Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 124
Văn bản gốc(Tây Tạng)
Trang 18 / 23 (50.000 ký tự/trang)
ི་ལུས་ཀྱི་བདག་ཉིད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ལོངས་སྤྱོད་དུ་བསྡུས་པ་ནི་གོང་དུ་བཤད་པ་དེ་ཉིད་དེ། དེ་གཉིས་ལ་ཡང་རྣམ་པར་ཤེས་ པ་གཞན་དག་དབང་བྱེད་པའི་དངོས་པོར་ལོངས་སྤྱོད་པས་ན་ལོངས་སྤྱོད་དོ། །ཡང་ན་བཟའ་བ་དང་བཏུང་བ་ལ་སོགས་པའི་དོན་ལ་ལོངས་སྤྱོད་པས་ན་ལོངས་སྤྱོད་དེ། དེར་སྣང་བའི་རྣམ་པར་ཤེས་པ་ནི་ལོངས་སྤྱོད་དུ་བསྡུས་པའོ། །བཏགས་པ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ་ མཚན་དེ་ནི་མཚུངས་པར་ལྡན་པ་དང་བཅས་པ་གཞན་གྱི་དབང་གི་ངོ་བོ་བསྡུས་པའི་ཕྱིར་འདུས་བྱས་སུ་རིག་པར་བྱའོ། །མཚུངས་པར་ལྡན་པ་དང་བཅས་པ་ནི་སེམས་ལས་བྱུང་བ་སྟེ། འདུས་བྱས་དེ་ནི་དེ་ཉིད་འབའ་ཞིག་མ་ཡིན་པར་བསྟན་ཏོ། །དེ་ཡང་གང་གི་རྒྱུ་མཚན་ཞེ་ན། མིང་ གི་ཚོགས་ལ་སོགས་པའི་རྒྱུ་མཚན་ཏེ། དེ་ནི་དེ་དག་གི་ངོ་བོ་ཉིད་དང་ཁྱད་པར་རྗོད་པར་བྱེད་པའི་ཕྱིར་རོ། །དེ་དག་གི་རྗེས་སུ་འབྲང་བས་རང་བཞིན་དང་བྱེ་བྲག་ལ་མངོན་པར་ཞེན་པའི་སེམས་དང་སེམས་ལས་བྱུང་བ་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་ཞེས་བྱ་བ་རྣམས་ཀྱི་རྒྱུ་མཚན་ ཡང་ཡིན་ནོ། །ཁ་ཅིག་ན་རེ་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་ཡང་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་མཚན་ཏེ། དེ་ལ་བག་ཆགས་བརྟས་པར་བྱེད་པའི་ཕྱིར་རོ་ཞེའོ། །གཞན་དག་ནི་རང་བཞིན་བྱེ་བྲག་ཏུ་འདོགས་པས་ན་འདོགས་པའི་མཚན་མ་ནི་འདུ་ཤེས་ཏེ། མཚན་མར་ འཛིན་པའི་བདག་ཉིད་ཀྱི་ཕྱིར་རོ། །གནས་དང་ལུས་དང་ལོངས་སྤྱོད་དུ་བསྡུས་པ་ཀུན་གཞི་རྣམ་པར་ཤེས་པ་ནི་བག་ཆགས་བརྟས་པར་བྱེད་པའི་ཕྱིར་གཞིའི་རྒྱུ་མཚན་ནོ། །ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་རྣམས་ནི་དམིགས་པ་མཚན་མར་བྱེད་པའི་ཕྱིར་དམིགས་པའི་རྒྱུ་མཚན་ ཡང་ཡིན་ལ། གཉི་ག་མཚན་མར་བྱེད་པའི་ཕྱིར་དམིགས་པ་དང་། དམིགས་པར་བྱེད་པའི་རྒྱུ་མཚན་ཡང་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལ་ཡིད་ནི་གང་རྟག་ཏུ་རློམ་སེམས་པའི་རྣམ་པའོ་ཞེས་བྱ་བ་ལ། བདག་གམ་བདག་གི་ཞེས་གང་རྟག་པར་རློམ་སེམས་པ་དེ་ནི་ཡིད་ཅེས་བྱ་སྟེ། དེ་ནི་བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟ་བ་དང་། བདག་ལ་ཆགས་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། ཀུན་དུ་འགྲོ་བ་ལྔ་པོ་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དག་དང་མཚུངས་པར་ལྡན་ནོ། །འཛིན་པ་ནི་རྣམ་པར་ཤེས་པའི་ ཚོགས་ལྔ་པོ་ཞེས་བྱ་བ་ནི་ཡུལ་གྱི་རང་བཞིན་གྱི་ངོ་བོ་འཛིན་པའི་མཚན་ཉིད་ཀྱི་ཕྱིར་རོ། །རང་རིག་པ་ཡིན་པས་བརྗོད་མི་ནུས་པའི་ཕྱིར་འཛིན་པ་ཞེས་བྱའོ། །རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་རྣམ་པར་རྟོག་པ་ཅན་གྱི་ ཕྱིར་རོ། །བཏགས་པ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ་མཚན་འདི་ལས་ཉོན་མོངས་པ་གཉིས་ཀྱིས་མངོན་པར་འདུས་བྱས་པའི་ཕྱིར་འདུས་བྱས་སོ། །འདུས་མ་བྱས་ནི་རབ་ཏུ་ཞི་བའི་འགོག་པ་དང་རབ་ཏུ་ཞི་བའི་དོན་དེ་བཞིན་ཉིད་དེ་ཞེས་བྱ་བ་ལ། རྒྱུ་དང་བཅས་པའི་སྡུག་བསྔལ་ རབ་ཏུ་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་འགོག་པ་ནི་རབ་ཏུ་ཞི་བའི་བར་རུང་ན། དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཞི་བའི་དོན་ཅེས་བྱ་ཞེ་ན། རབ་ཏུ་ཞི་བའི་དོན་ཡིན་པའི་ཕྱིར་རོ། །འགོག་པ་དང་དེ་བཞིན་ཉིད་གཉིས་འབྲེལ་པ་ཅི་ཡང་མེད་པ་སྙམ་ན། ཇི་ལྟར་རབ་ཏུ་ཞི་བའི་དོན་ཞེས་བྱ་ཞེ་ན། དེ་བཞིན་ཉིད་ནི་ལམ་གྱི་དམིགས་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ལམ་ཡང་རབ་ཏུ་ཞི་བ་ཉིད་ཅེས་བྱ་ཞེ་ན། དེས་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །རབ་ཏུ་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ནི་རབ་ཏུ་ཞི་བའོ། །འདིས་རབ་ཏུ་ཞི་བར་བྱེད་པའི་ཕྱིར་ལམ་ཡང་རབ་ ཏུ་ཞི་བའོ། །དེ་ལྟར་ན་ཚིག་རྣམ་པར་སྦྱར་བ་ཐ་དད་པའི་ཕྱིར་བརྗོད་པ་གཅིག་གིས་མྱ་ངན་ལས་འདས་པ་དང་ལམ་གཉི་ག་རབ་ཏུ་ཞི་བ་ཞེས་བྱ་བར་བཟུང་ངོ་། །ཅི་ལམ་གྱི་བདེན་པ་འདུས་བྱས་སམ་འོན་ཏེ་འདུས་མ་བྱས་ཤེ་ན། བསྐྱེད་པར་བྱ་བ་ཡིན་པས་འདུས་བྱས་སོ། །གལ་ ཏེ་ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པ་དང་། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་འདུས་མ་བྱས་ཞེས་བརྗོད་ན་ཉེས་པ་མེད་དོ། །དེ་ལྟར་དོན་འདིས་ཕུང་པོ་ལ་སོགས་པ་ཤེས་པ་ནི་ཕུང་པོ་ལ་སོགས་པ་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ནི། ཐོག་མ་དུ་མ་ ཉིད་དང་ནི། །བསྡུས་དང་ཡོངས་སུ་ཕྱེ་བའི་དོན། །ཞེས་བྱ་བ་སྟེ། རྒྱས་པར་ཐམས་ཅད་ལ་བརྗོད་པར་བྱའོ། །དེ་ཁོ་ནའི་དོན་བསྡུས་པ་ནི་མདོར་བསྡུ་ན་དེ་ཁོ་ན་རྣམ་པ་གཉིས་སོ། །རྒྱས་པར་ནི་རྣམ་པ་བཅུར་བཤད་དོ། །དེ་བས་ན་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་སོ། ། རྣམ་པ་གཉིས་པོ་ཇི་ལྟ་བུ་ཞེ་ན། མེ་ལོང་ལྟ་བུའི་དེ་ཁོ་ན་དང་། སྣང་བའི་དེ་ཁོ་ནའོ་ཞེས་བྱ་བ་སྨོས་སོ། །དེ་ལ་རྩ་བའི་དེ་ཁོ་ན་དེ་ནི་མེ་ལོང་ལྟ་བུའི་དེ་ཁོ་ན་སྟེ། དེ་ཡང་ངོ་བོ་ཉིད་གསུམ་མོ། །ཅིའི་ཕྱིར་དེ་ལ་མེ་ལོང་ལྟ་བུའི་དེ་ཁོ་ན་ཞེས་བྱ་ཞེ་ན། མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པ་ལྷག་ མ་རྣམས་དེར་སྣང་བའི་ཕྱིར་རོ། །སྣང་བའི་དེ་ཁོ་ན་ནི་མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པ་སྔར་བསྟན་པ་རྣམ་པ་དགུ་གང་ཡིན་པའོ། །ཅིའི་ཕྱིར་དེ་དག་སྣང་བའི་དེ་ཁོ་ན་ཞེས་བྱ་ཞེ་ན། རྩ་བའི་དེ་ཁོ་ན་ལ་སྣང་བའི་ཕྱིར་རོ། །ང་རྒྱལ་མེད་པ་སྣང་བའི་དེ་ཁོ་ན་ནི་མཚན་ཉིད་ཀྱི་དེ་ཁོ་ན་སྟེ། གང་ཟག་དང་། ཆོས་དང་། གཟུང་བ་དང་། འཛིན་པ་དང་། དངོས་པོ་དང་། དངོས་པོ་མེད་པ་ལ་སྒྲོ་མི་འདོགས་པ་དང་། སྐུར་པ་མི་འདེབས་པའི་ཕྱིར་དེས་ང་རྒྱལ་མེད་པར་འགྱུར་རོ། །ཕྱིན་ཅི་ལོག་གི་གཉེན་པོ་སྣང་བའི་དེ་ཁོ་ན་ནི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དེ། དེ་ནི་ རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་གི་གཉེན་པོར་གྱུར་པའོ། །ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བ་སྣང་བའི་དེ་ཁོ་ན་ནི་འབྲས་བུ་དང་རྒྱུའི་དེ་ཁོ་ན་སྟེ། འཕགས་པའི་བདེན་པ་བཞི་རབ་ཏུ་རྟོགས་ཤིང་བསྒོམས་པས་ཉན་ཐོས་ངེས་པར་འབྱུང་ངོ་། །ཐེག་པ་ཆེན་པོས་ངེས་པར་འབྱུང་ བ་སྣང་བའི་དེ་ཁོ་ན་ནི་ཕྲ་བ་དང་རགས་པའི་དེ་ཁོ་ན་སྟེ། རགས་པ་ཀུན་རྫོབ་ཀྱི་བདེན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། ཕྲ་བ་དོན་དམ་པའི་བདེན་པས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་ཐེག་པ་ཆེན་པོས་ངེས་པར་འབྱུང་བའོ། །ཕས་ཀྱི་རྒོལ་བ་ཚར་གཅོད་པ་ སྣང་བའི་དེ་ཁོ་ན་ནི་གྲགས་པའི་དེ་ཁོ་ནའོ། །ཇི་ལྟ་ཞེ་ན། དེའི་ཕྱིར། དཔེ་ལ་བརྟེན་ཏེ་རིགས་པས་ཚར་གཅོད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཚར་གཅད་པ་ལ་དཔེ་ནི་འཇིག་རྟེན་དུ་གྲགས་པའོ། །རིགས་པ་ནི་རིགས་པས་རབ་ཏུ་གྲུབ་པ་ལ་བརྟེན་པའོ། །ཐེག་པ་ཆེན་པོ་ མངོན་པར་བརྗོད་པ་སྣང་བའི་དེ་ཁོ་ན་ནི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་སྟེ། དེས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ལུང་གཞན་མངོན་པར་བརྗོད་པ་སྟེ། དེ་ནི་ཐེག་པ་ཆེན་པོའོ། །ཤེས་བྱའི་རྣམ་པ་ཐམས་ཅད་ ལ་འཇུག་པ་སྣང་བའི་དེ་ཁོ་ན་ལ་བསྡུ་བའི་དེ་ཁོ་ན་དངོས་པོ་ལྔ་སྟེ། དེ་ནི་ཤེས་པར་བྱ་བ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །མ་ནོར་བ་དེ་བཞིན་ཉིད་མངོན་པར་བརྗོད་པ་སྣང་བའི་དེ་ཁོ་ན་ནི་རབ་ཏུ་དབྱེ་བའི་དེ་ཁོ་ན་སྟེ། དེས་དངོས་པོ་རྣམས་ཀྱི་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་ པ་དེ་བཞིན་ཉིད་མངོན་པར་བརྗོད་པའི་ཕྱིར་རོ། །བདག་ཏུ་འཛིན་པའི་གཞི་ལ་དགོངས་པ་ཐམས་ཅད་རྟོགས་པར་སྣང་བའི་དེ་ཁོ་ན་ཞེས་བྱ་བ་ནི་མཁས་པའི་དེ་ཁོ་ན་སྟེ། དེས་བདག་ཏུ་འཛིན་པའི་གཞི་ལ་དགོངས་པ་ཐམས་ཅད་ཀྱི་སྒོ་ནས་རྟོགས་ཏེ། བསམ་པ་བཅུ་པོ་དག་གིས་ཕུང་པོ་ ལ་སོགས་པ་ལ་བདག་ཏུ་འཛིན་པ་འཇུག་པར་སྔར་ཇི་སྐད་དུ་བསྟན་པའོ། །དེ་ཁོ་ནའི་དོན་བསྡུས་པ་སྨོས་པ་ནི་བདེ་བླག་ཏུ་འཛིན་པའི་ཕྱིར་ཏེ། དོན་གྱིས་ཚིག་འདྲེན་པའི་ཕྱིར་རོ། །རྨོངས་པ་མེད་པ་དང་ཡོངས་སུ་སྐྱོ་བ་ཡང་མེད་པར་བྱ་བའི་ཕྱིར་ཏེ། སྐབས་ཀྱི་མགོ་མཇུག་ཡོངས་ སུ་མཐོང་ན་ཡོངས་སུ་སྐྱོ་བ་མི་སྐྱེའོ། །ཇི་ལྟར་བསྟན་པ་བཞིན་དུ་བཤད་པ་རྟོགས་པས་རྨོངས་པ་ཡང་མི་འབྱུང་ངོ་། །དེ་ཁོ་ན་བཤད་ཟིན་ཏོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་དེ་ཁོ་ནའི་ལེའུར་བཅད་པ་སྟེ་གསུམ་པའི་འགྲེལ་བཤད་དོ།། །། དེ་ཁོ་ན་བཤད་པའི་འོག་ཏུ་གཉེན་པོ་བསྒོམ་པ་དང་། དེའི་གནས་དང་འབྲས་བུ་ཐོབ་པ་བཤད་དགོས་ཏེ། དེ་བས་ན་དེ་བསྟན་པའི་ཕྱིར་ལེའུར་བཅད་པ་བཞི་པ་བརྩམས་སོ། །དེ་ཁོ་ནའི་འོག་ཏུ་བསྟན་པ་དང་གཉེན་པོ་བསྒོམ་པ་ལ་རག་ལུས་པའི་ཕྱིར་དེའི་གནས་དང་འབྲས་བུ་ཐོབ་པ་གཉིས་ ཀྱང་སྨོས་སོ། །བསྟན་པའི་མདོར་བྱས་པ་ལས་གཉེན་པོ་ནི་བྱང་ཆུབ་ཀྱི་ཕྱོགས་སུ་བཞེད་པར་བསྟན་པའི་ཕྱིར། གཉེན་པོ་བསྒོམ་པ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་སྟེ་ཞེས་བྱ་བ་སྨོས་སོ། །དེ་དག་བསྒོམས་ན་མི་མཐུན་པའི་ཕྱོགས་སྒྲིབ་པ་ཇི་སྐད་བསྟན་པ་རྣམས་སྤང་བར་བྱ་བ་ལ་མཐུ་ཡོད་ པར་འགྱུར་བས་གཉེན་པོ་རྣམས་ཞེས་བྱའོ། །དེ་རྣམས་ཀྱང་སུམ་ཅུ་རྩ་བདུན་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུའོ། །དེ་རྣམས་བསྒོམ་པ་ནི་སྤེལ་བ་དང་། བསྐྱེད་པ་དང་། གོམས་པར་བྱ་བ་དང་། ལན་མང་དུ་བྱ་བ་ཞེས་བྱ་བའི་ རྣམ་གྲངས་སོ། །དེ་ཡང་དེ་ཁོ་ནའི་འོག་ཏུ་བསྟན་པའི་ཕྱིར་དེ་ཡང་བརྗོད་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་ལ་ཅིའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཉིད་ཐོག་མར་བཤད་ཀྱི་གཞན་ནི་མ་ཡིན་ཞེ་ན། དེ་ལ་རེ་ཞིག་དང་པོར། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །ཞེས་ རྒྱ་ཆེར་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམས་པ་ལའོ། །རེ་ཞིག་ཅེས་བྱ་བ་ནི་རིམ་གྱི་དོན་ཏེ། ཐོག་མར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཇི་བཤད་ལ། གཞན་ཡང་ཕྱིས་བཤད་དོ་ཞེས་བྱ་བར་འགྱུར་རོ། །མྱ་ངན་ལས་འདས་པ་དང་འཁོར་བ་གཉིས་ཀྱི་ཡོན་ཏན་དང་ ཉེས་པ་མ་རྟོགས་པའི་ཕྱིར་འདུ་བྱེད་རྣམས་ལ་བདེ་བ་དང་གཙང་བ་དང་རྟག་པ་དང་བདག་ཏུ་མངོན་པར་ཞེན་པས་བྱིས་པ་རྣམས་སྲིད་པ་དང་ལོངས་སྤྱོད་ལ་མངོན་པར་དགའ་ཞིང་མྱ་ངན་ལས་འདས་པས་སྐྲག་གོ། །ཡོན་ཏན་དང་ཉེས་པ་མ་རྟོགས་པ་དང་། བདེ་བ་ལ་སོགས་པ་ལ་མངོན་པར་ཞེན་པ་དེ་ ཡང་བདེན་པ་མཐོང་ནས་ལྡོག་པར་འགྱུར་ཏེ། དེའི་ཕྱིར་འཁོར་བ་ལ་སྐྱོ་བར་བྱ་བའི་དོན་དང་། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བའི་དོན་དུ་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཉིད་ཐོག་མར་བཤད་དོ། །ལུས་ཀྱིས་ནི་གནས་ངན་ལེན་རབ་ཏུ་ སྟོན་ཞེས་བྱ་བ་ལ། གནས་ངན་ལེན་ནི་ངན་པར་གནས་པ་སྟེ། འདི་ལྟར་ཉིན་གཅིག་བཞིན་མངོན་པར་འདུས་བྱས་ཀྱང་ལུས་འགྱུར་བ་ཉིད་པས་ལུས་ཀྱིས་ནི་གནས་ངན་ལེན་རབ་ཏུ་སྟོན་ཏོ། །དེའི་ཕྱིར་ལུས་ལ་ཡོངས་སུ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ། ། དེ་ཅིའི་ཕྱིར་ཞེ་ན། དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་ལྟར་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་ངོ་བོ་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་རྣམས་ཡིན་ལ། ལུས་ཀྱིས་ཀྱང་གནས་ངན་ལེན་དུ་རབ་ཏུ་ སྟོན་པས། དེའི་ཕྱིར་ལུས་ལ་ཡོངས་སུ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ། །གནས་ངན་ལེན་མི་ཤེས་པས་དེའི་ཕྱིར། གནས་ངན་ལེན་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ་ཞེས་བྱ་བ་སྨོས་སོ། །འདུ་བྱེད་ནི་དངོས་པོ་རྣམས་ཀྱི་སྐྱེ་བའོ། །དེ་ཡང་གནོད་པ་ ཐམས་ཅད་ཀྱི་གཞི་ཡིན་པས་གནས་ངན་ལེན་ཡིན་ལ། འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་སྡུག་བསྔལ་ཉིད་དེ། ཇི་སྐད་དུ། སྐྱེ་འདི་གནོད་ཡིན་སྐྱེ་བ་ཡོད་ན་རྒ་དང་འཆི་བ་དང་། །ནད་དང་ཕོངས་དང་གསོད་དང་འཆིང་བ་ལ་སོགས་དགྲ་རྣམས་ཡོད། །གལ་ཏེ་འཇིགས་ མང་སྐྱེ་བ་མེད་གྱུར་གནོད་པ་དེ་དག་མེད། །ཤིང་སྐྱེས་མེད་ན་མེ་དང་རླུང་དང་ནགས་མེས་འགྱེལ་མི་འགྱུར། །ཞེས་བྱ་བ་ལྟ་བུའོ། །དེས་ཞེས་བྱ་བ་འདི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སོ། །འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་གཉིས་ཀྱིས་ནི་མ་ཡིན་ ཏེ། དེ་གཉིས་ཁྱབ་པ་མ་ཡིན་པ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རྒྱུ་ཡིན་པའི་ཕྱིར་རོ། །ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་འཕགས་པས་སྡུག་བསྔལ་དུ་གཟིགས་ཀྱི་ཟག་པ་མེད་པ་ནི་མ་ཡིན་ཏེ། ལམ་གྱི་བདེན་པ་ནི་ཆེའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་ བསམ་པ་ཉམས་པའི་ཕྱིར་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་མ་ཡིན་ནོ། །མདོའི་སྡེ་ལས་ཀྱང་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་གསུངས་སོ། །གཞན་དག་ན་རེ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་ལས་སུ་མི་རུང་བའོ་ཞེས་ཟེར་རོ། །གཞན་ན་རེ་ལས་ སུ་མི་རུང་བ་ནི་གནས་ངན་ལེན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལས་སུ་མི་རུང་བའི་ཟག་པ་དང་བཅས་པའི་ཕྱིར་ངེས་པར་ཟག་པ་དང་བཅས་པ་ནི་ས་བོན་གྱི་རྒྱུ་ལས་བྱུང་བར་ཁས་བླང་དགོས་ན། དེ་ནི་དགྲ་བཅོམ་པའི་རྒྱུད་ལ་ས་བོན་མེད་ཀྱང་རེས་འགའ་ཁ་ཟས་དང་གནས་པ་ལ་སོགས་པ་ དྲགས་པ་ལས་འབྱུང་ངོ་། །དེ་ནི་ཟག་པ་མེད་པ་ཡིན་པའི་ཕྱིར་གནས་ངན་ལེན་ཞེས་བྱར་མི་རུང་ངོ་ཞེས་ཟེར་རོ། །དེ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ལ་ཟག་པ་དང་བཅས་པའི་ཆོས་ཀྱིས་ས་བོན་གནས་པ་ནི་འདིར་གནས་ངན་ལེན་དུ་འདོད་དོ། །བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྷན་ཅིག་པའི་ལུས་འདི་ནི་དེའི་འབྲས་བུའོ། །དེ་བས་ན་བདེ་བ་ལ་སོགས་པའི་གནས་སྐབས་དང་ལྷན་ཅིག་པ་སྐད་ཅིག་རེ་རེ་ལ་འབྱུང་བའི་ལུས་ཀྱི་གནས་ངན་ལེན་དེ་རབ་ཏུ་སྟོན་ཏེ། ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ། དཔེར་ན་མྱུ་གུས་གཡུལ་གྱི་སེར་གའི་ནང་དུ་སོང་བའི་ས་བོན་མངོན་པ་ལྟ་བུའོ། །དེའི་ཕྱིར་ལུས་ལ་ཡོངས་སུ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ། །འདིར་རྒྱུ་སྨོས་པ། དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ས་ བོན་དང་བཅས་པའི་འདུ་བྱེད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་འགྱུར་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དག་གནས་ངན་ལེན་གཉིས་ཀྱི་རྗེས་སུ་སོང་བ་དང་། དེའི་རྒྱུ་ཡིན་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་དུ་བཤད་དོ། ། དེ་བས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་འཕགས་པ་རྣམས་ཀྱིས་སྡུག་བསྔལ་ཉིད་དུ་གཟིགས་སོ། །དེ་ལྟར་ན་ལུས་དྲན་པ་ཉེ་བར་གཞག་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ། །སྲེད་པའི་རྒྱུ་ནི་ཚོར་བ་སྟེ། །ཞེས་བྱ་བ་ནི་མ་ རིག་པའི་འདུས་ཏེ་རེག་པ་ལས་བྱུང་བར་དགོས་པ་སྟེ། ཟག་པ་མེད་པ་ནི་དེའི་རྒྱུ་མ་ཡིན་པའི་ཕྱིར་རོ། །དེ་ལ་བདེ་བའི་ཚོར་བ་ནི་དེ་དང་ལྡན་ཞིང་མི་འབྲལ་བར་སྲེད་པའི་རྒྱུའོ། །སྡུག་བསྔལ་ནི་དེ་དང་མི་ཕྲད་པ་དང་བྲལ་བར་སྲེད་པའི་རྒྱུའོ། །སྡུག་བསྔལ་ཡང་མ་ཡིན་ བདེ་བ་ཡང་མ་ཡིན་པ་ནི་སྙོམས་པར་འཇུག་པ་འགའ་ཞིག་ལ་དེའི་གནས་སྐབས་ལ་མངོན་པར་དགའ་བའི་སྲེད་པའི་རྒྱུ་དང་། དེ་དང་ཕྲད་ཅིང་མི་འབྲལ་བར་སྲེད་པའི་རྒྱུ་ཡིན་ནོ། །དེ་སྡུག་བསྔལ་གྱི་ཚོར་བས་རེག་ན་འདོད་པའི་བདེ་བ་ལ་མངོན་པར་དགའོ་ཞེས་འབྱུང་བའི་ཕྱིར། སྡུག་བསྔལ་བའི་ཚོར་བ་ཡང་བདེ་བ་ལ་སྲེད་པའི་རྒྱུར་འགྱུར་ཏེ། དེ་ལ་ཡོངས་སུ་བརྟགས་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག་གོ། །དེ་ལ་ཚོར་བ་རྣམས་ལ་རང་བཞིན་དང་འབྲས་བུ་དང་མི་རྟག་པ་དང་སྡུག་བསྔལ་བ་ཉིད་དུ་ཉེ་བར་ཡོངས་སུ་རྟོག་ན་ཀུན་འབྱུང་བའི་བདེན་པ་ལ་ འཇུག་སྟེ། སྲེད་པ་ནི་དེའི་འབྲས་བུར་ཁོང་དུ་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེ་ལས་སྲེད་པ་ནི་ཀུན་འབྱུང་བའི་བདེན་པར་གསུངས་ཏེ། སྡུག་བསྔལ་ཀུན་འབྱུང་བ་གང་ཞེ་ན། ཡང་འབྱུང་བའི་སྲེད་པ་དགའ་བའི་འདོད་ཆགས་དང་ལྡན་པའོ་ཞེས་རྒྱ་ཆེར་འབྱུང་ངོ་། །དེ་ལྟར་ཚོར་ བ་དྲན་པ་ཉེ་བར་གཞག་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག་གོ། །བདག་ཏུ་མངོན་པར་ཞེན་པའི་གཞི་ནི་སེམས་ཏེ་ཞེས་བྱ་བ་ལ། རྟག་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་གྱི་བདག་གཞན་མེད་པས་ན་བདག་ཏུ་མངོན་པར་ཞེན་པའི་དམིགས་པ་ནི་སེམས་ཉིད་དོ། །དེ་བས་ན་དེ་ ཡོངས་སུ་བརྟགས་པས་འགོག་པའི་བདེན་པ་ལ་ཞི་བ་ཉིད་དུ་འཇུག་སྟེ། འདིར་རྒྱུ་སྨོས་པ། བདག་ཆད་པར་དོགས་པའི་འཇིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། སེམས་ལ་མི་རྟག་པ་ལ་སོགས་པར་ཡོངས་སུ་བརྟགས་པས་བདག་ཏུ་མངོན་པར་ཞེན་པ་ལྡོག་ཅིང་སྡུག་བསྔལ་དུ་ འདུ་ཤེས་འབྱུང་ངོ་། །དེའི་ཕྱིར་བདག་ཆད་པའི་འཇིགས་པ་མེད་པས་སྡུག་བསྔལ་བ་ཙམ་ཞིག་གཅོད་པའི་ཕྱིར་འགོག་པའི་བདེན་པ་ལ་ཞི་བ་ཉིད་དུ་འཇུག་སྟེ། དེ་ལྟར་སེམས་དྲན་པ་ཉེ་བར་གཞག་པས་འགོག་པའི་བདེན་པ་ལ་འཇུག་ཅེས་བྱའོ། །ཆོས་ལ་ཡོངས་སུ་བརྟགས་ པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ལ་རྨོངས་པ་མེད་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་གོ་ཞེས་བྱ་བ་དེ་ལ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །རྣམ་པར་བྱང་བ་རྣམས་ནི་ཉེ་བའི་ གཉེན་པོར་གྱུར་པ་རྣམས་ཏེ། མི་སྡུག་པ་དང་བྱམས་པ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་རྣམས་ལ་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་ངོ་བོར་ཤེས་ནས་གནོད་པ་ཐམས་ཅད་གཏན་དུ་སྤང་བའི་ཐབས་ལམ་གྱི་བདེན་པ་ལ་མངོན་དུ་ཕྱོགས་པར་འགྱུར་ཏེ། དེ་ལྟར་ཆོས་དྲན་པ་ཉེ་བར་གཞག་པས་ལམ་གྱི་བདེན་པ་ལ་འཇུག་གོ། །འཇུག་པ་ནི་འདིར་བདེན་པ་སོ་སོ་ལ་བདེན་པའི་མཚན་ཉིད་དུ་རྟོགས་པའོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། མི་ གཙང་བ་དུ་མའི་རྫས་ཀྱི་རང་བཞིན་དང་། མི་གཙང་བའི་ས་བོན་དང་། མི་གཙང་བའི་རྒྱུ་མཐུན་པ་དང་། མི་གཙང་བ་གནས་པའི་རྒྱུ་དང་། མི་གཙང་བར་འགྱུར་བ་དང་། དབུ་བ་རྡོས་པ་བཞིན་དུ་སྙིང་པོ་མེད་པ་དང་། འགྲོ་བ་དང་སྐྱེ་གནས་ཡིན་པར་བསྒོམ་མོ། །ཚོར་བ་དང་སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། སྤྱིའི་མཚན་ཉིད་དང་། རང་གི་མཚན་ཉིད་དང་། རྒྱུ་དང་། འབྲས་བུ་དང་། ཁམས་དང་། ས་དང་། འགྲོ་བ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་ བསྟན་པ་དང་། མི་མཐུན་པའི་ཕྱོགས་དང་། གཉེན་པོ་ཡིན་པར་བསྒོམ་མོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་འདི་ལྟ་བུ་ཡང་ཡིན་ལ་རྣམ་པར་རྟོག་པ་སྤངས་པའི་ཕྱིར་མི་དམིགས་པའི་རྣམ་པར་ཡང་བསྒོམ་མོ། །དྲན་པ་ཉེ་བར་གཞག་པ་རྣམས་ཤེས་ རབ་ཀྱི་རང་བཞིན་ཡིན་དུ་ཟིན་ཀྱང་དྲན་པ་ཉེ་བར་གཞག་པའི་ཚིག་ནི་དྲན་པའི་སྟོབས་ཀྱིས་ཉེ་བར་གནས་པའི་ཕྱིར་རམ། འདི་དག་གིས་དྲན་པ་ཉེ་བར་གནས་པས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་བསྒོམ་པའི་འོག་ཏུ་ཡང་དག་པར་སྤོང་བ་བསྒོམ་པ་བཤད་དེ། དེ་ཅིའི་ ཕྱིར་ཞེ་ན། དེའི་ཕྱིར་འདི་ལྟར། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །ཞེས་རྒྱ་ཆེར་གསུངས་སོ། །དྲན་པ་ཉེ་བར་གཞག་པ་བསྒོམས་ནས་ཞེས་ཁྱད་པར་མེད་པར་བརྗོད་ཀྱང་ཆོས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཉིད་ཡིན་པར་རིག་པར་བྱའོ། ། ཁམས་དང་སའི་སྤངས་པ་དང་། སྤྱིའི་མཚན་ཉིད་ལ་སོགས་པའི་རྣམ་པ་དང་། དེ་བཞིན་དུ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁམས་དང་། ས་དང་། སློབ་པ་དང་། མི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པ་ཐམས་ཅད་དུ་ཡོངས་ སུ་ཤེས་ན་མི་མཐུན་པའི་ཕྱོགས་གསལ་བ་ནི་འདིར་སྐྱེས་པ་རྣམས་ཀྱི་རྒྱུན་ཆད་པ་དང་། མ་སྐྱེས་པ་རྣམས་མི་སྐྱེད་པའོ། །གཉེན་པོ་བསྐྱེད་པའི་ཕྱིར་ཞེས་བྱ་བ་ལ། གཉེན་པོ་བསྐྱེད་པ་ནི་སྐྱེས་པ་རྣམས་ཀྱི་རྒྱུན་གྱིས་རྗེས་སུ་འཇུག་པ་དང་མ་སྐྱེས་པ་རྣམས་སྐྱེད་པའོ། །བརྩོན་འགྲུས་རྣམ་པ་བཞི་ རབ་ཏུ་འབྱུང་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་གཉིས་སྐྱེས་པ་དང་མ་སྐྱེས་པ་ཐ་དད་པས་བརྩོན་འགྲུས་རྣམ་པ་བཞི་འབྱུང་སྟེ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས་རྒྱ་ཆེར་འབྱུང་ངོ་ཞེས་བྱ་བ་འདིས་ནི་ལུང་གིས་བརྩོན་འགྲུས་ཉིད་རྣམ་པ་བཞི་འབྱུང་བར་ སྟོན་ཏོ། །རྒྱ་ཆེར་ཞེས་བྱ་བ་ནི་ཚིག་ལྷག་མ་དང་སྦྱར་བའོ། །དེ་ལ་འདི་ནི་ཚིག་ལྷག་མ་སྟེ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་དང་། དེ་བཞིན་དུ་ སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ་ཞེས་རྒྱ་ཆེར་འབྱུང་བའོ། །དེ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ་ཞེས་རྒྱ་ཆེར་བྱའོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་ཕྱིར་ཞིང་འབྱུང་བ་དང་། ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་བརྩམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བའོ། །སྐྱེས་པ་རྣམས་གནས་པ་ནི་ཡོངས་སུ་མི་ཉམས་པའོ། །ཕྱིར་ཞིང་འབྱུང་བ་ནི་རྒྱུན་དུ་སྐྱེ་བའོ། །ཡོངས་སུ་རྫོགས་པར་བྱ་བ་ནི་ཕུལ་དུ་ཕྱིན་པར་ འགྱུར་བའོ། །འདུན་པ་སྐྱེད་ཅེས་བྱ་བ་ནི་གུས་པར་བརྩོན་འགྲུས་བསྒོམ་པའི་སྦྱོར་བ་སྟོན་ཏོ། །འབད་ཅེས་བྱ་བ་ནི་ལེ་ལོ་སྤངས་ཏེ། ལུས་དང་སེམས་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བརྩོན་འགྲུས་རྩོམ་ཞེས་བྱ་བ་ནི་བྱིང་བ་དང་རྒོད་པ་བསལ་བའི་ཕྱིར་རོ། །ཇི་ལྟར་ རྩོམ་ཞེ་ན། ཡང་དག་པར་ཤེས་པར་བྱ་བ་དང་། དགའ་བར་བྱ་བའི་ཆོས་ཡིད་ལ་བྱེད་པས་བྱིང་བའི་སེམས་རབ་ཏུ་འཛིན་ཏོ། །སེམས་རྒོད་པར་གྱུར་ན་དམིགས་པ་དེ་ཉིད་ལ་ཡང་དག་པར་རབ་ཏུ་འཇོག་སྟེ། འཛིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡང་དག་པར་སྤོང་བ་རྣམས་ནི་བརྩོན་འགྲུས་ ཀྱི་རང་བཞིན་དུ་བསྟན་པ་ཡིན་ཏེ། འདི་རྣམས་ཀྱིས་ལུས་དང་ངག་དང་ཡིད་ཡང་དག་པར་འཛིན་པས་ན་ཡང་དག་པར་འཛིན་པ་རྣམས་སོ། །དེར་གནས་ལས་སུ་རུང་བ་ཉིད། །ཅེས་རྒྱ་ཆེར་འབྱུང་བ་ལ་དེར་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་བསལ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དེ་ལའོ། །སེམས་ གནས་པའི་ལས་སུ་རུང་བ་ཉིད་ནི་དོན་ཐམས་ཅད་འབྱོར་པར་ནུས་པ་ཉིད་དེ་ལས་སུ་རུང་བ་ཉིད་དོ། །ལས་སུ་རུང་བ་དེ་ཡང་འདུན་པ་དང་། བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པའི་དབང་གིས་བྱུང་བས་ན་དེའི་ཕྱིར། ལས་སུ་རུང་བ་ཉིད་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་སྟེ་ཞེས་བྱ་བ་སྨོས་ སོ། །མངོན་པར་ཤེས་པ་ལ་སོགས་པ་དོན་ཐམས་ཅད་འགྲུབ་པར་བྱེད་པ་ནི་རྫུ་འཕྲུལ་ལོ། །དེའི་གནས་ཡིན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་དོན་ཐམས་ཅད་འབྱོར་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་སྨོས་ཏེ། དེ་དག་ཀྱང་འདུན་པའི་ཏིང་ངེ་ འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བའོ། །དེ་ལ་འདུན་པའི་ཏིང་ངེ་འཛིན་ནི་གང་གི་ཚེ་འདུན་པའི་དབང་གིས་བརྩོན་འགྲུས་རྩོམ་པ་ལ་གུས་པར་འཇུག་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི་གང་གི་ཚེ་བརྩོན་འགྲུས་རྩོམ་པ་ན་རྟག་པར་སྦྱོར་བས་སེམས་ རྩེ་གཅིག་པ་ཉིད་ལ་རེག་པའོ། །སེམས་ཀྱི་ཏིང་ངེ་འཛིན་ནི་གང་གི་ཚེ་སྔོན་གྱི་ཏིང་ངེ་འཛིན་གྱི་ས་བོན་ལ་བརྟེན་ནས་སེམས་འཛིན་ཅིང་གང་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །དཔྱོད་པའི་ཏིང་ངེ་འཛིན་ནི་གང་གི་ཚེ་དམིགས་པ་རབ་ཏུ་རྣམ་པར་འབྱེད་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། ། གནས་པ་ནི་འདིར་སེམས་གནས་པ་སྟེ། ཏིང་ངེ་འཛིན་དུ་རིག་པར་བྱའོ་ཞེས་བྱ་བ་ལ། ཏིང་ངེ་འཛིན་སྨོས་པ་ནི་འདུས་བྱས་ཀྱི་མཚན་ཉིད་ལས་དབྱེ་བའི་ཕྱིར་རོ། །འདི་ལྟར་བརྩོན་འགྲུས་བརྩམས་པ་ནི་སེམས་ལས་སུ་རུང་བ་ཉིད་རྫུ་འཕྲུལ་གྱི་རྐང་པ་བཞིར་གྱུར་པ་དེའི་ཕྱིར་ཡང་དག་པར་སྤོང་བའི་འོག་ཏུ་རྫུ་ འཕྲུལ་གྱི་རྐང་པ་རྣམས་བསྟན་ཏོ། །ལས་སུ་རུང་བ་དེ་ཡང་དགོས་པ་ནི་གང་། རྒྱུ་ནི་གང་ཞེ་ན་དེའི་ཕྱིར། ཉེས་པ་ལྔ་སྤང་བའི་ཕྱིར་འདུ་བྱེད་བསྒོམ་པའི་རྒྱུ་ལས་བྱུང་བར་རིག་པར་བྱའོ་ཞེས་བྱ་བ་སྨོས་སོ། །ཉེས་པ་ལྔ་པོ་དེ་དག་མི་ཤེས་ནས། དེའི་ཕྱིར། ཉེས་པ་ལྔ་པོ་དེ་དག་གང་ཞེ་ན་ཞེས་དྲིས་པ་དང་། དེ་དག་བསྟན་པའི་ཕྱིར། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །ཞེས་རྒྱ་ཆེར་གསུངས་སོ། །དེ་དག་ནི་ཉེས་པ་དྲུག་ཏུ་འགྱུར་རོ་སྙམ་པ་ལ། དེའི་ཕྱིར། དེ་ལ་བྱིང་བ་དང་རྒོད་པ་ནི་ཉེས་པ་གཅིག་ཏུ་བསྡུའོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ལྔར་འགྱུར་རོ། །དེ་ལ་ལེ་ལོ་ནི་ སྦྱོར་བའི་ཚེ་ན་ཉེས་པ་སྟེ། དེས་མི་སྦྱོར་བའི་ཕྱིར་རོ། །བརྩོན་པའི་ཚེ་གདམས་ངག་བརྗེད་པ་ནི་ཉེས་པ་སྟེ། དེས་སེམས་མཉམ་པར་གཞག་པ་མེད་པའི་ཕྱིར་རོ། །མཉམ་པར་གཞག་པ་ལ་བྱིང་བ་དང་རྒོད་པ་ནི་ཉེས་པ་སྟེ། དེས་སེམས་ལས་སུ་རུང་བ་མེད་པའི་ཕྱིར་རོ། །བྱིང་བ་དང་རྒོད་པར་ གྱུར་པའི་ཚེ་མངོན་པར་འདུ་མི་བྱེད་པ་ཉེས་པའོ། །མངོན་པར་འདུ་མི་བྱེད་པ་ནི་བཏང་སྙོམས་ཏེ། དེས་དེ་གཉིས་རབ་ཏུ་ཞི་བར་མི་བྱེད་པའི་ཕྱིར་རོ། །རབ་ཏུ་ཞི་བའི་ཚེ་ནི་མངོན་པར་འདུ་བྱེད་པའོ་ཞེས་བྱ་བ་ནི་ཉེས་པ་ཞེས་བྱ་བར་སྙེགས་སོ། །མངོན་པར་འདུ་བྱེད་པ་ནི་སེམས་པའོ། །བྱིང་བ་དང་ རྒོད་པ་དང་བྲལ་བས་མཉམ་པ་ཉིད་དུ་གྱུར་པའི་ཕྱིར་རབ་ཏུ་ཞི་བ་ཞེས་བྱའོ། །སྤང་བར་བྱ་བའི་ཕྱིར་འདུ་བྱེད་རྣམས་ནི་སྤོང་བའི་འདུ་བྱེད་རྣམས་སོ། །གང་སྤང་བའི་ཕྱིར་ཞེ་ན། བཤད་མ་ཐག་པའི་ཉེས་པ་ལྔ་རྣམས་སྤང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་དེས་དེ་དག་སྤོང་བའི་འདུ་བྱེད་བརྒྱད་ཇི་ལྟར་རྣམ་ པར་གཞག་པ་བརྗོད་དགོས་སོ། །དེ་ལ་ལེ་ལོ་སྤང་བའི་ཕྱིར་བཞི་སྟེ། འདུན་པ་དང་། རྩོལ་བ་དང་། དད་པ་དང་། ཤིན་ཏུ་སྦྱངས་པའོ། །དེ་ལ་འདུན་པ་ནི་འདོད་པའོ། །རྩོལ་བ་ནི་བརྩོན་འགྲུས་སོ། །དད་པ་ནི་མངོན་པར་ཡིད་ཆེས་པའོ། །ཤིན་ཏུ་སྦྱངས་པ་ནི་ལས་ སུ་རུང་བ་ཉིད་དོ། །ཇི་ལྟར་ན་ལེ་ལོ་སྤང་བའི་ཕྱིར་དེ་དག་རྣམ་པར་གཞག་ཅེ་ན། དེའི་ཕྱིར། དེ་དག་ཀྱང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །ཞེས་བྱ་བ་སྨོས་སོ། །དེ་དག་གཅིག་ལས་གཅིག་འབྱུང་བས་ན་ལེ་ལོ་སྤོང་བར་འགྱུར་བ་སྟོན་ཏོ། ། རྩོལ་བའི་གནས་ནི་འདུན་པའོ། །གནས་པ་ནི་རྩོལ་བ་སྟེ། འདོད་པ་ནི་རྩོལ་བའི་སྔོན་དུ་འགྲོ་བའི་ཕྱིར་རོ། །གནས་འདུན་པའི་རྒྱུ་ནི་དད་པ་སྟེ། ཇི་ལྟ་ཞེ་ན། དེའི་ཕྱིར། ཡིད་ཆེས་པར་གྱུར་ན་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་འབྲས་བུ་ལ་དད་པ་དང་ལྡན་པ་ནི་བྱ་བ་ལ་འདོད་པར་ འགྱུར་རོ། །གནས་པ་རྩོལ་བ་དེའི་འབྲས་བུ་ནི་ཤིན་ཏུ་སྦྱངས་པ་སྟེ། ཇི་ལྟ་ཞེ་ན་དེའི་ཕྱིར། བརྩོན་འགྲུས་བརྩམས་ན་ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཏིང་ངེ་འཛིན་ཁྱད་པར་དུ་འགྲོ་བ་ནི་ཤིན་ཏུ་སྦྱངས་པའི་རྒྱུའོ། །དེའི་ཕྱིར། བརྩོན་འགྲུས་བརྩམས་པའི་ཏིང་ངེ་འཛིན་ ཁྱད་པར་དུ་འགྲོ་བས་ཤིན་ཏུ་སྦྱངས་པ་ནི་རྩོལ་བའི་འབྲས་བུར་བཤད་དོ། །དེ་ལྟར་བརྩོན་འགྲུས་བརྩམས་པ་གནས་ངན་ལེན་གྱི་རྣམ་པར་རྟོག་པའི་ཉེས་པ་དང་བྲལ་བས་དགའ་བ་སྐྱེའོ། །ཡིད་དགའ་བས་ལུས་དང་སེམས་གཉིས་ཤིན་ཏུ་སྦྱངས་ཏེ་ལས་སུ་རུང་བ་ཉིད་ཀྱི་མཚན་ཉིད་དོ། །དེ་ བས་ན་ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་པའི་ཕྱིར་ཞེས་བྱ་བའོ། །འདིར་ནི་བརྩོན་འགྲུས་རྒྱུ་དང་བཅས་ཤིང་འབྲས་བུ་དང་བཅས་པ་ལེ་ལོའི་གཉེན་པོར་བཤད་དོ། །ཉེས་པ་བཞིའི་གཉེན་པོར་གྲངས་བཞིན་ནོ་ཞེས་བྱ་བ་དེ་ལ། དྲན་པ་ནི་གདམས་ངག་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་བྱིང་ བ་དང་རྒོད་པའི་གཉེན་པོའོ། །སེམས་པ་ནི་མངོན་པར་འདུ་མི་བྱེད་པའི་གཉེན་པོའོ། །བཏང་སྙོམས་ནི་མངོན་པར་འདུ་བྱེད་པའི་གཉེན་པོ་སྟེ། འདིར་འདུ་བྱེད་ཀྱི་བཏང་སྙོམས་སུ་ཤེས་པར་བྱའོ། །དྲན་པ་ལ་སོགས་པའི་མཚན་ཉིད་བརྗོད་པར་འདོད་པའི་ཕྱིར། དེ་དག་ཀྱང་དྲན་པ་ ལ་སོགས་པ་རིག་པར་བྱ་སྟེ་གོ་རིམས་བཞིན་ཞེས་བྱ་བ་འདི་སྨོས་སོ། །དྲན་པ་ནི་དམིགས་པ་མ་བརྗེད་པའོ་ཞེས་རྒྱ་ཆེར་འབྱུང་བ་ལ། དྲན་པ་ནི་དམིགས་པ་མ་བརྗེད་པའོ་ཞེས་བྱ་བ་ནི་སེམས་གནས་པར་བྱ་བའི་གདམས་ངག་ཡིད་ཀྱིས་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། །ཤེས་བཞིན་ནི་དྲན་པ་ མ་བརྗེད་པར་གྱུར་ན་བྱིང་བ་དང་རྒོད་པ་རྟོགས་པའོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གནས་པ་ཤེས་བཞིན་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་དྲན་པ་མ་བརྗེད་པར་གྱུར་ན་ཞེས་བྱ་བ་སྨོས་ཏེ། བྱིང་བ་དང་རྒོད་པ་རྟོགས་ནས་ཞི་གནས་དང་ལྷག་མཐོང་གཉིས་ཟུང་དུ་འབྲེལ་པར་འཇུག་པའི་ཕྱིར་བསྒྲིམ་མི་ དགོས་པར་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །བཏང་སྙོམས་ཞེས་བྱ་བ་ནི་ཡུལ་གཞན་ལ་མངོན་པར་འདུ་མི་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ནི་འདི་སྐད་དུ་གདམས་ངག་ལ་དྲན་པ་ཤིན་ཏུ་ཉེ་བར་གནས་པ་ནི་བྱིང་བ་དང་རྒོད་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་། བྱིང་བ་ དང་རྒོད་པ་དང་འབྲལ་བའི་ཕྱིར་དེ་མངོན་པར་འདུ་བྱེད་ལ། བྱིང་བ་དང་རྒོད་པ་དང་བྲལ་ན་ཡང་བཏང་སྙོམས་སུ་བྱེད་དོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ན་དེའི་སེམས་རྣལ་དུ་འཇུག་པ་ལས་སུ་རུང་བ་ཉིད་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པའི་འོག་ཏུ་དབང་པོ་ལྔ་རྣམས་ཏེ། དད་པ་ལ་སོགས་ པའོ་ཞེས་བྱ་བ་ནི་བསྟན་ཞེས་བྱ་བར་སྦྱར་རོ། །དེ་དག་ཇི་ལྟར་རྣམ་པར་གཞག་ཅེ་ན་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་དགོངས་པའོ། །དེའི་ཕྱིར། ཐར་པའི་ཆ་དང་མཐུན་བསྐྱེད་ན། །འདུན་དང་སྦྱོར་བ་དབང་བྱེད་དོ། །ཞེས་རྒྱ་ཆེར་གསུངས་སོ། །དབང་བྱེད་པ་ཞེས་བྱ་བར་སྙེགས་སོ་ཞེས་ བྱ་བ་འདིས་ནི་འདུན་པ་དང་སྦྱོར་བ་དབང་བྱེད་ཅེས་བྱ་བའི་སྒྲ་འདིར་སྨོས་པ་འོག་མ་རྣམས་ལ་ཡང་སྙེགས་སོ་ཞེས་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སེམས་ལས་སུ་རུང་བ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ནས་ཞེས་བྱ་བ་ནི་སེམས་ལས་སུ་རུང་བ་སེམས་ཀྱི་རྒྱུད་ལ་ཐར་པའི་ ཆ་དང་མཐུན་པའི་དགེ་བའི་རྩ་བ་རབ་ཏུ་འཇོག་པ་འཐོབ་སྟེ། འདུན་པ་ནི་དབང་བྱེད་པ་ནས་རབ་ཏུ་རྣམ་པར་འབྱེད་པ་ནི་དབང་བྱེད་པའི་བར་དུ་འགྱུར་གྱི། སེམས་ལས་སུ་མི་རུང་བ་ལ་ནི་མ་ཡིན་ནོ། །སེམས་ལས་སུ་རུང་བ་ཉིད་དེ་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་འགྱུར་རོ། ། དེ་བས་ན་རྫུ་འཕྲུལ་གྱི་རྐང་པའི་འོག་ཏུ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་དད་པ་ལ་སོགས་པ་དབང་པོ་ལྔ་རྣམས་རྣམ་པར་གཞག་གོ། །འདུན་པ་ནི་དབང་བྱེད་པ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུ་བཏགས་ནས་དད་པ་ཉིད་ལ་འདིར་འདུན་ པའི་སྒྲར་བཤད་དེ། དཔེར་ན་ཞོ་དང་ག་གོན་ལ་འཕྲལ་དུ་རིམས་ཞེས་བྱ་བ་ལྟ་བུའོ། །ཡང་ན་ཡོད་པ་ཉིད་དང་ཡོན་ཏན་ཅན་དང་ནུས་པ་རྣམས་ལ་གོ་རིམས་བཞིན་དུ་མངོན་པར་ཡིད་ཆེས་པ་དང་། དང་བ་དང་འདོད་པ་རྣམས་ནི་དད་པའི་མཚན་ཉིད་དོ། །དེ་བས་ན་འདུན་པ་སྨོས་པས་འདིར་ འདོད་པའི་མཚན་ཉིད་དད་པ་སྨོས་པར་འགྱུར་གྱི་འདུན་པ་ནི་མ་ཡིན་ནོ། །སྦྱོར་བ་ནི་དབང་བྱེད་པ་ཞེས་བྱ་བ་ནི་འདིས་སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ། སྦྱོར་བའི་སྒྲ་ནི་བརྩོན་འགྲུས་ལ་བྱ་བར་དགོངས་པའོ། །དམིགས་པ་མི་བརྗེད་པ་ནི་དབང་བྱེད་པ་ཞེས་བྱ་བ་ནི་དྲན་པའི་དབང་པོ་དབང་བྱེད་པ་སྟེ། དམིགས་པ་གསལ་བའི་མཚན་ཉིད་ནི་དྲན་པའི་དབང་པོའོ། །མི་འཕྲོ་བ་ནི་དབང་བྱེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དབང་པོ་དབང་བྱེད་པ་སྟེ། སེམས་རྩེ་གཅིག་པའི་མཚན་ཉིད་ཡིན་པས་མི་འཕྲོ་བ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །རབ་ཏུ་རྣམ་པར་འབྱེད་པ་ནི་དབང་བྱེད་པ་ཞེས་བྱ་བ་ནི་ཤེས་ རབ་ཀྱི་དབང་པོ་དབང་བྱེད་པ་སྟེ། ཤེས་རབ་ཀྱི་དབང་པོ་ཆོས་རྣམ་པར་འབྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཀྱང་ཞེས་བྱ་བའི་སྒྲ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པས་དད་པ་ལ་སོགས་པ་དབང་པོ་དག་དང་གོ་རིམས་བཞིན་དུ་རིག་པར་བྱའོ་ཞེས་བྱ་ བར་སྟོན་ཏོ། །དད་པར་གྱུར་པ་ནི་འཁོར་བའི་བཙོན་ར་ནས་འབྱུང་བར་འགྱུར་བས་དེའི་ཕྱིར་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་པ་བསླབ་པ་གསུམ་སྒྲུབ་སྟེ། དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་རྣམས་གོ་རིམས་བཞིན་ནོ། །དེ་ལྟར་མཐོང་བའི་ལམ་ལ་ སྦྱོར་བའི་ས་ལ་དབང་པོ་འདི་རྣམས་གཙོ་བོར་འདོད་དོ། །གཞན་དག་ན་རེ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ལ་དབང་བྱེད་པ་ལ་དད་པ་ལ་སོགས་པའི་དབང་པོ་ཞེས་མི་བྱའི། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ནས་འདུན་པ་ལ་སོགས་པ་ལ་དབང་བྱེད་པས་ན་ འདི་དག་དབང་པོ་ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར་འདུན་པ་ནི་དབང་བྱེད་པ་ཞེས་བྱ་བ་སྨོས་ཏེ། དད་པའི་དབང་པོ་ཞེས་བྱ་བ་དང་སྦྱར་རོ། །སྦྱོར་བ་ནི་བྱེད་པའོ། །མི་བརྗེད་པ་ནི་དམིགས་པ་ཆུད་མི་ཟ་བའོ། །འཕྲོ་བ་མེད་པས་ན་མི་འཕྲོ་བའོ། །རབ་ཏུ་རྣམ་པར་འབྱེད་པས་ན་རབ་ཏུ་རྣམ་པར་ འབྱེད་པའོ། །སྦྱོར་བ་དང་མི་བརྗེད་པ་དང་མི་འཕྲོ་བ་དང་རབ་ཏུ་རྣམ་པར་འབྱེད་པ་དེ་དག་ལ་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཅེས་བྱ་བའི་སེམས་ལས་བྱུང་བ་རྣམས་དབང་བས་ན། དབང་པོ་རྣམས་ཞེས་བྱ་བར་གྱུར་ཏོ་ཞེས་ཟེར་རོ། །འདིར་ནི་ཇི་སྐད་དུ་བཤད་པར་བྱ་སྟེ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་དང་མ་བསྐྱེད་པ་གཉིས་ཀྱི་དུས་ན་འདུན་པ་ལ་སོགས་པ་དབང་བྱེད་པ་དང་། དད་པ་ལ་སོགས་པ་རང་བཞིན་དུ་བྱེ་བྲག་ཏུ་གྱུར་པ་གང་ཡང་མེད་དེ། འདི་ལྟར་དེའི་དུས་ན་དབང་བྱེད་པས་དེ་དག་དབང་པོར་རྣམ་པར་གཞག་གོ། །དད་པ་ལ་ སོགས་པ་དེ་དག་ཉིད་སྟོབས་དང་ལྡན་པར་གྱུར་པ་ལ་སྟོབས་རྣམས་ཞེས་བྱ་སྟེ། དབང་པོའི་འོག་ཏུ་བཤད་པའི་ཕྱིར་རོ། །དེ་དག་སྟོབས་ལྡན་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། མི་མཐུན་ཕྱོགས་ནི་བསྲབས་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་ཕྱོགས་སྲབ་མོར་གྱུར་ པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། གང་གི་ཚེ་དེ་དག་ཉིད་ཅེས་བྱ་བ་སྨོས་ཏེ། དད་པ་ལ་སོགས་པའི་དབང་པོ་རྣམས་སོ། །མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་ཞེས་བྱ་བ་ནི་མ་དད་པ་དང་ལེ་ལོ་དང་བརྗེད་པ་དང་གཡེང་བ་དང་ཤེས་བཞིན་མེད་པ་རྣམས་སོ། ། མི་མཐུན་པའི་ཕྱོགས་རྣམས་དང་། དད་པ་ལ་སོགས་པ་མི་འདྲེ་བ་ནི་རབ་ཏུ་སྲབ་པའི་ཕྱིར་ཏེ། སྐབས་སྐབས་སུ་ཀུན་དུ་འབྱུང་བ་མེད་པས་ན་སྐབས་མི་ཐོད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཚེ་ན་སྟོབས་རྣམས་ཞེས་བྱའོ། །དེའི་ཚེ་ན་ནི་དེ་དག་གིས་མི་མཐུན་པའི་ཕྱོགས་མ་བསྲབས་པས་ དབང་པོ་དེ་དག་མི་མཐུན་པའི་ཕྱོགས་རྣམས་དང་འདྲེའོ། །གལ་ཏེ་མི་མཐུན་པའི་ཕྱོགས་རྣམས་མ་ཐུལ་བར་དབང་པོ་རྣམས་ཞེས་བྱ་ན། །ཇི་ལྟར་མཁས་པའི་དེ་ཁོ་ན་ཉིད་ལས་འཇིག་རྟེན་པའི་རྣམ་པར་དག་པའི་དབང་གིས་དད་པ་ལ་སོགས་པའི་དབང་པོར་བཤད་ཅེ་ན། དེར་ནི་དབང་པོ་ རྣམས་ལ་བྱེ་བྲག་མེད་པར་དགོངས་པའོ། །འདིར་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་བྱེ་བྲག་བསྟན་པའི་ཕྱིར་བྱེ་བྲག་ཡོད་དེ། དེ་བས་ན་འགལ་བ་མེད་དོ། །དེའི་ཕྱིར། འདིར་དབང་པོ་དེ་དག་ཉིད་སྟོབས་རྣམས་ཞེས་བྱ་བ་སྨོས་སོ། །དད་པར་ གྱུར་པ་དེ་རྒྱུ་དང་འབྲས་བུ་ལ་བརྩོན་འགྲུས་རྩོམ་སྟེ། འབྲས་བུ་འདི་ཉིད་ཀྱི་རྒྱུ་ནི་འདིའོ། །རྒྱུ་འདི་ཉིད་ཀྱི་འབྲས་བུ་ནི་འདིའོ་ཞེས་དེ་ལྟར་དད་པར་གྱུར་པ་ནི་འབྲས་བུ་ལ་དད་པས་དེའི་རྒྱུ་ལ་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩོམས་པ་ནི་དྲན་པ་ཉེ་བར་གནས་སོ། །དྲན་པ་ཉེ་བར་གནས་པ་ནི་ གཡེང་བ་མེད་པའི་ཕྱིར་སེམས་མཉམ་པར་འཇོག་སྟེ། རྩེ་གཅིག་པར་འགྱུར་རོ། །སེམས་མཉམ་པར་གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཏིང་ངེ་འཛིན་གྱིས་རྗེས་སུ་བཟུང་བའི་ཤེས་རབ་ནི་གསལ་བར་འགྱུར་རོ། །ཐར་པའི་ཆ་དང་མཐུན་པ་བསྐྱེད་ཟིན་པ་ལ་དབང་པོ་ རྣམས་བསྟན་ན་ཐར་པའི་ཆ་དང་མཐུན་པའི་འོག་ཏུ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་དང་དབང་པོ་རྣམས་ཀྱི་འོག་ཏུ་ནི་སྟོབས་རྣམས་བསྟན་ན་དེའི་ཕྱིར། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་དབང་པོའི་དུས་ན་རིག་པར་བྱ་བའམ། འོན་ཏེ་སྟོབས་ཀྱི་དུས་ལ་རིག་པར་བྱ། དེ་ བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་དབང་པོ་དང་སྟོབས་ཀྱི་རང་བཞིན་ནམ། འོན་ཏེ་དེ་ལས་གཞན་པའི་རང་བཞིན་ཡིན་པ་བརྗོད་དགོས་ཏེ། དེའི་ཕྱིར། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་བྱ་བ་གསུངས་སོ། ། ཡང་ན་ཇི་ལྟར་ཐར་པའི་ཆ་དང་མཐུན་པ་རྣམས་གཉེན་པོ་རྣམས་བསྒོམས་ནས་རབ་ཏུ་ཕྱེ་བའམ། དད་པ་ལ་སོགས་པས་རབ་ཏུ་ཕྱེ་བར་གྱུར་པ་དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱང་ངོ་། །དེའི་ཕྱིར་ཐར་པའི་ཆ་དང་མཐུན་པ་བསྐྱེད་ཟིན་ནས་དབང་པོ་རྣམས་བསྟན་ན་ཞེས་བྱ་ བྱ་རྒྱ་ཆེར་སྨོས་སོ། །དེའི་ཕྱིར། ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་བྱ་བ་ཐམས་ཅད་གསུངས་སོ། །དྲོ་བར་གྱུར་པ་རྣམས་དང་རྩེ་མོ་དག་གི་ཚེ་ནི་དབང་པོ་རྣམས་སོ། །དགེ་བའི་རྩ་བ་དེ་དག་ཆུང་བའི་ཕྱིར་ཏེ། དེ་དག་རྣམས་སུ་མི་རིགས་པས་དེ་དག་དབང་པོ་ཉིད་དོ། །བཟོད་ པ་དག་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཀྱི་ཚེ་ནི་སྟོབས་རྣམས་སོ་ཞེས་བྱ་བ་ནི་དེ་དག་ཆེ་བའི་ཕྱིར་ཏེ། བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་དེ་དག་ནི་དབང་པོ་རྣམས་སུ་མི་རིགས་ཀྱི་སྟོབས་རྣམས་ཉིད་དོ། །ཆུང་ངུ་དང་འབྲིང་པོ་དང་ཆེན་པོའི་བྱེ་བྲག་གིས་དང་བ་ལ་སོགས་པ་ནི་རྣམ་པ་ གསུམ་མོ། །དེ་ལ་ཆུང་ངུ་དང་འབྲིང་པོ་དག་ནི་དབང་པོ་རྣམས་སོ། །ཆེན་པོ་དག་ནི་སྟོབས་རྣམས་སོ། །ཆུང་ངུ་གང་ཡིན་པ་དག་ནི་དྲོ་བར་གྱུར་པ་རྣམས་སོ། །འབྲིང་པོ་དག་ནི་རྩེ་མོ་རྣམས་སོ། །ཆེན་པོ་ལ་ཡང་བཞིར་དབྱེ་སྟེ། དེ་ལ་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་རྣམས་ནི་བཟོད་པ་ཆུང་ ངུ་དང་འབྲིང་པོ་དང་ཆེན་པོ་དག་གོ་རིམས་བཞིན་ནོ། །ཆེན་པོའི་ཡང་ཆེན་པོ་དག་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་ཐམས་ཅད་ནི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ཏེ། མཚུངས་པར་ལྡན་པ་དང་བཅས་པ་རྣམས་སོ། ། དེ་ལ་དྲོ་བའི་རྣམ་པ་ནི་དྲོ་བར་གྱུར་པ་སྟེ། དཔེར་ན་གཙུབ་ཤིང་གཙུབས་པ་ལས་ཤིང་ཚིག་པར་ནུས་པའི་མེའི་མཚན་མ་ཐོག་མར་བྱུང་བ་ནི་དྲོ་བར་འབྱུང་བའོ། །དེ་བཞིན་དུ་འཕགས་པའི་ལམ་གྱི་མེས་ཉོན་མོངས་པ་ཐམས་ཅད་ཀྱི་ཤིང་སྲེག་པར་ནུས་པའི་ཐོག་མའི་རང་བཞིན་ཡིན་ པས་དྲོ་བར་གྱུར་པ་ཞེས་བྱའོ། །དགེ་བའི་རྩ་བ་གཡོ་བ་རྣམས་ལས་རྩེ་མོར་ཕྱིན་པས་ན་རྩེ་མོའོ། །བདེན་པའི་དོན་ལ་རབ་ཏུ་བཟོད་པས་ན་བཟོད་པའོ། །ཟག་པ་དང་བཅས་པ་ཡང་ཡིན་ལ། ཟག་པ་དང་བཅས་པའི་ཆོས་གཞན་པས་དམ་པ་ཡིན་པས་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་ རྣམས་ཞེས་བྱའོ། །དེ་མ་ཐག་ཏུ་མཐོང་བའི་ལམ་སྐྱེ་བས་ན་དེ་དག་མཆོག་ཅེས་བྱ་སྟེ། དེ་དག་ནི་སྐད་ཅིག་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལྷག་མ་རྣམས་ནི་རྒྱུན་ཅན་ནོ། །དེ་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ནི་འཁོར་བར་རབ་ཏུ་སྐྱེ་བའི་མཐུ་འཇོམས་པའི་ཚུལ་དུ་ རིག་པར་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཟག་པ་མེད་པའི་ཆོས་འབྱུང་བའི་མཐུ་སྐྱེད་པའི་ཚུལ་དུ་རིག་པར་བྱ་སྟེ། ཆོས་ཀྱི་མཆོག་གི་འོག་ཏུ་མཐོང་བའི་ལམ་འབྱུང་བའི་ཕྱིར་རོ། །དེ་ཡང་བྱང་ཆུབ་ཀྱི་ཡན་ལག་གིས་རབ་ཏུ་ཕྱེ་བའི་ཕྱིར་སྟོབས་ཀྱི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་ རྣམས་བཤད་དོ། །དེ་དག་ཇི་ལྟར་རྣམ་པར་གཞག་ཅེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་རྣམ་པར་གཞག་ཅེས་བྱ་བར་དགོངས་པའོ། །དེའི་ཕྱིར། རང་བཞིན་ཡན་ལག་གནས་ཡན་ལག །ཅེས་རྒྱ་ཆེར་གསུངས་སོ། །མཐོང་བའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་དག་ ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མ་མཐོང་བ་ལས་དེ་ཐོག་མ་ཉིད་དུ་མཐོང་བའི་ཕྱིར་མཐོང་བའོ། །འཕགས་པའི་སར་ཕྱིན་པར་བྱེད་པའི་ཕྱིར་ལམ་ཞེས་བྱ་བ་སྟེ། དེའི་ཕྱིར་མཐོང་བའི་ལམ་ཞེས་བྱ་བའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཚེ་ན་ནི་དར་ལས་ ཆོད་པ་ལྟ་བུར་བདེན་པ་རྣམས་རྟོགས་སོ། །མཐོང་བའི་ལམ་གྱི་ཚེ་ན་ནི་དེ་བསལ་བ་ལྟ་བུར་རྟོགས་སོ། །དེ་ལ་དེ་ཁོ་ན་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་དྲན་པ་ལ་སོགས་པ་དྲུག་ནི་བྱང་ཆུབ་དང་མཐུན་པའི་ཕྱིར་དེའི་ཡན་ལག་རྣམས་སོ། །ཆོས་ རྣམ་པར་འབྱེད་པ་ནི་རྟོགས་པའི་བདག་ཉིད་པས་ན་བྱང་ཆུབ་སྟེ། དེ་དག་གིས་གྲོགས་སུ་གྱུར་པས་ཆ་ཡན་ལག་གོ། །གཞན་ན་རེ་བར་ཆད་མེད་པའི་ལམ་དུ་གཏོགས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་གོ། །རྣམ་པར་གྲོལ་བའི་ལམ་དུ་གཏོགས་པ་ནི་བྱང་ཆུབ་ ཅེས་བྱའོ་ཞེས་ཟེར་རོ། །དེ་ལ་དྲན་པ་ནི་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་སྟེ། དྲན་པའི་སྟོབས་ཀྱིས་དམིགས་པ་དེ་ལས་མི་གཡེང་བའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་ནི་རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ ལག་སྟེ། བརྩོན་འགྲུས་ཀྱིས་སོ་སོའི་སྐྱེ་བོའི་ས་ལས་ཤིན་ཏུ་འདའ་བའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །རྣམ་པ་གསུམ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་ བཏང་སྙོམས་སོ། །དེ་དག་ནི་ཀུན་ནས་ཉོན་མོངས་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །ཡང་ན་ཉོན་མོངས་པ་མེད་པའི་གཞི་དང་། གནས་དང་། ངོ་བོ་ཉིད་ཐ་དད་པའི་ཕྱིར་རོ། །ཅིའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་རྣམ་པ་གསུམ་བསྟན་ཞེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་རྣམ་པ་གསུམ་ དུ་བཤད་སྙམ་དུ་བསམས་པ་སྟེ། དེའི་ཕྱིར། འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཞེས་གསུངས་སོ། །ཤིན་ཏུ་སྦྱངས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་སྟེ། ཀུན་ནས་ཉོན་མོངས་པ་མེད་པ་ནི་རྣམ་པར་དག་པའོ། །གཞི་ནི་རྒྱུ་ཡིན་ནོ། །ཇི་ ལྟར་གཞི་ཞེས་བྱ་ཞེ་ན། དེའི་ཕྱིར། ཀུན་ནས་ཉོན་མོངས་པ་ནི་གནས་ངན་ལེན་གྱི་རྒྱུ་ལས་བྱུང་བའི་ཕྱིར་དེ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ་ཀུན་ནས་ཉོན་མོངས་པའི་གཞིའི་གཉེན་པོར་གྱུར་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་ཡིན་ནོ་ཞེས་ བསྟན་པར་འགྱུར་རོ། །ལུས་དང་སེམས་ལས་སུ་མི་རུང་བ་ཉིད་ནི་གནས་ངན་ལེན་ཞེས་བྱ་སྟེ། དེ་ཡོད་ན་སེམས་རྩེ་གཅིག་པ་མེད་པའི་ཕྱིར་སེམས་གཡེངས་པར་འགྱུར་རོ། །སེམས་གཡེངས་པ་ལ་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་རྣམས་འབྱུང་སྟེ། དེ་ལྟར་ གནས་པ་ན་ལེན་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །གནས་ངན་ལེན་དེའི་གཉེན་པོ་ནི་ཤིན་ཏུ་སྦྱངས་པའོ། །ཇི་ལྟར་ཞེ་ན། ཤིན་ཏུ་སྦྱངས་པས་ན་ལུས་དང་སེམས་གཉིས་ལས་སུ་རུང་བར་འགྱུར་ཏེ། དེ་ལྟར་ན་ཤིན་ཏུ་སྦྱངས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞིར་རྣམ་པར་ གཞག་གོ། །ཏིང་ངེ་འཛིན་ནི་གནས་སོ་ཞེས་བྱ་བ་ནི་ལུས་དང་སེམས་གཉིས་ཤིན་ཏུ་སྦྱངས་པས་རྗེས་སུ་བཟུང་བས་ན་སེམས་མཉམ་པར་འཇོག་གོ། །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་ཉོན་མོངས་པ་ རྣམས་སྤོང་སྟེ། དེ་ལྟར་ཀུན་ནས་ཉོན་མོངས་པ་མེད་པའི་གནས་ནི་ཏིང་ངེ་འཛིན་ཏོ། །བཏང་སྙོམས་ནི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་གནས་པ་ཀུན་ནས་ཉོན་མོངས་པར་གྱུར་པ་དང་མཐུན་པའི་སེམས་མི་མཉམ་པ་དང་། སེམས་རྣལ་དུ་མི་འཇུག་པ་དང་། སེམས་རྩོལ་བ་དང་བཅས་པའི་གཉེན་པོ་ ཡིན་པའི་ཕྱིར་རོ། །དེ་ལྟར་ན་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་དོ། །གཞན་ན་དེ་སྤོང་བའི་ལམ་རྣམས་ཀྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པས་ཉོན་མོངས་པའི་རྗེས་སུ་འཆིང་བ་དང་བྲལ་བའི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་རྣམ་པར་གྲོལ་བའི་ ལམ་དུ་གཏོགས་པའི་ཤེས་རབ་ཤེས་བྱ་ལ་ངེས་པ་སྐྱེ་བ་དེ་འདིར་བཏང་སྙོམས་ཞེས་བྱ་སྟེ། དགོས་པ་བྱས་པའི་ཕྱིར་ཟད་པ་ལ་ཟད་དོ་སྙམ་དུ་བཏང་སྙོམས་སུ་བྱེད་པའི་ཕྱིར་རོ་ཞེའོ། །བྱང་ཆུབ་ཀྱི་ཡན་ལག་གི་འོག་ཏུ་ལམ་གྱི་ཡན་ལག་རྣམས་ཏེ། དེ་དག་ཇི་ལྟར་ རྣམ་པར་གཞག་ཅེ་ན་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་འོག་ཏུ་བསྒོམ་པའི་ལམ་སྟེ། དེ་ལ་ལམ་གྱི་ཡན་ལག་རྣམས་ཞེས་བྱའོ། །དེའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་གི་འོག་ཏུ་ལམ་གྱི་ཡན་ལག་རྣམས་བརྗོད་དོ། །དེ་དག་གང་གི་དོན་དུ་རྣམ་པར་གཞག་ཅེ་ན། དེའི་ཕྱིར། ཡོངས་ སུ་གཅོད་དང་གོ་བྱེད་དང་། །ཞེས་རྒྱ་ཆེར་གསུངས་སོ། །མི་མཐུན་པའི་ཕྱོགས་ལོག་པར་ལྟ་བ་ནས་མི་མཐུན་པའི་ཕྱོགས་ལོག་པའི་ཏིང་ངེ་འཛིན་གྱི་བར་གྱིས་ཡང་དག་པར་ལྟ་བ་ལ་སོགས་པ་ལམ་གྱི་ཡན་ལག་བརྒྱད་པོ་དག་གོ་རིམས་བཞིན་དུ་རྣམ་པར་གཞག་གོ། །ཡང་དེ་དག་གི་གོ་ རིམས་ནི་བྱེད་པའི་རིམ་གྱིས་ཏེ། བསྒོམ་པའི་ལམ་ཞེས་རྒྱ་ཆེར་འབྱུང་བའོ། །བརྟེན་པར་བསྒོམ་པས་བསྒོམ་པར་བྱ་བ་ཡིན་པས་ན་བསྒོམ་པའི་ལམ་མོ། །བསྒོམ་པའི་ལམ་དེ་ལ་མཐོང་བའི་ལམ་ཐོབ་པར་བསྒོམ་པས་བསྒོམ་པ་ཡོངས་སུ་གཅོད་པའི་ཡན་ལག་ནི་ཡང་དག་པའི་ ལྟ་བའོ། །འཇིག་རྟེན་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་འཇིག་རྟེན་པའིའོ། །དེ་འབྱུང་བའི་མཐུ་རྙེད་པས་ལམ་ལ་མཉམ་པར་གཞག་ན་ཡང་དེ་རྣམ་པར་གཞག་གོ། །འཇིག་རྟེན་ལས་འདས་པ་ནི་རྣམ་པར་མི་རྟོག་པའོ། །རྣམ་པར་མི་རྟོག་པར་གྱུར་ཀྱང་ཡང་ དག་པར་ལྟ་བའི་གནས་སུ་གྱུར་པས་ན། ཡང་དག་པར་ལྟ་བ་ཞེས་བྱའོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་ཞེས་སྨོས་ཏེ། འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་གྱི་རྗེས་ལས་ཐོབ་པ་ནི་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཡུལ་གང་ཞེ་ན། དེའི་ཕྱིར་དེས་ རང་གིས་རྟོགས་པ་ཞེས་བྱ་བ་སྨོས་སོ། །མཐོང་བའི་ལམ་གྱིས་རྟོགས་པ་ལ་བདག་གིས་འདི་ལྟ་བུ་རྟོགས་སོ་ཞེས་ཡོངས་སུ་གཅོད་པ་སྟེ། མཐོང་བའི་ལམ་གྱི་ཡུལ་ཡིན་པས་ན་ཡང་དག་པར་ལྟ་བ་ཞེས་བྱའོ། །གཞན་གོ་བར་བྱེད་པའི་ཡན་ལག་ཅེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཡང་ དག་པའི་ལྟ་བ་དེས་ཡོངས་སུ་བཅད་པའི་དེ་ཁོ་ན་ཡང་དག་པའི་ངག་དང་། ཡང་དག་པའི་རྟོག་པས་གཞན་ལ་གོ་བར་བྱེད་པའི་ཕྱིར། ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། དེའི་ཕྱིར། ཀུན་ནས་སློང་བ་དང་བཅས་པའི་ངག་གིས་དེ་ གོ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡང་དག་པའི་རྟོག་པ་ནི་ངག་ཀུན་ནས་སློང་བ་སྟེ། མ་བརྟགས་མ་དཔྱད་པར་ཚིག་མི་སྨྲའོ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །དེ་འབྱུང་བའི་མཐུ་རྙེད་པའི་ཕྱིར་མཉམ་པར་གཞག་པ་ན་ཡང་དེ་གཉིས་དང་ལྡན་པར་རིག་པར་བྱའི། མཉམ་ པར་གཞག་པ་ན་ཡང་དག་པར་རྟོག་པར་བྱེད་པའམ་སྨྲ་བ་ནི་མ་ཡིན་ནོ། །གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ནི་རྣམ་པ་གསུམ་སྟེ། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་ལས་ཀྱི་འཚོ་བའོ། །ཇི་ལྟ་ཞེ་ན་དེའི་ཕྱིར། དེ་དག་གོ་རིམས་བཞིན་དུ། ལྟ་དང་ཚུལ་ཁྲིམས་ཡོ་བྱད་ བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཅེས་བྱ་བ་སྨོས་ཏེ། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་གོ་རིམས་བཞིན་ནོ། །ཡང་དག་པའི་ངག་གིས་ཞེས་རྒྱ་ཆེར་འབྱུང་བ་ལ། །བསྙད་པ་ཞེས་བྱ་བ་ནི་ཆོས་བསྟན་པའོ། །འབྲེལ་པའི་གཏམ་རྣམ་པར་ངེས་ པས་ཞེས་བྱ་བ་ནི། མངོན་པར་རྟོགས་པ་ལས་བརྩམས་ནས་གཞན་དག་ལ་རྒོལ་ཞིང་ལན་འདེབས་པ་སྟེ། བསྙད་པ་དང་འབྲེལ་བའི་གཏམ་རྣམ་པར་ངེས་པ་འདིས་ནི་འདི་ལྟར་འདི་ཐོགས་པ་མེད་པ་དང་། དོན་ཤིན་ཏུ་གཏན་ལ་ཕབ་པ་དང་འགལ་བ་མེད་པ་དང་དོན་གསལ་བ་བརྗོད་པ་ལས་ན་ འདིས་དེ་ཁོ་ན་ངེས་པར་རྟོགས་སོ་ཞེས་ཤེས་རབ་ལ་གཞན་དག་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཚུལ་ཁྲིམས་ལ་སྟེ་ཞེས་བྱ་བ་ནི་ཡིད་ཆེས་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་ཞེ་ན་དེའི་ཕྱིར། བྱ་བ་མ་ཡིན་པ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། ། ཡང་དག་པའི་ལས་ཀྱི་མཐའ་ནི་ཉེས་པར་སྤྱོད་པ་དང་མི་མཐུན་པ་སྟེ། དེའི་ཕྱིར་དེ་དང་ལྡན་ན་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་དོ། །དེའི་ཕྱིར་འདིར་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་ནོ་ཞེས་ཡིད་ཆེས་པ་འབྱུང་ངོ་། །ཡང་དག་པའི་འཚོ་བས་ནི་ཡོ་བྱད་ བསྙུངས་པ་ལ་སྟེ་ཞེས་བྱ་བ་ནི་ཡིད་ཆེས་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་ཞེ་ན་དེའི་ཕྱིར། ཆོས་ཀྱིས་གོས་ལ་སོགས་པ་ཚོད་ཟིན་པར་ཚོལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འཚོ་བའི་ཡོ་བྱད་ཀྱི་ཕྱིར་ཚུལ་འཆོས་པ་ལ་སོགས་པའི་ཉེས་པ་མེད་པའི་ ལུས་དང་ངག་གིས་ཀུན་དུ་སྤྱོད་པ་ནི་ཡང་དག་པའི་འཚོ་བ་སྟེ། དེས་འདི་ལྟར་འདི་ནི་ལུས་གནས་པ་ཙམ་དུ་བྱ་བའི་ཕྱིར་རིགས་པ་དང་ཚོད་ཟིན་པར་ཆོས་གོས་ལ་སོགས་པ་ཚོལ་བས་ན་གདོན་མི་ཟ་བར་འདི་ནི་ཡོ་བྱད་རྣམས་ལ་སྲེད་པ་སྤངས་སོ་ཞེས་ཡོ་བྱད་བསྙུངས་པར་ཡིད་ཆེས་པར་ འགྱུར་རོ། །དེ་ལ་ཡང་དག་པའི་ལྟ་བས་ནི་མངོན་པའི་ང་རྒྱལ་མེད་པར་འགྱུར་ཏེ། རང་གི་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་རོ། །ཡང་དག་པའི་རྟོག་པས་ཀུན་ནས་བསླང་བའི་ཚིག་གིས་ནི་སེང་གེའི་སྒྲ་སྒྲོག་གོ། །ཡང་དག་པའི་ངག་དང་། ལས་ཀྱི་མཐའ་ དང་། འཚོ་བ་རྣམས་ཀྱིས་ནི་རང་གིས་དམ་བཅས་པ་ཡང་དག་པར་བརྗོད་དོ། །དེ་ལ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཡན་ལག་རྣམ་གསུམ་མི་ཤེས་ནས་དེའི་ཕྱིར། ཡང་དག་པའི་རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་སྨོས་སོ། །དེ་དག་ཀྱང་མི་མཐུན་པའི་ཕྱོགས་ གང་གི་གཉེན་པོ་ཡིན་ཞེ་ན། དེའི་ཕྱིར་དེ་དག་ནི་གོ་རིམས་བཞིན་དུ། ཉོན་མོངས་ཉེ་བའི་ཉོན་མོངས་དབང་། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་བྱ་བ་གསུངས་སོ། །དེ་ལ་དང་པོའི་གཉེན་པོ་ནི་ཡང་དག་པའི་རྩོལ་བ་སྟེ་ཞེས་བྱ་བ་ལ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་ པ་ནི་མི་མཐུན་པའི་ཕྱོགས་དང་པོ་སྟེ། དེའི་གཉེན་པོ་ནི་ཡང་དག་པའི་རྩོལ་བའོ། །ཇི་ལྟ་ཞེ་ན་དེའི་ཕྱིར། དེས་ཞེས་བྱ་བ་སྨོས་ཏེ། ཡང་དག་པའི་རྩོལ་བས་ལམ་བསྒོམ་པའི་ཕྱིར་རོ། །བྱིང་བ་དང་རྒོད་པ་དང་བྲལ་བའི་ཏིང་ངེ་འཛིན་གྱི་དུས་ཀྱི་བརྩོན་འགྲུས་ཡང་དག་པའི་ལྟ་བས་ བསྡུས་པ་ནི་ཡང་དག་པའི་རྩོལ་བ་སྟེ། དེས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བའི་ཕྱིར་དེའི་གཉེན་པོ་ལམ་བསྒོམ་མོ། །དེའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་སྒྲུབ་པས་ཡང་དག་པའི་རྩོལ་བ་ནི་དང་པོའི་གཉེན་པོ་ཞེས་བྱའོ། །ལམ་བསྒོམ་པ་དེ་ཉིད་ལ་གཉིས་པ་ ཉེ་བའི་ཉོན་མོངས་པ་བྱིང་བ་དང་རྒོད་པའི་མཚན་ཉིད་ནི་ཡང་དག་པའི་དྲན་པ་སྟེ་ཞེས་བྱ་བ་ནི་གཉེན་པོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་ཞེ་ན་དེའི་ཕྱིར། ཞི་གནས་ལ་སོགས་པའི་རྒྱུ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གནས་པས་བྱིང་བ་དང་རྒོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སོགས་པ་ཞེས་ བྱ་བའི་སྒྲས་ནི་རབ་ཏུ་འཛིན་པའི་རྒྱུ་དང་། བཏང་སྙོམས་ཀྱི་རྒྱུ་ཡིན་པར་ཤེས་པར་བྱའོ། །དེ་ལ་གཡེང་བའི་རྒྱུ་ཉེ་བར་ཞི་བར་བྱེད་པས་ཞི་གནས་སོ། །ཞི་གནས་ལ་སོགས་པའི་རྒྱུ་ནི་ཞི་གནས་ལ་སོགས་པའི་བྱེད་རྒྱུའོ། །དེ་ལ་སེམས་རྒོད་པའམ་རྒོད་དུ་དོགས་པ་ཞིག་ཏུ་གྱུར་ན། སྐྱོ་བར་ འགྱུར་བའི་དངོས་པོ་ཡིད་ལ་བྱེད་པ་ནི་ཞི་གནས་ཀྱི་རྒྱུའོ། །སེམས་བྱིང་བའམ། བྱིང་དུ་དོགས་པ་ཞིག་ཏུ་གྱུར་ན། མངོན་པར་དགའ་བར་གྱུར་པའི་དངོས་པོ་ཡིད་ལ་བྱེད་པ་ནི་རབ་ཏུ་འཛིན་པའི་རྒྱུའོ། །ཞི་གནས་ལ་གཅིག་ཏུ་ངེས་པའི་ལམ་མམ། ལྷག་མཐོང་ལ་གཅིག་ཏུ་ངེས་ པའམ། ཟུང་དུ་འབྲེལ་བས་འཇུག་པའང་རུང་སྟེ། ཉེ་བའི་ཉོན་མོངས་པ་དེ་གཉིས་ཀྱིས་ཉེ་བར་ཉོན་མོངས་པར་གྱུར་པ་ལ་ལྷུན་གྱིས་གྲུབ་པ་ཡིད་ལ་བྱེད་པ་ནི་བཏང་སྙོམས་ཀྱི་རྒྱུའོ། །མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་རང་བཞིན་གྱི་དབང་འབྱོར་པའི་མི་མཐུན་པའི་ཕྱོགས་གང་ཡིན་པ་ནི། སྙོམས་པར་འཇུག་པའི་སྒྲིབ་པའི་རང་བཞིན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ། །གསུམ་པ་ནི་དེའི་ཡང་དག་པའི་ཏིང་ངེ་འཛིན་ཏེ་གཉེན་པོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་ཞེ་ན་དེའི་ཕྱིར། བསམ་གཏན་ལ་གནས་ནས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་བསྒྲུབ་ པའི་ཕྱིར་རོ་ཞེས་སྨོས་སོ། །བསམ་གཏན་ནི་ཡོན་ཏན་ཁྱད་པར་ཅན་ཐམས་ཅད་མངོན་པར་བསྒྲུབ་པའི་གནས་ཡིན་ཏེ། དེ་བས་ན་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པའི་མཐུན་པའི་ཕྱོགས་སུ་གྱུར་པ་ནི། སྙོམས་པར་འཇུག་པའི་སྒྲིབ་པའི་གཉེན་པོའོ། །དེ་བས་ན་ དེ་ལྟར་ཡང་དག་པའི་རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་སྟོན་ཏོ། །ཡང་དག་པའི་དྲན་པས་ནི་ཏིང་ངེ་འཛིན་ཡོངས་སུ་དག་པའོ། །ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བའོ། །གཉེན་པོ་བསྒོམ་པ་མདོར་བསྡུས་ན་རྣམ་པ་གསུམ་དུ་རིག་ པར་བྱ་སྟེ་ཞེས་བྱ་བ་ནི། རྩོམ་པ་དང་ཐོབ་པ་དང་གྲུབ་པའི་བྱེ་བྲག་གིས་སོ། །རྒྱས་པར་བྱས་ན་རྣམ་པ་དུ་མ་ཡོད་དོ། །དེ་ཇི་ལྟ་ཞེ་ན། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་རྒྱ་ཆེར་འབྱུང་བ་དེ་ལ། ཕྱིན་ཅི་མ་ལོག་པའི་རྗེས་སུ་མཐུན་པ་ལ་ཕྱིན་ཅི་ལོག་པ་ཞེས་བྱ་བ་ལ། ཕྱིན་ཅི་མ་ལོག་པ་ནི་མཐོང་བའི་ལམ་སྟེ། དེ་ཁོ་ན་ཡུལ་ཡིན་པའི་ཕྱིར་རོ། །དེའི་རྗེས་སུ་མཐུན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་རྗེས་སུ་མཐུན་པའོ། །འདི་ནི་སོ་སོའི་སྐྱེ་བོའི་སྒོམ་པ་ཡིན་པས་དེ་ཁོ་ན་ཡུལ་དུ་མ་གྱུར་པའི་ཕྱིར་ཕྱིན་ཅི་ལོག་སྟེ། སོ་སོའི་སྐྱེ་བོས་ཉོན་མོངས་པ་རྣམས་མ་ལུས་པ་ མ་སྤངས་པའི་ཕྱིར་རོ། །ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིན་ཅི་ལོག་མེད་པའི་རྗེས་སུ་མཐུན་པར་འགྱུར་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ལས་བྱུང་བའི་ཕྱིར་རོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནས་བརྩམས་ཏེ། སྟོབས་ བསྒོམ་པའི་བར་དུའོ། །ཕྱིན་ཅི་ལོག་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་པ་ཞེས་བྱ་བ་འདི་ནི་སློབ་མ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང་། ལམ་བསྒོམ་པ་སྟེ། དེ་ཁོ་ན་ཡུལ་དུ་གྱུར་པས་ན་ཕྱིན་ཅི་ལོག་མེད་པའོ། །བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཡོད་པའི་ཕྱིར་ཕྱིན་ ཅི་ལོག་རྗེས་སུ་འབྲེལ་པའོ། །ཕྱིན་ཅི་ལོག་ཀྱང་མེད་ལ་ཕྱིན་ཅི་ལོག་ཀྱང་རྗེས་སུ་འབྲེལ་བ་ཡང་མེད་པ་ཞེས་བྱ་བ་འདི་ནི་དགྲ་བཅོམ་པ་མི་སློབ་པའི་བསྒོམ་པ་སྟེ། དེ་ཁོ་ན་ཡུལ་དུ་གྱུར་པས་ན་ཕྱིན་ཅི་ལོག་མེད་པའོ། །དགྲ་བཅོམ་པས་ནི་དྲི་མ་རྣམས་མ་ལུས་པར་སྤངས་པའི་ཕྱིར་ཕྱིན་ཅི་ ལོག་རྗེས་སུ་འབྲེལ་བ་མེད་དོ། །ད་ནི་ཉན་ཐོས་རྣམས་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉེན་པོ་བསྒོམ་པ་ཁྱད་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །དམིགས་དང་ཡིད་ལ་བྱེད་པ་དང་། །འཐོབ་པས་དེ་ནི་ཁྱད་པར་འཕགས། །ཞེས་བྱ་བ་སྨོས་ཏེ། དེ་ལ་དམིགས་པ་ཁྱད་པར་དུ་འཕགས་པ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་རང་གི་རྒྱུད་དུ་གཏོགས་པའི་ལུས་ལ་སོགས་པ་ཞེས་བྱ་བ་སྟེ། ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་དམིགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་ སོ་ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་དམིགས་སོ། །ཅིའི་ཕྱིར་དམིགས་པ་ཐ་དད་ཅེ་ན། འདི་ལྟར་ཉན་ཐོས་ལ་སོགས་པ་ནི་རང་གི་དོན་གྱི་དབང་དུ་བྱས་ནས་གཉེན་པོ་བསྒོམ་པ་ལ་འཇུག་གོ། །བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་གྱི་དོན་གྱི་དབང་དུ་མཛད་ པའི་ཕྱིར་རོ། །མི་རྟག་པ་ལ་སོགས་པའི་རྣམ་པར་ཞེས་བྱ་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པའི་རྣམ་པར་རོ། །ཅིའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་སོགས་པ་དེ་ལྟར་ཡིད་ལ་བྱེད་ཅེ་ན། དེ་དག་ལ་སྐྱོ་བར་བྱེད་པའི་ཕྱིར་ཏེ། སྐྱོ་བར་མ་གྱུར་པ་དེ་ དག་འབྲལ་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དམིགས་པའི་ཚུལ་དུའོ་ཞེས་བྱ་བ་ནི་བརྟགས་པའི་ངོ་བོ་ཉིད་དམིགས་པའི་རྣམ་པར་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་དེ་ལྟར་ཡིད་ལ་མཛད་ཅེ་ན། རྣམ་པར་རྟོག་པ་ཐམས་ཅད་སྤང་བའི་ཕྱིར་ཏེ། འདི་ནི་དེ་དག་གི་ཁྱད་ པར་ཞེས་བྱའོ། །མི་དམིགས་པའི་ཚུལ་འབའ་ཞིག་ཏུ་ཡིད་ལ་མཛད་པ་ཡང་མ་ཡིན་གྱི། མི་རྟག་པ་ལ་སོགས་པའི་རྣམ་པར་ཡང་ཡིད་ལ་མཛད་དེ། དེ་ལྟར་ན་ཡིད་ལ་བྱེད་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་སོ། །ཅི་ནས་ཀྱང་ལུས་ལ་སོགས་པ་དང་འབྲལ་བར་བྱ་བའི་ཕྱིར་ཞེས་ བྱ་བ་ནི་ལུས་ལ་སོགས་པ་དང་བྲལ་བ་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དང་། དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན། མི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལུས་ ལ་སོགས་པ་དང་ཤིན་ཏུ་བྲལ་བ་དང་མ་བྲལ་ན་ཡང་སེམས་ཅན་གྱི་དོན་བྱ་བར་མི་ནུས་པར་འགྱུར་ཏེ། ཉོན་མོངས་པ་ཟད་པ་དང་། སེམས་ཅན་ཕལ་པ་བཞིན་ནོ། །གལ་ཏེ་འབྲལ་བའི་ཕྱིར་ཡང་མ་ཡིན་མི་འབྲལ་བའི་ཕྱིར་ཡང་མ་ཡིན་ན་ཅིའི་ཕྱིར་གཉེན་པོ་རྣམས་བསྒོམ་ཞེ་ན་དེའི་ཕྱིར། ཅི་ནས་ ཀྱང་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་བསྒོམ་མོ་ཞེས་བྱ་བ་སྨོས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་དེ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཚེ་ན་ནི་ལས་དང་སྐྱེ་བ་ལ་དབང་བ་ལ་གནས་ནས་སྙིང་རྗེ་དང་ལྡན་པའི་ཕྱིར་འཁོར་བར་སྐྱེ་བ་ཡང་ཤེས་རབ་ཀྱི་སྟོབས་ཀྱིས་དེར་ཀུན་ནས་ ཉོན་མོངས་པར་མི་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །འཁོར་བ་ན་གནས་ཀྱང་སོ་སོའི་སྐྱེ་བོ་བཞིན་དུ་ཉོན་མོངས་པར་ཡང་མི་འགྱུར་ལ། ཉན་ཐོས་ལ་སོགས་པ་བཞིན་དུ་ཉེ་བར་ལེན་པ་མེད་པའི་མྱ་ངན་ལས་ འདས་པར་ཡང་མི་འགྱུར་རོ། །དེ་བཞིན་གཤེགས་པའི་དུས་ན་ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་འཁོར་བ་ལ་མི་གནས་ལ། ཆོས་ཀྱི་སྐུ་རྒྱུན་མི་འཆད་ཅིང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གཉིས་ཀྱིས་འཇིག་རྟེན་ཇི་སྲིད་པ་དེ་སྲིད་དུ་གཞན་གྱི་དོན་མཛད་པའི་ཕྱིར། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་ཡང་མི་གནས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉེན་པོ་བསྒོམ་པ་འདི་ནི་དམིགས་པ་དང་ཡིད་ལ་བྱེད་པ་དང་འབྲས་བུའི་ཁྱད་པར་རྣམས་ཀྱིས་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་སོ། །གཉེན་པོ་བསྒོམ་པ་ བཤད་ཟིན་ཏོ། །གཉེན་པོ་བསྒོམ་པའི་འོག་ཏུ་དེའི་གནས་བཤད་དེ། དེའི་ཕྱིར་དེའི་གནས་གང་ཞེ་ན་ཞེས་དྲིས་སོ། །དེའི་ཞེས་བྱ་བ་ནི་གཉེན་པོ་བསྒོམ་པ་དེའི་སྟེ། དེའི་ཕྱིར། རྒྱུ་ཡི་གནས་སྐབས་ཞུགས་པ་དང་། །ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་རྒྱུའི་གནས་ནི་གང་རིགས་ལ་གནས་ པའི་གང་ཟག་གོ་ཞེས་བྱ་བ་ལ། རིགས་ནི་རྒྱུ་དང་ས་བོན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གང་རིགས་ཉིད་དུ་གྱུར་གྱི་སེམས་བསྐྱེད་པ་ལ་སོགས་པ་ལ་མ་ཡིན་ཏེ། དེ་ནི་འདིར་རིགས་ལ་གནས་པར་འདོད་དོ། །དེ་ནི་གོང་མའི་གནས་རྣམས་སུ་རྗེས་སུ་འཇུག་སྟེ་མི་ལྡོག་གོ། །ཁ་ཅིག་ན་དེ་རིགས་དེ་ ཡང་དགེ་བའི་རྩ་བའི་རང་བཞིན་ནོ་ཞེས་ཟེར་ཏེ། དགེ་བའི་རྩ་བ་ཉིད་ལ་ཁ་ཅིག་ནི་ཉན་ཐོས་ཀྱི་རིགས་ཞེས་བྱ་བ་ནས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་ཀྱི་བར་དུའོ་ཞེའོ། །ཁ་ཅིག་ན་རེ་སོ་སོའི་སྐྱེ་བོའི་གནས་ལས་བརྩམས་ཏེ། དབང་པོའི་བྱེ་བྲག་ལ་རིགས་ཞེས་བྱ་སྟེ། སེམས་ ཀྱི་ས་བོན་གྱི་མཐུ་ལ་རིགས་ཞེས་དེ་སྐད་ཀྱང་ཟེར་ཏེ་དེ་ཡོད་ན་སོ་སོའི་སྐྱེ་བོའི་དུས་དང་སློབ་པའི་དུས་ན་ཉན་ཐོས་ཀྱི་རིགས་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའི་རིགས་ཀྱི་བར་དུའོ་ཞེའོ། །མི་སློབ་པའི་དུས་ན་ནི་ཉན་ཐོས་ཤེའམ། རང་སངས་རྒྱས་ཤེའམ། སངས་རྒྱས་ཞེས་བྱ་སྟེ། དེ་ནི་ གནས་སྐབས་ཀྱི་མཐར་ཐུག་པའི་ཕྱིར་དེ་ནི་རིགས་མ་ཡིན་ནོ། །དེ་ཡང་ཉན་ཐོས་ལ་སོགས་པའི་བྱེ་བྲག་གིས་གསུམ་དུ་དབྱེའོ། །ངེས་པ་དང་མ་ངེས་པའི་བྱེ་བྲག་གིས་དྲུག་ཏུ་འགྱུར་རོ། །ཞུགས་པའི་གནས་ནི་སེམས་བསྐྱེད་པའོ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་ པའི་རིགས་རྣམས་དང་གོ་རིམས་བཞིན་དུ། ཉན་ཐོས་དང་རང་སངས་རྒྱས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པས་རྣམ་པ་གསུམ་དུ་འགྱུར་རོ། །དེ་ནི་སྦྱོར་བའི་རྩ་བར་གྱུར་པའི་ཕྱིར་དེ་བྱུང་ན་སྦྱོར་བར་ཞུགས་པ་ཡིན་པས་ན། དེ་བསྐྱེད་པ་ལ་སྦྱོར་བར་ཞུགས་པའི་ གནས་ཞེས་བྱའོ། །དེའི་ཕྱིར་སྦྱོར་བའི་གནས་ནི་སེམས་བསྐྱེད་ནས་འབྲས་བུ་མ་ཐོབ་ཚུན་ཆད་དོ་ཞེས་བྱ་བ་སྟེ། སེམས་བསྐྱེད་པའི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་ནས་སྟོབས་བསྒོམ་པ་ལ་ཐུག་གི་བར་དུ། དགེ་བའི་རྩ་བ་ཡང་དག་པར་བརྩམས་ཤིང་ཐོག་མའི་འབྲས་བུ་ཐོབ་ པར་བྱེད་པའི་ཐབས་ཡིན་པས་དེ་ལ་སྦྱོར་བ་ཞེས་བྱའོ། །ཇི་ལྟར་རྒྱུན་དུ་ཞུགས་པའི་གནས་ལ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའི་གནས་ཞེས་བཤད་ཅེ་ན། དེའི་རྒྱུ་ཡིན་པའི་ཕྱིར་དེ་བས་ན་འདི་སྐད་དུ་རིགས་ནས་སེམས་བསྐྱེད་པ་ཞེས་བྱ་བ་ཕྱི་མ་ཕྱི་མ་འབྲས་བུའོ་ཞེས་བྱ་བ་ལ་སོགས་པ་བཤད་ དོ། །འབྲས་བུའི་གནས་ནི་ཐོབ་པའོ་ཞེས་བྱ་བ་ནི་དང་པོའི་འབྲས་བུ་སྟེ། འབྲས་བུའི་ཕྱིར་སྦྱོར་རོ། །དེ་བས་ན་སྦྱོར་བའི་འོག་ཏུ་འབྲས་བུའི་གནས་སོ། །བྱ་བ་མེད་པའི་གནས་ནི་མི་སློབ་པའོ་ཞེས་བྱ་བའོ། །ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་མི་སློབ་པ་སྟེ། དེའི་འབྲས་ བུ་རྣམས་ཡོངས་སུ་རྫོགས་པས་ན། འབྲས་བུ་གཞན་ཐོབ་པར་བྱ་བ་མེད་པའི་ཕྱིར་བྱ་བ་མེད་པའི་གནས་སོ། །ཁྱད་པར་གྱི་གནས་ནི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་གྱི་ཁྱད་པར་དང་ལྡན་པའོ་ཞེས་བྱ་བ་ནི་དགྲ་བཅོམ་པར་མཚུངས་པ་ལས་མངོན་པར་ཤེས་པ་ལ་ སོགས་པ་ཡོན་ཏན་གྱི་ཁྱད་པར་རྣམས་དང་ལྡན་པས། གཞན་ལས་ཁྱད་ཞུགས་པར་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་བསྒྲུབ་པའི་གནས་ལ་ཁྱད་པར་གྱི་གནས་ཞེས་བྱའོ། །བླ་མའི་གནས་ནི་ཉན་ཐོས་ལ་སོགས་པ་བས། སར་ཞུགས་པའི་བྱང་ཆུབ་སེམས་ དཔའོ་ཞེས་བྱ་བ་ནི། བདག་དང་གཞན་གྱི་དོན་བྱེད་པ་འཇིག་རྟེན་ལས་འདས་པའི་ལམ་བདག་མེད་པ་གཉིས་རྟོགས་པར་བྱེད་པ་ཐོབ་པས། དེ་ལས་གཞན་པའི་ཐེག་པའི་བླ་མར་གྱུར་པས་ན། གནས་དེ་ལ་བླ་མའི་གནས་ཞེས་བྱའོ། །བླ་ན་མེད་པའི་གནས་ནི་སངས་ རྒྱས་ཏེ། ཅིའི་ཕྱིར་ཞེ་ན་དེའི་ཕྱིར། དེའི་གོང་ན་གནས་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡོན་ཏན་དང་ཉེས་པ་ཐམས་ཅད་ཕུལ་དུ་ཕྱིན་པ་དང་བརྩལ་བའི་མཐར་ཕྱིན་པས་ན་སངས་རྒྱས་སུ་གྲུབ་པ་སྟེ། དེའི་གོང་དུ་ཁྱད་པར་ཅན་གྱི་གནས་གཞན་མེད་པས་དེ་ཉིད་ལ་བླ་ན་མེད་པ་ཞེས་བྱའོ། ། དེ་སྙེད་དུ་བཤད་པས་གནས་མ་ལུས་པར་ཡོངས་སུ་རྫོགས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཅུ་གཅིག་ཏུ་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། མོས་པས་སྤྱོད་པ་ལ་སོགས་པའི་གནས་ནས། དབང་བསྐུར་བའི་གནས་ལ་ཐུག་གི་བར་དུ་ཡང་བཤད་དོ། །སངས་རྒྱས་རྣམས་ཀྱི་སྐུ་གསུམ་ རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། ཕྱི་མའི་གནས་ལ་སོགས་པ་ཡང་གསུམ་དུ་བསྟན་ཏེ། །དེ་ལ་རྒྱུ་དང་ཞུགས་པའི་གནས་ནི་བྱང་ཆུབ་སེམས་དཔའ་དང་གཞན་དག་ཐུན་མོང་པར་རིག་པར་བྱའོ། །དེ་ལ་མོས་པའི་གནས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པས་སྤྱོད་པའི་ས་ཐམས་ ཅད་དོ་ཞེས་བྱ་བ་ནི་སེམས་བསྐྱེད་ནས་ས་ལ་མ་ཞུགས་ཚུན་ཆད་དེ། བར་དེར་དེ་ཁོ་ན་མ་མཐོང་ཡང་དེ་ཁོ་ན་མཐོང་བ་དང་འདྲ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མོས་པས་ངོ་བོ་ཉིད་གསུམ་གྱི་སྒོ་ནས་ཆོས་རྣམས་སྒྲུབ་ཅིང་། དེ་ལས་གཞན་པ་སེམས་ཅན་རྣམས་ཀྱི་བྱ་དཀའ་ བ་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་སངས་རྒྱས་སུ་འགྲུབ་པའི་ཚོགས་རྣམས་ལ་འཇུག་པ་སྟེ། དེ་བས་ན་གནས་མོས་པས་རབ་ཏུ་ཕྱེ་བ་ཡིན་པས་མོས་པས་སྤྱོད་པ་ཞེས་བྱའོ། །དེ་ཡང་བསྐལ་པ་གྲངས་མེད་པའམ་དེ་བས་ལྷག་པའོ། །འཇུག་པའི་གནས་ནི་ས་དང་པོའོ་ཞེས་བྱ་ བ་ནི་ངོ་བོ་ཉིད་གསུམ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས། དང་པོ་ཁོ་ནར་དེ་ཁོ་ན་རང་གིས་རིག་ཅིང་རྟོགས་པས་ན་འཇུག་པའི་གནས་ཞེས་བྱ་སྟེ། འདི་ཉིད་ནི་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་མོ། །ངེས་པར་འབྱུང་བའི་གནས་ནི་དེའི་གོང་མ་ས་དྲུག་པོ་དག་གོ་ཞེས་བྱ་བ་ནི་ བསྒོམ་པས་སྤང་བར་བྱ་བའི་མཚན་མ་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པ་སྤངས་པའི་མཐར་ཐུག་པར་འགྲོ་བ་དང་རྩོལ་བ་དང་བཅས་པའི་སྦྱོར་བའི་མཐར་ཐུག་པར་འགྲོ་བའི་ཕྱིར། ས་འདི་དག་ལ་ངེས་པར་འབྱུང་བའི་གནས་ཞེས་བྱའོ། །ལུང་བསྟན་པའི་གནས་ནི་ས་བརྒྱད་པའོ་ཞེས་བྱ་ བ་ནི་མཚན་མ་ཐམས་ཅད་ལ་འབད་པ་དང་འདུ་ཤེས་རྣམ་པ་ཐམས་ཅད་དུ་བྲལ་བས་ས་བརྒྱད་པ་ནི་སངས་རྒྱས་སུ་འགྲུབ་པར་ངེས་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་སུམ་དུ་ལུང་བསྟན་པས་ལུང་སྟོན་ཏོ། །བརྗོད་པའི་གནས་ནི་དགུ་པའོ་ཞེས་བྱ་བ་ནི་ས་ དགུ་པར་ཉན་ཐོས་དང་རང་སངས་རྒྱས་རྣམ་པས་སོ་སོ་ཡང་དག་པར་རིག་པ་བཞི་ཁྱད་པར་དུ་འཕགས་པ་རྙེད་པས་ན་བླ་ན་མེད་པའི་ཆོས་ཆེན་པོ་བརྗོད་པ་ཡིན་ནོ། །དབང་བསྐུར་བའི་གནས་ནི་བཅུ་པའོ་ཞེས་བྱ་བ་ནི་ས་བཅུ་པ་ལ་བྱང་ཆུབ་སེམས་དཔའི་ལམ་གྱི་མཐར་ཕྱིན་པས་ན། ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ན་རྣམ་པར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འོད་ཟེར་དག་གིས་མངོན་པར་དབང་བསྐུར་བས་དབང་བསྐུར་བའོ། །ཕྱིན་པའི་གནས་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་སྤངས་པ་དང་། དེའི་གཉེན་པོ་ ཟག་པ་མེད་པའི་ཆོས་ཀྱི་ས་བོན་རབ་ཏུ་རྒྱས་པས་གནས་གྱུར་པའི་རང་བཞིན་ཆོས་ཐམས་ཅད་ལ་དབང་བྱེད་པ། ཀུན་གཞི་མེད་པ་ཞེས་བྱ་བ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །དེས་ན་ཆོས་རྟོགས་པར་བྱ་བའི་མཐར་ཕྱིན་པས་ན་ཕྱིན་པའི་གནས་ཞེས་བྱའོ། །གཞན་དག་ན་རེ་གློ་བུར་གྱི་ དྲི་མ་མ་ལུས་པར་བསྩལ་བས་ཆོས་ཀྱི་དབྱིངས་རབ་ཏུ་རྣམ་པར་དག་པ་ཉིད་ནི་ཆོས་ཀྱི་སྐུ་ཡིན་པས་ཆོས་ཀྱི་སྐུའོ་ཞེས་ཟེར་རོ། །གཞན་དག་ན་རེ་ཤེས་བྱ་ཐམས་ཅད་ལ་ཡང་ཆགས་པ་མེད་པ་དང་ཐོགས་པ་མེད་པར་འཇུག་པའི་ཡེ་ཤེས་ཁྱད་པར་ཅན་ནི་ཆོས་ཀྱི་སྐུའོ། །ཕན་ཡོན་གྱི་གནས་ནི་ལོངས་སྤྱོད་ རྫོགས་པའི་སྐུའོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་གང་ལ་བཞུགས་ནས་མངོན་པར་རྫོགས་པར་བྱང་ཆུབ་སྟེ། སྐུ་དེ་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་རྣམས་ནི་ཆོས་ཀྱི་འགྲོ་བ་མྱོང་བར་འགྱུར་བ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། ། བྱ་བ་སྒྲུབ་པའི་གནས་ནི་སྤྲུལ་པའི་སྐུའོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུ་ལ་བརྟེན་ནས་སེམས་ཅན་གྱི་བསམ་པ་ལ་གཟིགས་ཏེ། འདུལ་བའི་ཕྱིར་བྱ་བ་ལ་ཞུགས་པ་དང་རབ་ཏུ་དབྱེ་བ་མཐའ་ཡས་པ་ནི་སྤྲུལ་པའི་སྐུའོ། །གནས་རྣམ་པ་མང་པོ་འདི་ཐམས་ཅད་ཀྱང་མདོར་ བསྡུ་ན་ཆོས་ཀྱི་དབྱིངས་ལ་རྣམ་པ་གསུམ་སྟེ་ཞེས་བྱ་བར་རིག་པར་བྱའོ། །ཇི་ལྟ་ཞེ་ན་དེའི་ཕྱིར། མ་དག་མ་དག་དག་པ་དང་། །རྣམ་པར་དག་པ་ཅི་རིགས་སྦྱར། །ཞེས་བྱ་བ་གསུངས་སོ། །དེ་ལ་མ་དག་པའི་གནས་ནི་རྒྱུའི་གནས་ནས་ཉེ་བར་བཟུང་སྟེ་སྦྱོར་བའི་བར་དུའོ་ཞེས་བྱ་བ་ནི་རྒྱུ་དང་ ཞུགས་པ་དང་སྦྱོར་བ་དང་མོས་པའི་གནས་རྣམས་བཟུང་ངོ་། །གནས་དེ་དག་ནི་ཆོས་ཀྱི་དབྱིངས་དྲི་མ་མ་ལུས་པར་མ་སྤངས་པས་ན་མ་དག་པའི་གནས་ཞེས་བྱའོ། །མ་དག་པ་དང་དག་པའི་གནས་ནི་སློབ་པ་རྣམས་སོ་ཞེས་བྱ་བ་ནི་འདིར་ཡང་འབྲས་བུའི་ཁྱད་པར་དང་བཅས་པ་དང་། ཁྱད་ པར་ཅན་དང་། བླ་མ་དང་བཅས་པ་དང་། འཇུག་པ་དང་། ངེས་པར་འབྱུང་བ་དང་། ལུང་བསྟན་པ་དང་། བརྗོད་པ་དང་། དབང་བསྐུར་བའི་གནས་རྣམས་བཟུང་སྟེ། གནས་འདི་དག་ན་ཡང་ཆོས་ཀྱི་དབྱིངས་ལ་ཉོན་མོངས་པ་སྤངས་པ་དང་། མ་སྤངས་པའི་ཕྱིར་མ་དག་པ་དང་དག་པ་ ཞེས་བྱའོ། །རྣམ་པར་དག་པའི་གནས་ནི་མི་སློབ་པ་རྣམས་སོ་ཞེས་བྱ་བ་ནི་བྱ་བ་མེད་པ་དང་། ཁྱད་པར་ཅན་དང་། བླ་ན་མེད་པ་དང་། ཕྱིན་པ་དང་། ཕན་ཡོན་དང་། བྱ་བ་སྒྲུབ་པའི་གནས་རྣམས་ལ་རྣམ་པར་དག་པའི་གནས་ཞེས་བྱ་སྟེ། མི་སློབ་པ་རྣམས་ནི་ཉོན་མོངས་པ་མ་ལུས་ པར་སྤངས་པའི་ཕྱིར་རོ། །གནས་འདི་དག་ནི་སོ་སོའི་སྐྱེ་བོ་དང་། སློབ་པ་དང་མི་སློབ་པ་རྣམས་ལ་རྣམ་པར་གཞག་གོ། །དེ་དག་གི་རྣམ་པར་གཞག་པ་རྣམ་པ་མང་པོ་དེ་ཇི་ལྟར་རྣམ་པར་རིག་པར་བྱ་ཞེ་ན་དེའི་ཕྱིར། འདི་ལས་ཇི་ལྟར་འོས་འོས་སུ། །གང་ཟག་རྣམ་པར་གཞག་པར་ འདོད། །ཅེས་བྱ་བ་གསུངས་སོ། །འདི་ལས་ཞེས་བྱ་བ་ནི་གནས་རབ་ཏུ་དབྱེ་བ་ལས་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་འོས་འོས་སུ་ཞེས་བྱ་བ་ནི་ཇི་ལྟར་མཐུན་པ་སྟེ། འདི་ནི་རིགས་ལ་གནས་པའོ། །འདི་ནི་ཞུགས་པའོ་ཞེས་བྱ་བ་ལ་སོགས་པའོ། །སོགས་པ་སྨོས་པས་ནི་ འདི་ནི་སྦྱོར་བའོ། །རྒྱུན་དུ་ཞུགས་པའོ། །ལན་ཅིག་ཕྱིར་འོང་བའོ། །ཕྱིར་མི་འོང་བའོ། །དགྲ་བཅོམ་པའོ། །རྒྱན་དང་བཅས་པའོ། །བྱང་ཆུབ་སེམས་དཔའོ། །དེ་བཞིན་གཤེགས་པའོ། །མོས་པས་སྤྱོད་པའོ། །ལྷག་པའི་བསམ་པ་དག་པ་ལ་སྤྱོད་པའོ། །ངེས་ པར་འབྱུང་བའོ། །ལུང་སྟོན་པའོ། །ཆོས་བརྗོད་པའོ། །དབང་བསྐུར་བའོ། །བྱང་ཆུབ་ཐོབ་པའོ། །ལོངས་སྤྱོད་པའོ། །གཞན་གྱི་དོན་མཛད་པའོ་ཞེས་བྱ་བ་དག་གོ