Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 124

Văn bản gốc(Tây Tạng)

Trang 21 / 23 (50.000 ký tự/trang)
ས་ཆེ་བ་ཡིན་ཏེ། དེ་ལ་སྒྲུབ་པ་ཁྱད་པར་ཅན་ཞེས་བྱའོ། །དེ་བཞིན་དུ་ས་བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །ས་དེ་དང་དེར་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཐམས་

ཅད་ལ་ཡང་། ཁྱད་པར་མེད་པར་ཡང་དག་པར་སྒྲུབ་པ་ནི་དེ་དག་ལ་སྒྲུབ་པ་ཁྱད་པར་མེད་པ་ཞེས་བྱ་སྟེ། ཇི་སྐད་དུ་ས་རབ་ཏུ་དགའ་བ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ནུས་ཀྱི་འོས་སུ་ཡང་དག་པར་མི་སྒྲུབ་པ་མ་ཡིན་
ནོ་ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ས་ལྷག་མ་རྣམས་ལ་ཡང་མདོ་ལས་ཇི་སྐད་བཤད་པ་བཞིན་དུ་རིག་པར་བྱའོ། །སྒྲུབ་པ་བླ་ན་མེད་པ་ཉིད་བཤད་ཟིན་ཏོ། །ད་ནི་དམིགས་པ་བླ་ན་མེད་པ་ཉིད་བཤད་པའི་སྐབས་སུ་བབ་སྟེ། དེའི་ཕྱིར་དམིགས་པ་བླ་ན་མེད་པ་ཉིད་
གང་ཞེ་ན་ཞེས་བྱ་བ་སྨོས་སོ། །དེའི་འོག་ཏུ་དེ་དམིགས་ཀྱིས་དབྱེ་བའི་ཕྱིར། རྣམ་པར་གཞག་དང་དེ་བཞིན་དབྱིངས། །ཞེས་རྒྱ་ཆེར་གསུངས་སོ། །དམིགས་པ་ནི་རྣམ་པ་བཅུ་གཉིས་པོ་འདི་དག་སྟེ། རྣམ་པར་གཞག་པའི་དམིགས་པ་ནས། ཕུལ་དུ་བྱུང་བའི་དམིགས་པའི་བར་དུའོ། །དེ་
མ་ཡིན་པའི་དམིགས་པ་གཞན་ཐམས་ཅད་པས་མཆོག་ཡིན་པས་ན། དམིགས་པ་བླ་ན་མེད་པ་ཉིད་ཅེས་བྱའོ། །དེ་ལ་དང་པོ་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་གང་དག་སྟེ། དེ་དག་ཀྱང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ལ་ཕན་གདགས་པའི་ཕྱིར། རྣམ་པར་
གཞག་པས་ན་རྣམ་པར་གཞག་པའོ། །དེ་ཉིད་བསྟན་པའི་ཕྱིར་འགྲེལ་པ་བྱེད་པས་ཀྱང་ཆོས་བརྟགས་པ་རྣམ་པར་གཞག་པའི་དམིགས་པ་ཞེས་བྱ་བ་སྨོས་སོ། །ཆོས་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། ཕུང་པོ་ལ་སོགས་པ་བརྟགས་པ་སྟེ། འདིས་རྣམ་པར་
གཞག་པའམ་ཡང་ན་དེ་འདིར་གཞག་པས་ན། ཆོས་བརྟགས་པ་རྣམ་པར་གཞག་པའོ། །མངོན་པར་རྟོགས་པ་དང་མཐུན་པའི་ཕྱིར། འདིར་རྣམ་པར་གཞག་པའི་དམིགས་པ་ལ་སོགས་པའི་གོ་རིམས་སུ་བལྟའོ། །གཉིས་པ་དེ་ནི་དེ་བཞིན་ཉིད་དེ་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སུ་གཏོགས་
པའི་ཕྱིར་རོ། །གསུམ་པ་དང་བཞི་པ་ཞེས་བྱ་བ་དེ་ལ། གསུམ་པ་ནི་སྒྲུབ་པའི་དམིགས་པའོ། །བཞི་པ་ནི་སྒྲུབ་པའི་དམིགས་པའོ། །དེ་དག་ཉིད་ལ་ཞེས་བྱ་བ་ནི་དང་པོ་དང་གཉིས་པའོ། །གོ་རིམས་བཞིན་ཏེ་ཞེས་བྱ་བ་ལ་དང་པོ་ནི་སྒྲུབ་པའི་དམིགས་པའོ། །གཉིས་པ་ནི་སྒྲུབ་པའི་

དམིགས་པ་སྟེ། འདིར་རྒྱུ་སྨོས་པ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་བྱ་བའོ། །ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་ཟག་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་མངོན་པར་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་སྟེ།
དང་པོ་ནི་སྒྲུབ་པའི་དམིགས་པའོ། །གཉིས་པ་ནི་སྒྲུབ་པའི་དམིགས་པའོ། །ལྔ་པ་ནི་འཛིན་པའི་དམིགས་པ་སྟེ། ཐོས་པ་ལས་བྱུང་བའི་ཤེས་པའི་དམིགས་པའོ། །ཐོས་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་དང་། ཆོས་ཀྱི་དབྱིངས་འཛིན་པས་ན། ཐོས་པ་ལས་
བྱུང་བའི་ཤེས་པ་ནི་འཛིན་པ་ཞེས་བྱའོ། །འཛིན་པའི་དམིགས་པ་ནི་འཛིན་པའི་དམིགས་པ་སྟེ། དེ་ཡང་དང་པོ་དང་གཉིས་པ་དེ་ཉིད་དེ། རྣམ་པར་གཞག་པ་དང་ཆོས་ཀྱི་དབྱིངས་ཀྱི་དམིགས་པའོ། །དྲུག་པ་ནི་བསམ་པ་ལས་བྱུང་བ་སྟེ། རྟོགས་ནས་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི།
ལྟོས་པ་དང་བྱ་བ་བྱེད་པ་དང་། འཐད་པ་སྒྲུབ་པ་དང་། ཆོས་ཉིད་ཀྱི་རིགས་པ་རྣམས་ཀྱིས་ཐོས་པའི་དོན་ཁོང་དུ་ཆུད་ནས་འཛིན་པའི་ཕྱིར་རོ། །ངེས་པར་འཛིན་པ་ནི་བསམས་པ་ལས་བྱུང་བའི་ཤེས་པ་སྟེ། དེའི་ངེས་པ་ནི་ངེས་པར་འཛིན་པའི་དམིགས་པའོ། །བདུན་པ་ནི་བསྒོམས་
པ་ལས་བྱུང་བ་སྟེ་ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བ་དང་སྦྱར་རོ། །སོ་སོ་རང་གིས་རིག་པའི་ཕྱིར་རོ་ཞེས་བྱ་བ་ནི། སོ་སོ་རང་གིས་དོན་འཛིན་པས་ན་རབ་ཏུ་འཛིན་པ་སྟེ། ས་དང་པོ་ལ་འཇུག་པར་སྦྱོར་བ་ཅན་བསྒོམས་པ་ལས་བྱུང་བའི་ཤེས་པའོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་ནས་
བརྩམས་ནས་སྟོབས་ཀྱི་བར་དུ་སྟེ། དེའི་དམིགས་པ་ནི་རབ་ཏུ་འཛིན་པའི་དམིགས་པའོ། །བརྒྱད་པ་ནི་ས་དང་པོ་ལ་མཐོང་བའི་ལམ་གྱིའོ་ཞེས་བྱ་བ་ནི། སོ་སོ་རང་གི་ཆོས་ཀྱི་དབྱིངས་གཉིས་སུ་མེད་པ་ཐམས་ཅད་དུ་སོང་བ་རྟོགས་པའོ། །ཡང་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་
པ་རྣམས་དང་། ཐམས་ཅད་དུ་འགྲོ་བའི་དོན་གྱི་ཡུལ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་དགྲ་བོ་རྟོགས་པ་ནི་རབ་ཏུ་རྟོགས་པ་སྟེ། དེ་ཡང་མཐོང་བའི་ལམ་མོ། །དེའི་དམིགས་པ་ནི་རབ་ཏུ་རྟོགས་པའི་དམིགས་པའོ། །དགུ་པ་ནི་བསྒོམ་པའི་ལམ་གྱི་སྟེ། ས་བདུན་པའི་བར་དུའོ་

ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་དེ་ཉིད་གོམས་པར་བྱས་པས། གོང་ནས་གོང་དུ་ཁྱད་ཞུགས་པར་འགྲོ་བས་རབ་ཏུ་རྒྱས་པ་སྟེ། བསྒོམ་པའི་ལམ་ས་བདུན་པའི་བར་དུའོ། །བསྒོམ་པའི་ལམ་དེའི་དམིགས་པ་ནི་རབ་ཏུ་རྒྱས་པའི་དམིགས་པའོ། །བཅུ་
པ་ནི་དེ་ཉིད་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་སྟེ་ཞེས་བྱ་བ་ནི། དམིགས་པའོ་ཞེས་བྱ་བ་དང་སྦྱར་རོ། །ཆོས་རྣམ་པར་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་དེ་ཉིད་ན་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མའི་རྣམ་པ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་བྲལ་བའི་སྒོ་ནས་ཆོས་
རྣམ་པར་ཁོང་དུ་ཆུད་པས་ན་རྣམ་པར་ཁོང་དུ་ཆུད་པའོ། །དེ་ཉིད་ནི་བསྒོམ་པའི་ལམ་ཞེས་བྱ་སྟེ། ས་བདུན་པ་ཉིད་དུའོ། །རྣམ་པར་ཁོང་དུ་ཆུད་པའི་དམིགས་པ་ནི། རྣམ་པར་ཁོང་དུ་ཆུད་པའི་དམིགས་པའོ། །བཅུ་གཅིག་པ་ནི་ས་བརྒྱད་པ་ལའོ་ཞེས་བྱ་བ་ནི། མཚན་མ་དང་འབད་པའི་ཡིད་
ལ་བྱེད་པ་ཐམས་ཅད་དང་བྲལ་ནས་རང་གི་ཚུལ་གྱིས་རྣལ་དུ་འདུག་པས་འཇུག་པའི་ཕྱིར་ཏེ། བསྒོམ་པའི་ལམ་དེ་ཉིད་ལ་རྣལ་དུ་འདུག་པ་ཞེས་བྱའོ། །རྣལ་དུ་འདུག་པའི་དམིགས་པ་ནི། རྣལ་དུ་འདུག་པའི་དམིགས་པའོ། །བཅུ་གཉིས་པ་ནི་ས་དགུ་པ་ལ་སོགས་པ་གསུམ་ལའོ་ཞེས་བྱ་བ་
ནི། ས་དགུ་པ་ལ་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རོ། །ས་བཅུ་པ་ལ་ནི་ལས་ལ་དབང་བ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་སར་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལྷག་མ་རྣམ་པར་དག་པ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་ཏེ། དེ་ལྟར་ས་དགུ་པ་ལ་
སོགས་པ་གསུམ་ལ་ཡེ་ཤེས་དང་། ལས་དང་། རྣམ་པར་དག་པ་ཕུལ་དུ་བྱུང་བས་ས་དེ་དག་ལ་གནས་པའི་དམིགས་པ་གང་ཡིན་པ་དེ་དག་ནི། ཕུལ་དུ་བྱུང་བའི་དམིགས་པ་ཞེས་བྱའོ། །གཞན་དག་ན་རེ་ལམ་ཕུལ་དུ་བྱུང་བ་ཉིད་ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཕྱེ་ནས། ས་གསུམ་པོ་དག་ལ་ཕུལ་
དུ་བྱུང་བའི་དམིགས་པར་བཤད་དོ་ཞེའོ། །དང་པོ་དང་གཉིས་པ་དེ་དག་ནི་དེ་དང་དེའི་དམིགས་པའི་མིང་འཐོབ་པོ་ཞེས་བྱ་བ་ནི། དམིགས་པ་དེ་དག་ཀྱང་འདི་ལྟ་སྟེ། ཆོས་རྣམ་པར་གཞག་པའི་དམིགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་དམིགས་པའོ། །དེ་ལ་དམིགས་པ་དེ་ཉིད་ཀྱང་ཡེ་ཤེས་དེ་དང་དེ་དག་ཏུ་ན་དེ་

