ་རྣམས་ཀྱི་སྒྲིབ་པའོ་ཞེས་བྱ་བ་ནི། སུ་དག་ཡུལ་དང་འདྲ་བར་ཉོན་མོངས་པ་སྐྱེའི། རྒྱུན་དུ་ནི་མ་ཡིན་པ་དེ་དག་ནི་ཆ་མཚུངས་པར་སྤྱོད་པའོ། །འཁོར་བ་ལེན་པ་དང་གཏོང་བའི་སྒྲིབ་ པ་ནི་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེའི་དབང་གིས་འཁོར་བ་ཉེ་བར་ལེན་པ་དང་། ཤེས་རབ་ཀྱི་དབང་གིས་འཁོར་བའི་ཉེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་སྟེ། སྟོང་པས་དེའི་ཕྱིར་ཉོན་མོངས་པ་མེད་པར་སེམས་ཅན་ལ་ལྟ་བས་སྐྱེ་བ་ཡོངས་སུ་འཛིན་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པའི་ཕྱིར་རོ། །དེའི་སྒྲིབ་པ་ནི་ཉོན་མོངས་པས་ནོན་བཞིན་དུ་འཁོར་བ་ཉེ་བར་ལེན་པ་དང་། ཉེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་སྙིང་རྗེ་མེད་པར་འཁོར་བ་ཡོངས་སུ་གཏོང་བའོ། ། གཞན་དག་ན་རེ་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་བགེགས་སུ་གྱུར་པའི་ཕྱིར་མི་ཤེས་པ་ནི་འདིར་སྒྲིབ་པ་ཞེས་བྱའོ་ཞེའོ། །ཡང་ན་ཇི་ལྟར་དཀོན་མཆོག་བརྩེགས་པ་ཆེན་པོ་ལས། དེའི་བསམ་པ་མྱ་ངན་ལས་འདས་པ་ལ་ཡང་གནས་ལ། འཁོར་བ་ན་ཡང་སྦྱོར་བར་གནས་པ་ཞེས་བསྟན་ པ་ལྟ་བུ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལ་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་བལྟས་པའི་ཕྱིར། བསམ་པ་དང་སྦྱོར་བས་འཁོར་བ་ལ་ལེན་ཏེ། རིགས་མེད་པའི་སེམས་ཅན་བཞིན་ནོ། །དེ་བཞིན་དུ་འཁོར་བ་ལ་རྒྱབ་ ཀྱིས་བལྟས་པའི་ཕྱིར། མྱ་ངན་ལས་འདས་པར་སོང་བའི་བསམ་པ་དང་། སྦྱོར་བ་གཉིས་ཀྱིས་འཁོར་བ་ཡང་ཡོངས་སུ་གཏོང་སྟེ། ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཇི་ལྟ་བ་བཞིན་ནོ། །དེ་ལྟར་འཁོར་བ་ལེན་པ་དང་དེ་གཏོང་བ་ཡང་བྱ