Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 124
Văn bản gốc(Tây Tạng)
Trang 2 / 23 (50.000 ký tự/trang)
་སྙོམས་ནི་ངོ་བོ་ཉིད་དོ། །བྱང་ཆུབ་ ཀྱི་ཡན་ལག་གི་འོག་ཏུ་ལམ་གྱི་ཡན་ལག་རྣམས་ཏེ། དེ་དག་ཇི་ལྟར་རྣམ་པར་གཞག་ཅེ་ན། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ཡང་དག་པའི་ལྟ་བ་ནི་ བསྒོམ་པའི་ལམ་གྱི་ཚེ་མཐོང་བའི་ལམ་ལ་ཡོངས་སུ་གཅོད་པའི་ཡན་ལག་སྟེ། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་དེས་རང་གི་རྟོགས་པ་ཡོངས་སུ་གཅོད་དོ། །ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་ནི་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། ཀུན་སློང་བ་དང་བཅས་པས་ངག་གི་དེ་གོ་བར་བྱེད་པའི་ཕྱིར་རོ། །གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ནི་རྣམ་པ་གསུམ་སྟེ། ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བའོ། །དེ་དག་ཀྱང་གོ་རིམས་བཞིན་དུ། ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ ལ་རྣམ་པར་རིག་བྱེད་འདོད། །ཡང་དག་པའི་ངག་གིས་བསྙད་པ་དང་། འབྲེལ་པའི་གཏམ་རྣམ་པར་ངེས་པས་ཤེས་རབ་ལ་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཚུལ་ཁྲིམས་ལ་སྟེ། བྱ་བ་མ་ཡིན་པ་མི་བྱེད་པའི་ཕྱིར་རོ། །ཡང་དག་པའི་འཚོ་བས་ ནི་ཡོ་བྱད་བསྙུངས་པ་ལ་སྟེ། ཆོས་ཀྱིས་གས་ལ་སོགས་པ་ཚོད་ཟིན་པར་ཚོལ་བའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཡན་ལག་ནི་རྣམ་པ་གསུམ་སྟེ། ཡང་དག་པའི་རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏོ། །དེ་དག་ནི་གོ་རིམས་བཞིན་དུ། ཉོན་མོངས་ཉེ་བའི་ཉོན་མོངས་དབང་། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །མི་མཐུན་ཕྱོགས་ནི་རྣམ་པ་གསུམ་སྟེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་བྱིང་བ་དང་། རྒོད་པའི་དབང་གིས་མི་མཐུན་པའི་ཕྱོགས་ཏེ། ཡོན་ཏན་ ཁྱད་པར་ཅན་མངོན་པར་སྒྲུབ་པའི་གེགས་སུ་གྱུར་པའོ། །དེ་ལ་དང་པོའི་གཉེན་པོ་ནི་ཡང་དག་པའི་རྩོལ་བ་སྟེ། དེས་ལམ་བསྒོམ་པའི་ཕྱིར་རོ། །གཉིས་པ་ནི་ཡང་དག་པའི་དྲན་པ་སྟེ། ཞི་གནས་ལ་སོགས་པའི་རྒྱུ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་ གནས་པས་བྱིང་བ་དང་རྒོད་པ་མེད་པའི་ཕྱིར་རོ། །གསུམ་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ། བསམ་གཏན་ལ་གནས་ནས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་བསྒྲུབ་པའི་ཕྱིར་རོ། །གཉེན་པོ་བསྒོམ་པ་དེ་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་ བྱ་སྟེ། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །རྗེས་སུ་འབྲེལ་བཅས་བཟློག་པ་དང་། །ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག །རྗེས་སུ་འབྲེལ་མེད་བསྒོམ་པའོ། །ཕྱིན་ཅི་མ་ལོག་པའི་རྗེས་སུ་མཐུན་ལ་ཕྱིན་ཅི་ལོག་པ་དང་། ཕྱིན་ཅི་ལོག་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་ པ་དང་། ཕྱིན་ཅི་ལོག་ཀྱང་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་བ་ཡང་མེད་པ་སྟེ། སོ་སོའི་སྐྱེ་བོ་དང་། སློབ་པ་དང་། མི་སློབ་པ་དང་། གོ་རིམས་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །དམིགས་དང་ཡིད་ལ་བྱེད་པ་དང་། །ཐོབ་པས་དེ་ནི་ཁྱད་ པར་འཕགས་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་རང་གི་རྒྱུད་དུ་གཏོགས་པའི་ལུས་ལ་སོགས་པ་ལ་དམིགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ལུས་ལ་སོགས་ པ་མི་རྟག་པ་ལ་སོགས་པའི་རྣམ་པར་ཡིད་ལ་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མི་དམིགས་པའི་ཚུལ་རྣམ་པར་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཅི་ནས་ཀྱང་ལུས་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ བསྒོམ་མོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན། མི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་གྱི། ཅི་ནས་ཀྱང་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་བསྒོམ་མོ། །གཉེན་པོ་བསྒོམ་པ་བཤད་ཟིན་ཏོ། །དེའི་གནས་གང་ཞེ་ན། རྒྱུ་ཡི་གནས་དང་ཞུགས་པ་དང་། །སྦྱོར་དང་འབྲས་བུ་བརྗོད་པ་དང་། །བྱ་དང་བྱ་མེད་ཁྱད་པར་དང་། །དེ་ནི་བླ་མ་བླ་ན་མེད། །མོས་པ་དང་ནི་འཇུག་པ་དང་། །ངེས་པར་འབྱུང་དང་ལུང་བསྟན་དང་། །བརྗོད་པ་དང་ནི་དབང་བསྐུར་དང་། །ཕྱིན་པ་དང་ནི་ཕན་ཡོན་ དང་། །བྱ་བ་བསྒྲུབ་པ་བསྟན་པའོ། །དེ་ལ་རྒྱུའི་གནས་ནི་གང་རིགས་ལ་གནས་པའི་གང་ཟག་གོ། །ཞུགས་པའི་གནས་ནི་སེམས་བསྐྱེད་པའོ། །སྦྱོར་བའི་གནས་ནི་སེམས་བསྐྱེད་ནས་འབྲས་བུ་མ་ཐོབ་ཚུན་ཆད་དོ། །འབྲས་བུའི་གནས་ནི་ཐོབ་པའོ། །བྱ་བ་བཅས་ པའི་གནས་ནི་སློབ་པའོ། །བྱ་བ་མེད་པའི་གནས་ནི་མི་སློབ་པའོ། །ཁྱད་པར་གྱི་གནས་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའོ། །བླ་མའི་གནས་ནི་ཉན་ཐོས་ལ་སོགས་པ་བས་སར་ཞུགས་པའི་བྱང་ཆུབ་སེམས་དཔའོ། །བླ་ན་མེད་པའི་ གནས་ནི་སངས་རྒྱས་ཏེ། དེའི་གོང་ན་གནས་མེད་པའི་ཕྱིར་རོ། །མོས་པའི་གནས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པས་སྤྱོད་པའི་ས་ཐམས་ཅད་དོ། །འཇུག་པའི་གནས་ནི་ས་དང་པོའོ། །ངེས་པར་འབྱུང་བའི་གནས་ནི་དེའི་གོང་མ་ས་དྲུག་པོ་དག་གོ། །ལུང་ བསྟན་པའི་གནས་ནི་ས་བརྒྱད་པའོ། །བརྗོད་པའི་གནས་ནི་ས་དགུ་པའོ། །དབང་བསྐུར་བའི་གནས་ནི་ས་བཅུ་པའོ། །ཕྱིན་པའི་གནས་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུའོ། །ཕན་ཡོན་གྱི་གནས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བྱ་བ་སྒྲུབ་པའི་གནས་ནི་སྤྲུལ་ པའི་སྐུའོ། །གནས་རྣམ་པ་མང་པོ་འདི་དག་ཐམས་ཅད་ཀྱང་མདོར་བསྡུ་ན། ཆོས་ཀྱི་དབྱིངས་ལ་རྣམ་གསུམ་སྟེ། །ཞེས་བྱ་བར་རིག་པར་བྱ་སྟེ། མ་དག་མ་དག་དག་པ་དང་། །རྣམ་པར་དག་པར་ཅི་རིགས་སྦྱར། །དེ་ལ་མ་དག་པའི་གནས་ནི་རྒྱུའི་གནས་ནས་ ཉེ་བར་བཟུང་སྟེ། སྦྱོར་བ་པའི་བར་དུའོ། །མ་དག་པ་དང་དག་པའི་གནས་ནི་སློབ་པ་རྣམས་སོ། །རྣམ་པར་དག་པའི་གནས་ནི་མི་སློབ་པ་རྣམས་སོ། །འདི་ལས་ཇི་ལྟར་འོས་འོས་སུ། །གང་ཟག་རྣམ་པར་གཞག་པར་འདོད། །གནས་རབ་ཏུ་དབྱེ་བ་འདི་ལས་ ཅི་རིགས་པར་གང་ཟག་རྣམས་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ནི་རིགས་ལ་གནས་པའོ། །འདི་ནི་ཞུགས་པའོ་ཞེས་བྱ་བ་ལ་སོགས་པའོ། །གནས་བཤད་ཟིན་ཏོ། །འབྲས་བུ་ཐོབ་པ་གང་ཞེ་ན། སྣོད་གྱུར་རྣམ་པར་སྨིན་བརྗོད་དང་། །དེ་ཡི་དབང་གིས་ སྟོབས་དང་ནི། །འདོད་དང་འཕེལ་དང་རྣམ་དག་སྟེ། །དེ་དག་འབྲས་བུ་གོ་རིམས་བཞིན། །སྣོད་དུ་གྱུར་པ་དེ་ནི་གང་དགེ་བ་དང་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའོ། །སྟོབས་ནི་གང་སྣོད་དུ་གྱུར་པའི་དབང་གིས་དགེ་བ་ཤས་ཆེར་གྱུར་པའོ། །འདོད་པ་ནི་སྔོན་གོམས་པར་བྱས་ པས་དགེ་བ་འདོད་པའོ། །འཕེལ་བ་ནི་གང་ད་ལྟར་བྱུང་བ་ན་དགེ་བའི་ཆོས་ལ་གོམས་པར་བྱས་པས་དགེ་བའི་རྩ་བ་རྒྱས་པའོ། །རྣམ་པར་དག་པ་ནི་གང་སྒྲིབ་པ་སྤངས་པའོ། །འདི་དག་ནི་འབྲས་བུ་རྣམ་པ་ལྔ་དང་གོ་རིམས་བཞིན་ཏེ། རྣམ་པར་སྨིན་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། བྲལ་བའི་འབྲས་བུའོ། །ཕྱི་མ་ཕྱི་མ་ཐོག་མ་དང་། །དེ་གོམས་བྱས་དང་རྫོགས་པའོ། །རྗེས་སུ་མཐུན་དང་མི་མཐུན་ཕྱོགས། །བྲལ་བ་དང་ནི་ཁྱད་པར་དང་། །བླ་མ་དང་ནི་ བླ་ན་མེད། །འབྲས་བུ་གཞན་ཏེ་མདོར་བསྡུས་པའོ། །ཕྱི་མ་ཕྱི་མའི་འབྲས་བུ་ནི་རིགས་ལས་སེམས་བསྐྱེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གཅིག་ནས་གཅིག་ཏུ་བརྒྱུད་པར་རིག་པར་བྱའོ། །ཐོག་མའི་འབྲས་བུ་ནི་དང་པོར་འཇིག་རྟེན་ལས་འདས་པའི་ཆོས་ ཐོབ་པའོ། །གོམས་པར་བྱས་པའི་འབྲས་བུ་ནི་དེའི་ཕ་རོལ་སློབ་པའི་གནས་སོ། །རྫོགས་པའི་འབྲས་བུ་ནི་མི་སློབ་པའི་ཆོས་རྣམས་སོ། །རྗེས་སུ་མཐུན་པའི་འབྲས་བུ་ནི་རྒྱུའི་དངོས་པོས་ཕྱི་མ་ཕྱི་མ་འབྲས་བུ་ཉིད་དུ་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་ཀྱི་འབྲས་ བུ་ནི་སྤོང་བའི་ལམ་སྟེ། ཐོག་མའི་འབྲས་བུ་གང་ཡིན་པ་དེ་ཉིད་དེ། དེ་ནི་མི་མཐུན་པའི་ཕྱོགས་གཉེན་པོ་ལ་བྱ་བར་འདོད་དོ། །བྲལ་བའི་འབྲས་བུ་ནི་གོམས་པར་བྱས་པའི་འབྲས་བུ་དང་རྫོགས་པའི་འབྲས་བུ་སྟེ། ཉོན་མོངས་པ་དང་བྲལ་བར་ནི་སློབ་པ་དང་མི་སློབ་པ་དང་གོ་ རིམས་བཞིན་ནོ། །ཁྱད་པར་གྱི་འབྲས་བུ་ནི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རོ། །བླ་མའི་འབྲས་བུ་ནི་བྱང་ཆུབ་སེམས་དཔའི་ས་རྣམས་ཏེ། དེ་མ་ཡིན་པའི་ཐེག་པ་ལས་བླ་མར་གྱུར་པའི་ཕྱིར་རོ། །བླ་ན་མེད་པའི་འབྲས་བུ་ནི་སངས་རྒྱས་ཀྱི་སའོ། ། བཞི་པོ་འདི་དག་ནི་གོམས་པར་བྱས་པ་དང་། རྫོགས་པའི་འབྲས་བུའི་རབ་ཏུ་དབྱེ་བ་ཉིད་དོ། །འབྲས་བུ་གཞན་འདི་དག་ནི་མདོར་བསྟན་པ་སྟེ། རྒྱས་པར་བྱ་བ་དཔག་ཏུ་མེད་དོ། །དེ་ལ་གཉེན་པོ་སྒོམ་པའི་དོན་བསྡུས་པ་ནི་བྱང་བར་བྱ་བའི་སྒོམ་པ་དང་། བསྲབས་པའི་སྒོམ་པ་ དང་། ཡོངས་སུ་སྦྱང་བར་བྱས་པའི་སྒོམ་པ་དང་། གོང་མ་ཡང་དག་པར་རྩོམ་པའི་སྒོམ་པ་དང་། མཐོང་བའི་ལམ་དང་འདྲེ་བའི་ཕྱིར་འདྲེ་བའི་སྒོམ་པ་དང་། ཞུགས་པའི་སྒོམ་པ་དང་། མཆོག་གི་སྒོམ་པ་དང་། ཐོག་མའི་སྒོམ་པ་དང་། བར་མའི་སྒོམ་པ་དང་། མཐའི་སྒོམ་པ་དང་། བླ་མ་དང་བཅས་པའི་སྒོམ་པ་དང་། བླ་ན་མེད་པའི་སྒོམ་པ་སྟེ། གང་དམིགས་པ་དང་། ཡིད་ལ་བྱེད་པ་དང་། ཐོབ་པ་ཁྱད་པར་དུ་འཕགས་པའོ། །གནས་རྣམས་ཀྱི་དོན་བསྡུས་པ་ནི་རིགས་ལ་གནས་པའི་སྐལ་བ་ཡོད་པའི་གནས་དང་། སེམས་བསྐྱེད་ནས་བཟུང་སྟེ། སྦྱོར་བའི་བར་དུ་རྩོམ་པའི་གནས་དང་། མ་དག་པ་དང་དག་པའི་གནས་དང་། ཤིན་ཏུ་དག་པའི་གནས་དང་། རྒྱན་དང་བཅས་པའི་གནས་དང་། ས་བཅུ་ཁྱབ་པའི་ཕྱིར་ཁྱད་པར་བྱ་བའི་གནས་དང་། བླ་ན་མེད་པའི་གནས་སོ། །འབྲས་ བུ་རྣམས་ཀྱི་དོན་བསྡུས་པ་ནི་བསྡུས་པ་དང་། དེའི་བྱེ་བྲག་དང་། སྔོན་གོམས་པར་བྱས་པ་དང་། གོང་ནས་གོང་དུ་བསྒྲུབ་པ་དང་། བསྟན་པ་དང་། བཤད་པའོ། །དེ་ལ་བསྡུས་པ་ནི་འབྲས་བུ་ལྔའོ། །དེའི་བྱེ་བྲག་ནི་ལྷག་མ་རྣམས་སོ། །སྔོན་གོམས་པར་བྱས་པ་ནི་ རྣམ་པར་སྨིན་པའི་འབྲས་བུའོ། །དེ་གོང་ནས་གོང་དུ་བསྒྲུབ་པ་ནི་དེ་མ་ཡིན་པ་གཞན་བཞིའོ། །བསྟན་པ་ནི་ཕྱི་མ་ཕྱི་མའི་འབྲས་བུ་ལ་སོགས་པ་བཞིའོ། །བཤད་པ་ནི་རྗེས་སུ་མཐུན་པའི་འབྲས་བུ་ལ་སོགས་པ་དྲུག་སྟེ། དེ་དག་ཉིད་བཤད་པའི་ཕྱིར་རོ། །བསྟན་ བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གཉེན་པོ་བསྒོམ་པ་ཞེས་བྱ་བའི་ལེའུར་བཅད་པ་བཞི་པའི་འགྲེལ་པའོ།། །།ད་ནི་ཐེག་པ་བླ་ན་མེད་པ་བཤད་དགོས་པས་དེ་བརྗོད་དོ། །བླ་མེད་ཉིད་ནི་སྒྲུབ་པ་དང་། །དམིགས་པ་དང་ནི་ཡང་དག་འགྲུབ། །བསྟན་པ་ ཡིན་པར་འདོད་པའོ། །ཐེག་པ་ཆེན་པོ་བླ་ན་མེད་པ་ཉིད་རྣམ་པ་གསུམ་སྟེ། དེས་བླ་ན་མེད་པ་ཉིད་དུ་འགྱུར་རོ། །སྒྲུབ་པ་བླ་ན་མེད་པ་ཉིད་དང་། དམིགས་པ་བླ་ན་མེད་པ་ཉིད་དང་། ཡང་དག་པར་འགྲུབ་པ་བླ་ན་མེད་པ་ཉིད་དོ། །དེ་ལ་སྒྲུབ་པ་བླ་ན་མེད་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་བསྒྲུབ་པར་ རིག་པར་བྱའོ། །སྒྲུབ་པ་དག་ནི་རྣམ་དྲུག་སྟེ། །ཕ་རོལ་ཕྱིན་པ་དེ་དག་ལའོ། །དམ་པ་དང་ནི་ཡིད་བྱེད་དང་། །རྗེས་མཐུན་ཆོས་མཐའ་སྤངས་པ་དང་། །ཁྱད་པར་ཅན་དང་ཁྱད་པར་མེད། །རྣམ་པ་དྲུག་པོ་འདི་དག་ནི་སྒྲུབ་པ་སྟེ། འདི་ལྟར་དམ་པར་སྒྲུབ་པ་དང་། ཡིད་ལ་བྱེད་པ་ལ་སྒྲུབ་ པ་དང་། རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང་། །མཐའ་གཉིས་རྣམ་པར་སྤངས་པ་སྒྲུབ་པ་དང་། ཁྱད་པར་ཅན་སྒྲུབ་པ་དང་། ཁྱད་པར་མེད་པ་སྒྲུབ་པའོ། །དེ་ལ། དམ་པ་བཅུ་གཉིས་བདག་ཉིད་དེ། །རྒྱ་ཆེ་བ་དང་ཡུན་རིང་དང་། །ཆེད་དུ་བྱ་དང་མི་ཟད་དང་། །རྒྱུན་མི་འཆད་དང་ཚེགས་མེད་ དང་། །དབང་འབྱོར་པ་དང་ཡོངས་གཟུང་དང་། །རྩོམ་དང་ཐོབ་དང་རྒྱུ་མཐུན་དང་། །འགྲུབ་པ་དམ་པར་འདོད་པ་ཡིན། །རྣམ་པ་བཅུ་གཉིས་པོ་འདི་དག་ནི་དམ་པ་སྟེ། འདི་ལྟར་རྒྱ་ཆེ་བ་དམ་པ་དང་། ཡུན་རིང་བ་དམ་པ་དང་། ཆེད་དུ་བྱ་བ་དམ་པ་དང་། ཟད་མི་ཤེས་པ་དམ་པ་དང་། རྒྱུན་མི་འཆད་པ་དམ་པ་དང་། ཚེགས་མེད་པ་དམ་པ་དང་། དབང་འབྱོར་པ་དམ་པ་དང་། ཡོངས་སུ་གཟུང་བ་དམ་པ་དང་། རྩོམ་པ་དམ་པ་དང་། རབ་ཏུ་ཐོབ་པ་དམ་པ་དང་། རྒྱུ་མཐུན་པ་དམ་པ་དང་། འགྲུབ་པ་དམ་པའོ། །དེ་ལ་རྒྱ་ཆེ་བ་དམ་པ་ནི། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ ཐམས་ཅད་མི་འདོད་པ་དང་མཆོག་ཏུ་རིག་པར་བྱའོ། །ཡུན་རིང་པ་དམ་པ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངས་སུ་བསྒོམས་པའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཆེད་ཀྱི་ཕྱིར་རོ། །ཟད་མི་ཤེས་པ་དམ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་ པས་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་བའི་ཕྱིར་རོ། །རྒྱུན་མི་འཆད་པའི་དམ་པ་ནི་བདག་གཞན་མཉམ་པ་ཉིད་དུ་མོས་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཚེགས་མེད་པ་དམ་པ་ནི་གཞན་ གྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དབང་འབྱོར་པ་དམ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་གཟུང་བ་དམ་པ་ནི་རྣམ་ པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་རོ། །རྩོམ་པ་དམ་པ་ནི་མོས་པས་སྤྱོད་པའི་ས་ལ་བཟོད་པ་ཆེར་གྱུར་པའོ། །འཐོབ་པ་དམ་པ་ནི་ས་དང་པོ་ལའོ། །རྒྱུ་མཐུན་པ་དམ་པ་ནི་དེ་མ་ཡིན་པ་གཞན་བརྒྱད་པོ་དག་ལའོ། །འགྲུབ་པ་དམ་པ་ནི་ས་བཅུ་པ་དང་། དེ་བཞིན་ གཤེགས་པའི་ས་ལ་བྱང་ཆུབ་སེམས་དཔའ་འགྲུབ་པ་དང་། སངས་རྒྱས་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་དམ་པའི་དོན་གྱིས་ནི། །ཕ་རོལ་ཕྱིན་པ་བཅུར་འདོད་དོ། །འདི་ལྟར་དམ་པ་རྣམ་པ་བཅུ་གཉིས་པོ་འདི་དག་ནི་དེ་དག་ལ་ཡོད་པའི་ཕྱིར་དམ་པ་ཞེས་བྱ་སྟེ། དོན་འདིས་ཕ་རོལ་ཏུ་ཕྱིན་ པ་བཅུ་པོ་དག་ཏུ་འདོད་དོ། །ཁ་ཅིག་བཅུ་གང་ཡིན་སྙམ་དུ་སེམས་པ་ལ་དེ་དག་གི་མིང་བསྟན་པར་བྱ་བའི་ཕྱིར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་དང་། །འདི་དག་ཕ་རོལ་ཕྱིན་པ་བཅུ། །ཞེས་བྱ་བ་བརྗོད་དོ། ། འདི་དག་གི་སོ་སོའི་ལས་ཅི་ཞེ་ན། ལས་ནི་རྗེས་སུ་འཛིན་བྱེད་དང་། །གནོད་མི་བྱེད་དང་དེ་ལ་བཟོད། །ཡོན་ཏན་འཕེལ་དང་འཛུད་ནུས་དང་། །རྣམ་པར་གྲོལ་བར་བྱད་པ་དང་། །མི་ཟད་པ་དང་རྟག་འཇུག་དང་། །ངེས་པར་ལོངས་སྤྱོད་སྨིན་པར་བྱེད། །འདི་དག་ནི་གོ་རིམས་བཞིན་དུ་དེ་དག་གི་ ལས་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པས་ནི་སེམས་ཅན་རྣམས་རྗེས་སུ་འཛིན་ཏོ། །ཚུལ་ཁྲིམས་ཀྱིས་ནི་དེ་དག་ལ་གནོད་པར་མི་བྱེད་དོ། །བཟོད་པས་ནི་གཞན་དག་གིས་གནོད་པར་བྱས་པ་ལ་ཅི་མི་སྙམ་པར་བྱེད་དོ། །བརྩོན་འགྲུས་ཀྱིས་ནི་ཡོན་ཏན་རྣམས་འཕེལ་བར་བྱེད་དོ། །བསམ་གཏན་ གྱིས་ནི་རྫུ་འཕྲུལ་ལ་སོགས་པས་མགུ་བར་བྱས་ཏེ་འཛུད་དོ། །ཤེས་རབ་ཀྱིས་ནི་ཡང་དག་པའི་གདམས་ངག་བྱིན་པས་རྣམ་པར་གྲོལ་བར་བྱེད་དོ། །ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པས་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་སྦྱིན་པ་ལ་སོགས་པ་མི་ཟད་པར་བྱེད་དོ། ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་པས་ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ལ་མཉེས་པར་བྱེད་ཅིང་སྦྱིན་པ་ལ་སོགས་པ་ལ་རྟག་ཏུ་འཇུག་གོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་སོ་སོར་རྟོག་པ་དང་། བསྒོམ་པའི་སྟོབས་གཉིས་ཀྱིས་མི་མཐུན་ པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་ངེས་པར་འཇུག་གོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཆོས་ལ་སྒྲ་ཇི་བཞིན་དུ་རྨོངས་པ་དང་བྲལ་བས་སྦྱིན་པ་ལ་སོགས་པའི་དབང་དུ་མཛད་པའི་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང་། སེམས་ཅན་རྣམས་ཀྱང་ཡོངས་སུ་ སྨིན་པར་བྱེད་དོ། །དམ་པ་བསྒྲུབ་པ་བཤད་ཟིན་ཏོ། །ཡིད་ལ་བྱེད་པ་བསྒྲུབ་པ་གང་ཞེ་ན། ཐེག་པ་ཆེན་པོར་ཅི་ལྟ་བུར། །ཆོས་རྣམས་བཏགས་པར་མཛད་པ་དག །བྱང་ཆུབ་སེམས་དཔའ་རྟག་པར་ཡང་། །ཤེས་རབ་གསུམ་གྱིས་ཡིད་བྱེད་པའོ། །སྦྱིན་པ་ལ་སོགས་པའི་དབང་དུ་མཛད་ནས་ ཐེག་པ་ཆེན་པོར་མདོ་ལ་སོགས་པ་ཇི་ལྟར་བཏགས་པའི་ཆོས་རྣམས་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྒྱུན་དུ་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་བསྒྲུབ་པའོ། །ཤེས་རབ་རྣམ་པ་གསུམ་གྱིས་ཡིད་ལ་བྱེད་པ་དེས་ཡོན་ཏན་ཅི་ཞིག་ཐོབ་ཅེ་ན། ཁམས་བརྟས་ བྱེད་དང་འཇུག་བྱེད་དང་། །དེ་ནི་དོན་རྣམས་འགྲུབ་པར་འགྱུར། །ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཡིད་ལ་བྱེད་པས་ཁམས་བརྟས་པར་འགྱུར་རོ། །བསམས་པ་ལས་བྱུང་བས་ནི་ཐོས་པ་དེའི་དོན་ལ་སྙིང་ནས་འཇུག་པར་བྱེད་དོ། །བསྒོམས་པ་ལས་བྱུང་བས་ནི་དོན་འགྲུབ་པར་འགྱུར་ཏེ། ས་ལ་འཇུག་ པ་ཡོངས་སུ་སྦྱོང་བའི་ཕྱིར་རོ། །དེ་ནི་ཆོས་སྤྱོད་རྣམ་བཅུ་དང་། །ཡང་དག་ལྡན་པར་ཤེས་པར་བྱ། །ཡིད་ལ་བྱེད་པ་སྒྲུབ་པ་སྟེ། །དེ་ཡང་ཆོས་སྤྱོད་པ་རྣམ་པ་བཅུས་ཡོངས་སུ་གཟུང་བར་རིག་པར་བྱའོ། །ཆོས་སྤྱོད་རྣམ་པ་བཅུ་གང་ཞེ་ན། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་ དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། །ཐེག་པ་ཆེན་པོའི་ཡི་གེ་འདྲི་བ་དང་། མཆོད་པ་དང་། གཞན་དག་ལ་སྦྱིན་པ་དང་། གཞན་ཀློག་པ་ལ་ཉན་པ་དང་། བདག་ཉིད་ཀློག་པ་དང་། ལེན་པ་དང་། ཚིག་དང་དོན་འཆད་པ་དང་། ཁ་ཏོན་བྱེད་པ་དང་། སེམས་པ་དང་སྒོམ་ པའོ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅིའི་ཕྱིར་མདོ་དག་ལས་ཐེག་པ་ཆེན་པོ་ཉིད་ཀྱི་ཆོས་སྤྱོད་པ་ནི་ཤིན་ཏུ་འབྲས་བུ་ཆེ་བར་བསྟན་གྱི། ཉན་ཐོས་ཀྱི་ཐེག་པ་ལ་ནི་མ་ཡིན་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཏེ། ཁྱད་པར་ཕྱིར་དང་མི་ཟད་ཕྱིར། །ཁྱད་པར་ཕྱིར་ནི་ཅི་ ལྟ་བུ། །མི་ཟད་པའི་ཕྱིར་ཅི་ལྟ་བུ་ཞེ་ན། གཞན་ལ་ཕན་འདོགས་མ་ཞིའི་ཕྱིར། །གཞན་ལ་ཕན་འདོགས་པར་ཞུགས་པའི་ཕྱིར་ཁྱད་པར་དུ་འཕགས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་ཞི་བ་མེད་ཅིང་རྒྱུན་མི་འཆད་པའི་ཕྱིར་མི་ཟད་པར་རིག་པར་བྱའོ། །ཡིད་ལ་བྱེད་པ་བསྒྲུབ་པ་བཤད་ཟིན་ ཏོ། །རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་གང་ཞེ་ན། མི་གཡེང་ཕྱིན་ཅི་མ་ལོག་པར། །གྱུར་པ་རྗེས་སུ་མཐུན་པའི་ཆོས། །རྣམ་པ་འདི་གཉིས་ནི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་སྟེ། འདི་ལྟར་རྣམ་པར་མི་གཡེང་བ་དང་ཕྱིན་ཅི་མ་ལོག་པར་གྱུར་པའོ། །དེ་ལ་རྣམ་པར་མི་གཡེང་བ་རྣམ་པ་དྲུག་མེད་པའི་ཕྱིར་མི་ གཡེང་བའོ། །གཡེང་བ་རྣམ་པ་དྲུག་ནི། རང་བཞིན་གྱིས་རྣམ་པར་གཡེང་བ་དང་། ཕྱི་རོལ་ཏུ་རྣམ་པར་གཡེང་བ་དང་། ནང་གི་རྣམ་པར་གཡེང་བ་དང་། མཚན་མའི་རྣམ་པར་གཡེང་བ་དང་། གནས་ངན་ལེན་གྱི་རྣམ་པར་གཡེང་བ་དང་། ཡིད་ལ་བྱེད་པའི་རྣམ་པར་གཡེང་བའོ། །འདི་དག་གི་མཚན་ཉིད་ ཅི་ལྟ་བུར་རིག་པར་བྱ་ཞེ་ན། ལྡང་དང་ཡུལ་ལ་འཇུག་པ་དང་། །དེ་བཞིན་རོ་མྱང་བྱིང་དང་རྒོད། །ཡིད་ཆེས་པ་ཡི་བསམ་པ་དང་། །ཡིད་ལ་བྱེད་པ་ངར་འཛིན་དང་། །ཆུང་ངུའི་སེམས་ནི་གཡེང་བ་སྟེ། །བློ་ལྡན་རྣམས་ཀྱིས་ཤེས་པར་བྱ། །རྣམ་པར་གཡེང་བ་རྣམ་པ་དྲུག་གི་མཚན་ཉིད་ནི་དེ་ལྟ་བུ་ཡིན་ཏེ། དེ་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱའོ། །དེ་ལ་ལྡང་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཀྱིས་ཏིང་ངེ་འཛིན་ལས་ལྡང་བ་སྟེ། རང་བཞིན་གྱིས་རྣམ་པར་གཡེང་བའོ། །ཡུལ་ལ་འཇུག་པ་ནི་ཕྱི་རོལ་དུ་རྣམ་པར་གཡེང་བའོ། །ཏིང་ངེ་འཛིན་གྱི་རོ་མྱང་བ་དང་། བྱིང་བ་དང་། རྒོད་པ་ནི་ནང་གི་ རྣམ་པར་གཡེང་བའོ། །ཡིད་ཆེས་པའི་བསམ་པ་ནི་མཚན་མའི་རྣམ་པར་གཡེང་བ་སྟེ། དེ་མཚན་མར་བྱས་ནས་སྦྱོར་བའི་ཕྱིར་རོ། །ངར་འཛིན་པ་དང་བཅས་པའི་ཡིད་ལ་བྱེད་པ་ན་གནས་ངན་ལེན་གྱི་རྣམ་པར་གཡེང་བ་སྟེ། གནས་ངན་ལེན་གྱི་དབང་གིས་ངའོ་སྙམ་པའི་ང་རྒྱལ་ཀུན་ ཏུ་འབྱུང་བའི་ཕྱིར་རོ། །དམན་པའི་སེམས་ནི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་སྟེ། ཐེག་པ་དམན་པ་ཡིད་ལ་བྱེད་པ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །དེ་ལ་ཕྱིན་ཅི་མ་ལོག་པའི་དངོས་པོ་ནི་རྣམ་པ་བཅུས་རིག་པར་བྱ་སྟེ། འདི་ལྟ་སྟེ། ཡི་གེ་དོན་དང་ཡིད་བྱེད་དང་། །མི་འཕྲོ་བ་དང་མཚན་ཉིད་གཉིས། ། མ་དག་དག་དང་གློ་བུར་དང་། །མི་སྡང་བ་དང་ཁེངས་པ་མེད། །དེ་ལ། འབྲེལ་པའི་ཕྱིར་དང་འདྲིས་ཕྱིར་དང་། །མ་འབྲེལ་ཕྱིར་དང་མ་འདྲིས་ཕྱིར། །དོན་ཡོད་པ་དང་མེད་པ་སྟེ། །དེ་ནི་ཡི་གེ་མ་ལོག་པའོ། །ཡི་གེ་རྣམས་དང་འབྲེལ་ཏེ་རྒྱུན་མི་འཆད་པར་བརྗོད་པ་དང་། འདིའི་མིང་ནི་འདི་ཞེས་བྱའོ་ ཞེས་འདྲིས་པས་དོན་ཡོད་པ་ཉིད་དོ། །བཟློག་པ་ནི་དོན་མེད་པ་ཉིད་དོ་ཞེས་དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི་ཡི་གེ་ལ་ཕྱིན་ཅི་མ་ལོག་པར་རིག་པར་བྱའོ། །དོན་ལ་ཕྱིན་ཅི་མ་ལོག་པ་ཇི་ལྟ་བུ་ཞེ་ན། གཉིས་སུ་སྣང་བར་གྱུར་པ་ནི། །དེ་ལྟར་ཡོད་པ་མ་ཡིན་ཏེ། །དེ་ནི་དོན་ལ་མ་ལོག་པ། །ཡོད་དང་མེད་པ་རྣམ་པར་ སྤངས། །གཉིས་ནི་གཟུང་བ་དང་འཛིན་པར་སྣང་བ་སྟེ་དེའི་རྣམ་པར་འབྱུང་བའི་ཕྱིར་རོ། །ཇི་ལྟར་སྣང་བ་དེ་ལྟར་ནི་ཡོད་པ་མ་ཡིན་ཏེ། དེ་ལྟར་དོན་ལ་མཐོང་བ་གང་ཡིན་པ་དེ་ནི་དེ་ལ་ཕྱིན་ཅི་མ་ལོག་པའོ། །དོན་གྱི་ཡོད་པ་སྤངས་པ་ནི་གཟུང་བ་དང་འཛིན་པ་དངོས་པོ་མེད་པའི་ཕྱིར་རོ། །མེད་པ་སྤངས་པ་ནི་དེར་སྣང་བའི་ འཁྲུལ་པ་ཡོད་པའི་ཕྱིར་རོ། །རྟོག་པ་དེ་ཡིས་བསྒོས་པ་ཡི། །རྟོག་པ་ཡིད་བྱེད་དེའི་གནས་ནི། །ཡིད་ལ་བྱེད་པ་མ་ལོག་པ། །གཉིས་སུ་སྣང་བའི་རྒྱུ་ལའོ། །གཟུང་བ་དང་འཛིན་པར་རྟོག་པས་ཡོངས་སུ་བསྒོས་པ་ནི་རྟོག་པའི་ཡིད་ལ་བྱེད་པ་སྟེ། གཟུང་བ་དང་འཛིན་པ་རྣམ་པར་རྟོག་པ་དེའི་རྟེན་ཡིན་ པས། འདི་ནི་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པའོ། །ཡིད་ལ་བྱེད་པ་གང་ལ་ཕྱིན་ཅི་མ་ལོག་ཅེ་ན། གཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་རྒྱུ་ལ་སྟེ། རྟོག་པ་ཡིད་ལ་བྱེད་པ་དེ་ནི་བརྗོད་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྒོས་པའི་ཕྱིར་རོ། །དོན་གྱི་མེད་དང་ཡོད་པ་སྟེ། །སྒྱུ་མ་ལ་སོགས་བཞིན་དུ་འདོད། ། དེ་ནི་མི་འཕྲོ་མ་ལོག་སྟེ། །ཡོད་དང་མེད་པ་མི་འཕྲོའི་ཕྱིར། །དོན་གྱི་མེད་པ་དང་ཡོད་པ་གོང་དུ་བཤད་མ་ཐག་པ་གང་ཡིན་པ་དེ་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་འདོད་དེ། དཔེར་ན་སྒྱུ་མའི་གླང་པོ་ཆེ་ལ་སོགས་པའི་དངོས་པོར་ཡོད་པ་ཡང་མ་ཡིན་ལ། དེའི་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པ་ཡང་མ་ཡིན་ ནོ། །དེ་བཞིན་དུ་དོན་ཀྱང་ཇི་ལྟར་གཟུང་བ་དང་འཛིན་པར་སྣང་བ་ལྟར་ཡོད་པ་མ་ཡིན་ལ། དེ་ལ་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པ་ཡང་མ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྨིག་རྒྱུ་དང་། རྨི་ལམ་དང་། ཆུ་ཟླ་ལ་སོགས་པའི་དཔེ་རྣམས་ཏེ་ཅི་རིགས་སུ་རིག་པར་བྱའོ། །དེ་ལྟར་དོན་ལ་སྒྱུ་མ་ལ་ སོགས་པ་ལྟ་བུར་མཐོང་ནས་སེམས་མི་འཕྲོ་བར་མཐོང་བ་གང་ཡིན་པ་དེ་ནི་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་སྟེ། དེས་ཡོད་པ་དང་མེད་པ་ལ་སེམས་འཕྲོ་བ་མེད་པའི་ཕྱིར་རོ། །རྟོག་པ་ཐམས་ཅད་མི་འཇུག་ཕྱིར། །ཐམས་ཅད་མིང་ཙམ་ཁོ་ན་སྟེ། །རང་གི་མཚན་ཉིད་མ་ལོག་པའོ། །གང་འདི་མིག་དང་གཟུགས་ རྣམས་ནས། ཡིད་དང་ཆོས་རྣམས་ཞེས་བྱ་བའི་བར་འདི་དག་ཐམས་ཅད་ནི་མིང་ཙམ་མོ་ཞེས་དེ་ལྟར་གང་ཤེས་པ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་འདི་ནི་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །རང་གི་མཚན་ཉིད་གང་ལ་ཞེ་ན། དོན་དམ་རང་གི་མཚན་ཉིད་ལའོ། །ཀུན་རྫོབ་ཏུ་ནི་ འདི་མིང་ཙམ་མོ་ཞེས་འཛིན་པ་མེད་དོ། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །དེའི་ཕྱིར་སྤྱི་ཡི་མཚན་ཉིད་དེར། །དེ་ནི་ཕྱིན་ཅི་མ་ལོག་པའོ། །ཆོས་ལ་བདག་མེད་པ་ལས་མ་གཏོགས་པར་ཆོས་གང་མེད་དེ། དེ་བས་ན་ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་ མཚན་ཉིད་དོ་ཞེས་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །ཕྱིན་ཅི་ལོག་གི་ཡིད་ལ་བྱེད། །མ་སྤངས་པ་དང་སྤངས་པ་ལས། །དེ་ནི་མ་དག་རྣམ་དག་སྟེ། །དེ་ཡང་དེ་ལ་མ་ལོག་པའོ། །ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་མ་སྤངས་པ་ནི་ཆོས་ཀྱི་དབྱིངས་དེ་རྣམ་པར་མ་ དག་པའོ། །སྤངས་པ་ནི་རྣམ་པར་དག་པའོ་ཞེས་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་མ་དག་པ་དང་། རྣམ་པར་དག་པ་ལ་ཕྱིན་ཅི་མ་ལོག་པ་སྟེ་གོ་རིམས་བཞིན་ནོ། །ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་བཞིན། །གཉིས་ནི་གློ་བུར་བྱུང་བ་སྟེ། །དེ་ཡང་དེ་ལ་མ་ ལོག་པའོ། །ཆོས་ཀྱི་དབྱིངས་ནི་ནམ་མཁའ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རྣམ་པར་མ་དག་པ་དང་། ཕྱིས་རྣམ་པར་དག་ཅེས་བྱ་བ་འདི་གཉིས་ཀྱང་གློ་བུར་ཡིན་པར་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་གློ་བུར་དུ་བྱུང་བ་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །ཆོས་རྣམས་དང་ནི་གང་ ཟག་གི །ཀུན་ནས་ཉོན་མོངས་རྣམ་དག་མེད། །མེད་ཕྱིར་དེ་བས་སྐྲག་དང་ང་། །མེད་དེ་དེ་འདིར་མ་ལོག་པའོ། །གང་ཟག་གི་ཀུན་ནས་ཉོན་མོངས་པ་མེད་པས་རྣམ་པར་དག་པ་མེད་དོ། །ཆོས་ཀྱི་ཡང་མེད་དེ། འདི་ལྟར་གང་ཟག་མེད་ཅིང་ཆོས་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཀུན་ནས་ཉོན་མོངས་ པ་གང་ཡང་མེད་ཅིང་རྣམ་པར་བྱང་བ་ཡང་མེད་པ་དེའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་སུ་ཡང་འགྲིབ་པ་ཡང་མེད་ལ། རྣམ་པར་བྱང་བའི་ཕྱོགས་ལ་སུའི་ཁྱད་པར་དུ་འགྱུར་བའང་མེད་ན། དེའི་ཕྱིར་སྐྲག་པའམ་ང་རྒྱལ་དུ་གྱུར་ཏེ། འདི་ནི་སྐྲག་པ་མེད་པ་དང་། །ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ ལོག་པའོ། །ཕྱིན་ཅི་མ་ལོག་པ་བཅུ་པོ་འདི་དག་ནི་རྡོ་རྗེའི་ཚིག་བཅུ་པོ་དག་དང་གོ་རིམས་བཞིན་དུ་སྦྱར་བར་བྱ་སྟེ། རྡོ་རྗེའི་ཚིག་བཅུ་པོ་འདི་དག་ནི། ཡོད་པ་དང་མེད་པ་དང་། ཕྱིན་ཅི་མ་ལོག་པ་དང་། གནས་དང་། སྒྱུ་མ་ལྟ་བུ་ཉིད་དང་། རྣམ་པར་མི་རྟོག་པ་ཉིད་དང་། རང་བཞིན་གྱིས་འོད་ གསལ་བ་ཉིད་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ནམ་མཁའ་ལྟ་བུ་དང་། འགྲིབ་པ་མེད་པ་དང་། ཁྱད་པར་དུ་འཕགས་པ་མེད་པའོ། །རྡོ་རྗེའི་ཚིག་རྣམས་ཀྱི་ལུས་རྣམ་པར་གཞག་པ་ནི་ངོ་བོ་ཉིད་དེ་ངོ་བོ་ཉིད་རྣམ་པ་གསུམ་དང་དམིགས་པ་དང་། རྣམ་པར་མི་རྟོག་པ་ ཉིད་དང་། བརྒལ་བ་དང་། ལན་ཏེ། རྡོ་རྗེའི་ཚིག་ལྷག་མ་རྣམས་སོ། །ལུས་རྣམ་པར་གཞག་པ་གཉིས་པ་ནི། གང་ལ་གང་ཞིག་གང་གིས་འཁྲུལ། །མ་འཁྲུལ་གང་ཞིག་གང་ལ་དང་། །འཁྲུལ་དང་མ་འཁྲུལ་འབྲས་བུ་ཉིད། །དེ་གཉིས་ཀྱི་ནི་མཐའ་མའོ། །རྡོ་རྗེའི་ཚིག་རྣམས་ཀྱིས་བསྡུས་ པའི་དོན་ནི་ངོ་བོ་ཉིད་གསུམ་ནི་དམིགས་པ་སྟེ། ཡོངས་སུ་གྲུབ་པ་དང་། ཀུན་བརྟགས་པ་དང་། གཞན་གྱི་དབང་ཞེས་བྱ་བ་དག་སྟེ། ཚིག་དང་པོ་གསུམ་དང་གོ་རིམས་བཞིན་ནོ། །རྣམ་པར་མི་རྟོག་པ་ཉིད་ནི་གང་གིས་རྣམ་པར་མི་རྟོག་ཅེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སོ། །གང་ལ་རྣམ་པར་ མི་རྟོག་ཅེ་ན། རང་བཞིན་གྱིས་འོད་གསལ་བ་ཉིད་ལའོ། །དེ་བས་ན་འདིས་ཤེས་པ་དང་། ཤེས་པ་རྣམ་པར་གཞག་པ་འདི་ལྟ་སྟེ། ངོ་བོ་ཉིད་གསུམ་དང་། རྣམ་པར་མི་རྟོག་པ་ཉིད་དང་གོ་རིམས་བཞིན་དུ་རིག་པར་བྱའོ། །བརྒལ་བ་དང་། ལན་ནི་ལྷག་མ་རྣམས་སོ་ཞེས་བྱ་བ་དེ་ལ་བརྒལ་ བ་ནི་འདི་ཡིན་ཏེ། གལ་ཏེ་ཀུན་བརྟགས་པ་དང་། གཞན་གྱི་དབང་གི་མཚན་ཉིད་ཀྱི་ཆོས་དེ་དག་མེད་ན་ཇི་ལྟར་དམིགས་པར་འགྱུར། ཅི་སྟེ་ཡོད་ན་དེ་ལྟ་ན་གོ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་རུང་ངོ་ཞེ་ན། དེའི་ལན་ནི་སྒྱུ་མ་ལྟ་བུ་ཉིད་ཡིན་ཏེ། དཔེར་ན་སྒྱུ་མ་བྱས་པ་ནི་ མེད་ཀྱང་དམིགས་པ་ལྟ་བུའོ། །གལ་ཏེ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་ན་ཇི་ལྟར་སྔར་ཀུན་ནས་ཉོན་མོངས་པ་ཕྱིས་རྣམ་པར་བྱང་ཞེ་ན། དེའི་ལན་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ནམ་མཁའ་ལྟ་བུར་རེག་པར་བྱ་བ་ཡིན་ཏེ། དཔེར་ན་ནམ་མཁའ་ རང་བཞིན་གྱིས་རྣམ་པར་དག་པ་ལ་ཀུན་ནས་ཉོན་མོངས་སོ། །རྣམ་པར་བྱང་ངོ་ཞེས་བྱ་བ་ལྟ་བུའོ། །གལ་ཏེ་སངས་རྒྱས་དཔག་ཏུ་མེད་པ་བྱུང་སྟེ། སེམས་ཅན་དཔག་ཏུ་མེད་པ་དག་གི་ཀུན་ནས་ཉོན་མོངས་པ་བསལ་ན། དེའི་ཕྱིར་ཅི་ལྟར་འཁོར་བ་རྒྱུན་ཆད་པར་མི་འགྱུར་ཞིང་མྱ་ངན་ ལས་འདས་པ་འཕེལ་བར་མི་འགྱུར་ཞེ་ན། དེའི་ལན་ནི་འགྲིབ་པ་མེད་པ་དང་། ཁྱད་པར་དུ་འཕགས་པ་མེད་པ་ཉིད་ཡིན་ཏེ། སེམས་ཅན་གྱི་ཁམས་དང་། རྣམ་པར་བྱང་བའི་ཕྱོགས་དཔག་ཏུ་མེད་པའི་ཕྱིར་རོ། །ཡོད་མེད་ཕྱིན་ཅི་མ་ལོག་དང་། །གནས་དང་སྒྱུ་མ་ལྟ་བུ་ཉིད། ། མི་རྟོག་པ་དང་རང་བཞིན་གྱིས། །རྟག་པར་འོད་གསལ་ཉིད་དང་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་དང་། །དེ་བཞིན་ནམ་མཁའ་ལྟ་བུ་ཉིད། །འགྲིབ་པ་མེད་དང་ལྷག་མེད་པ། །རྡོ་རྗེའི་ཚིག་ནི་བཅུ་ཞེས་བྱ། །རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བཤད་ཟིན་ཏེ། །མཐའ་གཉིས་ སྤང་བ་བསྒྲུབ་པ་གང་ཞེ་ན། གང་དཀོན་མཆོག་བརྩེགས་པ་ལས་དབུ་མའི་ལམ་བཤད་པའོ། །མཐའ་གང་དང་གང་སྤངས་པས་དེ་རིག་པར་བྱ་ཞེ་ན། ཐ་དད་པ་དང་གཅིག་མཐའ་དང་། །མུ་སྟེགས་ཉན་ཐོས་གཉིས་ཀ་དང་། །གང་ཟག་ཆོས་ལ་སྒྲོ་འདོགས་དང་། །སྐུར་འདེབས་མཐའ་ རྣམས་གཉིས་གཉིས་དང་། །མི་མཐུན་ཕྱོགས་དང་གཉེན་པོའི་མཐའ། །རྟག་དང་ཆད་པར་འདུ་ཤེས་དང་། །གཟུང་དང་འཛིན་དང་ཀུན་ཉོན་མོངས། །རྣམ་པར་བྱང་ལ་གཉིས་དང་གསུམ། །རྣམ་པར་རྟོག་པ་གཉིས་ཀྱི་མཐའ། །དེ་ནི་རྣམ་པ་བདུན་དུ་འདོད། །དངོས་ ཡོད་དངོས་མེད་ཞི་བྱེད་དང་། །ཞི་བྱེད་སྐྲག་བྱ་དེ་ལ་འཇིགས། །གཟུང་དང་འཛིན་དང་ཡང་དག་ཉིད། །ལོག་པ་ཉིད་དང་བྱེད་དང་མིན། །སྐྱེ་བ་མེད་དང་མཉམ་པའི་དུས། །དེ་ནི་རྣམ་རྟོག་གཉིས་ཀྱི་མཐའ། །དེ་ལ་གཟུགས་ལ་སོགས་པ་དང་བདག་ཐ་དད་ཅེས་བྱ་བ་ཡང་མཐའོ། །གཅིག་ཅེས་བྱ་བ་ཡང་ མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་བདག་མེད་པར་སོ་སོར་རྟོག་པ་ནས་ཤེད་བུ་མེད་པར་སོ་སོར་རྟོག་པའི་བར་དུའོ། །བདག་ཏུ་ལྟ་བ་ནི་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་པ་དང་། སྲོག་དེ་ཉིད་ལུས་དེ་ཡིན་ཞེས་བྱ་བར་ལྟ་བ་ཡིན་ནོ། །གཟུགས་ལ་སོགས་པ་ རྟག་གོ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་མཐའོ། །མི་རྟག་གོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་གཟུགས་ལ་སོགས་པ་ལ་རྟག་པར་ཡང་མི་རྟོག །མི་རྟག་པར་ཡང་མི་རྟོག་པའོ། །བདག་ཅེས་བྱ་བ་ནི་གང་ཟག་ཏུ་སྒྲོ་འདོགས་པའི་ མཐའོ། །བདག་མེད་ཅེས་བྱ་བ་ནི་སྐུར་བ་འདེབས་པའི་མཐའ་སྟེ། བརྟགས་པའི་ཡོད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་བདག་དང་བདག་མེད་པ་གཉིས་ཀྱི་དབུས་ནི་རྣམ་པར་མི་རྟོག་པ་ཉིད་དོ། །སེམས་ཡང་དག་པའོ་ཞེས་བྱ་བ་ནི་ ཆོས་ལ་སྒྲོ་འདོགས་པའི་མཐའོ། །སེམས་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐུར་པ་འདེབས་པའི་མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་ལ་སེམས་མེད་པ་དང་། སེམས་པ་མེད་པ་དང་། ཡིད་མེད་པ་དང་། རྣམ་པར་ཤེས་པ་མེད་པའོ། །མི་དགེ་བ་ལ་ སོགས་པའི་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པའོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་མཐའོ། །དགེ་བ་ལ་སོགས་པ་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་ནི་གཉེན་པོའི་མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་མཐའ་དེ་གཉིས་ཁས་མི་ལེན་ཞིང་མི་བརྗོད་ཅིང་མི་སྨྲ་བའོ། ། གང་ཟག་དང་ཆོས་ཡོད་དོ་ཞེས་བྱ་བ་ནི་རྟག་པའི་མཐའོ། །མེད་དོ་ཞེས་བྱ་བ་ནི་ཆད་པའི་མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པའོ། །མ་རིག་པ་ལ་གཟུང་བའོ། །འཛིན་པའོ་ཞེས་བྱ་བ་ནི་མཐའ་སྟེ། དེ་བཞིན་དུ་རིག་པ་ དང་འདུ་བྱེད་རྣམས་དང་། དེའི་གཉེན་པོ་འདུས་མ་བྱས་དང་། རྒ་ཤིའི་བར་ལ་གཟུང་བའོ། །འཛིན་པའོ་ཞེས་བྱ་བ་ཡང་མཐའོ། །དེ་འགོག་པ་ལ་གཟུང་བའོ། །འཛིན་པའོ་ཞེས་བྱ་བ་ཡང་མཐའ་སྟེ། ལམ་གང་གིས་དེ་འགག་པའོ། །དེ་བཞིན་དུ་ནག་པོ་དང་དཀར་པོའི་ ཕྱོགས་ཀྱི་བྱེ་བྲག་གིས་གཟུང་བ་དང་འཛིན་པའི་མཐའ་རྣམ་པ་གཉིས་སོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། རིག་པ་དང་མ་རིག་པ་འདི་ནི་གཉིས་སུ་མེད་ཅེས་རྒྱ་ཆེར་འབྱུང་སྟེ། རིག་པ་དང་མ་རིག་པ་ལ་སོགས་པ་ལ་གཟུང་བ་དང་། འཛིན་པའི་དངོས་པོ་མེད་པའི་ཕྱིར་རོ། ། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་གསུམ་སྟེ། ལྟ་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རྒྱུ་དང་། ཡང་སྲིད་པ་ལ་སྨོན་པའོ། །དེའི་གཉེན་པོ་ནི་སྟོང་པ་ཉིད་ཤེས་པ་དང་། མཚན་མ་མེད་པའི་ཤེས་པ་དང་། སྨོན་པ་མེད་པའི་ཤེས་པའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་པའོ། ། དེའི་གཉེན་པོ་ནི་མངོན་པར་འདུ་མི་བྱེད་པ་ཤེས་པའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་ཡང་སྲིད་པར་སྐྱེ་བ་དང་། སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་རེ་རེ་ལ་བྱུང་བ་དང་། ཡང་སྲིད་པའི་རྒྱུན་ཏོ། །དེའི་གཉེན་པོ་ནི་སྐྱེ་བ་མེད་པ་ཤེས་པ་དང་། འབྱུང་བ་ མེད་པ་ཤེས་པ་དང་། ངོ་བོ་ཉིད་མེད་པ་ཤེས་པའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་དེ་གསུམ་དང་བྲལ་བ་ནི་རྣམ་པར་བྱང་བའོ། །དེ་ལ་སྟོང་པ་ཉིད་ཤེས་པ་ལ་སོགས་པས་ཤེས་བྱ་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དག་དང་ཅི་ རིགས་པར་སྟོང་པ་ཉིད་ལ་སོགས་པའི་བར་དུ་མི་བྱེད་ཀྱི། རང་བཞིན་གྱིས་སྟོང་པ་ཉིད་ལ་སོགས་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མ་གྱུར་པའི་ཕྱིར་རོ། །གལ་ཏེ་ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པར་གྱུར་པའམ། རྣམ་ པར་དག་པར་འགྱུར་བའོ་སྙམ་དུ་རྣམ་པར་རྟོག་པ་འདི་ནི་མཐའ་སྟེ། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་སྟོང་པ་ཉིད་ ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཀྱི་ཆོས་རྣམས་ཉིད་ཀྱིས་སྟོང་པའོ་ཞེས་འབྱུང་བ་ལ་སོགས་པའོ། །གཞན་ཡང་རྣམ་པར་རྟོག་པའི་མཐའ་གཉིས་རྣམ་པ་བདུན་ཏེ། འདི་ལྟ་སྟེ། དངོས་པོ་ཡོད་པར་རྣམ་པར་རྟོག་པ་ཡང་མཐའོ། །དངོས་པོ་མེད་པར་རྣམ་པར་རྟོག་པ་ཡང་ མཐའོ། །གང་ཟག་ཡོད་དེ་དེ་གཞིག་པའི་ཕྱིར་སྟོང་པ་ཉིད་དོ། །ཡང་ན་བདག་མེད་པ་ཡང་མེད་དོ་སྙམ་དུ་རྟོག་པའི་ཕྱིར་ཏེ། རྣམ་པར་རྟོག་པའི་མཐའ་འདི་གཉིས་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། འདི་ལྟ་སྟེ། གང་ཟག་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི་སྟོང་པ་ ཉིད་ཀྱིས་སྟོང་སྟེ། སྔོན་གྱི་མཐའ་སྟོང་པ་དང་། ཕྱི་མའི་མཐའ་སྟོང་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བའོ། །ཞི་བར་བྱ་བ་རྣམ་པ་ཡང་མཐའོ། །ཞི་བར་བྱེད་པ་རྣམ་པར་རྟོག་པ་ཡང་མཐའ་སྟེ། སྤང་བར་བྱ་བ་དང་། སྤོང་བར་བྱེད་པ་རྣམ་པར་རྟོག་པས་སྟོང་པ་ཉིད་ཀྱིས་ སྐྲག་པའི་ཕྱིར་རོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་ནམ་མཁའོ། །སྐྲག་པར་བྱ་བར་རྣམ་པར་རྟོག་པ་ཡང་མཐའོ། །སྐྲག་པར་བྱ་བ་དེ་ལས་འཇིགས་པར་རྣམ་པར་རྟོག་པ་ཡང་མཐའ་སྟེ། སྡུག་བསྔལ་གྱིས་ཁོང་དངངས་པས་ཀུན་བརྟགས་པའི་ གཟུགས་ལ་སོགས་པ་ལ་སྐྲག་པའི་ཕྱིར་རོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་ནི་རི་མོ་མཁན་ནོ། །དཔེ་སྔ་མ་ནི་ཉན་ཐོས་རྣམས་ལས་བརྩམས་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་པའོ། །གཟུང་བར་རྣམ་པར་ རྟོག་པ་ཡང་མཐའོ། །འཛིན་པར་རྣམ་པར་རྟོག་པ་ཡང་མཐའོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་སྒྱུ་མ་མཁན་ནོ། །རྣམ་པར་རིག་པ་ཙམ་དུ་ཤེས་པས་དོན་དངོས་པོ་མེད་པར་བྱས་ནས། དོན་དངོས་པོ་མེད་པར་ཤེས་པ་དེས་ཀྱང་རྣམ་པར་རིག་ པ་ཙམ་དུ་ཤེས་པ་དེ་ཉིད་རྣམ་པར་བཟློག་གོ། །དོན་དངོས་པོ་མེད་ན་རྣམ་པར་རིག་པ་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་ན་འདི་ནི་འདིར་མཚུངས་སོ། །ཡང་དག་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའོ། །ལོག་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའ་སྟེ། ཡང་དག་པར་སོ་སོར་རྟོག་པ་ན་ ཡང་དག་པ་ཉིད་དུ་འམ། ལོག་པ་ཉིད་དུ་རྟོག་པའོ། །མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་ཤིང་གཉིས་ལས་མེ་འབྱུང་བ་སྟེ། དཔེར་ན་མེའི་མཚན་ཉིད་མ་ཡིན་པ་ཤིང་གཉིས་ལས་མེ་འབྱུང་སྟེ། བྱུང་ནས་ཀྱང་ཤིང་གཉིས་ཚིག་པར་བྱེད་དོ། །དེ་བཞིན་དུ་ཡང་དག་པ་ཉིད་ ཀྱི་མཚན་ཉིད་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་ལས་ཡང་དག་པ་ཉིད་ཀྱི་མཚན་ཉིད་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། སྐྱེས་ནས་ཀྱང་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་རྣམ་པར་འཇིག་པར་བྱེད་དེ། དེ་ལྟ་བས་ན་འདི་ནི་འདིར་མཚུངས་སོ། །ཡང་ དག་པར་སོ་སོར་རྟོག་པ་ཡང་དག་པ་ཉིད་ཀྱི་མཚན་ཉིད་མ་ཡིན་ཀྱང་ལོག་པ་ཉིད་ཀྱི་མཚན་ཉིད་ཀྱང་མ་ཡིན་ཏེ། ཡང་དག་པ་ཉིད་ཀྱི་རྗེས་སུ་མཐུན་པའི་ཕྱིར་རོ། །བྱེད་པར་རྣམ་པར་རྟོག་པ་ཡང་མཐའོ། །མི་བྱེད་པར་རྣམ་པར་རྟོག་པ་ཡང་མཐའ་སྟེ། ཡེ་ཤེས་ནི་བློ་སྔོན་དུ་འགྲོ་ བས་བྱེད་པའམ་མཐུ་མེད་པར་རྟོག་པའོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་མར་མེའོ། །སྐྱེ་བ་མེད་པར་རྣམ་པར་རྟོག་པ་ཡང་མཐའོ། །དུས་མཉམ་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའ་སྟེ། གལ་ཏེ་གཉེན་པོ་མ་སྐྱེས་པའམ། ཀུན་ནས་ཉོན་ མོངས་པ་ཡུན་རིང་བ་ཉིད་དུ་རྟོག་པའོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་སྤང་བའི་ཕྱིར་མར་མེའི་དཔེ་གཉིས་པའོ། །མཐའ་གཉིས་སྤང་བའི་སྒྲུབ་པ་བཤད་ཟིན་ཏོ། །ཁྱད་པར་ཅན་དང་ཁྱད་པར་མེད་པ་སྒྲུབ་པ་གང་ཞེ་ན། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་ཏུ་ ཤེས་པར་བྱ། །ས་གང་ལ་ཕ་རོལ་ཏུ་ཕྱིན་པ་གང་གི་ཤས་ཆེ་བ་དེ་ནི་ཁྱད་པར་ཅན་ནོ། །ཐམས་ཅད་དུ་ཐམས་ཅད་ལ་ཡང་དག་པར་བསྒྲུབ་པ་ནི་ཁྱད་པར་མེད་པའོ། །བསྒྲུབ་པ་བླ་ན་མེད་པ་ཉིད་བཤད་ཟིན་ཏོ། །དམིགས་པ་བླ་ན་མེད་པ་ཉིད་གང་ཞེ་ན། རྣམ་པར་གཞག་དང་དེ་བཞིན་ དབྱིངས། །བསྒྲུབ་དང་སྒྲུབ་དང་འཛིན་པ་དང་། །ངེས་པར་འཛིན་དང་རབ་ཏུ་འཛིན། །རབ་ཏུ་རྟོགས་དང་རབ་རྒྱས་དང་། །རྣམ་པར་རྟོག་དང་རྣལ་འདུག་དང་། །ཕུལ་དུ་བྱུང་བའི་དམིགས་པར་འདོད། །དམིགས་པ་ནི་རྣམ་པ་བཅུ་གཉིས་པོ་འདི་དག་སྟེ། འདི་ལྟར་ཆོས་བརྟགས་པ་རྣམ་པར་གཞག་ པའི་དམིགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་དམིགས་པ་དང་། བསྒྲུབ་བྱའི་དམིགས་པ་དང་། སྒྲུབ་པའི་དམིགས་པ་དང་། འཛིན་པའི་དམིགས་པ་དང་། ངེས་པར་འཛིན་པའི་དམིགས་པ་དང་། རབ་ཏུ་འཛིན་པའི་དམིགས་པ་དང་། རབ་ཏུ་རྟོགས་པའི་དམིགས་པ་དང་། རབ་ཏུ་རྒྱས་པའི་ དམིགས་པ་དང་། རྣམ་པར་ཁོང་དུ་ཆུད་པའི་དམིགས་པ་དང་། རྣལ་དུ་འདུག་པའི་དམིགས་པ་དང་། ཕུལ་དུ་བྱུང་བའི་དམིགས་པའོ། །དེ་ལ་དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་གང་དག་རྣམ་པར་འཇོག་པའོ། །གཉིས་པ་ནི་དེ་བཞིན་ཉིད་དོ། །གང་གསུམ་པ་དང་བཞི་པ་དེ་དག་ ཉིད་ལ་གོ་རིམས་བཞིན་ཏེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ཁོང་དུ་ཆུད་པའི་ཕྱིར་རོ། །ལྔ་པ་ནི་ཐོས་པ་ལས་བྱུང་བའི་ཤེས་པའི་དམིགས་པའོ། །དྲུག་པ་ནི་བསམས་པ་ལས་བྱུང་བའི་སྟེ་རྟོགས་ནས་འཛིན་པའི་ཕྱིར་རོ། །བདུན་པ་ ནི་བསྒོམས་པ་ལས་བྱུང་བའི་སྟེ། སོ་སོ་རང་གིས་འཛིན་པའི་ཕྱིར་རོ། །བརྒྱད་པ་ནི་ས་དང་པོ་ལ་མཐོང་བའི་ལམ་གྱིའོ། །དགུ་བ་ནི་བསྒོམ་པའི་ལམ་གྱི་སྟེ། ས་བདུན་པའི་བར་དུའོ། །བཅུ་པ་ནི་དེ་ཉིད་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་སྟེ། ཆོས་རྣམ་པར་ཁོང་དུ་ཆུད་ པའི་ཕྱིར་རོ། །བཅུ་གཅིག་པ་ནི་ས་བརྒྱད་པ་ལའོ། །བཅུ་གཉིས་པ་ནི་ས་དགུ་པ་ལ་སོགས་པ་གསུམ་ལའོ། །དང་པོའི་གཉིས་པོ་དེ་དག་ནི་དེ་དང་དེའི་དུས་ན་དེ་དང་དེའི་དམིགས་པའི་མིང་འཐོབ་པོ། །དམིགས་པ་བཤད་ཟིན་ཏོ། །ཡང་དག་པར་འགྲུབ་པ་གང་ཞེ་ན། མ་ཚང་མེད་དང་མི་སྤོང་དང་། །མི་ གཡེང་བ་དང་རབ་རྫོགས་དང་། །ཡང་དག་སྐྱེད་དང་འཕེལ་བ་དང་། །ལས་སུ་རུང་དང་མི་གནས་དང་། །སྒྲིབ་པ་མེད་པ་ཉིད་དང་དེ། །རྒྱུན་མི་གཅོད་པ་ཡང་དག་འགྲུབ། །ཡང་དག་པར་འགྲུབ་པ་ནི་རྣམ་པ་བཅུ་པོ་འདི་དག་སྟེ། དེ་ལ་རྐྱེན་མ་ཚང་བ་མེད་པ་ནི་རིགས་ཡང་དག་པར་འགྲུབ་པའོ། ། ཐེག་པ་ཆེན་པོ་མི་སྤང་བ་ནི་མོས་པ་ཡང་དག་པར་འགྲུབ་པའོ། །ཐེག་པ་དམན་པར་མི་གཡེང་བ་ནི་སེམས་བསྐྱེད་པ་ཡང་དག་པར་འགྲུབ་པའོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནི་བསྒྲུབ་པ་ཡང་དག་པར་འགྲུབ་པའོ། །འཕགས་པའི་ལམ་བསྐྱེད་པ་ནི་སྐྱོན་མེད་པར་འཇུག་པ་ ཡང་དག་པར་འགྲུབ་པའོ། །དགེ་བའི་རྩ་བ་འཕེལ་བ་ནི་ཡུན་རིང་པོ་ནས་འདྲིས་པར་བྱ་བའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་དག་པར་འགྲུབ་པའོ། །སེམས་ལས་སུ་རུང་བ་ནི་ཞིང་ཡོངས་སུ་དག་པ་ཡང་དག་པར་འགྲུབ་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་ གནས་པ་ནི་ཕྱིར་མི་ལྡོག་པའི་ས་ལ་ལུང་བསྟན་པ་འཐོབ་པ་ཡང་དག་པར་འགྲུབ་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལས་མི་ལྡོག་པའི་ཕྱིར་རོ། །སྒྲིབ་པ་མེད་པ་ནི་སངས་རྒྱས་ཀྱི་ས་ཡང་དག་པར་འགྲུབ་པའོ། །དེ་རྒྱུན་མི་གཅོད་པ་ནི་བྱང་ཆུབ་ཀུན་དུ་སྟོན་པ་ཡང་དག་པར་འགྲུབ་པའོ། །དེ་ ལྟར་ན་འདི་ནི། དབུས་རྣམ་འབྱེད་པའི་བསྟན་བཅོས་ཏེ། །དབུ་མའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ། །འདི་ནི་དབུས་དང་མཐའ་རྣམ་པར་འབྱེད་པ་ཡང་ཡིན་ཏེ། དབུས་དང་མཐའ་གཉིས་རབ་ཏུ་སྟོན་པའི་ཕྱིར་རོ། །ཡང་ན་ཐོག་མ་དང་མཐའ་མ་སྤངས་པའི་དབུས་རབ་ཏུ་སྟོན་པའི་ཕྱིར་རོ། །རྟོག་པར་དཀའ་དང་སྙིང་ པོའི་དོན། །རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་དང་། ཕས་ཀྱི་རྒོལ་བ་དག་གིས་མི་ཤིགས་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །དོན་ཆེན་ནི་བདག་དང་གཞན་གྱི་དོན་གྱི་ཆེད་ཀྱི་ཕྱིར་རོ། །དེ་བཞིན་ཀུན་གྱི་དོན་ནི་ཐེག་པ་གསུམ་ཆར་གྱི་དབང་དུ་བྱས་པའི་ཕྱིར་རོ། །དོན་མེད་ཐམས་ཅད་སེལ་བའོ་ཞེས་བྱ་བ་ནི་ཉོན་ མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའོ། །བླ་ན་མེད་པ་ཉིད་ཀྱི་དོན་བསྡུས་པ་ནི་མདོར་བསྡུ་ན་བླ་ན་མེད་པ་ཉིད་རྣམ་གསུམ་སྟེ། སྒྲུབ་པ་དང་། བསྒྲུབ་པའི་གཞི་དང་། བསྒྲུབས་པའི་འབྲས་བུའོ། །བསྒྲུབ་པ་དེ་ཡང་ཇི་ལྟ་བུ་ཞེ་ན། དམ་པའོ། །གང་གིས་ཤེ་ན། ཐེག་པ་ཆེན་པོར་ཇི་ལྟ་བུར། ། ཆོས་རྣམས་རབ་ཏུ་བཞག་པ་དག །ཅེས་བྱ་བ་ལ་སོགས་པས་སོ། །ཇི་ལྟ་བུར་ཞེ་ན། རྣམ་པ་གང་གིས་ཞི་གནས་བསྒོམ་པ་ལ་གཡེང་བ་མེད་པར་གྱུར་པ་དང་། ལྷག་མཐོང་བསྒོམ་པ་ལ་ཕྱིན་ཅི་མ་ལོག་པར་གྱུར་པའོ། །གང་གི་དོན་དུ་ཞེ་ན། དབུ་མའི་ལམ་གྱིས་ངེས་པར་འབྱུང་ བར་བྱ་བའི་དོན་དུའོ། །གང་དུ་ཞེ་ན། ས་བཅུ་དག་ཏུ་སྟེ། ཁྱད་པར་ཅན་དང་། ཁྱད་པར་མེད་པའོ་ཞེས་བྱ་བའོ། །ཕྱིན་ཅི་མ་ལོག་པ་རྣམས་ཀྱི་དོན་བསླུས་པ་ནི། ཡི་གེ་ལ་ཕྱིན་ཅི་མ་ལོག་པས་ཞི་གནས་ཀྱི་མཚན་མ་རབ་ཏུ་རྟོགས་པ་དང་། དོན་ལ་ཕྱིན་ཅི་མ་ལོག་པས་ལྷག་མཐོང་གི་མཚན་མ་ རབ་ཏུ་རྟོགས་པ་དང་། ཡིད་ལ་བྱེད་པ་ཕྱིན་ཅི་མ་ལོག་པས་ཕྱིན་ཅི་ལོག་གི་གཞི་ཡོངས་སུ་སྤོང་བ་དང་། མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པས་དེའི་མཚན་མ་ལེགས་པར་རྟོགས་པར་བྱེད་པ་དང་། རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པས་དེའི་གཉེན་པོ་རྣམ་པར་མི་རྟོག་པའི་ལམ་བསྒོམས་པ་ དང་། སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པས་རྣམ་པར་བྱང་བའི་རང་བཞིན་དུ་རབ་ཏུ་རྟོགས་པ་དང་། མ་དག་པ་དང་དག་པ་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པས་དེའི་སྒྲིབ་པ་མ་སྤངས་པ་དང་། སྤངས་པ་རབ་ཏུ་ཤེས་པ་དང་། དེའི་གློ་བུར་དུ་བྱུང་བ་ལ་ཕྱིན་ཅི་མ་ལོག་པས་ཀུན་ནས་ཉོན་ མོངས་པ་དང་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། མི་སྐྲག་པ་དང་། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པས་སྒྲིབ་པ་མེད་པར་ངེས་པར་འབྱུང་བའོ། །བཤད་པ་འདི་བྱས་པ་ཡི་བསོད་ནམས་གང་ཡོད་དེས། །འགྲོ་བ་བསོད་ནམས་འབྱུང་བ་ཆེ་དང་ཡེ་ཤེས་ ཀྱང་། །འབྱུང་བར་གྱུར་ཅིག་དེ་ལས་མངོན་མཐོ་ཆེན་པོ་དང་། །བྱང་ཆུབ་གསུམ་ཡང་འགྲོ་བས་མྱུར་དུ་ཐོབ་གྱུར་ཅིག །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཐེག་པ་བླ་ན་མེད་པ་ཞེས་བྱ་བའི་ཚིག་ལེའུར་བཅད་པ་ལྔ་པའི་འགྲེལ་པའོ།། །།བསྟན་ བཅོས་དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། དྷརྨ་དྷརྨ་ཏཱ་བི་བྷཾ་ག་བྲྀཏྟི། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ། བཅོམ་ལྡན་འདས་མ་ཕམ་པ་ལ་ཕྱག་འཚལ་ལོ། །མ་ཕམ་གང་གིས་སྒྲ་བཞིན་དོན་འཛིན་པའི། །འཁྲུལ་པས་ འཇིག་རྟེན་ལམ་གོལ་སོང་མཁྱེན་ནས། །བསྟན་པ་བསྡུ་བ་མཛད་དེ་འདི་གསུངས་པ། །བླ་མ་དེ་ལ་ཐལ་སྦྱར་རབ་བཏུད་ནས། །བླ་མ་རྣམས་ལས་ཐོས་ནས་དེ་ཉིད་ཀྱིས། །གནང་བས་ཚིག་བསྡུས་བསྟན་བཅོས་འདི་ཡི་དོན། །ཟབ་མོ་ཉིད་ནི་ཅུང་ཟད་ ཚིག་རེ་ནས། །རང་ནུས་ཉིད་ཀྱིས་རྣམ་པར་དབྱེ་ཕྱིར་འབད། །གང་ཕྱིར་ཤེས་ནས་འགའ་ཞིག་སྤང་བྱ་ཞིང་། །གཞན་འགའ་ཞིག་ནི་མངོན་སུམ་ཉིད་བྱ་བ། །དེས་ན་དེ་དག་མཚན་ཉིད་སྒོ་ནས་ནི། །རྣམ་དབྱེ་འདོད་པས་བསྟན་བཅོས་འདི་བྱས་སོ། །གང་ ཕྱིར་ཤེས་ནས་འགའ་ཞིག་སྤང་བྱ་ཞིང་། །གཞན་འགའ་ཞིག་ནི་མངོན་སུམ་ཉིད་བྱ་བ། །ཞེས་བྱ་བ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང་། རྣམ་པར་བྱང་བའི་མཚན་ཉིད་ཀྱི་གནས་ཡོངས་སུ་གྱུར་པས་རབ་ཏུ་ཕྱེ་བའི་ཆོས་ཉིད་ ཀྱི་དབང་དུ་བྱས་ཏེ་གསུངས་པའོ། །དེ་དག་མཚན་ཉིད་ཀྱི་སྒོ་ནས་རྣམ་པར་དབྱེ་ཞེས་བྱ་བ་ནི་ཡུལ་ཐ་དད་པའི་སྒོ་ནས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སྨྲས་པ། དེ་དག་མཚན་ཉིད་སྒོ་ནས་ནི་རྣམ་པར་དབྱེ། །ཞེས་བྱ་བ་ཅི་ རེ་ཞིག་ཆོས་དང་ཆོས་ཉིད་དེ་དག་ཉིད་རྣམ་པར་དབྱེའི་གཞན་ནི་མ་ཡིན་ནམ། འོན་ཏེ་འདི་དག་ཙམ་དུ་ཟད་པ་ཡིན་ཞེ་ན། བརྗོད་པ་མང་པོ་རྣམས་ལས་བཀོལ་ནས་གཉིས་སུ་རྣམ་པར་དབྱེ་བ་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བཅོམ་ལྡན་འདས་ཀྱིས་ ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམ་པར་གཞག་པ་གང་ཡིན་པ་དེ་མདོར་བསྡུས་པས། འདི་ཐམས་ཅད་ནི་གཉིས་ཏེ། ཅིའི་ཕྱིར་ཞེ་ན། ཆོས་དང་ཆོས་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་ སོགས་པ་དེ་ནི། བསྡུ་ན་རྣམ་པ་གཉིས་སུ་འགྱུར་ཏེ། འདི་ལྟ་སྟེ། ཆོས་དང་ཆོས་ཉིད་དོ། །དེ་ལ་འདི་ཞེས་སྨོས་པ་ནི་གང་ཞིག་བསྟན་པ་འདི་ཉིད་དུ་བཤད་པ་དེ་གཟུང་བའི་དོན་དུའོ། །ཐམས་ཅད་སྨོས་པ་ཡང་དེ་ཡང་འདི་ཙམ་ཉིད་དོ། ། ཞེས་བསྟན་པའི་དོན་དུ་ཡིན་ཏེ། དེ་ལས་གཞན་ནི་འདི་ཉིད་དུ་འདུས་པའི་ཕྱིར་རམ་མེད་པའི་ཕྱིར་རོ། །དེ་ལྟར་ཁྱད་པར་མེད་པར་བརྗོད་ནས། གང་ཞིག་གང་གིས་བསྡུས་ཞེས་འཁོར་བ་དང་མྱ་ངན་ལས་འདས་པ་དག་གིས་རྣམ་པར་དབྱེ་བ་མི་ཤེས་སོ་ཞེ་ན། དེའི་ ཕྱིར་གསུངས་པ་ནི། ཆོས་ཀྱིས་རབ་ཏུ་ཕྱེ་བ་ནི་འཁོར་བའོ། །དེ་ལ་ཆོས་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་དེའི་རང་བཞིན་འཁོར་བ་ནི་ཆོས་ཀྱིས་རབ་ཏུ་ཕྱེ་བ་ཞེས་བརྗོད་དོ། །ཅིག་ཤོས་ཀྱང་། ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ནི་ཐེག་པ་གསུམ་གྱིས་ མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་ནི་ཐེག་པ་གསུམ་གྱིས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །ཡང་ཐེག་པ་གསུམ་ཡང་ཡིན་ལ་མྱ་ངན་ལས་འདས་པ་ཡང་ཡིན་པས་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པ་ ཞེས་བྱའོ། །དེ་ལ་ཆོས་ཉིད་ནི་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ན་དེས་བསྡུས་པའི་མྱ་ངན་ལས་འདས་པ་ནི་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཞེས་བརྗོད་དོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་དེ་ལྟར་ཆོས་དང་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་མོད། ། མཚན་ཉིད་མ་བརྗོད་པའི་ཕྱིར་ན། འདིའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེས་ཆོས་དེ་ཉིད་ནི་མི་ཤེས་སོ་ཞེ་ན། དེས་ན་དེའི་མཚན་ཉིད་བསྟན་པའི་དོན་དུ་གསུངས་པ། གཉིས་དང་ཇི་ལྟར་མངོན་པར་བརྗོད་པར་སྣང་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ་ཆོས་ཀྱི་མཚན་ཉིད་ དོ། །གཉིས་སུ་སྣང་བ་དང་ཇི་ལྟར་མངོན་པར་བརྗོད་པར་སྣང་བ་ནི་གཉིས་དང་ཇི་ལྟར་མངོན་པར་བརྗོད་པར་སྣང་བའོ། །དེ་ལ་གཟུང་བ་དང་། འཛིན་པའི་དངོས་པོ་མིག་དང་གཟུགས་ལ་སོགས་པའི་གཉིས་སུ་སྣང་བ་གང་ཡིན་པ་དང་། དེ་ལ་བརྟེན་པ་ཇི་ལྟར་མངོན་ པར་བརྗོད་པར་སྣང་བ་གང་ཡིན་པ་སྟེ། ངོ་བོ་ཉིད་དང་ཁྱད་པར་དུ་གདགས་པའི་རྟེན་གྱི་ངོ་བོ་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །དེ་ནི་ཆོས་ཀྱི་མཚན་ཉིད་དོ་ཞེས་བྱ་བས་ནི་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་དང་མ་ལུས་པར་བརྗོད་པའོ། །དེ་ལ་ཡང་དག་པ་ མ་ཡིན་པའི་ངེས་པའི་ཚིག་ནི། མེད་པ་སྣང་བའི་ཕྱིར་ཡང་དག་པ་མ་ཡིན་པའོ། །གང་གི་ཕྱིར་ཆོས་འདི་ཡོད་པ་ནི་མ་ཡིན་ཏེ། ཀུན་ཏུའི་སྒྲ་དང་རྟོག་པའི་སྒྲ་དག་གི་ངེས་པའི་ཚིག་ནི། ཐམས་ཅད་དུ་དོན་མེད་ཅིང་རྟོག་པ་ཙམ་ཡིན་པའི་ཕྱིར་ཀུན་ཏུ་རྟོག་པའོ། །དོན་མེད་ པ་ཉིད་ཀྱང་སྣང་བ་དེའི་བདག་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །རྟོག་པ་ཙམ་ཉིད་ནི་སྣང་བ་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་རོ། །ཆོས་ཀྱི་མཚན་ཉིད་བཤད་ཟིན་ཏོ། །ཆོས་ཉིད་ཀྱི་མཚན་ཉིད་ནི། གཟུང་བ་དང་། འཛིན་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་ བྱེད་པ་ཁྱད་པར་མེད་པའི་དེ་བཞིན་ཉིད་དེ་ནི་ཆོས་ཉིད་ཀྱི་མཚན་ཉིད་དོ། །གཟུང་བ་དང་འཛིན་པའི་ཁྱད་པར་མེད་པ་གང་ཡིན་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་ཁྱད་པར་མེད་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཡིན་ལ། དེ་ཡང་ཆོས་ཉིད་ཀྱི་མཚན་ཉིད་ཡིན་ནོ། ། ཁྱད་པར་མེད་པ་ཉིད་ནི་རིམ་པ་ཇི་ལྟ་བ་བཞིན་གཉིས་སུ་མེད་པའི་ཕྱིར་དང་། བརྗོད་དུ་མེད་པའི་ཕྱིར་ཏེ། གང་ལ་ཁྱད་པར་ཡོད་པ་མ་ཡིན་པ་དེ་ནི་ཁྱད་པར་མེད་པ་ཞེས་བྱ་བས་སོ། །འདི་ནི་གཟུང་བའོ། །འདི་ནི་འཛིན་པའོ་ཞེས་བྱ་བའམ། འདི་ནི་བརྗོད་པར་བྱ་བའོ། །འདི་ ནི་རྗོད་པར་བྱེད་པའོ་ཞེས་གཉིས་སམ། བརྗོད་བྱ་དང་རྗོད་བྱེད་ཡོད་ན་ནི་ཁྱད་པར་ཡོད་པར་འགྱུར་ལ། དེ་མེད་པའི་ཕྱིར་ནི་ཁྱད་པར་མེད་པའི་དེ་བཞིན་ཉིད་དོ། །དེ་ཡང་ཆོས་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་བས་ནི་ཆོས་ཉིད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་དང་མ་ལུས་པར་བསྟན་ པ་ཡིན་ནོ། །སྔར་བསྟན་པའི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི། མེད་པ་སྣང་བའི་ཕྱིར་འཁྲུལ་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ཏེ། གང་གི་ཕྱིར་ཡོད་པ་མ་ཡིན་པ་སྣང་བ་དེའི་ཕྱིར་དེ་ནི་མེད་པར་སྣང་ལ། དེའི་ཕྱིར་དེ་འཁྲུལ་པ་ཙམ་ཡིན་ནོ་ཞེས་རྟོགས་པར་བྱ་བའོ། ། དེ་ཉིད་ཀྱི་ཕྱིར་ན་ཀུན་ནས་ཉོན་མོངས་པའི་རྒྱུ་ཡང་ཡིན་ཏེ། དེ་ལ་མངོན་པར་ཞེན་པས་ནི་ཕྱི་མ་ལ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་འབྱུང་བའི་ཕྱིར་རོ། །མེད་པ་སྣང་བ་ཡང་ཇི་ལྟ་བུ་ཞེ་ན། གསུངས་པ། སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་སྣང་བ་ བཞིན་ནོ། །དཔེར་ན་སྒྱུ་མར་བྱས་པའི་གླང་པོ་ཆེ་ལ་སོགས་པ་དང་། ནོར་དང་འབྲུ་ལ་སོགས་པ་ནི་ཇི་ལྟར་སྣང་བ་དེ་ལྟར་མེད་ལ། སྣང་བ་ཡང་ཡིན་པ་ལ་དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་མེད་བཞིན་དུ་སྣང་བ་ཡིན་ནོ། །གཞན་ཡང་ཡོད་པ་ཡང་མི་སྣང་ བའི་ཕྱིར་རོ། །འཁྲུལ་པ་ཞེས་རྗེས་སུ་འཇུག་གོ་ཞེས་བྱ་བ་ནི་བདག་མེད་པ་རྣམ་པ་གཉིས་ཡོད་པ་མི་སྣང་བའི་ཕྱིར་ཡང་འཁྲུལ་པ་ཡིན་ནོ། །མཐོ་ཡོར་དང་མིའི་རྣམ་པ་ཡོད་པ་དང་མེད་པ་དག་མི་སྣང་བ་དང་སྣང་བ་གང་ཡིན་པ་དེ་ནི་འཁྲུལ་པའི་མཚན་ཉིད་དོ་ཞེས་དེ་ལྟར་ འཇིག་རྟེན་ན་མཐོང་བའི་ཕྱིར་རོ། །ཡང་ཅིའི་དོན་གྱིས་མེད་པ་དང་། སྣང་བ་དག་ལས་གང་རུང་ཞིག་མེད་པར་མི་འདོད་ཅེ་ན། གསུངས་པ། མེད་པ་དང་སྣང་བ་དག་ལས་གང་རུང་ཞིག་མེད་ན་ནི་འཁྲུལ་པ་དང་། མ་འཁྲུལ་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་ པར་བྱང་བ་མི་འཐད་དོ། །གལ་ཏེ་མེད་པ་ཁོ་ནར་གྱུར་ཏེ་སྣང་བར་མ་གྱུར་ན་ནི་དེ་མེད་པས་འཁྲུལ་པར་མི་འགྱུར་ཏེ། མེད་པ་ནི་མེད་པ་ཉིད་དུ་མ་འཁྲུལ་པའི་ཕྱིར་རོ། །འཁྲུལ་པ་མེད་ན་ནི་མ་འཁྲུལ་པ་ཡང་མེད་པར་འགྱུར་ཏེ། མ་འཁྲུལ་པ་ནི་དེ་སྔོན་དུ་འགྲོ་བ་ཅན་ཡིན་ པའི་ཕྱིར་རོ། །དེས་ན་ཀུན་ནས་ཉོན་མོངས་པ་ཡང་མེད་པར་འགྱུར་བ་ཡིན་ཏེ། དེ་ནི་འཁྲུལ་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །དེ་མེད་ན་རྣམ་པར་བྱང་བར་ཡང་མི་འགྱུར་ཏེ། རྣམ་པར་བྱང་བ་ནི་ཀུན་ནས་ཉོན་མོངས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ དེ་མེད་ན་འབད་པ་མེད་པར་གྲོལ་བར་འགྱུར་བས་ན་མངོན་སུམ་དང་འགལ་ལོ། །འོན་ཏེ་སྣང་བ་ཁོ་ནར་འགྱུར་གྱི་མེད་པར་མ་གྱུར་ན། དེ་ལྟ་ན་ཡང་མེད་པ་མེད་པས་འཁྲུལ་པར་མི་འགྱུར་ཏེ། སྣང་བ་དེའི་བདག་ཉིད་དུ་ཡོངས་སུ་གྲུབ་ན་མ་འཁྲུལ་པའི་ཕྱིར་རོ། །འཁྲུལ་པ་ མེད་ན་སྔ་མ་བཞིན་ལྷག་མར་ཡང་མི་འགྱུར་རོ། །དེའི་ཕྱིར་སྐྱེས་བུའི་བྱེད་པ་དོན་མེད་པར་འགྱུར་བས་རིགས་པ་དང་འགལ་ལོ། །འཇིག་རྟེན་ན་ཡང་དེ་ལྟར་སོ་སོར་གྲུབ་པའི་མཐོ་ཡོར་དང་། སྐྱེས་བུ་དག་ལ་འཁྲུལ་པར་མིང་འདོགས་པའི་ཕྱིར་རོ། །གཉིས་དང་མངོན་པར་ བརྗོད་པ་ཇི་ལྟར་སྣང་བ་ཆོས་ཀྱི་མཚན་ཉིད་དང་། དེ་ཁྱད་པར་མེད་པའི་ཆོས་ཀྱི་མཚན་ཉིད་བཤད་ཟིན་ཏོ། །དེ་ལྟར་ཡིན་ན་ཅི་ཆོས་དང་ཆོས་ཉིད་དག་གཅིག་ཉིད་དུ་ཁས་བླང་བར་བྱས་པའམ། འོན་ཏེ་ཐ་དད་པ་ཉིད་དུ་སྙམ་ན། གསུངས་པ། གཉིས་པོ་དག་ནི་ གཅིག་ཉིད་མ་ཡིན་ཞིང་སོ་སོ་ཉིད་མ་ཡིན་ཏེ། ཡོད་པ་དང་མེད་པ་དག་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པོ་དག་ཅེས་བྱ་བ་ཆོས་དང་ཆོས་ཉིད་དག་ནི་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དག་ཀྱང་ཁྱད་པར་ཡོད་པ་དང་ ཁྱད་པར་མེད་པའི་ཕྱིར་རོ། །རེ་ཞིག་ཆོས་དང་ཆོས་ཉིད་དུ་མི་འཐད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དག་ཁྱད་པར་ཡོད་པའི་ཕྱིར་རོ། །ཆོས་ཉིད་ནི་ཡོད་པ་ཡིན་ལ་ཆོས་ནི་མེད་པ་ཡིན་པས་ཡོད་པ་དང་མེད་པ་ཁྱད་པར་ཅན་དག་ཅི་ལྟར་གཅིག་ཉིད་དུ་ གྱུར། ཐ་དད་པ་ཉིད་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དག་ཁྱད་པར་མེད་པའི་ཕྱིར་རོ། །ཇི་ལྟར་ཁྱད་པར་མེད་ཅེ་ན། ཆོས་ཉིད་ནི་ཆོས་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ཏེ། གཟུང་བ་ལ་སོགས་པའི་ཁྱད་པར་མེད་པའི་ཕྱིར་རོ། །ཆོས་དང་ ཆོས་ཉིད་དག་གཅིག་མ་ཡིན་པ་དང་། སོ་སོ་མ་ཡིན་པ་ཉིད་བཤད་ཟིན་ཏོ། །འོན་ཀྱང་དེ་ལྟར་ཐ་དད་པ་མེད་པ་དེ་དག་ལས་ཇི་ལྟར་ཆོས་དེ་ལ་ཞུགས་པའམ། ཇི་ལྟར་ལེགས་པར་ཞུགས་པར་འགྱུར་ཞེ་ན། གསུངས་པ། རྣམ་པ་དྲུག་གིས་ཆོས་ལ་འཇུག་པ་བླ་ན་མེད་པ་ཞེས་བྱ་བ་ ཡིན་ཏེ། འཆད་པར་འགྱུར་བ་རྣམ་པ་དྲུག་གིས་སོ། །འདི་ལྟ་སྟེ། མཚན་ཉིད་དང་། གྲུབ་པ་དང་། གཅིག་ཉིད་མ་ཡིན་ཞིང་སོ་སོ་བ་ཉིད་མ་ཡིན་པ་དང་། གནས་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་དང་། གཟུང་བ་དང་འཛིན་པར་སྣང་བ་མེད་པ་ལ་འཇུག་པས་སོ། ། དེ་ལ་མཚན་ཉིད་དང་། གྲུབ་པ་དང་། གཅིག་ཉིད་མ་ཡིན་ཞིང་སོ་སོ་བ་ཉིད་མ་ཡིན་པ་ནི་མདོ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ལ། གསུམ་པོ་འདི་ནི་མདོ་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། མཚན་ཉིད་དང་། གྲུབ་པ་དང་། གཅིག་ཉིད་མ་ཡིན་ཞིང་སོ་ སོ་བ་ཉིད་མ་ཡིན་པའོ། །མཚན་ཉིད་ནི་གཉིས་དང་། ཇི་ལྟར་མངོན་པར་བརྗོད་པར་སྣང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། ཆོས་ཀྱི་མཚན་ཉིད་དོ། །གྲུབ་པ་ནི་མེད་པ་དང་སྣང་བ་དག་ལས་གང་ཡང་རུང་བ་ཞིག་མེད་ན་འཁྲུལ་པ་དང་། མ་འཁྲུལ་པ་དང་། ཀུན་ ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་འཐད་པའི་ཉེས་པར་འགྱུར་བས། དེ་གཉི་ག་ཁས་བླངས་པས་འབྲས་བུ་དང་བཅས་པ་གྲུབ་པའོ། །གཅིག་ཉིད་མ་ཡིན་ཞིང་སོ་སོ་བ་ཉིད་མ་ཡིན་པ་ནི་ཡོད་པ་དང་མེད་པ་དག་ཁྱད་པར་ཡོད་པ་དང་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་སྟེ། མདོ་ཇི་ལྟ་བ་བཞིན་ནོ། །གནས་ནི་གང་ཞིག་གང་དུ་འཁོད་པ་དེ་ནི་གནས་མ་ཡིན་ཏེ། སེམས་ཅན་གྱི་ཁམས་དང་འཇིག་རྟེན་གྱི་ཁམས་སོ། །དེ་ལ་གང་ཞིག་འཁོར་བ་དང་གང་དུ་འཁོར་བ་དེ་ནི་ཆོས་ཀྱི་གནས་ཡིན་ནོ། །དེ་ཡང་རིམ་པ་ཇི་ལྟ་བ་བཞིན་བརྟེན་པ་དང་། རྟེན་གྱི་ངོ་བོ་ དངོས་པོ་སེམས་ཅན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་སོ། །དེ་ལ་འཇིག་རྟེན་གྱི་ཁམས་ནི་ཐུན་མོང་པ་ལྟ་བུའི་རྣམ་པར་རིག་པ་སྟེ། རྒྱུད་སོ་སོར་སེམས་ཅན་ཐམས་ཅད་ལ་དེར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རོ། །དེ་ཡང་ཅིག་ཤོས་ནི་སེམས་ཅན་གྱི་ཁམས་སོ། །དེ་ ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ཡང་སྐྱེ་བ་དང་། ཐ་སྙད་དང་། ཕན་པ་དང་། གནོད་པ་དང་། ཡོན་ཏན་དང་སྐྱོན་ནི་ཕན་ཚུན་བདག་པོ་ཉིད་ཀྱིས་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་ཐུན་མོང་བའོ། །སྐྱེ་བ་དང་ལྟ་བ་ལ་སོགས་པའི་ཐ་སྙད་དང་། ཕན་པ་དང་། གནོད་པ་ དང་། ཡོན་ཏན་དང་སྐྱོན་རྒྱུད་སོ་སོ་ལ་ཡོད་པ་རྣམས་ནི་ཕན་ཚུན་དེར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་ལ་བདག་པོ་ཉིད་ཀྱིས་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་སེམས་ཅན་གྱི་ཁམས་ཐུན་མོང་པ་ཞེས་བརྗོད་དོ། །ཕན་ཚུན་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བས་གྲུབ་བཞིན་དུ་བདག་པོ་སྨོས་པ་ནི་དམིགས་པའི་རྒྱུ་ གསལ་བའི་དོན་དུའོ། །འདི་ཐུན་མོང་མ་ཡིན་པ་ཇི་ལྟ་ཞེ་ན། གསུངས་པ། གནས་དང་། རྣམ་པར་རིག་པ་དང་། ལས་དང་། བདེ་སྡུག་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། བཅིངས་པ་དང་། གྲོལ་བ་ནི་ཐུན་མོང་མ་ཡིན་པས་ན་ཐུན་མོང་མ་ཡིན་པའོ། །དེ་ལ་ གནས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེར་སྣང་བའི་རྣམ་པར་རིག་པའི་བག་ཆགས་རྣམས་ནི་དེ་ལ་གནས་པའི་ཕྱིར་རོ། །རྣམ་པར་རིག་པ་ནི་འཇུག་པའི་རྣམ་པར་ཤེས་པའོ། །ལས་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། །ལྷག་མ་ནི་མདོ་ཇི་ལྟ་བ་ བཞིན་དུ་རྟོགས་པར་བྱའོ། །དེ་ལ་གནས་ལ་སོགས་པ་རྣམས་ནི་ལུས་ཅན་མ་ཡིན་པའི་ཕྱིར་དང་། སོ་སོར་རིག་པར་བྱ་བ་ཡིན་པའི་ཕྱིར་ན། ཕན་ཚུན་རྒྱུད་སོ་སོར་དེར་སྣང་བའི་རྣམ་པར་རིག་པ་སྐྱེ་བའི་རྒྱུ་མ་ཡིན་པས་སེམས་ཅན་གྱི་ཁམས་ཐུན་མོང་མ་ཡིན་པ་ཞེས་བརྗོད་དོ། ། ལུས་ངག་གི་ལས་ཀྱི་རྣམ་པར་རིག་པ་དག་ཕན་ཚུན་དེར་སྣང་བ་རྣམ་པར་རིག་པ་སྐྱེ་བའི་རྒྱུ་ཡིན་ཡང་ཐ་སྙད་ཀྱིས་མ་བསྡུས་པ་ཅིའི་ཕྱིར་ཞེ་ན། བརྗོད་པ། ལུས་ངག་གི་རྣམ་པར་རིག་པ་ཐ་སྙད་ཀྱིས་ནི་བསྡུས་མོད་ཀྱི། དེ་ལས་ཀྱི་རྣམ་པར་རིག་པ་ནི་མ་ཡིན་ནོ། །འདིར་ནི་དགེ་ བ་དང་མི་དགེ་བ་ཉིད་གང་གིས་དེ་ལས་ཉིད་དུ་རྟོགས་པར་འགྱུར་བ་དེའི་དབང་དུ་བྱས་པ་སྟེ་བསྟན་པ་ཡིན་ནོ། །དེར་སྣང་བའི་རྣམ་པར་རིག་པ་དེ་ཡང་ཕན་ཚུན་དུ་དེར་སྣང་བའི་རྣམ་པར་རིག་པ་སྐྱེ་བའི་རྒྱུ་མ་ཡིན་པས་ན་ལུས་ངག་གི་ལས་ཀྱི་རྣམ་པར་རིག་པ་ཡང་ཐུན་མོང་མ་ཡིན་པ་ ཉིད་དོ། །གཟུང་བ་དང་འཛིན་པར་སྣང་བ་མེད་པ་ལ་འཇུག་པ་ནི་གཟུང་བར་སྣང་བ་མེད་པ་ལ་འཇུག་པར་འགྱུར་བ་དེས་ན་གཟུང་བར་སྣང་བ་མེད་པ་ལ་འཇུག་པའི་དབང་དུ་བྱས་ཏེ་གསུངས་པ། ཕྱི་རོལ་གྱི་གཟུང་བ་ཐུན་མོང་པར་སྣང་བ་འཛིན་པའི་རྣམ་པར་རིག་པ་ལ་རྣམ་པར་ཤེས་ པ་ལས་ཕྱི་རོལ་གྱི་དོན་མེད་དེ། ཐུན་མོང་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་སྣོད་ཀྱི་རྣམ་པར་རིག་པར་སྣང་བ་འཛིན་པའི་རྣམ་པར་རིག་པ་ཉིད་རྒྱུད་སོ་སོ་ལ་སྐྱེ་བ་དེའི་ཕྱིར་རོ། །འཛིན་པའི་རྣམ་པར་རིག་པར་གྱུར་པ་ལ་དེར་སྣང་བའི་རྣམ་པར་ཤེས་པ་ལས་ཕྱི་རོལ་དུ་གྱུར་པ་ འཛིན་པའི་རྣམ་པར་རིག་པར་གྱུར་པ་གཞན་ཡོད་པ་མ་ཡིན་ལ། རྣམ་པར་རིག་པ་དེ་ཉིད་ཀྱང་གཞན་གྱི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །གང་གི་ཕྱིར་སྣོད་ཀྱི་རྣམ་པར་རིག་པ་ཐུན་མོང་པ་ཡིན་པས་ན་རྒྱུད་སོ་སོ་ལ་དེར་སྣང་བའི་རྣམ་པར་རིག་པ་སྐྱེ་བ་དེའི་ཕྱིར་ གཅིག་གི་རྣམ་པར་རིག་པ་གང་ཡིན་པ་དེ་གཞན་གྱི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །དེས་ན་དོན་མེད་དོ། །སེམས་ཅན་གྱི་ཁམས་ཐུན་མོང་པའི་གཟུང་བ་རྣམ་པར་རིག་པ་ཡང་འདིས་བསལ་བ་ཡིན་ནོ། །ཅིག་ཤོས་ཐུན་མོང་མ་ཡིན་པའི་གཟུང་བ་རྣམ་པར་རིག་པའི་དོན་གང་ཡིན་པ་གཞན་གྱི་ སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་དེ་ཡང་མཉམ་པར་མ་བཞག་པ་དང་། མཉམ་པར་བཞག་པའི་འཛིན་པའི་རྣམ་པར་རིག་པ་རྣམ་པ་གཉི་ག་ཡང་ཕན་ཚུན་ཡུལ་དུ་འགྱུར་བ་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། མཉམ་པར་མ་བཞག་པ་ལ་ནི། རང་གི་རྣམ་པར་རྟོག་པ་སྣང་ བའི་ཕྱིར་རོ། །གང་གི་ཕྱིར་མཉམ་པར་མ་བཞག་པ་ལ་རང་གི་རྣམ་པར་རྟོག་པ་ལ་སྣང་བའི་གཟུང་བ་རང་གི་རྣམ་པར་རིག་པ་ཉིད་ཡུལ་དུ་འགྱུར་བ་དེའི་ཕྱིར་གཞན་གྱི་སེམས་ལ་སོགས་པ་དེའི་ཡུལ་མ་ཡིན་ནོ། །ཅིག་ཤོས་མཉམ་པར་བཞག་པ་ལ་ཡང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་དེའི་གཟུགས་ བརྙན་སྣང་བའི་ཕྱིར་གཞན་གྱི་སེམས་ལ་སོགས་པ་ཡུལ་མ་ཡིན་ནོ་ཞེས་རྗེས་སུ་འཇུག་གོ། །གང་གི་ཕྱིར་མཉམ་པར་བཞག་པའི་རྣམ་པར་རིག་པ་ལ་ཡང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེའི་གཟུགས་བརྙན་དུ་སྣང་བའི་རྣམ་པར་རིག་པ་ཉིད་ཡུལ་དུ་འགྱུར་བ་དེའི་ཕྱིར་དེའི་ཡུལ་ཡང་གཞན་གྱི་ སེམས་ལ་སོགས་པ་མ་ཡིན་ནོ། །དེ་ལྟ་ན་ཡང་རང་གི་རྣམ་པར་རིག་པ་ཉིད་ཡུལ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་ལས་ཕྱི་རོལ་དུ་གྱུར་པའི་དོན་མེད་ལ་དེ་མེད་པའི་ཕྱིར་གཟུང་བར་སྣང་བ་མེད་དོ། །གཟུང་བར་སྣང་བ་དེ་མེད་པར་གྲུབ་པ་ན་ཡང་འཛིན་པར་སྣང་བ་མེད་པར་གྲུབ་སྟེ། གཟུང་ བ་མེད་ན་འཛིན་པ་མེད་པའི་ཕྱིར་རོ། །དེ་ལས་ཀྱང་གཟུང་བ་དང་འཛིན་པར་སྣང་བ་མེད་པར་འཇུག་པའི་རིམ་གྱིས་གྲུབ་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་ཀུན་ནས་ལྡང་བ་གྲུབ་པའི་ཕྱིར་རོ། །གང་ཞིག་དེ་བཞིན་ཉིད་མི་ཤེས་པ་མེད་པའི་གཉིས་སྣང་བ། ཕྱིན་ཅི་ལོག་གི་རྒྱུ་དེ་ནི་ཐོག་མ་མེད་པའི་ཀུན་ནས་ལྡང་བ་ཡིན་ནོ། །དེས་ན་ཐོག་མ་མེད་པའི་ཀུན་ནས་ལྡང་བ་དེ་གྲུབ་པའི་ཕྱིར་ཏེ། ཡོངས་སུ་གྲུབ་པའི་ཕྱིར་ན་གཟུང་བ་དང་འཛིན་པར་སྣང་བ་མེད་པ་ཡིན་ཏེ། ཕྱིན་ཅི་ལོག་རྣམ་པ་གཉིས་ཡང་དག་པ་མ་ཡིན་པའི་ཕྱིར་རོ། །འདི་ ལས་ཀྱང་གཟུང་བ་དང་འཛིན་པར་སྣང་བ་མེད་དོ། །གང་ལས་ཤེ་ན། གཉིས་ཡོངས་སུ་མ་གྲུབ་པར་རབ་ཏུ་གྲུབ་པའི་ཕྱིར་རོ། །གཉིས་ཡོངས་སུ་མ་གྲུབ་པར་ཡང་འགལ་བའི་རྣམ་པར་ཤེས་པ་སྐྱེ་བར་མཐོང་བ་ལ་སོགས་པའི་རྒྱུ་ལས་རྟོགས་པར་བྱའོ། །གང་གིས་དེ་ལྟར་ཡོངས་སུ་ ཤེས་པ་དེ་ནི་ཆོས་ལ་འཇུག་པ་བླ་ན་མེད་པ་ཡིན་ནོ་ཞེས་བརྗོད་དོ། །ཆོས་ལ་འཇུག་པ་བཤད་ཟིན་ཏོ། །གང་གི་ཕྱིར་ད་ནི་ཆོས་ཉིད་ལ་འཇུག་པ་བརྗོད་པར་བྱ་བ་ཡིན་པས་དེའི་དབང་དུ་བྱས་ཏེ་གསུངས་པ་ནི། རྣམ་པ་དྲུག་གིས་ཆོས་ཉིད་ལ་འཇུག་པ་ལ་བླ་ན་མེད་པ་ཡིན་ཏེ་ཞེས་བྱ་སྟེ། འཆད་པར་འགྱུར་བ་དྲུག་གིས་སོ། །འདི་ལྟ་སྟེ། མཚན་ཉིད་དང་། གནས་དང་། ངེས་པར་རྟོག་པ་དང་། རེག་པ་དང་། རྗེས་སུ་དྲན་པ་དང་། དེའི་བདག་ཉིད་དུ་ཉེ་བར་སོན་པ་ལ་འཇུག་པས་སོ། །དེ་ལ་མཚན་ཉིད་ནི་གཟུང་བ་དང་། འཛིན་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་ཁྱད་པར་མེད་པའི་དེ་བཞིན་ཉིད་ནི་ཆོས་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་བ་མདོ་ཇི་ལྟ་བ་བཞིན་ནོ། །དེ་ལ་གནས་ནི་ཆོས་ཐམས་ཅད་དང་། གསུང་རབ་ཡན་ལག་བཅུ་གཉིས་སུ་གཏོགས་པའི་མདོ་སྡེ་ཐམས་ཅད་དོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་གཟུགས་ལ་ སོགས་པའོ། །ཡན་ལག་བཅུ་གཉིས་ནི་མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པའོ། །གཉིས་སྨོས་པ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བས་བསྡུས་པའི་དབང་དུ་བྱེད་པས་སོ། །དེ་ལ་ངེས་པར་རྟོག་པ་ནི། ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་པའི་ཚུལ་ བཞིན་དུ་ཡིད་ལ་བྱེད་པས་བསྡུས་པའི་སྦྱོར་བའི་ལམ་ཐམས་ཅད་དོ་ཞེས་བྱ་བ་ལ། ཐམས་ཅད་ནི་ཐོས་པ་དང་། བསམས་པ་དང་། བསྒོམས་པས་རབ་ཏུ་ཕྱེ་བ་སྟེ། དེས་དེ་ལ་ངེས་པར་རྟོག་པའི་ཕྱིར་རོ། །དེ་ལ་རེག་པ་ནི་ཡང་དག་པའི་ལྟ་བ་ཐོབ་པའི་ཕྱིར་མཐོང་བའི་ལམ་ གྱིས་མངོན་སུམ་གྱི་ཚུལ་དུ་དེ་བཞིན་ཉིད་ཐོབ་ཅིང་ཉམས་སུ་མྱོང་བའོ་ཞེས་བྱ་བ་ལ་རེག་པ་ནི་མཐོང་བའི་ལམ་གྱིས་དེ་བཞིན་ཉིད་སོ་སོར་རིག་པ་ཡིན་ལ། དེ་ཡང་ཐོབ་ཅིང་ཉམས་སུ་མྱོང་བ་ཞེས་བརྗོད་དོ། །ཐོབ་པ་ཉིད་ཉམས་སུ་མྱོང་བ་ནི། ཐོབ་ ཅིང་ཉམས་སུ་མྱོང་བ་ཞེས་བྱ་བས་སོ། །ཡང་ཉམས་སུ་མྱོང་བ་འདི་ཇི་ལྟར་རྣམ་པར་གཞག་པར་བྱ་ཞེ་ན། གསུངས་པ། མངོན་སུམ་གྱི་ཚུལ་དུའོ། །མངོན་སུམ་དུ་བྱེད་པ་གང་ཡིན་པ་དེ་ཉིད་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བའི་དོན་དུ་འདི་སྟོན་པ་ཡིན་ནོ། །རེག་པའི་ དོན་དེ་དག་ཏུ་རྗེས་སུ་དྲན་པ་ཡིན་པས་དེ་སྟོན་པ་ནི། རྗེས་སུ་དྲན་པ་ནི་དེའི་དྲི་མ་དྲུངས་དབྱུང་བའི་དོན་དུ་ཇི་ལྟར་མཐོང་བ་ཉིད་བསྒོམ་པའི་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པ་ཐམས་ཅད་དོ་ཞེས་བྱའོ། །དེ་ལ་མཐོང་བའི་ལམ་གྱིས་དེ་མ་ཐག་པའི་བསྒོམ་པའི་ལམ་དེ་ལ་རྗེས་སུ་དྲན་པ་ཞེས་ བརྗོད་དོ། །ཐོབ་ཟིན་པའི་ལམ་དེ་ཡོངས་སུ་གཅོད་པའི་རྗེས་སུ་དྲན་པས་མངོན་དུ་ཕྱོགས་པར་བྱེད་དོ། །དེ་ཡང་ཅིའི་དོན་དུ་ཞེ་ན། གསུངས་པ། དེའི་དྲི་མ་དྲུངས་དབྱུང་བའི་དོན་དུ་སྟེ། དེ་བཞིན་ཉིད་ལ་བསྒོམས་པས་སྤང་བར་བྱ་བའི་མཚན་ཉིད་ཀྱི་དྲི་མ་ལྷག་མ་སྤང་བའི་དོན་དུའོ་ཞེས་བྱ་བའི་ ཐ་ཚིག་གོ། །རྗེས་སུ་དྲན་པའི་དེ་མ་ཐག་ཏུ་དེའི་བདག་ཉིད་དུ་ཉེ་བར་སོན་པ་ཡིན་པས་དེ་སྟོན་པ་ནི། དེའི་བདག་ཉིད་དུ་ཉེ་བར་སོན་པ་ནི་དེ་བཞིན་ཉིད་དྲི་མ་མེད་པར་གྱུར་པ་ན་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་སྣང་བ་ཞེས་བྱ་བ་ལ། །དེ་ལ་བསྒོམ་པའི་ལམ་གྱིས་དྲི་མ་ལྷག་མ་སྤངས་པའི་ཕྱིར་དེ་ བཞིན་ཉིད་དྲི་མ་མེད་པར་གྱུར་པ་ན་གང་ཞིག་མཐར་ཐུག་པའི་ལམ་གྱིས་རྣམ་པ་ཐམས་ཅད་ནས་དེ་བཞིན་ཉིད་ཙམ་དུ་སྣང་བ་སྟེ། དྲི་མ་ཐམས་ཅད་དང་བྲལ་བས་དེ་བཞིན་ཉིད་ཙམ་དུ་གྱུར་པའི་ཕྱིར་ཏེ། དེ་ཙམ་དུ་ཡུལ་དུ་གྱུར་པ་དེ་ནི་དེའི་བདག་ཉིད་དུ་ཉེ་བར་སོན་པ་ཞེས་བརྗོད་དོ། །དེ་ཡང་ གནས་ཡོངས་སུ་གྱུར་པ་ཡོངས་སུ་གྲུབ་པ་ཡིན་ཏེ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །མཐོང་བའི་ལམ་ལ་སོགས་པའི་གནས་སྐབས་ན་ཡང་ཡོངས་སུ་གྱུར་པ་ཡོད་པས་ན། འདི་ལ་ཡོངས་སུ་གྲུབ་པར་བསྟན་ཏེ། དྲི་མ་མ་ལུས་སྤངས་པའི་ཕྱིར་རོ། །གནས་ཡོངས་སུ་གྱུར་པ་དེ་ལ་ཡང་ ཇི་ལྟར་འཇུག་པར་བྱ་ཞིང་། ཇི་ལྟར་དེ་ལ་ཞུགས་པ་བླ་ན་མེད་པར་འགྱུར་ཞེ་ན། གསུངས་པ། རྣམ་པ་བཅུས་གནས་ཡོངས་སུ་གྱུར་པ་ལ་འཇུག་པ་བླ་ན་མེད་པ་ཡིན་ཏེ་ཞེས་བྱ་བ་སྟེ། འཆད་པར་འགྱུར་བ་རྣམ་པ་བཅུས་སོ། །འདི་ལྟ་སྟེ། རང་བཞིན་དང་། དངོས་པོ་དང་། གང་ཟག་ དང་། ཁྱད་པར་དང་། དགོས་པ་དང་། རྟེན་དང་། ཡིད་ལ་བྱེད་པ་དང་། སྦྱོར་བ་དང་། ཉེས་དམིགས་དང་། ཕན་ཡོན་ལ་འཇུག་པས་སོ། །དེ་ལ་དང་པོར་རང་བཞིན་ལ་འཇུག་པ་ནི་གློ་བུར་གྱི་དྲི་མ་དང་། དེ་བཞིན་ཉིད་མི་སྣང་བ་དང་། སྣང་བའི་དོན་དུ་དེ་བཞིན་ཉིད་དྲི་མ་མེད་ པའོ། །གློ་བུར་གྱི་དྲི་མ་མི་སྣང་བའི་དོན་དང་། དེ་བཞིན་ཉིད་ཙམ་སྣང་བའི་དོན་དུ་དེ་བཞིན་ཉིད་དྲི་མ་མེད་པར་གྱུར་པ་གང་ཡིན་པ་དེ་ནི་གནས་ཡོངས་སུ་གྱུར་པའི་རང་བཞིན་ཡིན་ནོ། །གང་ཞིག་དེ་ལྟར་ཡོངས་སུ་ཤེས་པ་དེ་ལ་ནི་རང་བཞིན་ལ་འཇུག་པ་བླ་ན་མེད་པ་ཞེས་བརྗོད་དོ། །དེ་ ལ་དངོས་པོ་ལ་འཇུག་པ་ནི་ཐུན་མོང་པ་སྣོད་ཀྱི་རྣམ་པར་རིག་པའི་དེ་བཞིན་ཉིད་ཡོངས་སུ་གྱུར་པ་དང་། མདོ་སྡེའི་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྱུར་པ་དང་། ཐུན་མོང་མ་ཡིན་པ་སེམས་ཅན་གྱི་ཁམས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྱུར་པའོ་ཞེས་བྱ་བ་ལ། གནས་ཡོངས་ སུ་གྱུར་པའི་དངོས་པོ་ནི་དེ་བཞིན་ཉིད་རྣམ་པ་གསུམ་ཡོངས་སུ་གྱུར་པ་སྟེ། དེའི་རྗེས་སུ་སོང་བའི་དབྱེ་བ་ལས་ཀྱང་འབྲས་བུའི་དབྱེ་བ་ལས་སོ། །སྣང་བ་དང་། འདོམས་པ་དང་། ཀུན་དུ་སྟོན་པའི་འབྲས་བུ་ཐ་དད་པའི་ཕྱིར་རོ། །དེ་ལ་གང་ཟག་ལ་འཇུག་པ་ནི་དང་པོ་གཉིས་ནི་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི་དེ་བཞིན་ཉིད་ཡོངས་སུ་གྱུར་པ་ཡིན་གྱི། གཞན་གྱི་ནི་མ་ཡིན་ཏེ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཕྱི་མ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་ཡིན་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཡིན་པས་ཐུན་མོང་ བ་ཡིན་པའི་ཕྱིར་རོ། །དེ་ལ་ཁྱད་པར་ལ་འཇུག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ཡོངས་སུ་དག་པའི་ཁྱད་པར་དང་ཞེས་བྱ་བ་ལ། ཞིང་ཡོངས་སུ་དག་པའི་ཁྱད་པར་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གཉིས་ཀྱི་ཡིན་གྱི་ཉན་ཐོས་རྣམས་ཀྱི་ནི་མ་ ཡིན་ཏེ། དེ་ལ་ནི་མཐོ་དམན་ཅན་དུ་སྣང་བའི་ཕྱིར་རོ། །ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཐོབ་པས་སྟོན་པ་དང་། འདོམས་པ་དང་། དབང་འབྱོར་པ་ཉིད་ཐོབ་པའི་ཁྱད་པར་ལས་སོ་ཞེས་བྱ་བ་ལ། དེ་ལ་སྟོན་པ་ཉིད་ཐོབ་པའི་ཁྱད་ པར་ནི་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་གྱུར་པ་ལས་རྟོགས་པར་བྱའོ། །འདོམས་པ་ཉིད་ཐོབ་པའི་ཁྱད་པར་ནི་ཟབ་པ་དང་། རྒྱ་ཆེ་བ་དང་། ངོ་མཚར་དུ་མའི་སྒོ་བསམ་གྱིས་མི་ཁྱབ་པ་སྟོན་པའི་ཕྱིར་རོ། །དབང་འབྱོར་པ་ཉིད་ཐོབ་པའི་ཁྱད་པར་ནི་སེམས་ཅན་གྱི་བྱ་ བ་སྒྲུབ་པའི་རྟེན་ཐོགས་པ་མེད་པའི་མངོན་པར་ཤེས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཐོབ་པའི་ཕྱིར་རོ། །དེ་དག་ནི་རིམ་པ་ཇི་ལྟ་བ་བཞིན་ཆོས་ཀྱི་སྐུ་དང་། རྫོགས་པར་ལོངས་སྤྱོད་པ་དང་། སྤྲུལ་པའི་སྐུ་ཐོབ་པ་ལས་ཡིན་པར་རིག་པར་བྱའོ། །དེ་ལ་དགོས་ པ་ལ་འཇུག་པ་ནི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་ལས་དང་། ཐེག་པ་ཆེན་པོ་སྟོན་པའི་དམིགས་པའི་ཁྱད་པར་ལས་དང་། ས་བཅུ་པོ་རྣམས་སུ་སྦྱོར་བའི་ཁྱད་པར་ལས་སོ་ཞེས་བྱ་བ་ལ། །དེ་ལ་དགོས་པའི་ཁྱད་པར་རྣམ་པ་གསུམ་གྱིས་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཡོངས་སུ་གྱུར་པ་ཁྱད་པར་དུ་འཕགས་པས་སོ། །ཁྱད་པར་རྣམ་པ་གསུམ་ལས་སྨོན་ལམ་གྱི་ཁྱད་པར་ནི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་ལས་ཏེ། བྱང་ཆུབ་ཏུ་སྨོན་པ་ལས་སོ། །དམིགས་པའི་ཁྱད་པར་ནི་ཐེག་པ་ཆེན་པོ་སྟོན་པའི་དམིགས་ པའི་ཁྱད་པར་ལས་ཏེ། འདྲེས་པ་དང་མ་འདྲེས་པའི་ཆོས་ཐམས་ཅད་ལ་དམིག