དང་དེའི་མིང་འཐོབ་སྟེ། ཐོས་པ་ལས་བྱུང་བའི་ཤེས་པའི་དུས་ནི་འཛིན་པའི་དམིགས་པ་སྟེ། འཛིན་པའི་ཡེ་ཤེས་ཀྱི་ཡུལ་ནི་ཐོས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འཛིན་པའི་ཤེས་པ་ལ་འཛིན་པ་ཞེས་བྱའོ། །དེ་བཞིན་དུ་ཕུལ་དུ་བྱུང་བའི་དམིགས་པའི་རབ་ཏུ་བརྗོད་པར་བྱའོ། །ས་དགུ་པ་དང་བཅུ་
པ་དང་སངས་རྒྱས་ཀྱི་སར་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པ་ཕུལ་དུ་བྱུང་བ་བརྙེས་ཏེ། འདིའི་དམིགས་པ་ནི་ཕུལ་དུ་བྱུང་བའི་དམིགས་པའོ། །དམིགས་པ་བླ་ན་མེད་པ་ཉིད་བཤད་ཟིན་ཏོ། །ད་ནི་ཡང་དག་པར་འགྲུབ་པ་བླ་ན་མེད་པ་
ཉིད་ཀྱི་སྐབས་སུ་བབ་པས་དེ་བསྟན་པའི་ཕྱིར། ཡང་དག་པར་འགྲུབ་པ་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་དེ་དང་དེས་ཡང་དག་པར་འགྲུབ་པས་ན་ཡང་དག་པར་འགྲུབ་པའོ། །དེ་ལས་གཞན་པའི་ཡང་དག་པར་འགྲུབ་པ་རྣམས་ལས་ཁྱད་པར་དུ་འཕགས་པ་དང་། ཡང་དག་པར་འགྲུབ་པ་ཁྱད་པར་
ཅན་དེ་ལས་གཞན་མེད་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །དེ་བསྟན་པའི་ཕྱིར། མ་ཚང་མེད་དང་མི་སྤོང་དང་། །མི་གཡེང་བ་དང་རབ་རྫོགས་དང་། །ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་རྐྱེན་མ་ཚང་བ་མེད་པ་ནས་བརྩམས་ཏེ། བྱང་ཆུབ་ཀུན་དུ་སྟོན་པ་ཞེས་བྱ་བའི་བར་དུ་རྣམ་པ་བཅུ་པོ་དེ་ལྟ་བུ་ནི་ཡང་
དག་པར་འགྲུབ་པའོ། །དེ་ལ་རྐྱེན་མ་ཚང་བ་མེད་པ་ནི་རིགས་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ལ། རྐྱེན་རྣམས་མ་ཚང་བ་མེད་པ་ནི་ཐམས་ཅད་ཚོགས་པའོ། །དེ་དག་ཚོགས་ན་རིགས་ཡང་དག་པར་འགྲུབ་སྟེ། རྒྱས་པ་དང་། ཁྱད་པར་ཅན་དུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་སྐྱེས་བུ་དམ་
པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པའོ། །རིགས་དང་། བཤེས་གཉེན་ལ་སོགས་པ་དེ་དག་མ་ཚང་བས་མ་ཚང་བའོ། །ཐེག་པ་ཆེན་པོ་མི་སྤོང་བ་དེ་ནི་མོས་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི། གལ་ཏེ་ཟབ་ཅིང་རྒྱ་ཆེ་བའི་མཚན་ཉིད་ཐེག་
པ་ཆེན་པོའི་ཆོས་མི་སྤོང་ན། དེ་ལྟར་ན་དེའི་ངེས་པར་འཛིན་པའི་བདག་ཉིད་ཀྱི་མོས་པ་རྒྱས་པར་འགྱུར་རོ། །ཐེག་པ་དམན་པར་མི་གཡེང་བ་ནི་སེམས་བསྐྱེད་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི། གལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ལ། བྱང་ཆུབ་ཀྱི་སེམས་ལས་ལྡོག་པའི་རྐྱེན་ཡོད་དུ་ཟིན་ཀྱང་།

ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པར་དེས་སེམས་མི་འཇུག་ན། དེ་ལྟ་ན་བྱང་ཆུབ་ཀྱི་སེམས་དེ་བརྟས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནི་འགྲུབ་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དག་
དེའི་དབང་གིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པས་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ་རྒྱས་པར་འགྱུར་རོ། །འཕགས་པའི་ལམ་བསྐྱེད་པ་ནི། སྐྱོན་མེད་པར་འཇུག་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི། ཐོག་མ་ཉིད་དུ་སྔོན་མ་སྐྱེས་པའི་འཕགས་པའི་
ལམ་བསྐྱེད་པས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །སྐྱོན་ཞེས་བྱ་བ་ནི་ཉེས་པའམ་ཟག་པ་སྟེ། གང་ན་དེ་མེད་པ་དེ་ནི་སྐྱོན་མེད་པ་སྟེ། རླུང་མེད་པ་བཞིན་ཏེ་ཟག་པ་མེད་པའི་སའོ། །ངེས་པར་འཇུག་པ་ཞེས་འབྱུང་བ་ཡང་ངེས་པ་ཉིད་ངེས་པ་སྟེ། འདི་ལྟར་མཐོང་བའི་ལམ་སྐྱེས་ན། བདེ་
འགྲོ་དང་མྱ་ངན་ལས་འདས་པ་ཉིད་དུ་ངེས་པར་འགྱུར་རོ། །དགེ་བའི་རྩ་བ་འཕེལ་བ་ནི་ཡུན་རིང་པོ་ནས་འདྲིས་པར་བྱ་བའི་ཕྱིར། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི་མཐོང་བའི་ལམ་ཐོས་ནས། དེའི་རྗེས་ལས་ཐོབ་པ་བསྒོམ་པའི་ལམ་ལ་ཡུན་རིང་པོར་འདྲིས་པར་
བྱས་གོམས་པར་བྱས་པས། དགེ་བའི་རྩ་བ་འགྲུབ་པ་ནི་དགེ་བའི་རྩ་བ་འཕེལ་བའོ། །དེས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པར་འགྱུར་ཏེ། དེའི་ཕྱིར་དགེ་བའི་རྩ་བ་འཕེལ་བ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་དག་པར་འགྲུབ་པའོ། །གཞན་དག་ན་རེ་དེའི་སེམས་ཅན་ཡོངས་སུ་
སྨིན་པར་བྱེད་པ་ཡང་དག་པར་འགྲུབ་པ་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟར་འདིས་ཡུན་རིང་པོ་ནས་གོམས་པར་བྱེད་པ་ལ་བརྟེན་ནས། སེམས་ཅན་རྣམས་ཀྱི་རྒྱུད་ལ་དགེ་བའི་རྩ་བ་བརྟན་པོར་བྱས་པར་གྱུར་པའོ་ཞེས་ཟེར་རོ། །སེམས་ལས་སུ་རུང་བ་ནི་ཞིང་ཡོངས་སུ་དག་པ་ཡང་དག་པར་
འགྲུབ་པའོ་ཞེས་བྱ་བ་ལ། དེ་ལྟར་བསྒོམས་པས། དགེ་བའི་རྩ་བ་རྣམས་འཕེལ་ནས་གཅིག་ཏུ་བགྲོད་པའི་ལམ་གྱིས་མི་མཐུན་པའི་ཕྱོགས་མཚན་མ་དང་འབད་པ་དང་བྲལ་བའི་ཕྱིར་སེམས་ལས་སུ་རུང་སྟེ། ལས་སུ་རུང་བ་དེའི་དབང་གིས་ཇི་ལྟར་འདོད་པ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཤེལ་ལ་

སོགས་པ་ལྟ་བུར་སྟོན་ཏེ། དེ་བས་ན་སེམས་ལས་སུ་རུང་བ་ནི་ཞིང་ཡོངས་སུ་དག་པ་ཡང་དག་པར་འགྲུབ་པའོ། །མདོ་གཞན་ལས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འདོད་པས། རང་གི་སེམས་ཡོངས་སུ་དག་པར་བྱའོ་ཞེས་གསུངས་སོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་
པ་ནི། ཕྱིར་མི་ལྡོག་པའི་ས་ལ་ལུང་བསྟན་པ་ཐོས་པ་ཡང་དག་པར་འགྲུབ་པ་སྟེ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལྟར་སེམས་ལས་སུ་རུང་བས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པར་
འགྱུར་ཏེ། སེམས་ཅན་ལ་ལྟ་བའི་ཕྱིར། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་གྱི་འབྲས་བུ་མངོན་པར་མཐོ་བ་ཡོངས་སུ་འཛིན་པས་མྱ་ངན་ལས་འདས་པ་ལ་མི་གནས་སོ། །བརྩོན་འགྲུས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་ཡོངས་སུ་བཟུང་བས། འཁོར་བའི་ཉོན་མོངས་པ་
རྣམས་ཀྱིས་ཉེ་བར་ཉོན་མོངས་པར་མི་འགྱུར་ཏེ། དེ་བས་ན་འཁོར་བ་ལ་ཡང་མི་གནས་སོ། །ཡང་ན་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ནི། དེ་ལས་མི་ལྡོག་པའོ། །དེ་ལ་སེམས་ཅན་ལ་ལྟ་བའི་ཕྱིར་འཁོར་བ་ལས་མི་ལྡོག་པ་སྟེ། སྙིང་རྗེས་འཁོར་བ་ལེན་པའི་ཕྱིར་རོ། །ཤེས་རབ་
ཀྱིས་མྱ་ངན་ལས་འདས་པ་ལས་མི་ལྡོག་གོ། །དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཕྱིར་མི་ལྡོག་པའི་ས་མི་གཡོ་བ་ལ་གནས་པས། སངས་རྒྱས་སུ་ལུང་བསྟན་པ་འཐོབ་པ་ཡང་དག་པར་འགྲུབ་པ་ཡིན་ནོ། །ཡང་ན་ཕྱིར་མི་ལྡོག་པའི་ས་
ཐོབ་པ་དང་། ལུང་བསྟན་པ་ཐོབ་པ་ཡང་དག་པར་འགྲུབ་པ་ཡིན་ནོ། །སྒྲིབ་པ་མེད་པའི་སངས་རྒྱས་ཀྱི། །ས་ཡང་དག་པར་འགྲུབ་པའོ། །ཞེས་བྱ་བ་ནི། འདི་ལྟར་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པས་སྐུ་གསུམ་དུ་བསྡུས་པའི་སངས་རྒྱས་ཀྱི་
ས་ཡང་དག་པར་འགྲུབ་པ་སྟེ། དེ་བས་ན་སྒྲིབ་པ་མེད་པ་ནི་སངས་རྒྱས་ཀྱི་ས་ཡང་དག་པར་འགྲུབ་པའོ། །དེ་རྒྱུན་མི་གཅོད་པ་ནི་བྱང་ཆུབ་ཀུན་དུ་སྟོན་པ་ཡང་དག་པར་འགྲུབ་པའོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བྱང་ཆུབ་དེ་རྒྱུན་མི་གཅོད་པ་ནི་ཐུགས་རྗེ་ཆེན་པོའི་དབང་གིས་འཇིག་རྟེན་ཇི་སྲིད་པ་དེ་སྲིད་དུ།

བྱང་ཆུབ་རབ་ཏུ་སྟོན་པ་ནི། བྱང་ཆུབ་ཀུན་དུ་སྟོན་པ་ཡང་དག་པར་འགྲུབ་པ་སྟེ། འདིར་ཡང་དགའ་ལྡན་གྱི་གནས་རབ་ན་བཞུགས་པ་དང་། ལྷུམས་སུ་ཞུགས་པ་དང་། བལྟམས་པ་དང་། འཁྲུངས་པ་དང་། འདོད་པ་ལ་ལོངས་སྤྱོད་པ་དང་། མངོན་པར་འབྱུང་བ་
དང་། དཀའ་བ་སྤྱོད་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པ་ཡང་འདིར་བསྟན་པ་ཡིན་ཏེ། བྱང་ཆུབ་ཀུན་དུ་སྟོན་པ་ནི་དེ་དག་དང་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀུན་དུ་སྟོན་པ་ཞེས་བྱ་བ་ནི། དཔེ་ཙམ་དུ་སྨོས་སུ་ཟད་
པས། ལྷག་མ་རྣམས་ཀྱང་གཟུང་ངོ་། །དེ་ལྟར་ཞེས་བྱ་བ་ནི། འདིར་ཚིག་གི་དོན་དཀྱུས་མ་རྣམས་རྫོགས་པ་ལ་བྱ་སྟེ། དོན་དང་མཐུན་པའི་མིང་དུ་བརྗོད་པའམ། རབ་ཏུ་རྟོགས་པའི་དོན་དུ། འདི་ནི་དབུས་རྣམ་པར་འབྱེད་པའི་བསྟན་བཅོས་ཏེ་ཞེས་བྱ་བའོ། །འདིར་འཛུད་པ་འཇུག་པའི་རྒྱུ་
སྨོས་པ། དབུ་མའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བསྟན་བཅོས་འདིར་འདི་ལྟར་རྟག་པ་དང་ཆད་པའི་མཐའ་དང་བྲལ་བ། དབུ་མའི་ལམ་རབ་ཏུ་བསྟན་པས། དེའི་ཕྱིར་བསྟན་བཅོས་འདི་དབུས་རྣམ་པར་འབྱེད་པ་ཞེས་བྱ་སྟེ། དབུས་རྣམ་པར་འགྲེལ་པ་དང་། རབ་ཏུ་
བཤད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ནི་དབུས་མ་དང་མཐའ་རྣམ་པར་འབྱེད་པ་ཡང་ཡིན་ཏེ། འདིར་རྒྱུ་སྨོས་པ། དབུས་དང་མཐའ་གཉིས་རབ་ཏུ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དེའི་དབུས་དང་མཐའ་རྣམ་པར་འབྱེད་པ་ཞེས་བྱའོ། །དེ་ལ་དབུས་ནི་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའོ། །མཐའ་
ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའོ། །ཡང་ན་ཐོག་མ་དང་ཐ་མ་སྤངས་པའི་དབུས་རབ་ཏུ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ནི། ཁ་ཅིག་ན་རེ་དེ་བཞིན་ཉིད་དོ་ཞེའོ། །གཞན་དག་ན་རེ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཐོག་མ་དང་ཐ་མ་མེད་པ་ནི། འདིར་དབུས་དང་མཐའ་ཞེས་བྱ་བ་དང་སྦྱར་ཏེ། རབ་ཏུ་
སྟོན་ཏོ་ཞེའོ། །རྟོགས་པར་དཀའ་དང་སྙིང་པོའི་དོན། །ཞེས་བྱ་བ་དང་གོ་རིམས་བཞིན། །ཞེས་བྱ་བ་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་བའི་དོན་ཏོ། །ཕས་ཀྱི་རྒོལ་བ་དག་གིས་མི་ཤིགས་པའི་ཕྱིར་སྙིང་པོའི་དོན་ཏེ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ནི་འདི་རྣམ་པར་

མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་རྟོག་པའི་ཕྱིར་རོ། །སྙིང་པོའི་དོན་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྟན་པའི་ཕྱིར་རོ། །དོན་ཆེན་ནི་བདག་དང་གཞན་གྱི་དོན་གྱི་ཆེད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཆེད་ཀྱི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ཡང་བདག་དང་
གཞན་གྱི་དོན་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་གྱི་དོན་ནི་ཐེག་པ་གསུམ་ཆར་གྱི་དབང་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བཤད་པའི་ཕྱིར་རོ། །དོན་མེད་ཐམས་ཅད་སེལ་བའོ། །ཞེས་བྱ་བ་ནི། ཉོན་མོངས་པ་
དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའོ། །བླ་ན་མེད་པ་ཉིད་ཀྱི་དོན་བསྡུས་པ་ཞེས་བྱ་བ་ལ། དོན་བསྡུས་པ་བརྗོད་པའི་དགོས་པ་ནི་སྔར་བཤད་ཟིན་ཏོ། །མདོར་བསྡུ་ན་བླ་ན་མེད་པ་ཉིད་རྣམ་པ་གསུམ་སྟེ་ཞེས་བྱ་བ་ནི། རྒྱས་པར་ནི་མཐའ་ཡས་པའོ། །སྒྲུབ་པ་ནི་བླ་མེད་ཀྱི་སྒྲུབ་པ་དང་ཞེས་གང་
གསུངས་པའོ། །སྒྲུབ་པའི་གཞི་ནི་དམིགས་པ་ཞེས་གང་གསུངས་པའོ། །སྒྲུབ་པའི་འབྲས་བུ་ཡང་དག་འགྲུབ། །བསྟན་པ་ཉིད་དུ་འདོད་པ་ཡིན། །ཞེས་གསུངས་པའོ། །སྒྲུབ་པ་དེ་ཡང་ཇི་ལྟ་བུ་ཞེ་ན་དམ་པའོ་ཞེས་བྱ་བ་ནི། དམ་པ་བཅུ་གཉིས་བདག་ཉིད་དེ། །ཞེས་གསུངས་པའོ། །གང་གིས་ཤེ་ན། ཐེག་པ་ཆེན་པོར་
ཇི་ལྟ་བུར། །ཆོས་རྣམས་གདགས་པར་མཛད་པ་དག །ཅེས་བྱ་བ་ལ་སོགས་པས་སོ་ཞེས་བྱ་བས་ནི། བྱང་ཆུབ་སེམས་དཔས་རྟག་པར་ཡང་། །ཤེས་རབ་གསུམ་གྱིས་ཡིད་བྱེད་པའོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ། དེ་ནི་ཆོས་སྤྱོད་རྣམ་བཅུ་དང་། །ཡང་དག་ལྡན་པར་ཤེས་པར་
བྱ། །ཞེས་བྱ་བའོ། །ཇི་ལྟ་བུར་ཞེ་ན། རྣམ་པ་གང་གིས་ཞི་གནས་བསྒོམ་པ་ལ་གཡེང་བ་མེད་པར་གྱུར་པ་ཞེས་བྱ་བ་ནི་གཡེང་བ་རྣམ་པ་དྲུག་མེད་པའི་ཕྱིར་རོ། །ལྷག་མཐོང་བསྒོམ་པ་ལ་ཕྱིན་ཅི་མ་ལོག་པར་གྱུར་པའོ་ཞེས་བྱ་བ་ནི། ཡི་གེ་ལ་སོགས་པ་བཅུ་ལ་ཕྱིན་ཅི་ལོག་མེད་པའི་ཕྱིར་རོ། །
གང་གི་དོན་དུ་ཞེ་ན། དབུ་མའི་ལམ་གྱིས་ངེས་པར་འབྱུང་བར་བྱ་བའི་དོན་དུའོ་ཞེས་བྱ་བ་ནི། མཐའ་གཉིས་སྤངས་པ་སྒྲུབ་པ་གང་ཞེ་ན་ཞེས་འབྱུང་བའོ། །གང་དུ་ཞེ་ན། ས་བཅུ་དག་ཏུ་སྟེ། ཇི་ལྟ་ཞེ་ན། དེའི་ཕྱིར། ཁྱད་པར་ཅན་དང་ཁྱད་པར་མེད་པ་ཞེས་གསུངས་སོ། །ཅི་ཞིག་ཅེ་ན། ས་བཅུ་

དག་ཏུ་ཤེས་པར་བྱ། །ཞེས་འབྱུང་བ་སྟོན་ཏོ། །ཕྱིན་ཅི་མ་ལོག་པ་རྣམས་ཀྱི་དོན་བསྡུས་པ་ནི་ཡི་གེ་ལ་ཕྱིན་ཅི་མ་ལོག་པས་ཞི་གནས་ཀྱི་མཚན་མ་དང་ལྷག་མཐོང་གི་མཚན་མ་དམིགས་པ་ཞེས་བྱ་བ་འབྲེལ་པའི་རང་བཞིན་དང་བྲལ་བ་མངོན་སུམ་དུ་བྱེད་པ་དང་། དོན་ལ་ཕྱིན་ཅི་མ་ལོག་
པས་ཕྱིན་ཅི་ལོག་གི་མཚན་མ་གཉིས་ཀ་ཡང་སྣང་བ་ཙམ་དུ་རབ་ཏུ་རྟོགས་པ་དང་། ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པས་ཕྱིན་ཅི་ལོག་གི་གཞི་ཀུན་གཞི་རྣམ་པར་ཤེས་པ་ལ་གཉིས་སུ་མངོན་པར་ཞེན་པའི་ས་བོན་བསགས་པ་ཡོངས་སུ་སྤོང་བ་དང་། མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པས་ཕྱིན་ཅི་ལོག་
གི་མཚན་མ་ལ་སྒྱུ་མ་ལ་སོགས་པ་ལྟ་བུར་ཡོད་པ་དང་མེད་པར་མངོན་པར་ཞེན་པ་མེད་པས་ལེགས་པར་རྟོགས་པར་བྱེད་པ་དང་། རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པས་དེའི་གཉེན་པོ་རྣམ་པར་མི་རྟོག་པ་བརྗོད་པ་དང་བྲལ་བ་ཆོས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ལ་ལམ་བསྒོམ་པ་དང་། སྤྱིའི་
མཚན་ཉིད་ལ་ཕྱིན་ཅི་མ་ལོག་པས་ཆོས་ཐམས་ཅད་སྤྱིར་རྣམ་པར་བྱང་བའི་རང་བཞིན་དུ་རྟོགས་པ་དང་། མ་དག་པ་དང་དག་པའི་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པས་དེའི་སྒྲིབ་པ་མ་སྤངས་པ་དང་། སྤངས་པར་རབ་ཏུ་ཤེས་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱི་
ཉོན་མོངས་པས་ཉེ་བར་ཉོན་མོངས་པར་གྱུར་པའི་ཕྱིར་རོ། །དེའི་གློ་བུར་དུ་བྱུང་བ་ལ་ཕྱིན་ཅི་མ་ལོག་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཞེས་བྱ་བ་ནི། རང་བཞིན་གྱིས་འོད་གསལ་བ་ལ་གཞན་དུ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་
འགྱུར་མི་སྲིད་པའི་ཕྱིར་རོ། །མི་སྐྲག་པ་དང་། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པས། ཆོས་དང་གང་ཟག་ལ་མངོན་པར་ཞེན་པ་མེད་དེ། སྒྲིབ་པ་མེད་པར་ངེས་པར་འབྱུང་བའོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཐེག་པ་བླ་ན་མེད་པའི་ལེའུར་བཅད་པ་ལྔའི་
འགྲེལ་བཤད་དེ། སློབ་དཔོན་བློ་བརྟན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། །།

༄། །དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་འཕགས་པ་བྱམས་པའི་ལེའུའི་བཤད་པ་བཞུགས་སོ། །༄༅༅། །འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། འཕགས་པ་བྱམས་པའི་ལེའུ་ཉི་ཚེ་བཤད་པ། བམ་པོ་དང་པོ། འཕགས་
པ་བྱམས་པ་ལ་ཕྱག་འཚལ་ལོ། །ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་རིག་པར་བྱའོ་ཞེས་བྱ་བས་ནི། ངོ་བོ་ཉིད་དང་། སྦྱོར་བའི་རྒྱུ་དང་། འཐོབ་པ་དང་། འཐོབ་
པའི་ཐབས་དང་། ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པས་རྣལ་འབྱོར་གྱི་ལམ་སྟོན་ཏེ། དེ་ལ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པ་ཉིད་ནི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དོ། །འདི་རྣལ་འབྱོར་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡིན་པར་
དགོངས་སོ། །ཚུལ་ཁྲིམས་ཀྱི་ཕུང་པོས་ཡོངས་སུ་བསྡུས་པ་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕུང་པོའི་ངོ་བོ་ཉིད་ཀྱིས་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་ནི་ངོ་བོ་ཉིད་ལ་སོགས་པ་ཡིན་པར་རིག་པར་བྱའོ། །ཡང་ན་རྣལ་འབྱོར་ནི་རིགས་པ་ཡིན་ཏེ། རིགས་པ་བཞིས་
བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ཡིན་པར་སྦྱར་རོ། །དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ནི་དགོངས་པ་ཟབ་མོ་ངེས་པར་བཀྲོལ་བས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མདུད་པ་གཅོད་པ་ཞེས་བྱ་བའི་དོན་ཏོ། །མདོ་ཞེས་བྱ་བ་ནི་ངེས་པ་མ་ལུས་པར་སྨོས་པ་ཉིད་
ཀྱིས་སོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུ་བ་ཞུས་པ་ནི། ཞི་གནས་དང་ལྷག་མཐོང་གི་ལམ་འདི་ནི་བྱང་ཆུབ་ཆེན་པོ་དང་ཉེ་བའི་རྒྱུ་ཡིན་ལ། འཕགས་པ་བྱམས་པ་ཡང་བྱང་ཆུབ་ཆེན་པོ་དང་ཉེ་བ་ཡིན་པས། བཅོམ་ལྡན་འདས་ལ་ཞུ་བ་ཞུས་སོ། །
དེ་ལྟར་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ངེས་པར་བྱས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ལ་གནས་ཞེས་བྱ་བ་ལ་སོགས་པས་སྦྱོར་བའི་རྒྱུ་ཞུས་ཏེ། སྦྱོར་བའི་རྒྱུ་ནི་གནས་དང་། རྟེན་དང་། དམིགས་པས་སྟོན་ཏོ། །བྱམས་པ་ཆོས་གདགས་པ་རྣམ་པར་

གཞག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ལ་གནས་ཤིང་བརྟེན་ནས་སོ་ཞེས་བྱ་བས་ནི་ཞི་གནས་དང་ལྷག་མཐོང་གི་གནས་ཀྱིས་སྦྱོར་བའི་རྒྱུ་དང་། རྐྱེན་གྱིས་སྦྱོར་བའི་རྒྱུ་སྟོན་ཏེ། ཆོས་གདགས་པ་རྣམ་པར་གཞག་པ་ནི་
བཤད་པའི་ཆོས་ཀྱི་ཚོགས་ཡིན་པའི་ཕྱིར། གནས་ཀྱི་རྒྱུ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྟོགས་པའི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར། དེར་སྨོན་པ་ནི་རྟེན་གྱི་རྒྱུ་ཡིན་ཏེ། སྨོན་ལམ་ནི་བྱང་ཆུབ་ཆེན་པོ་འདྲེན་པར་བྱེད་པའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་
པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་ཞུས་པས་ནི། དམིགས་པས་སྦྱོར་བའི་རྒྱུ་སྟོན་ཏོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་མི་རྟོག་པའི་གཟུགས་
བརྙན་དང་དངོས་པོའི་མཐའ་དང་། དགོས་པ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ལ། གཟུགས་བརྙན་ཞེས་བྱ་བ་ནི་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་གཟུགས་བརྙན་ཞེ་ན། སེམས་ཀྱི་སྟེ། སྣང་བ་ཐམས་ཅད་ནི་དེ་ཉིད་ཡིན་པའི་ཕྱིར་རོ། །དམིགས་པ་ལ་སྔོན་དུ་ཕྱོགས་པ་ནི། རྣམ་
པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །ནང་དུ་བསྡུས་པ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ། །དངོས་པོ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་ལ་གནས་དང་དམིགས་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བ་དག་རྒྱུ་དང་འབྲས་བུའི་དངོས་པོས་གནས་པའི་ཕྱིར་རོ། །
དེའི་མཐའ་ཡོངས་སུ་ཟད་པས་ནི་དངོས་པོའི་མཐའ་ཉིད་དེ། གནས་གྱུར་པ་ཆོས་ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །དགོས་པ་ཡོངས་སུ་གྲུབ་པ་ཡང་བདག་དང་གཞན་གྱི་བྱ་བ་གྲུབ་པས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་པ་ནི་དགོས་པ་
ཡོངས་སུ་གྲུབ་པ་ཡིན་པར་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པ་བཞི་པོ་དེ་དག་ལམ་གང་གིས་དམིགས་པ་དུ་དག་ལགས་ཞེས་ཞུས་སོ། །བཀའ་སྩལ་པ་གཅིག་སྟེ། འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ་ཞེས་བྱ་བ་ནི་ཞི་གནས་ཀྱི་དམིགས་པ་སྟེ། ཞི་

གནས་ནི་ནང་དུ་ལྟ་སྟེ། འཇུག་པའི་ཕྱིར་ནང་དུ་བསྡུས་པ་ཡིན་ནོ། །དུ་ཞིག་ལྷག་མཐོང་གི་དམིགས་པ་ལགས་ཞེས་བྱ་བ་ལ་སོགས་པས་གཅིག་ཁོ་ན་སྟེ་འདི་ལྟ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ་ཞེས་གསུངས་པ་ནི། ལྷག་མཐོང་གི་སྟེ། དམིགས་པ་ལ་རྣམ་པར་འཕྲོ་
བ་ཉིད་མཚན་མར་འཛིན་པའི་ཕྱིར་རོ། །དུ་ཞིག་དེ་གཉི་ཀའི་དམིགས་པ་ལགས། བཀའ་སྩལ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། དངོས་པོའི་མཐའ་དང་། དགོས་པ་ཡོངས་སུ་གྲུབ་པའོ་ཞེས་གསུངས་པ་ནི། དེ་གཉིས་སྤངས་པ་དང་། ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར།
ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་གྱི་དམིགས་པ་ཉིད་ཡིན་པར་གསུངས་ཏེ། མཐར་ཐུག་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དང་། སྦྱོར་བའི་རྒྱུ་ངེས་པར་བྱས་ནས། ད་ནི་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་བཙལ་བར་བྱ་བ་
དང་། ཇི་ལྟར་ལྷག་མཐོང་ལ་མཁས་པར་བྱ་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་དེ་དག་ལ་བརྟེན་ཅིང་གནས་ནས། ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང་། ལྷག་མཐོང་ལ་མཁས་པ་ལགས་
ཞེས་གསུངས་པས་དེ་གཉིས་ཀྱི་ཐོབ་པ་ཞུས་སོ། །ཞི་གནས་ནི་སེམས་ཀྱི་ཡོངས་སུ་གདུང་བཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཡོངས་སུ་བཙལ་བར་བྱ་བ་ཡིན་ལ། ལྷག་མཐོང་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེས་དེ་ལ་མཁས་པར་བྱ་དགོས་
པར་བསྟན་པའི་ཕྱིར་བྱམས་པ་ངས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གདགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་སྤྱིར་བསྟན་ཏེ། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཀྱི་གདགས་པས་ཆོས་རྣམས་སྤྱིར་རྣམ་པར་གཞག་པའོ། །མདོའི་སྡེ་ལ་སོགས་པ་ནི་བྱེ་
བྲག་ཏུ་བསྟན་པའོ། །མདོའི་སྡེ་ལ་སོགས་པ་སྤྱི་དང་བྱེ་བྲག་ཏུ་བསྟན་པ་དེ་དག་ལེགས་པར་ཐོས་པ་དང་ལེགས་པར་གཟུང་བ་དང་ཁ་ཏོན་བྱང་བར་བྱས་པ་དང་། ཡིད་ཀྱིས་ལེགས་པར་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་བྱས་པ་ཇི་ལྟར་ཞི་གནས་ཀྱི་སྦྱོར་བའི་རྒྱུར་གྱུར་ཅེ་ན། དེ་གཅིག་

པུ་དབེན་པར་འདུག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཅིག་པུ་ཞེས་བྱ་བ་ནི་ལུས་དབེན་པའི་ཕྱིར་རོ། །དབེན་པ་ཞེས་བྱ་བ་ནི་སེམས་དབེན་པའི་ཕྱིར་རོ། །སེམས་གང་གིས་ཆོས་དེ་དག་ཡིད་ལ་བྱེད་པའི་སེམས་དེ་ཡང་ཆོས་ཀྱི་ངོ་བོ་ཉིད་ཡིན་ལ། ཆོས་རྣམས་
ཀྱང་སེམས་ཀྱི་ངོ་བོ་ཉིད་ཡིན་པར་བསྟན་པའི་ཕྱིར། དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལུས་ཤིན་ཏུ་སྦྱངས་པ་ནི་ལུས་དབེན་པ་ལས་སྐྱེས་པའོ། །སེམས་ཤིན་ཏུ་སྦྱངས་པ་ནི་སེམས་དབེན་པ་ལས་སྐྱེས་པའོ། །ཡང་ན་གཉེན་པོ་
ཆོས་ཡིད་ལ་བྱེད་པ་ཇི་སྐད་བསྟན་པ་ཐོབ་པས་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་བསྲབས་པའི་ཕྱིར། ལུས་ཤིན་ཏུ་སྦྱངས་པ་ཡིན་ནོ། །མཐོང་བས་སྦྱང་བར་བྱ་བའི་ཉོན་མོངས་པ་བསྲབས་པའི་ཕྱིར། སེམས་ཤིན་ཏུ་སྦྱངས་པ་ཡིན་ཏེ། ལུས་ངལ་བ་མེད་པའི་ཕྱིར་དང་། སེམས་
ཡོངས་སུ་གདུང་བ་མེད་པའི་ཕྱིར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ནི་ཞི་གནས་ཞེས་བྱའོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཆོས་ཡིད་ལ་བྱེད་པ་ཁོ་ནས་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་ངེས་པར་བྱེད་དོ། །ཡང་བྱང་ཆུབ་
སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་པར་བསྟན་པའི་ཕྱིར། དེ་ལུས་ཤིན་ཏུ་སྦྱངས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་སྦྱར་ཏེ། བྱང་ཆུབ་སེམས་དཔའ་དེ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་
དེ་ལ་གནས་ཤིང་བརྟེན་ནས་སོ། །ཇི་ལྟར་བསམས་པའི་ཆོས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཡིད་ལ་བྱས་པ་དག་གོ། །དེ་དག་ཉིད་ཅེས་བྱ་བ་ནི་སྔར་བསྟན་པ་རྣམས་སོ། །ནང་དུ་ཞེས་བྱ་བ་ནི་ཕྱི་རོལ་དུ་མ་གྱུར་པའོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་མཉམ་པར་གཞག་པའི་སེམས་ཀྱི་
གཟུགས་བརྙན་དུ་གྱུར་པའི་ཆོས་རྣམས་ལ། སོ་སོར་རྟོག་པར་བྱེད་པ་ནི་རབ་ཏུ་རྣམ་པར་འབྱེད་པར་བྱེད་པའོ། །མོས་པར་བྱེད་པ་ནི་ངེས་པར་བྱེད་པའོ། །རྟོགས་པའི་གནས་སྐབས་ན་རྣམ་པ་མེད་པའི་ཆོས་རྣམས་རྣམ་པ་དང་བཅས་པའི་སེམས་དང་གཅིག་ཏུ་བྱས་ཏེ། ཇི་ལྟར་སོ་སོར་བརྟགས་པ་

དང་མོས་པར་བྱར་རུང་ཞེ་ན། དེའི་ཕྱིར་སེམས་ཀྱི་རྣམ་པ་སྤངས་ནས་ཞེས་བྱ་བ་གསུངས་ཏེ། སེམས་ཀྱི་རྣམ་པ་ནི་ལོག་པར་སྣང་བ་ཡིན་པའི་ཕྱིར་རོ། །འོ་ན་ཏིང་ངེ་འཛིན་དང་། ཤེས་རབ་ནི་ས་མང་པོ་པ་མ་ཡིན་པའི་ཕྱིར། རྟག་ཏུ་སེམས་དང་འཇུག་པ་ཡིན་པས། སེམས་ཀྱི་རྣམ་པ་མེད་ན་ཅི་
ལྟར་དེ་གཉིས་འཇུག་པར་འགྱུར་ཏེ། འདི་ལྟར་ཞི་གནས་ནི་ཏིང་ངེ་འཛིན་ཡིན་ལ་ལྷག་མཐོང་ནི་ཤེས་རབ་ཡིན་པས། དེ་གཉིས་མེད་ན་ཅི་ལྟར། ཆོས་རྣམས་སེམས་ཀྱི་གཟུགས་བརྙན་དུ་སོ་སོར་བརྟག་པར་རུང་ཞེ་ན། འདིར་རྣལ་འབྱོར་སྤྱོད་པས་སྨྲས་པ། སེམས་གང་ཡིན་པ་དང་ཏིང་ངེ་འཛིན་
གང་ཡིན་པ་དང་། ཤེས་རབ་གང་ཡིན་པ་དང་། ཆོས་དེ་དག་གང་དག་ཡིན་པ་དེ་དག་ཐམས་ཅད་ནི། རྟོགས་པའི་གནས་སྐབས་ན། སེམས་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་པའི་ཕྱིར། སེམས་བཞིན་དུ་ངོ་བོ་ཉིད་མེད་པ་དག་ཡིན་ནོ། །སེམས་ཀྱི་ངོ་བོ་ཉིད་མེད་པ་ནི། སེམས་ཀྱི་སེམས་མེད་
པ་ཉིད་ཡིན་ཏེ། དེ་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་སེམས་དེ་ནི་སེམས་མེད་པ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་སེམས་ཀྱིས་རྣམ་པར་སྤངས་ནས་ཞེས་བྱ་བ་གསུངས་སོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ཞེས་
བྱ་བ་ནི་སེམས་ལས་ཕྱི་རོལ་དུ་མ་གྱུར་པ་རྣམས་སོ། །དེ་དག་ལ་ཞེས་བྱ་བ་ནི་དེ་དག་ཉིད་ལའོ། །ཤེས་བྱའི་དོན་ཞེས་བྱ་བ་ནི་གཉིས་མེད་པའི་དོན་ཏོ། །རྣམ་པར་འབྱེད་པ་ཞེས་བྱ་བ་ནི་རྟོགས་པའོ། །རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བ་ལ་སོགས་པ་ནི་དེ་མཆོག་ཏུ་བྱ་བའི་རྣམ་གྲངས་ཀྱི་སྒྲ་ཡིན་ནོ། །
བཟོད་པ་ཞེས་བྱ་བ་ནི་བརྗོད་དུ་མེད་པ་གཉིས་མེད་པའི་དོན་གྱི་ཆོས་ལ་ངེས་པར་སེམས་པའི་མི་མཇེད་པ་ཉིད་དོ། །དེ་ནི་ལྷག་མཐོང་ཞེས་བྱ་སྟེ་ཞེས་བྱ་བ་ལ་ལྷག་མཐོང་ཞེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་དང་ལྡན་པའི་ཆོས་རྣམས་རྣམ་པར་གཞིག་པའི་ཕྱིར། ལྟ་བ་ནི་ལྷག་མཐོང་ཞེས་བྱའོ། །
དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ཉིད་ཡིན་ན། ལྷག་མཐོང་ལ་མཁས་པ་ཡིན་གྱི་གཞན་དུ་ན་མ་ཡིན་ནོ་ཞེས་ངེས་པར་བྱེད་དོ། །ཞི་གནས་དང་ལྷག་མཐོང་གི་འཐོབ་པ་ངེས་པར་བྱས་ནས། འཐོབ་པའི་ཐབས་ཞུ་བའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་

དཔའ་དེ་ཇི་སྲིད་དུ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །སེམས་ལ་དམིགས་པའི་ཞེས་བྱ་བ་དེས་ནི། མཚན་མ་ལ་དམིགས་པ་ཞེས་བྱ་བར་བསྟན་ཏོ། །ནང་དུ་ཞེས་བྱ་བ་ནི་ཕྱི་རོལ་དུ་གྱུར་པ་མ་ཡིན་པར་ཡིད་ལ་བྱེད་པའོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་ནི་སྦྱོར་
བའི་གནས་སྐབས་ནའོ། །ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བྱ་ཞེ་ན། ཞི་གནས་ནི་མ་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །དེ་ནི་ཞི་གནས་དང་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱ་སྟེ། ཞི་གནས་འཐོབ་པའི་ཐབས་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་ཇི་སྲིད་དུ་ཞེས་བྱ་བ་ལ་སོགས་པ་ལ། ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་ཅེས་བྱ་བ་ནི། ལུས་དང་སེམས་ལས་སུ་མི་རུང་ཞེས་བྱ་བའི་ཕྱིར་རོ། །ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་ནང་དུ་ཡིད་ལ་བགྱིད་པ་ཞེས་བྱ་བ་ནི། སྦྱོར་
བའི་མཐར་མ་ཕྱིན་པའི་ཕྱིར་རོ། །ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བྱ་ཞེ་ན། ལྷག་མཐོང་ནི་མ་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ། ལྷག་མཐོང་འཐོབ་པའི་ཐབས་ཡིན་པའི་ཕྱིར་རོ། །འདི་མན་ཆད་ནི་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་རྣམ་པ་མང་པོ་ཤེས་པར་བྱ་སྟེ། རྣམ་པར་མི་རྟོག་
པའི་ཡེ་ཤེས་ལ་གནས་པའི་ཏིང་ངེ་འཛིན་ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། བཅོམ་ལྡན་འདས་ཞི་གནས་ཀྱི་ལམ་དང་ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱིའམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་ལ་སོགས་པའོ། །དེ་གཉིས་ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན། དེའི་ཕྱིར་
ལྷག་མཐོང་གིས་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་གསུངས་སོ། །ཞི་གནས་ཀྱི་ལམ་ལྷག་མཐོང་གི་ལམ་དང་ཐ་དད་པ་མ་ཡིན་ཏེ། ལྷག་མཐོང་གིས་དམིགས་པའི་སེམས་ལ་དམིགས་པའི་ཕྱིར་ཏེ། ཞི་གནས་ཀྱི་ལམ་ནི་ལྷག་མཐོང་གིས་དམིགས་པའི་སེམས་ཁོ་ན་ལ་དམིགས་པས་དམིགས་
པར་བྱ་བ་དང་། དམིགས་པར་བྱེད་པ་གཉིས་ཀ་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཉིད་དོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་པ་མ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས། ཐ་དད་པ་མ་ཡིན་པ་མ་ཡིན་པ་ཉིད་བསྟན་པའི་ཕྱིར། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ཕྱིར་

རོ་ཞེས་བྱ་བ་གསུངས་སོ། །ཞི་གནས་ཀྱི་ལམ་དང་ལྷག་མཐོང་གི་ལམ་ཐ་དད་པ་ཡིན་ཏེ། འདི་ལྟར་དེ་ནི་རྣམ་པར་རྟོག་པ་དང་བཅས་པ་མཚན་མ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པའི་ཕྱིར་རོ། །འདི་སྐད་བསྟན་པ་ཡིན་ཏེ། དེ་གཉིས་ནི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ནི། གཅིག་
པ་ཉིད་ཡིན་ལ། རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་མི་རྟོག་པ་ཉིད་ཀྱིས་ནི་ཐ་དད་པ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་ཆུད་མི་ཟ་བར་བྱ་བ་ནི། བཅོམ་ལྡན་འདས་རྣམ་པར་ལྟ་བར་བགྱིད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གང་ལགས་པ་
དེ་ཅི་སེམས་དང་། ཐ་དད་པ་ཞེས་བགྱིའམ། ཐ་དད་པ་མ་ལགས་པ་ཞེས་བགྱི་ཞེས་གསུངས་པའོ། །དམིགས་པར་བྱེད་པ་སེམས་དང་། དམིགས་པར་བྱ་བ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་གཉིས་ཅི་ཐ་དད་པ་ཉིད་ཅེས་བྱ་འམ་ཞེས་ཞུས་པ་དང་། ཐ་དད་པ་མ་ཡིན་ཞེས་བྱའོ་ཞེས་
བྱ་བ་གསུངས་སོ། །ཅིའི་ཕྱིར་ཞེས་བྲི་བ་ལ་གཏན་ཚིགས་བསྟན་པའི་ཕྱིར། གཟུགས་བརྙན་དེ་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་ཏེ་ཞེས་བྱ་བ་གསུངས་སོ། །དེས་འདི་སྐད་སྟོན་ཏེ། སེམས་ཉིད་གཟུགས་བརྙན་ལྟ་བུར་དམིགས་པར་སྣང་སྟེ། སེམས་དང་ཐ་དད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །རིགས་
པ་བསྟན་པའི་ཕྱིར། རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ངས་བཤད་དོ་ཞེས་གསུངས་སོ། །དམིགས་པ་ནི་ཡུལ་གྱི་རྣམ་པར་སེམས་སྣང་བ་ཡིན་ལ། དེ་ཡང་རྣམ་པར་རིག་པ་དང་ཐ་དད་པ་མ་ཡིན་ཏེ། ཅིག་ཅར་དམིགས་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་
སྤྱོད་ཡུལ་གཟུགས་བརྙན་དེ་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི། གཞན་རྒོལ་བའི་སྐབས་ཀྱི་གནས་ཞུས་ཏེ། རྟོགས་པར་བྱེད་པའི་མཚན་མ་ནི་བྱེད་པ་པོར་གྱུར་པ་ཡིན་ལ། བརྟག་པར་བྱ་བ་གཟུགས་བརྙན་ནི་ལས་སུ་གྱུར་པ་ཡིན་ན། ཇི་ལྟར་དེ་གཉིས་ཐ་དད་པ་མ་ཡིན་པར་རུང་སྟེ་འཇིག་རྟེན་ན་བྱེད་པ་པོ་
དང་། ལས་ནི་ཐ་དད་པར་སྣང་བའི་ཕྱིར་རོ་ཞེ་ན། ཡང་དག་པར་ན་ཐ་དད་པ་མ་ཡིན་པ་ཉིད་དུ་སྒྲུབ་པའི་ཕྱིར། བྱམས་པ་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཡང་ཞེས་བྱ་བ་ནི་བྱེད་པ་པོ་བསྟན་པ་ཡིན་ལ། གང་ལ་ཡང་ཞེས་བྱ་བ་ནི་ལས་བསྟན་པ་ཡིན་ཏེ། གང་གི་ཕྱིར་ཆོས་གཅིག་པུ་ནི་འགའ་ཡང་

མེད་པས་དེའི་ཕྱིར་གང་རྟོགས་པར་བྱེད་པ་དང་། བརྟག་པར་བྱ་བ་བྱེད་པ་པོ་དང་། ལས་སུ་གྱུར་པ་གང་ཡིན། ཡང་དག་པར་ན། སེམས་དང་སེམས་ལས་བྱུང་བ་དག་ལ། རྡུལ་ཕྲ་རབ་རེ་རེ་ནི་མི་སྣང་བའི་ཕྱིར་བྱེད་པ་པོ་དང་། ལས་ཀྱི་ཐ་སྙད་ཀྱང་མེད་ལ། འདུས་པ་དག་ལ་ཡང་
ཀུན་རྫོབ་ཡིན་པའི་ཕྱིར་དང་། ལྟོས་པ་དང་བཅས་པའི་ཕྱིར་དང་། མཐུ་མེད་པའི་ཕྱིར་རོ། །ཡང་དངོས་པོ་རང་དབང་ཅན་ནི་འགའ་ཡང་མེད་པ་ཡིན་ན། བྱེད་པ་པོ་ལ་མངོན་པར་ཞེན་པས་བྱ་བ་དག་འཇུག་པར་བྱེད་པར་ཟད་དེ། བྱེད་པ་པོ་མི་རིགས་པའི་ཕྱིར། བྱེད་པ་པོ་དང་ལས་དང་བྱ་བ་ཡང་མི་རིགས་
སོ། །འོ་ན་ཇི་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་ཤེས་པའི་སེམས་སྣང་བར་འགྱུར་ཞེ་ན། འོན་ཀྱང་དེ་ལྟར་སྐྱེས་པའི་སེམས་གང་ཡིན་པ་དེ་ནི་དེ་ལྟར་སྣང་ངོ་ཞེས་བྱ་བ་གསུངས་སོ། །དེས་འདི་སྐད་བསྟན་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ཅན་གཟུང་བ་དང་། འཛིན་པར་མངོན་པར་བརྗོད་པའི་བག་
ཆགས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་ལས་སྐྱེས་པའི་རྣམ་པར་ཤེས་པ་དེ་ལྟར་གཟུང་བ་དང་འཛིན་པའི་རྣམ་པར་སྣང་ངོ་ཞེས་བསྟན་ཏོ། །དོན་དེ་གསལ་བར་བྱ་བའི་ཕྱིར། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་དཔེ་སྟོན་ཏོ། །དེས་འདི་སྐད་བསྟན་པ་ཡིན་ཏེ།
མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་འབྱུང་བ་མེད་མོད་ཀྱི། འོན་ཀྱང་གཟུགས་ཉིད་འཁྲུལ་པའི་གཟུགས་བརྙན་སྐྱེད་པར་བྱེད་དེ་དེས་ན་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་སོ་ཞེས་བསྟན་ཏོ། །འདི་ལ་སྨྲ་བ་པོ་དག་གཞི་མེ་ལོང་གི་དཀྱིལ་འཁོར་ཉིད་དང་། མཚན་མ་གཟུགས་ལ་
བརྟེན་ནས་གཟུགས་བརྙན་རྫས་གཞན་ཁོ་ན་ཞིག་འབྱུང་སྟེ། རྟེན་དེ་བྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཡོད་པ་མ་ཡིན་ན། དཔེ་འདི་ཇི་ལྟར་རུང་བར་འགྱུར་ཞེས་ཟེར་བ་དག་ཀྱང་ཡོད་དེ། འདིར་དེ་དག་ལ་འདི་སྐད་བརྗོད་པར་བྱ་སྟེ། གཟུགས་དང་གཟུགས་བརྙན་གྱི་རྣམ་པའི་རྣམ་པར་ཤེས་པ་ལས་གཞན་
པའི་དོན་མེད་པའི་ཕྱིར་རོ། །ཇི་ལྟར་དོན་མེད་ཅེ་ན། དོན་མེད་ཀྱང་རྣམ་པར་ཤེས་པ་སྐྱེ་བ་སྣང་བའི་ཕྱིར་ཏེ། འདས་པ་དང་མ་འོངས་པ་དང་། རྨི་ལམ་ལ་སོགས་པ་ལ་དོན་མེད་པར་ཡང་དེའི་རྣམ་པར་ཤེས་པ་སྐྱེ་བ་མཐོང་བ་ལྟ་བུའོ། །ཡང་དོན་མཚུངས་པ་ལ་མོས་པའི་དབང་གིས་རྣམ་པར་རིག་པ་ཐ་དད་

པར་དམིགས་པས་ཀྱང་སེམས་ཉིད་གཟུགས་བརྙན་དུ་སྣང་བར་ངེས་པ་ཡིན་ཏེ། དཔེར་ན་ཆུ་ཀླུང་ལ་སོགས་པའི་དངོས་པོ་གཅིག་ལ། དུད་འགྲོ་རྣམས་ཀྱིས་ནི་གནས་ཀྱི་རྣམ་པར་མཐོང་། ཡི་དགས་རྣམས་ཀྱིས་ནི་རྣག་ལ་སོགས་པའི་རྣམ་པར་མཐོང་། མི་རྣམས་ཀྱིས་ནི་ཆུའི་རྣམ་
པར་མཐོང་བ་ལྟ་བུ་དང་། ལྷ་རྣམས་ཀྱིས་ས་གཞི་བཻ་ཌཱུརྱའི་རང་བཞིན་དུ་མཐོང་བ་ལྟ་བུའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་ཇི་ལྟར་གཟུགས་དང་གཟུགས་བརྙན་གཉིས་ཐ་དད་པ་མེད་ཀྱང་ཐ་དད་པར་སྣང་བ་བཞིན་དུ། ངེས་པར་ཅིག་ཅར་སྣང་བའི་ཕྱིར། དམིགས་པར་བྱ་བ་དང་། དམིགས་
པར་བྱེད་པ་གཉིས་ཐ་མི་དད་པ་ཉིད་དུ་གྲུབ་པོ་ཞེས་ངེས་པར་བྱེད་དོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་སོགས་པ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྫས་སོ། །སེམས་ཀྱི་གཟུགས་བརྙན་ཞེས་བྱ་བ་ནི་སེམས་ལ་སྣང་བར་གྱུར་པའོ། །
རང་བཞིན་དུ་གནས་པར་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་གནས་པའོ། །དེ་ཡང་ཞེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོའོ། །སེམས་དང་ཐ་དད་པ་མ་ལགས་པ་ནི་ལས་དང་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ། གང་ལས་ཤེས་པ་ནི་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ཡང་ངོ་། །ལམ་དེ་ཡང་བྱེ་བྲག་ཏུ་མ་བྱས་པའི་
ཕྱིར་དགེ་བ་དང་། མི་དགེ་བ་དང་། མི་གཡོ་བའི་བྱེ་བྲག་གིས་གསུམ་ཆར་ཡང་བཟུང་ངོ་། །དེ་ལ་མི་དགེ་བའི་ལས་དང་ཉོན་མོངས་པ་ཞེས་བགྱིའམ་ཞེས་ཞུས་པ་དང་། བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱ་སྟེ་ཞེས་གསུངས་སོ། །འོ་ན་ཅིའི་ཕྱིར་ཐ་དད་པར་སྣང་ཞེ་ན། བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་གཟུགས་
བརྙན་དེ་དག་ལ་རྣམ་པར་རིག་པ་ཙམ་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ཕྱིན་ཅི་ལོག་ཏུ་སེམས་སོ་ཞེས་བྱ་བ་གསུངས་སོ། །དེས་འདི་སྐད་བསྟན་པ་ཡིན་ཏེ། བྱིས་པ་དེ་ཁོ་ན་མ་མཐོང་བ་ལྟ་བུ་རབ་རིབ་ཀྱིས་ཉམས་པར་བྱས་པ་རྣམས་ནི། ཕྱི་རོལ་གྱི་དོན་མེད་པ་བཞིན་དུ་ཡོད་པར་མཐོང་བ་
ཡིན་ནོ་ཞེས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཇི་ཙམ་གྱིས་ན་གཅིག་ཏུ་ལྷག་མཐོང་བསྒོམ་པ་ལགས་ཞེས་ཞུས་པའི་ལན་དུ་གང་གི་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བར་ཆད་མེད་པའི་སེམས་བྱ་བ་ལ་བར་ཆད་ནི་བར་དུ་ཆོད་པ་ཡིན་ལ། བར་དུ་ཆོད་པ་མེད་པ་ནི་བར་

ཆད་མེད་པ་ཡིན་ཏེ། དམིགས་པ་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་གཉིས་ཞེས་བྱ་བ་ལ། ལྷག་མཐོང་ནི་དམིགས་པ་ལ་སེམས་རྩེ་གཅིག་པ་ཉིད་དོ། །ཞི་གནས་ནི་ནང་དུ་སེམས་རྩེ་གཅིག་པ་ཉིད་ཡིན་ནོ། །སེམས་
ཀྱི་མཚན་མ་ཞུ་བའི་ཕྱིར། སེམས་ཀྱི་མཚན་མ་གང་ལགས་ཞེས་བྱ་བ་གསོལ་ཏོ། །བྱམས་པ་ལྷག་མཐོང་གི་དམིགས་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་སེམས་ཀྱི་གཟུགས་བརྙན་ལྷག་མཐོང་གི་དམིགས་པར་བྱ་བ་གང་ཡིན་པ་
དེ་ནི་སེམས་ཀྱི་མཚན་མ་ཡིན་ཏེ། དམིགས་པའི་རྣམ་པ་བྱེ་བྲག་འཛིན་པའི་ཕྱིར་རོ། །བར་ཆད་མ་མཆིས་པའི་སེམས་གང་ལགས་ཞེས་ཞུས་པ་དེའི་ལན་དུ་བྱམས་པ་ཞི་གནས་ཀྱི་དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་བརྙན་ལ་དམིགས་པའི་ཞི་གནས་ཀྱི་དམིགས་པ་ནང་དུ་
འཇུག་པ་གང་ཡིན་པ་དེ་ནི་བར་ཆད་མེད་པའི་སེམས་ཞེས་བྱ་སྟེ། དམིགས་པ་ཐམས་ཅད་ནང་དུ་བསྡུས་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ཉིད་གང་ལགས་ཞེས་གསོལ་བའི་ལན་དུ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེས་འདི་སྐད་བསྟན་
ཏེ། ཆོས་གང་དག་ཏིང་ངེ་འཛིན་ལ་སེམས་ཀྱི་གཟུགས་བརྙན་གྱིས་རྣམ་པར་སྣང་བ་དེ་དག་ནི་སེམས་དང་ཐ་དད་པ་མ་ཡིན་ཏེ། དེ་དག་གི་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་བྱ་བར་ཡང་དག་པའི་མཐའ་རྟོགས་པ་ཡིན་ནོ་ཞེས་བསྟན་ཏོ། །རྟོགས་པ་
ཞེས་བྱ་བ་ནི་སོ་སོར་རང་རིག་པའོ། །དེ་རྟོགས་ནས་ཀྱང་དེ་བཞིན་ཉིད་དུ་ཡིད་ལ་བྱེད་པ་ཞེས་བྱ་བ་ལ། དེ་རྟོགས་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་ཉིད་དུ་རྟོགས་པའོ། །དེ་རྟོགས་ནས་དེ་བཞིན་ཉིད་རྟོགས་པ་ནི་རྣམ་པར་རིག་པ་ཙམ་ཡང་རྣམ་པར་བཤིགས་པས་སེམས་རྩེ་གཅིག་པ་ཉིད་ཡོངས་སུ་འགྲུབ་
པར་འགྱུར་ཏེ། སེམས་ཀྱི་དེ་བཞིན་ཉིད་ནི་རང་གི་ཁམས་ཉིད་ལ་གནས་པའི་ཕྱིར་རོ། །ལྷག་མཐོང་གི་རབ་ཏུ་དབྱེ་བ་ཞུ་བ་ནི། བཅོམ་ལྡན་འདས་ལྷག་མཐོང་རྣམ་པ་དུ་མཆིས་ཞེས་གསོལ་པ་སྟེ། ཞུས་པའི་ལན་དུ་རྣམ་པ་གསུམ་སྟེ་ཞེས་བྱ་བ་གསུངས་སོ། །གསུམ་གང་ཡིན་སྙམ་པ་ལ་

མཚན་མ་ལས་བྱུང་བ་དང་ཡོངས་སུ་ཚོལ་བ་ལས་བྱུང་བ་དང་། སོ་སོར་རྟོག་པ་ལས་བྱུང་བའོ་ཞེས་བྱ་བ་གསུངས་ཏེ། མཚན་མ་ལས་བྱུང་བ་ནི་ཐོས་པ་ལས་བྱུང་བའོ། །ཡོངས་སུ་ཚོལ་བ་ལས་བྱུང་བ་ནི་བསམས་པ་ལས་བྱུང་བའོ། །སོ་སོར་རྟོག་པ་ལས་བྱུང་བ་ནི་བསྒོམས་པ་ལས་བྱུང་བའོ། །
ཡང་ན་རྣམ་པར་དག་པ་བཞི་པོ་དམིགས་པ་རྣམ་པར་དག་པ་དང་། ལམ་རྣམ་པར་དག་པ་དང་། དྲི་རྣམ་པར་དག་པ་དང་། རང་བཞིན་རྣམ་པར་དག་པ་ཞེས་རྣམ་པར་བཤད་པ་དེ་དག་ལས། དམིགས་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ནི་མཚན་མ་ལས་བྱུང་བ་ཡིན་ནོ། །ལས་རྣམ་པར་དག་པས་
རབ་ཏུ་ཕྱེ་བ་ནི་ཡོངས་སུ་ཚོལ་བ་ལས་བྱུང་བ་ཡིན་ནོ། །དྲི་མ་མེད་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དང་། རང་བཞིན་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ནི་སོ་སོར་རྟོག་པ་ལས་བྱུང་བ་ཡིན་ནོ། །ཡང་ན་རིགས་པ་བཞི་པོ་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པས་བསྒྲུབས་
པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་བ་དེ་དག་ལ་ལྟོས་པའི་རིགས་པའི་མཚན་ཉིད་ཅན་དང་། བྱ་བ་བྱེད་པའི་རིགས་པའི་རྒྱུ་མཚན་ལ་བརྟེན་ཏེ་འཇུག་པ་གང་ཡིན་པ་དེ་ནི་མཚན་མ་ལས་བྱུང་བ་ཡིན་ནོ། །འཐད་པས་བསྒྲུབས་པའི་རིགས་པས་ཡོངས་སུ་ཚོལ་བ་ལ་འཇུག་པ་གང་ཡིན་པ་
དེ་ནི། ཡོངས་སུ་ཚོལ་བ་ལས་བྱུང་བ་ཡིན་ནོ། །ཆོས་ཉིད་ཀྱི་རིགས་པས་ཆོས་ཉིད་སོ་སོར་རྟོག་པ་ལས་བྱུང་བ་གང་ཡིན་པ་དེ་ནི་སོ་སོར་རྟོག་པ་ལས་བྱུང་བ་ཡིན་ནོ། །མཚན་མ་ལས་བྱུང་བ་གང་ཡིན་ཞེ་ན་ཞེས་འདྲི་བ་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་
ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ་ཞེས་བྱ་བ་གསུངས་སོ། །དེས་འདི་སྐད་བསྟན་ཏེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་ཡུལ་ཐོས་པ་ལ་སོགས་པའི་ཆོས་ལ་དམིགས་པ་རྣམ་པར་དག་པའི་མཚན་མའི་གཟུགས་བརྙན་གང་ཡིན་པ་དེ་ཡིད་ལ་བྱེད་པའི་ལྷག་མཐོང་གང་
ཡིན་པ་དེ་ནི་མཚན་མ་ལས་བྱུང་བ་ཡིན་ནོ་ཞེས་བསྟན་ཏོ། །ཡོངས་སུ་ཚོལ་བ་ལས་བྱུང་བ་གང་ཡིན་ཞེ་ན་ཞེས་འདྲི་བ་ལ་དེ་དང་དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དང་དེར་ཞེས་བྱ་བ་ནི་སེམས་ཀྱི་གཟུགས་བརྙན་གྱི་ངོ་བོ་ཉིད་དག་ལའོ། །ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་མ་རྟོགས་པ་ཞེས་བྱ་བ་

ལ། ཤེས་རབ་ནི་ལམ་རྣམ་པར་དག་པའོ། །དེས་ཤིན་ཏུ་མ་དམིགས་པ་དག་ལའོ། །གང་དག་ལ་ཞེ་ན་ཆོས་ཞེས་བྱ་བ་གསུངས་སོ། །དེ་དག་ཉིད་ཅེས་བྱ་བ་ནི་སེམས་ཀྱི་གཟུགས་བརྙན་ཉིད་དོ། །ཤིན་ཏུ་ལེགས་པར་རྟོགས་པས་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་
དཔའི་ལྷག་མཐོང་གང་ཡིན་པ་དེ་ནི་ཡོངས་སུ་ཚོལ་བ་ལས་བྱུང་བ་ཡིན་ནོ། །སོ་སོར་རྟོག་པ་ལས་བྱུང་བ་གང་ཞེ་ན་ཞེས་འདྲི་བ་ལ་དེ་དང་དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དང་དེར་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་ཉིད་ཀྱིས་རབ་ཏུ་ཕྱེ་བ་དག་ལའོ། །ཤེས་རབ་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་ལས་
འདས་པའི་ཤེས་རབ་ཀྱིས་སོ། །ཤིན་ཏུ་ངེས་པར་ལེགས་པར་ཀུན་དུ་རྟོག་པ་རྣམ་པར་བསྒོམ་པའི་ཆོས་རྣམས་ལ། རྣམ་པར་གྲོལ་བའི་ཤེས་བྱ་དྲི་མ་མེད་པ་རྣམ་པར་དག་པ་དང་། རང་བཞིན་རྣམ་པར་དག་པ་ཉོན་མོངས་པའི་སྒྲིབ་པ་སྤངས་པས། སེམས་རྣམ་པར་གྲོལ་བའི་ཕྱིར། དྲི་མ་མེད་པ་རྣམ་
པར་དག་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་ཤེས་རབ་རྣམ་པར་གྲོལ་བའི་ཕྱིར། རང་བཞིན་རྣམ་པར་དག་པ་དེས་ཤིན་ཏུ་ཡོངས་སུ་རྫོགས་པར་ལེགས་པར་ཡང་དག་པར་བདེ་བ་ལ་རེག་པར་བྱ་བའི་ཕྱིར། ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པ་དེ་ནི་སོ་སོར་རྟོག་པ་ལས་བྱུང་བ་ཞེས་བྱའོ། །ཞི་གནས་
ལ་རྣམ་པ་དུ་མཆིས་ཞེས་ཞུས་པ་ལ། བར་ཆད་མེད་པའི་སེམས་དེའི་རྗེས་སུ་འབྲང་བས་ཞེས་པ་ལ་སོགས་པ་གསུངས་ཏེ། མཉམ་པར་གཞག་པའི་སེམས་གང་ལས་བར་ཆད་མེད་པར་ལྷག་མཐོང་འབྱུང་བ་དེ་ནི་བར་ཆད་མེད་པའི་སེམས་ཞེས་བྱའོ། །དེ་ཡང་རྣམ་པ་གསུམ་དུ་བརྗོད་པར་བྱའོ་ཞེས་བྱ་བ་
ཡང་མཚན་མ་ལས་བྱུང་བ་དང་ཡོངས་སུ་ཚོལ་བ་ལས་བྱུང་བ་དང་། སོ་སོར་རྟོག་པ་ལས་བྱུང་བ་སྟེ། ལྷག་མཐོང་རྣམ་པ་གསུམ་ཡོད་པའི་ཕྱིར། ཞི་གནས་ཀྱང་རྣམ་པ་གསུམ་དུ་རིག་པར་བྱའོ། །ནང་དུ་འཇུག་པའི་ཕྱིར་དང་། ཆ་ཕྲ་བའི་ཕྱིར་མཚན་ཉིད་ནི་བཀའ་མ་སྩལ་ཏོ། །ཡང་ཞི་གནས་ནི་རྣམ་
པ་བརྒྱད་དེ་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་དབྱེ་བ་བསྟན་ཏོ། །བསམ་གཏན་དང་གཟུགས་མེད་པའི་རབ་ཏུ་དབྱེ་བས་ནང་དུ་བསྡུས་པ་རྣམ་པ་བརྒྱད་ཀྱི་དབྱེ་བ་ཡོད་པའི་ཕྱིར། ཞི་གནས་ཀྱང་རྣམ་པ་བརྒྱད་དུ་རྣམ་པར་བཤད་དོ། །ཡང་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་བྱམས་པ་ཚད་མེད་པ་དང་། སྙིང་རྗེ་དང་།

དགའ་བ་དང་། བཏང་སྙོམས་ཚད་མེད་པ་རྣམས་ནི་སེམས་ནང་དུ་འཇུག་པ་ཡིན་པའི་ཕྱིར་ཏེ། གནོད་སེམས་ལ་སོགས་པ་སེམས་ཡོངས་སུ་གདུང་བ་ཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞི་གནས་སུ་རྣམ་པར་བཤད་དོ། །ཡང་ཞི་གནས་དང་ལྷག་མཐོང་གཉིས་ཀྱི་ཆོས་ལ་གནས་པ་དང་མི་
གནས་པའི་དབྱེ་བ་ཞུ་བའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་གི་ཆོས་ལ་གནས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་གསོལ་ཏོ། །མདོའི་སྡེ་ལ་སོགས་པ་ཇི་ལྟར་བཟུང་བ་དང་བསམས་པའི་ཆོས་ཀྱི་མཚན་མའི་རྗེས་སུ་འབྲང་བས་ཞེས་བྱ་བ་ལ། ཆོས་ཀྱི་མཚན་མ་ནི་ཚིག་དང་ཡི་གེ་
ལ་སོགས་པའོ། །དོན་ལ་ཞེས་བྱ་བ་ནི་དོན་གྱི་རྒྱུ་མཚན་ལའོ། །དེས་འདི་སྐད་བསྟན་ཏེ། མདོའི་སྡེ་ལ་སོགས་པའི་ཆོས་བཟུང་བ་དང་བསམས་པའི་མཚན་མའི་རྗེས་སུ་འབྲངས་ནས་དོན་ལ་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་ཆོས་ལ་གནས་པ་ཡིན་ཏེ། ཆོས་ལ་མོས་པ་དོན་གྱི་རྗེས་
སུ་འབྲང་བའི་ཕྱིར་རོ་ཞེས་བསྟན་ཏོ། །བཟུང་བ་དང་བསམས་པའི་ཆོས་ལ་མི་ལྟོས་པར་ཞེས་བྱ་བ་ལ་སོགས་པ་ནི་མདོའི་སྡེ་ལ་སོགས་པའི་ཆོས་གཟུང་བ་མེད་པའོ། །གཞན་གྱིས་ཞེས་བྱ་བ་ནི་གཞན་གྱི་རྐྱེན་ལས་ཡིན་གྱི། རང་གི་རྐྱེན་གྱི་སྟོབས་ཀྱིས་མ་ཡིན་པའོ། །གདམས་ངག་དང་
རྗེས་སུ་བསྟན་པ་ཞེས་བྱ་བ་ལ་རྟོགས་པར་བྱ་བའི་ངག་ནི་གདམས་ངག་གོ། །འོ་ན་གཞན་ལས་ཐོས་པ་ཡང་ཆོས་ལ་གནས་པ་ཁོ་ན་ཡིན་ཏེ། གཞན་གྱིས་སྨྲས་པའི་ཆོས་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ་ཞེ་ན། མདོའི་སྡེ་ལ་སོགས་པའི་ཆོས་བཟུང་བའི་སྟོབས་ཀྱིས་འཇུག་པ་མ་ཡིན་གྱི། དད་
པས་གཞན་གྱི་རྐྱེན་གྱིས་འཇུག་པ་ཡིན་ཏེ། ཆོས་རྣམས་ལ་ངེས་པ་མེད་པས་དེའི་ཕྱིར། ཆོས་ལ་གནས་པ་ཉིད་མ་ཡིན་ནོ། །འདི་ལྟ་སྟེ། རྣམ་པར་བསྔོས་པའམ་ཞེས་བྱ་བ་ལ་སོགས་པ་ཡང་དད་པས་གཞན་ལས་ལུང་མ་མནོས་ཏེ། མི་སྡུག་པ་ལ་སོགས་པ་བསྒོམ་པའི་ཞི་གནས་དང་།
ལྷག་མཐོང་ནི་སྦྱོར་བས་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་ཆོས་ལ་གནས་པ་མ་ཡིན་ནོ། །བྱམས་པ་དེ་ལ་ང་ནི་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ཇི་ལྟར་ཐོས་པ་དང་། གཟུང་བའི་ཆོས་རྣམས་ཀྱི་རྗེས་སུ་འབྲང་བ་ནི་རང་གི་བློའི་སྟོབས་ཀྱིས་ཆོས་ལ་

གནས་པའི་ཞི་གནས་དང་ལྷག་མཐོང་བསྟན་པར་སྐྱེས་པ་ལ་སྒོམ་པར་བྱེད་པ་ཡིན་པས། དེའི་ཕྱིར་དེ་ནི་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བསྟན་ཏོ། །ཆོས་ལ་མི་གནས་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། བྱང་ཆུབ་སེམས་དཔའ་དང་པོ་ཉིད་ནས་མདོའི་
སྡེ་ལ་སོགས་པའི་ཆོས་ཉན་པ་དང་འཛིན་པར་མི་ནུས་ཤིང་། དད་པས་གཞན་གྱི་རྐྱེན་གྱིས་འཇུག་པ་ནི་དབང་པོ་རྟུལ་པོ་ཡིན་པས་དེའི་ཕྱིར་དེ་ནི་གཞན་དག་གིས་བསྐྱོད་དུ་རུང་བའི་ཕྱིར། བསྟན་པ་མ་ཡིན་ནོ་ཞེས་བསྟན་ཏོ། །མ་འདྲེས་པ་དང་འདྲེས་པའི་ཆོས་ལ་དམིགས་པའི་དབྱེ་བ་ཞུ་བའི་ཕྱིར།
བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་མ་འདྲེས་པའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཇི་ལྟར་བཟུང་བ་དང་བསམས་པའི་ཆོས་རྣམས་ལས་ཞེས་བྱ་བ་ནི། སྟོང་པ་ཉིད་ལ་སོགས་པའི་རྣམ་པ་གང་གིས་མདོའི་སྡེ་ལ་སོགས་པའི་ཆོས་བཟུང་བ་དང་བསམས་
པ་དེ་དག་ལ་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་དེ་ནི་མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱའོ་ཞེས་བསྟན་ཏོ། །མདོའི་སྡེ་ལ་སོགས་པའི་ཆོས་སོ་སོ་ལ་དམིགས་པ་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པའི་ཆོས་ཐ་དད་པར་རྣམ་པར་གནས་པ་ལ་དམིགས་པ་
ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མདོའི་སྡེ་ལ་སོགས་པའི་ཆོས་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པ་སྔར་བསྟན་པ་དག་གོ། །དེ་བཞིན་ཉིད་ལ་གཞོལ་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་འདུད་པའོ། །དེ་བཞིན་ཉིད་ལ་འབབ་པ་ཞེས་བྱ་བ་
ནི་དེ་བཞིན་ཉིད་གཙོ་བོར་བྱེད་པའོ། །དེ་བཞིན་ཉིད་ལ་བབ་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་ཞུགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གིས་ནི་འདི་སྐད་ཅེས། ཆོས་འདི་དག་ཐམས་ཅད་ནི་དེ་བཞིན་ཉིད་དུ་རོ་གཅིག་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་
རྣམ་པར་དག་པ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་ལ་གཞོལ་བ་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་རྟོག་པའི་ཡེ་ཤེས་སོ། །གནས་གྱུར་པ་ལ་གཞོལ་བ་ཞེས་བྱ་བ་ལ་སོགས་པ་ལ་གནས་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པའི་

སྟོབས་སོ། །གནས་གྱུར་པ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །མདོའི་སྡེ་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་གཅིག་ཏུ་གྱུར་པ་ནི་དགེ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་ལ་དགེ་བའི་ཆོས་ཞེས་བྱ་བ་ནི། རྟོགས་པའི་གནས་སྐབས་ན་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་དོན་དམ་པར་དགེ་བ་དང་།
ལུང་གི་གནས་སྐབས་ན་ལམ་གྱི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་དགེ་བ་དག་གོ། །དཔག་ཏུ་མེད་པ་ཞེས་བྱ་བ་ནི་ཚད་མེད་པ་སྟེ། ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ནི་ཡོངས་སུ་གཅད་དུ་མེད་པའི་ཕྱིར་རོ། །གྲངས་མེད་པ་ཞེས་བྱ་བ་ནི་དཔག་ཏུ་མེད་པ་དེ་ཉིད་ཀྱི་ཕྱིར་ཏེ། གྲངས་ལས་ཡང་དག་པར་
འདས་པའི་ཕྱིར་རོ། །མངོན་པར་བརྗོད་པས་མངོན་པར་བརྗོད་པ་ཞེས་བྱ་བ་ནི་དེ་ལྟར་ཟག་པ་མེད་པའི་ཆོས་མངོན་སུམ་དུ་བརྗོད་པས་རྗོད་པར་བྱེད་པའོ། །དེ་ནི་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་
ལྷག་མཐོང་ཡིན་པའོ། །འདྲེས་པའི་ཆོས་ལ་དམིགས་པ་རྣམས་ཀྱིས་ཆུང་ངུ་དང་ཆེན་པོར་གྱུར་པ་དང་ཚད་མེད་པའི་དབྱེ་བ་ཞུ་བའི་ཕྱིར། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བྱམས་པ་
མདོའི་སྡེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏོ། །མདོའི་སྡེ་ལ་སོགས་པའི་ཆོས་གང་ཡང་རུང་བ་དག་གཟུང་བ་རྣམས་ཀྱི་དང་པོ་དང་བར་དང་ཐ་མ་གཅིག་ཏུ་བཟླུམས་ཏེ། ཡིད་ལ་བྱེད་པའི་ཞི་གནས་དང་ལྷག་མཐོང་ནི་འདྲེས་པ་ཆུང་ངུའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱ་སྟེ།
ཆོས་མཐའ་དག་ལ་དམིགས་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །མདོའི་སྡེ་ལ་སོགས་པ་དེ་དག་ཇི་སྙེད་གཟུང་བ་དང་ཞེས་བྱ་བ་ལ་སོགས་པས་ནི། མདོའི་སྡེ་ལ་སོགས་པ་དེ་དག་ཐམས་ཅད་སོ་སོར་གཅིག་ཏུ་བཟླུམས་ཏེ། ཡིད་ལ་བྱེད་པ་ནི་འདྲེས་པ་ཆེན་པོར་གྱུར་པའི་ཆོས་ལ་དམིགས་པའི་ཞི་གནས་
དང་ལྷག་མཐོང་ཡིན་པར་རིག་པར་བྱ་སྟེ། མདོའི་སྡེ་ལ་སོགས་པའི་ཆོས་མཐའ་དག་ལ་དམིགས་པའི་ཕྱིར་རོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ཚད་མེད་པ་རྣམས་དང་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། དེ་བཞིན་གཤེགས་པའི་བསྟན་པ་དམིགས་པ་ཐམས་ཅད་

ཀྱི་ཕྱིར། ཐམས་ཅད་དང་དུས་ཐམས་ཅད་དུ་གདུལ་བའི་སྐྱེ་བོ་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་མགུ་བར་བྱེད་པས། འཇུག་པ་གང་ཡིན་པ་ལ་ནི་ཚད་མེད་དོ་ཞེས་བསྟན་ཏོ། །ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་རྣམས་དང་། གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ཚད་མེད་པ་
རྣམས་ཀྱང་དེ་བཞིན་ནོ། །གཅིག་ཏུ་བཟླུམས་ཏེ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དམིགས་སུ་མེད་པ་ཉིད་ཀྱིས། རོ་གཅིག་པར་བྱེད་པའི་ཞི་གནས་དང་ལྷག་མཐོང་ནི། འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་ཇི་ཙམ་གྱིས་ན་ཞེས་བྱ་བ་ལ་སོགས་པས་ནི་དེའི་འཐོབ་པའི་རྒྱུ་ཞུས་པ་ཡིན་ནོ། །བྱམས་པ་དེ་ནི་རྒྱུ་ལྔས་འཐོབ་པར་རིག་པར་འགྱུར་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་འཐོབ་པའི་རྒྱུ་སྟོན་ཏོ། །ཡིད་ལ་བྱེད་པའི་ཚེ་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ་ཞེས་བྱ་
བ་ལ་གནས་ངན་ལེན་ནི་རྣམ་པ་གཉིས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་གནས་ངན་ལེན་དང་། ལྟ་བའི་རྣམ་པའི་ཉོན་མོངས་པའི་གནས་ངན་ལེན་ཏོ། །དེའི་རྟེན་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། འདྲིས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ནི་གནས་ངན་ལེན་
དེ་གཉིས་ཀྱི་གཉེན་པོ་ཡིན་པའི་ཕྱིར་དེའི་གནས་འཇིག་པར་བྱེད་པ་ཡིན་ནོ། །འདུ་ཤེས་སྣ་ཚོགས་རྣམ་པར་སྤངས་ཏེ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་ཞེས་བྱ་བ་ནི་གནས་ངན་ལེན་གྱི་སྒྲིབ་པ་དང་བྲལ་བ་དེའི་ཕྱིར། ལུས་དང་སེམས་ཤིན་ཏུ་སྦྱངས་པས། འདུ་ཤེས་སྣ་ཚོགས་དང་བྲལ་བའི་
ཆོས་ཀྱི་ཀུན་དགའ་ལ་དགའ་བ་འཐོབ་པའོ། །ཆོས་སྣང་བ་ཕྱོགས་བཅུར་ཚད་མེད་ཅིང་རྣམ་པ་ཡོངས་སུ་མ་ཆད་པ་ཡང་དག་པར་ཤེས་པ་ཞེས་བྱ་བ་ནི་ཆོས་དཔག་ཏུ་མེད་པ་ལ་ཤིན་ཏུ་ལེགས་པར་རེག་པའི་ཕྱིར་རོ། །དགོས་པ་ཡོངས་སུ་གྲུབ་པ་དང་ལྡན་པ་རྣམ་པར་དག་པའི་ཆ་དང་མཐུན་པའི་མཚན་མ་
རྣམ་པར་མ་བརྟགས་པ་རྣམས་དེ་ལ་ཀུན་དུ་འབྱུང་བ་ཞེས་བྱ་བ་ནི། གང་ཟག་དང་ཆོས་ཀྱི་རྣམ་པའི་ལྟ་བ་ཡོངས་སུ་དག་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། དགོས་པ་ཡོངས་སུ་གྲུབ་པ་དག་ཡིན་ནོ། །དེའི་ཆ་

ནི་རྟོགས་པ་སྟེ། དེ་དང་མཐུན་པའི་མཚན་མ་རྣམ་པ་མ་བརྟགས་པ་དག་རང་གི་ངང་གིས་ཀུན་དུ་འབྱུང་བའོ། །ཆོས་ཀྱི་སྐུ་ཐོབ་པ་དང་ཡོངས་སུ་རྫོགས་པ་དང་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར། རྒྱུ་གོང་མ་བས་ཆེས་གོང་མ་བཟང་པོ་བས་ཆེས་བཟང་པོ་ཡང་དག་པར་ཡོངས་སུ་འཛིན་པར་
བྱེད་པ་ཞེས་བྱ་བ་ལ་ས་དང་པོ་ལ་ནི་ཆོས་ཀྱི་སྐུ་རྟོགས་པ་ཡིན་ནོ། །ས་གསུམ་པ་ལ་ནི་འཐོབ་པོ། །ས་བཅུ་པ་ལ་ནི་ཡོངས་སུ་རྫོགས་སོ། །དེ་བཞིན་གཤེགས་པའི་ས་ལ་ནི་ཡོངས་སུ་འགྲུབ་སྟེ། མཐར་ཐུག་པར་གྱུར་པའི་ཕྱིར་རོ། །རྒྱུ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ངེས་
པར་འབྱུང་བའོ། །གོང་མ་བས་ཆེས་གོང་མ་བཟང་པོ་བས་ཆེས་བཟང་པོ་ཞེས་བྱ་བ་ནི། རྟོག་པ་བས་འཐོབ་པ་དང་འཐོབ་པ་བས་ཡོངས་སུ་རྫོགས་པ་དང་། ཡོངས་སུ་རྫོགས་པས་ཡོངས་སུ་གྲུབ་པ་ཆེས་གོང་མ་བས་གོང་མ་དང་། ཆེས་བཟང་པོ་བས་ཆེས་བཟང་པོ་ཡིན་པའོ། །ཡང་དེ་གཉིས་ཀྱི་དབྱེ་
བ་ཞུ་བའི་ཕྱིར། བཅོམ་ལྡན་འདས་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སེམས་རགས་པ་ཉིད་ནི་རྟོག་པའོ། །ཞིབ་བ་ཉིད་ནི་དཔྱོད་པའོ། །ཇི་ལྟར་གཟུང་ཞིང་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་གི་མཚན་མ་ཞེས་བྱ་བ་ནི།
མདོ་སྡེ་ལ་སོགས་པའི་ཆོས་ཇི་ལྟར་གཟུང་ཞིང་བརྟག་པ་དང་དཔྱད་པ་དག་གི་མཚན་མ་དམིགས་པར་གྱུར་པ། གསལ་ཞིང་རགས་པར་མྱོང་བའི་རྗེས་སུ་དཔྱོད་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བསྟན་པའོ། །དེ་དག་
ཉིད་ཀྱི་མཚན་མ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཉིད་ཅེས་བྱ་བ་དེས་ནི་མདོའི་སྡེ་ལ་སོགས་པའི་ཆོས་ཇི་ལྟར་བཟུང་ཞིང་བརྟག་པ་དང་། དཔྱད་པ་དག་གི་མཚན་མ་བཟུང་ངོ་། །དེ་ལ་ནི་རྟོག་པ་མེད་པའི་ཕྱིར་གསལ་ཞིང་རགས་པའི་མཚན་མ་མེད་དེ། དེ་སྣང་བ་འོལ་ཕྱིར་དྲན་པ་ཙམ་ཕྲ་མོ་མྱོང་
བའི་རྗེས་སུ་དཔྱོད་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ་ཞེས་སྟོན་ཏོ། །དེ་དག་གི་མཚན་མ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་གི་མཚན་མ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ལྷུན་གྱིས་གྲུབ་པར་ཞེས་བྱ་བ་ནི། སེམས་

ཀྱི་རྒྱུད་གཅིག་ཏུ་གྱུར་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བའི་ཕྱིར། མདོའི་སྡེ་ལ་སོགས་པའི་ཆོས་ཀྱི་མཚན་མ་གཟུང་བ་མེད་པར་ལྷུན་གྱིས་གྲུབ་པར་ཆོས་མྱོང་བའི་ཡིད་ལ་བྱེད་པས་རྣམ་པར་དཔྱོད་པས་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི། རྟོག་
པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བསྟན་ཏོ། །ཡང་ཡོངས་སུ་ཚོལ་བ་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པས་ནི། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་ལ། ཆོས་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཡོངས་སུ་ཚོལ་བ་ལས་བྱུང་བའི་ཞི་གནས་
དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བསྟན་ཏོ། །སོ་སོར་རྟོག་པ་ལས་བྱུང་བ་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པའི་ཆོས་ལ་ཞིབ་ཏུ་སོ་སོར་རྟོག་པའི་ཕྱིར་རོ། །
འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང་། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས། ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞི་གནས་ཀྱི་རྒྱུ་མཚན་ནི་
གང་ལགས་ཞེས་བྱ་བ་ལ་སོགས་པས་ནི་ཞི་གནས་དང་ལྷག་མཐོང་རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་ཞུས་སོ། །བྱམས་པ་སེམས་རྒོད་པའམ་ཞེས་བྱ་བ་ལ་སོགས་པ་ལ་རྒོད་པ་ཞེས་བྱ་བ་ནི་ཉེ་བར་མ་ཞི་བའོ། །རྒོད་དུ་དོགས་པ་ཞེས་བྱ་བ་ནི་འཕྲོ་བའི་བསམ་པའོ། །ཀུན་དུ་སྐྱོ་བར་
འགྱུར་བ་དང་མཐུན་པའི་ཆོས་རྣམས་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་རྣམ་པ་དག་གོ། །བར་ཆད་མེད་པའི་སེམས་དེ་ཞེས་བྱ་བ་ནི་སེམས་ཡུལ་རྣམས་ལ་མི་དམིགས་པའོ། །བྱམས་པ་སེམས་བྱིང་ངམ་ཞེས་བྱ་བ་ལ་སོགས་པ་ལ། སེམས་བྱིང་ཞེས་བྱ་བ་ནི་རྨུགས་པ་དང་གཉིད་
ཀྱིས་ཉམས་པར་བྱས་པའོ། །བྱིང་དུ་དོགས་པ་ཞེས་བྱ་བ་ནི་བྱིང་བའི་རྗེས་སུ་མཐུན་པའོ། །མངོན་པར་དགའ་བ་དང་མཐུན་པའི་ཆོས་རྣམས་ཞེས་བྱ་བ་ནི་འགོག་པ་དང་ལམ་གྱི་རྣམ་པ་དག་གོ། །སེམས་ཀྱི་མཚན་མ་དེ་ཞེས་བྱ་བ་ནི། མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་

ལ་དམིགས་པའི་སེམས་ཀྱི་མཚན་མ་ཞེས་བྱ་བའི་ཐ་ཚིག་གོ། །ཞི་གནས་ཀྱི་རྒྱུ་མཚན་དང་རབ་ཏུ་འཛིན་པའི་རྒྱུ་མཚན་རྣམ་པར་བཤད་ནས། བྱམས་པའི་ཞི་གནས་ལ་གཅིག་ཏུ་ངེས་པའམ། ལྷག་མཐོང་ལ་གཅིག་ཏུ་ངེས་པའམ། ཟུང་དུ་འབྲེལ་པའི་ལམ་ཡང་རུང་སྟེ་ཞེས་བྱ་བས་བཏང་
སྙོམས་ཀྱི་རྒྱུ་མཚན་སྟོན་ཏོ། །དེ་གཉི་གའི་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མོངས་པ་མེད་པ་ཞེས་བྱ་བས་ནི་ལམ་རྣམ་པ་གསུམ་པོ་དེ་དག་གི་བྱེ་བྲག་བསྟན་ཏེ། རྒོད་པ་དང་འགྱོད་པ་དང་རྨུགས་པ་དང་གཉིད་ཀྱིས་ཉམས་པར་མ་བྱས་པའི་ལམ་ལ། སེམས་རང་གི་ངང་གིས་འཇུག་པ་
ན་ཡིད་ལ་བྱེད་པ་ལྷུན་གྱིས་གྲུབ་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་ལགས་ན། ཇི་ལྟར་ཆོས་སོ་སོ་ཡང་དག་
པར་རིག་པ་ལགས། ཇི་ལྟར་དོན་སོ་སོ་ཡང་དག་པར་རིག་པ་ལགས་ཞེས་ཞུས་པས་དེ་ནི། ཆོས་དང་དོན་གྱི་ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་ཞུས་སོ། །ཆོས་ནི་གནས་ཡིན་ལ། དོན་ནི་གནས་ཡིན་པ་དེའི་ཕྱིར། བྱམས་པ་རྣམ་པ་ལྔས་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་
གནས་སུ་གྱུར་པའི་ཆོས་ཀྱི་རབ་ཏུ་དབྱེ་བ་དང་པོར་བཀའ་སྩལ་ཏོ། །ཆོས་ཀྱི་ངོ་བོ་ཉིད་ཀྱང་རྣམ་པ་གཉིས་ཏེ། བཤད་པའི་ཆོས་དང་རྟོགས་པའི་ཆོས་སོ། །བཤད་པའི་ཆོས་ནི་རྟོགས་པའི་ཆོས་ཀྱི་རྩ་བ་ཡིན་པའི་ཕྱིར་དང་། བཤད་པའི་ཆོས་ཀྱང་མིང་དང་ཚིག་འབྲུ་དང་། སོ་སོ་བ་དང་། བསྡུས་
པའི་ངོ་བོ་ཉིད་ཡིན་པའི་ཕྱིར། མིང་དང་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །མིང་གང་ཞེ་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ལ་ངོ་བོ་ཉིད་དང་བྱེ་བྲག་གི་མིང་དུ་བྱ་བར་བཏགས་པ་གང་ཡིན་པའོ་ཞེས་བྱ་བ་ལ་ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །
རྣམ་པར་བྱང་བ་པ་ནི་དད་པ་ལ་སོགས་པའོ། །དེ་དག་ལ་འདོད་ཆགས་ཞེས་བྱ་བ་དང་། དད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་མིང་དུ་བྱ་བར་བཏགས་པ་ཡིན་ནོ། །འདོད་ཆགས་དེ་ཡང་ཡོངས་སུ་ཤེས་པར་བྱ་བ་ཞེའམ། སྤང་བར་བྱ་བ་ཞེས་བྱ་བ་ནི་བྱེ་བྲག་གི་མིང་དུ་བྱ་བར་བཏགས་པ་ཡིན་ནོ། །དེ་བཞིན་

དུ་དད་པ་ཡང་བསྒོམ་པར་བྱ་བ་ཞེའམ། ལན་མང་དུ་བྱ་བ་ཞེས་བྱ་བ་ནི་བྱེ་བྲག་གི་མིང་དུ་བྱ་བར་བཏགས་པ་ཡིན་ཏེ། དེ་ནི་མིང་ཡིན་ནོ། །ཚིག་གང་ཞེ་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའི་དོན་རྗེས་སུ་ཐ་སྙད་བཏགས་པའི་ཕྱིར། གནས་དང་རྟེན་མིང་དེ་
དག་ཉིད་ཀྱི་ཚོགས་ལ་བརྟེན་པ་གང་ཡིན་པའོ་ཞེས་བྱ་བ་ལ་འདི་ལྟ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་སྤང་བར་བྱ་བ་ཞེས་བྱ་བ་ནི་མིང་རྣམས་ཀྱི་ཚོགས་སོ། །རྣམ་པར་བྱང་བ་པའི་མིང་གི་ཚོགས་ཀྱང་དེ་བཞིན་དུ་བསྟན་པར་བྱ་སྟེ། འདི་ལྟ་སྟེ་སེམས་ཅན་མེད་པའི་
ལས་དང་འབྲས་བུར་འབྲེལ་བ་ལ། དད་པ་ནི་དགེ་བ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཡི་གེ་གང་ཞེ་ན་དེ་གཉི་གའི་གནས་ཀྱི་ཡི་གེའི་འབྲུ་གང་ཡིན་པའོ་ཞེས་བྱ་བ་ནི་མིང་དང་ཚིག་གི་གནས་སུ་གྱུར་པ་ནི་ཡི་གེའི་འབྲུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་སོ་སོ་ལས་སོ་སོ་ཡང་དག་པར་རིག་
པ་གང་ཞེ་ན། མ་འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་སོ་སོ་ཡང་དག་པར་རིག་པ་གང་ཡིན་པའོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། མིང་དང་ཚིག་དང་ཡི་གེ་བཀོད་པ་ཁྱད་པར་དུ་འཕགས་པའི་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་ཚིག་སོ་སོར་ངེས་པར་འཛིན་པར་བྱེད་པ་ཡིན་ནོ་ཞེས་བསྟན་
ཏོ། །བསྡུས་པ་ལས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་སོ་སོ་ཡང་དག་པར་རིག་པ་གང་ཡིན་པའོ་ཞེས་བྱ་བས་ནི་མདོའི་སྡེ་ལ་སོགས་པའི་ཆོས་བསྡུས་པ་དེ་དག་ཉིད་གཅིག་ཏུ་བྱས་ཏེ་ངེས་པར་འཛིན་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །
བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཇི་ལྟར་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་པ་དེ་ལྟར་རྣམ་པར་བཤད་ནས་རྣམ་པ་དུ་དག་གིས་དོན་སོ་སོ་ཡང་དག་པར་རིག་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམ་པ་བཅུས་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ།
ཇི་སྙེད་ཡོད་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །བྱམས་པ་དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའི་ཆོས་རྣམས་ལ་རྣམ་པ་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་མཐར་ཐུག་པ་གང་ཡིན་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཡིན་ཏེ་ཞེས་བྱ་བ་ལ་ཀུན་ནས་ཉོན་མོངས་པ་ལ་ནི་འདོད་

ཆགས་ལ་སོགས་པའོ། །རྣམ་པར་བྱང་བ་པས་ནི་དད་པ་ལ་སོགས་པ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་པ་དེ་དག་གི་གྲངས་ཀྱི་རྣམ་པ་ཇི་སྙེད་ཡོད་པ་དེ་དག་གི་རྣམ་པ་རབ་ཏུ་དབྱེ་བའི་མཐར་ཐུག་པར་གྱུར་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཡིན་ནོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་
པས་ནི། ཕུང་པོ་རྣམས་ཀྱི་ནི་ཕུང་པོ་ལྔ་པོ་དག་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕུང་པོ་རྣམས་ལྷག་ཆད་མེད་པར་བསྡུས་པའི་ཕྱིར་རོ། །ནང་གི་སྐྱེ་མཆེད་དྲུག་པོ་དག་གིས་ནི་ཟབ་པོ་བསྟན་ཏོ། །ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་གིས་ནི་ལོངས་སྤྱོད་པ་བསྟན་ཏོ་ཞེས་
བྱ་བ་ལ་སོགས་པའོ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་གྲངས་ལྔས་བསྡུས་པ་དག་ཀྱང་གཟུང་བར་བྱའོ། །ཇི་སྙེད་ཡོད་པ་ཉིད་ཅེས་བྱ་བ་ནི་ཆོས་ཇི་སྙེད་ཡོད་པ་གང་དག་གིས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་པ་ཡོད་པར་སྲིད་པ་ཉིད་ནི་ཇི་སྙེད་པ་ཉིད་ཅེས་བྱའོ། །བྱམས་པ་དེ་ལ་
ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའི་ཆོས་དེ་དག་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཡིན་ཏེ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའི་ཆོས་གང་དག་ལ་རྣམ་པར་དཔྱད་པའི་གནས་སྐབས་ན་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་
ལོག་པ་ཡོད་པར་སྲིད་པ་ཉིད་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །དེ་ཡང་རྣམ་པ་བདུན་ཏེ་ཞེས་བྱ་བས་ནི་ཡང་རབ་ཏུ་དབྱེ་བ་བསྟན་ཏོ། །འབྱུང་བའི་དེ་བཞིན་ཉིད་ནི་ཞེས་བྱ་བ་ལ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་རྒྱུན་གྱིས་འཇུག་པ་ནི་འབྱུང་བ་ཡིན་ནོ། །དེ་བཞིན་
ཉིད་ཅེས་བྱ་བ་ནི་རྣམ་པ་དེས་གཞན་དུ་མ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་བསྟན་པའོ། །འདུ་བྱེད་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པ་ཉིད་གང་ཡིན་པའོ་ཞེས་བྱ་བས་ནི། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མེད་པ་སྟོན་ཏོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་གང་ཟག་
ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་གང་ཡིན་པའོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་རེ་ཞིག་འདུས་བྱས་རྣམས་ལ་ནི་རྡུལ་ཕྲ་རབ་རེ་རེ་དང་སེམས་དང་སེམས་ལས་བྱུང་བ་མཐའ་དག་ལ་གང་ཟག་མེད་དོ། །འདུས་མ་བྱས་ནམ་

མཁའ་དང་སོ་སོར་བརྟགས་ཏེ་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་ལ་ཡང་གང་ཟག་མེད་པས། དེའི་ཕྱིར་ཆོས་རྣམས་ཀྱི་མཚན་ཉིད་ནི་གང་ཟག་ལ་བདག་མེད་པ་ཡིན་ནོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདུ་བྱེད་རྣམས་ཀྱི་
རྣམ་པར་རིག་པ་ཙམ་ཉིད་གང་ཡིན་པའོ་ཞེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་རྣམས་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །གནས་པའི་དེ་བཞིན་ཉིད་ནི་ངས་སྡུག་བསྔལ་གྱི་བདེན་པ་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ལ་གནས་པ་ཞེས་བྱ་བ་ནི་བདག་པོ་མེད་པའི་ཆོས་
རྣམས་དུས་ལ་སོགས་པར་གནས་པའོ། །དེ་དག་ཐམས་ཅད་ནི་འཕགས་པ་རྣམས་ལ་སྡུག་བསྔལ་བར་བདེན་ཏེ་མི་མཐུན་པའི་ཕྱིར་རོ། །ལོག་པར་བསྒྲུབ་པའི་དེ་བཞིན་ཉིད་ནི་ངས་ཀུན་འབྱུང་བའི་བདེན་པ་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ལ་ལོག་པར་བསྒྲུབ་པ་ནི་བདག་མེད་པ་ལ་
བདག་ཏུ་རྨོངས་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར