Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 121

Văn bản gốc(Tây Tạng)

Trang 16 / 17 (50.000 ký tự/trang)
རླབས་རྣམས་བཞིན་དུའོ། །ཞེས་བྱ་བར་ལན་མང་པོར་བཤད་པའོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་
ཡང་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་སྟེ། འཁོར་བའི་དུས་སུ་གློ་བུར་གྱི་གཉིས་ཀྱི་རྣམ་པར་སོ་སོར་སྣང་ངོ་། །དེར་ཉན་ཐོས་དང་མུ་སྟེགས་བྱེད་རྣམས་རྟག་པ་དང་བདག་དང་ཕྱི་རོལ་གྱི་དོན་མངོན་པར་ཆགས་པ་སྟེ། དེ་བཞིན་དུ་ཐམས་ཅད་མཁྱེན་པས་སྒྲུབ་པར་མཛད་པ།

ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་ཅན་གྱི་རྣལ་འབྱོར་ལ་རྣལ་འབྱོར་པ་ཐམས་ཅད་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཞེས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་རྟག་པ་དང་གཅིག་པ་དང་དུ་མ་དང་བདག་ཏུ་སྨྲ་བའི་མུ་སྟེགས་ཅན་གྱི་རྣལ་འབྱོར་
སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་ཤེས་པའི་ཡུལ་མ་ཡིན་ནོ། །དེ་ནི་འདུས་བྱས་དང་འདུས་མ་བྱས་པར་རྟག་པ་ན་སྐད་ཅིག་པའི་རྒྱུན་རྟག་པས་རྣམ་གྲངས་སུ་རྟག་པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། རིགས་ཀྱི་བུ་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་
བ་འདི་ནི་སྟོན་པས་བརྟགས་པའི་ཚིག་གོ་ཞེས་འབྱུང་ངོ་། །འདུས་བྱས་སུ་སྤྱོད་ཀྱང་རུང་འདུས་མ་བྱས་སུ་སྤྱོད་ཀྱང་རུང་སྟེ་ནམ་འདུས་བྱས་པ་དེ་ནི་སྐད་ཅིག་པའོ། །ནམ་རྟག་པར་བསམས་ཏེ་འདུས་མ་བྱས་པ་དེ་ནི་སྐད་ཅིག་པ་མ་ཡིན་ཏེ། དེ་དེ་ལྟར་སྐད་ཅིག་ཏུ་འཇིག་པ་
ཡོད་ན་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་དུས་ན་བསམ་པས་འདུས་བྱས་དང་འདུས་མ་བྱས་སུ་འགྱུར་རོ། །གལ་ཏེ་ཡང་སྐད་ཅིག་ཏུ་འཇིག་པ་མེད་དུ་ཟིན་ན་ནི་དེའི་ཚེ་བདེ་བར་གཤེགས་པས་རྟོགས་པ་དང་མུ་སྟེགས་བྱེད་པར་ཁྱད་པར་ཅི་ཡོད། ཁ་ཅིག་གིས་ནི་ཇི་ལྟར་
རྟག་པའི་དངོས་པོ་མེད་པ་དེ་ལྟར་སྐད་ཅིག་གི་དངོས་པོ་མེད་ཅེས་ཏེ། ཇི་ལྟར་དཀོན་མཆོག་ཕྲེང་བ་ལས། སྐད་ཅིག་གི་སྐྱེ་བ་དང་གནས་པ་དང་རྒ་བ་དང་། མི་རྟག་པའི་མཚན་ཉིད་རིམ་གྱིས་ཆོས་དང་ལྡན་པ་ན་དེ་ལྟ་བུར་ནི་སྐད་ཅིག་པ་འགྲིབ་པོ་ཞེས་འཕགས་པ་ཀླུས་
བོས་ཀྱིས་གླེངས་པ་ནི། སྐད་ཅིག་ལ་ནི་མཐའ་ཡོད་པས། །ཐོག་མ་བར་ཡང་རྟོགས་པར་གྱིས། །དེ་ལྟར་སྐད་ཅིག་གསུམ་དག་ཕྱིར། །སྐད་ཅིག་མི་གནས་འཇིག་རྟེན་ལ། །ཐོག་མ་བར་དང་ཐ་མ་ཡི། །ཆ་རྣམས་ལ་ཡང་རྟོག་པར་གྱིས། །ཐོག་མ་བར་དང་མཐའ་ཡོད་ཀྱི། །
འདུས་ལ་གཅིག་པ་མེད་པའོ། །ཞེས་སོ། །དེ་དེ་ལྟར་གྲངས་ཅན་དང་ནེ་ཡི་ཡ་ཡི་ཀ་ལ་སོགས་པའི་སྐད་ཅིག་པ་དྲུག་ཏུ་ཡང་མི་རུང་བར་གླེང་ངོ་། །གང་དག་ཡང་ཐོག་མ་དང་ཐ་མའི་དུས་ཀྱི་རིམ་པར་ཕྱེ་བ་དང་བྲལ་བའི་སྐད་ཅིག་ཏུ་ཇི་ལྟར་སེ་གོལ་གྱི་སྒྲ་ལ་སོགས་པ་ལྟར་ཆུད་

པར་བྱེད་པ་དེ་ལྟར་ནི་གླེང་བའི་རྣམ་པར་རྟོག་པ་འདི་མི་འཇུག་གོ། །ཐོག་མ་དང་ཐ་མའི་དུས་ཀྱི་རིམ་པར་རྣམ་པར་ཕྱེ་བ་དང་བྲལ་བའི་སྐད་ཅིག་པ་རྣམས་ནི་མངོན་སུམ་གྱི་ཕྱིར་རོ། །འདུས་མ་བྱས་པར་བརྟགས་པའི་རྟག་པས་ནི་རང་བཞིན་གྱིས་འོད་གསལ་
བ་ཡང་དག་པར་རིག་པའི་ཆོས་ཉིད་དེ་ནི་ཡེ་གནས་སོ། །སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོར་བརྟག་པ་དབང་པོ་ལ་སོགས་པར་སུས་ཀྱང་མི་བྱེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་ཞིང་མི་གཉིས་པ་སྟེ་རྣམ་པ་དེ་ལྟ་བུ་ནི་དེ་
བཞིན་གཤེགས་པའི་ཡུལ་ཏེ། སྔ་མ་དང་ཕྱི་མའི་དུས་ཀྱི་རིམ་པ་ཐ་དད་པ་དང་བྲལ་བ་སྐད་ཅིག་མའི་རྒྱུན་མྱོང་བ་ཐོག་མ་དང་བར་དང་ཐ་མའི་སྐད་ཅིག་པའི་ཡན་ལག་ཐ་དད་པར་སྣང་བའི་རྣམ་པར་རྟོག་པ་དང་བྲལ་བའོ། །ཇི་ལྟར་དབུ་མ་ལས་བྱུང་བ། གལ་ཏེ་སྐྱེ་བ་སྔར་ཡོད་ལ། །
རྒ་བ་འཆི་བ་ཕྱི་ནས་ནི། །སྐྱེ་ལ་རྒ་དང་འཆི་མེད་དེ། །སྐྱེས་ཀྱང་འཆི་བ་མེད་པར་འགྱུར། །ཞེས་པ་སྟེ། གང་ན་དེ་དག་ཐོག་དང་མཐར། །ལྷན་ཅིག་རིམ་དུ་མི་འཇུག་ན། །སྐྱེ་དང་འཆི་བའི་ཆོས་རྣམས་ཀྱི། །དངོས་པོ་ཀུན་ལ་ཐམས་ཅད་དུ། །སྐྱེ་བ་ཅི་ཞིག་སྤྲོ་བར་
བྱེད། །རྒ་བར་འཆི་བ་དེ་ཅི་ཞིག །རྒ་དང་འཆི་བ་མེད་པར་ནི། །དངོས་པོ་གང་ཞིག་ཡོད་པར་འགྱུར། །ཅེས་སོ། །གལ་ཏེ་སྐད་ཅིག་ཏུ་འཇིག་པར་མི་འགྱུར་ན་ཆོས་དང་གང་ཟག་ལ་བདག་མེད་པ་ཇི་ལྟར་ན་རྣམ་པར་གཞག །འོན་ཏེ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་
བཞིན་དུ་གཞན་གྱི་དབང་གི་གཉིས་ཀྱི་རྣམ་པའི་སྐད་ཅིག་མ་རྣམས་ཀྱི་དངོས་པོ་མེད་པ་ནི་ཡོངས་སུ་གྲུབ་པའི་སྐད་ཅིག་པ་རྣམས་ལ་གནོད་པ་མེད་པའི་ཕྱིར་ཇི་ལྟར་དངོས་པོ་མེད་དེ། དོན་དམ་པ་རང་བཞིན་མེད་པ་ཉིད་ནི་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་ནི། བསམ་པ་
མེད་ཅིང་སྣང་བ་མེད་པ་མཆོག་ཏུ་དག་ཅིང་གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པར་མྱོང་བ་ནི་དངོས་པོ་མེད་པ་མ་ཡིན་ཏེ། དེས་ན་གང་ཤེས་པར་བྱ་བ་དང་ཤེས་པ་དང་། དངོས་པོའི་ཕྱིར་བརྟགས་པ་ལྟ་བུ་དང་། གཞན་གྱི་དབང་བཞིན་དུ་ཡོངས་སུ་

གྲུབ་པ་ཞེས་བྱ་བ་ལ་ཡང་ཡིད་ཆེས་པ་མེད་ཅེས་པ་ནི་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བའི་ཚུལ་གྱིས་ཆོས་ཀྱི་གནོད་པ་འབྱུང་བའི་ལས་སྒྲུབ་པར་བྱེད་དོ། །རྨི་ལམ་བཞིན་དུ་གང་ཟག་ལ་བདག་མེད་པར་རྟོགས་པ་ལ་སོགས་པ་ནི་འཛིན་པ་དང་གཟུང་བ་ལ་མངོན་
པར་ཆགས་ཏེ། ཉན་ཐོས་རྣམས་གང་ཟག་ལ་བདག་མེད་པར་རྟོགས་པར་བྱེད་པའི་ཕྱིར་རོ། །རྨི་ལམ་བཞིན་དུ་དེ་དག་གི་ཡེ་ཤེས་གཉིས་ཀྱི་རྣམ་པ་ཅན་ཏེ་གཉིས་སུ་མེད་པ་ཉིད་ནི་མ་ཡིན་ནོ། །སེམས་བསླད་པས་ན་དེའི་ཕྱིར་དེ་དག་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་པ་
མེད་དོ། །ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་ནས་གཉིས་ཀྱི་རྣམ་པའི་ཤེས་པ་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བ་རབ་ཏུ་གྱུར་པ་ན་ཤེས་རབ་ཀྱི་ཀུན་གཞི་ནི་མེ་ལོང་ལྟ་བུར་ཇི་ལྟ་བ་དེ་བཞིན་དུ་ཤེས་པ་ཤེས་པར་རྣམ་པར་དག་ཅིང་གཉིས་སུ་མེད་པ་མིག་ལ་
སོགས་པའི་འཇུག་པའི་རྣམ་པར་ཤེས་པ་རྣམས་སྣང་བ་མེད་ཅིང་གཉིས་སུ་མེད་པའི་ཚུལ་གྱིས་རབ་ཏུ་ལོག་པར་གྱུར་པ་རྣམས་ནི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་དུ་ཐམས་ཅད་མཁྱེན་པ་ལ་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་ལྔ་སོ་སོར་རྟོག་པའི་ཡེ་ཤེས་སུ་
འགྱུར་རོ། །ཉོན་མོངས་པའི་ཡིད་རབ་ཏུ་གྱུར་པ་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །འཇུག་པའི་རྣམ་པར་ཡེ་ཤེས་པ་དྲུག་གི་ནང་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བརྗོད་དོ། །དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་རབ་ཏུ་ལོག་པས་བདུན་
རྣམས་ཀྱང་ལྡོག་པར་འགྱུར་ཏེ། ཉོན་མོངས་པ་དང་ཉོན་མོངས་པ་བདུན་རྣམས་ཀྱིས་དེའི་རྒྱུ་དང་དེ་ལ་དམིགས་པའི་ཕྱིར་རོ། །གང་གི་ཚེ་ཆོས་དང་གང་ཟག་ལ་བདག་མེད་པ་ཡང་དག་པ་ཇི་ལྟ་བ་ཡོངས་སུ་ཤེས་ནས་ཆོས་ལྔ་ཡོངས་སུ་ཤེས་པར་གྱུར་པ་དེའི་ཚེ་གཉིས་སུ་མེད་
པའི་ཡེ་ཤེས་ལ་དོན་དམ་པའི་བདེན་པ་འབའ་ཞིག་ཏུ་འགྱུར་རོ། །ཆོས་ལྔ་པོ་བཤད་ཟིན་མོད་ཀྱི། གཞུང་བཤད་པའི་ཆེད་དུ་བྱས་ཏེ། ཡང་སྦྱར་བར་བྱ་བ་ལ་མིང་དང་མཚན་མ་དང་། རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་སོ། །ཉན་ཐོས་

རྣམས་ནི་གཉིས་ཀྱི་རྣམ་པ་ཡོངས་སུ་བཟུང་ནས་རྨི་ལམ་བཞིན་དུ་གང་ལ་བདག་མེད་པ་ཡོངས་སུ་ཤེས་སོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་དེ་དག་ལ་འཛིན་པ་དང་། གཟུང་བ་ལ་མངོན་པར་ཆགས་པ་ལྟ་བུར་ཀུན་གཞི་རྣམ་པར་ཤེས་པ་རབ་ཏུ་འགྱུར་རོ། །དེས་
ན་ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པས་ནི་ཤེས་བྱའི་སྒྲིབ་པ་ལྡོག་གོ། །གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་ནི་ཉོན་མོངས་པའི་སྒྲིབ་པ་ལྡོག་གོ། །དེ་བཞིན་དུ་ཡང་བདག་དང་བདག་གིར་ཆགས་པ་ལོག་པ་ན་ལས་ཀྱི་སྒྲིབ་པ་ལྡོག་སྟེ། དེ་ལྟར་ན་སྣང་བ་
དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་ཕན་པས་ཐམས་ཅད་སྤྱོད་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །རབ་ཏུ་དག་པའི་ས་ལ་གང་
ཟག་དང་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པ་ནས་བདག་དང་བདག་གིར་མངོན་པར་ཆགས་པའི་དངོས་པོ་མེད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བཟུང་བ་ཡོངས་སུ་སྤངས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དྲི་མ་མེད་
པར་ནི་གཉིས་ཀྱི་དྲི་མ་སྤོང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འོད་བྱེད་དུ་ནི་གཉིས་ཀྱིས་འཁྲུགས་པ་མེད་པའི་ཕྱིར་བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །འོད་འཕྲོ་བ་ནི་གཉིས་སུ་མེད་པའི་ཆོས་ལ་ཤེས་རབ་ཀྱིས་དཔྱོད་པར་སྤྲོ་
བའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཤིན་ཏུ་དཀའ་རྒྱལ་དུ་ནི་རྒྱལ་བར་དཀའ་བའི་ཉོན་མོངས་པ་རྣམས་ལས་རྒྱལ་བར་བྱེད་དེ་གང་ཟག་དང་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར་འགྱུར་རོ། །མངོན་པར་མཐུན་
པ་དང་མི་མཐུན་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ལ་ཟབ་མོ་ཤེས་རབ་ཀྱིས་དཔྱོད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འགྱུར་རོ། །རིང་དུ་སོང་བར་ནི་འཕགས་པའི་བདེན་པ་བཞི་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྟོགས་ཤིང་ཁམས་གསུམ་གྱི་

འདོད་ཆགས་དང་བྲལ་བ་ཤེས་རབ་དང་སྙིང་རྗེ་ལྡན་པའི་ཕྱིར་གཞན་གྱི་དོན་དུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འགྱུར་རོ། །མི་གཡོ་བར་ནི་འཛིན་པ་དང་། གཟུང་བ་དང་། བྱ་བ་དང་། བྱེད་པ་དང་། བརྗོད་པ་དང་། རྗོད་པར་བྲལ་ཞིང་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་
མི་རྟོག་པའི་སྒྱུ་མ་དང་འདྲ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྟོག་པར་བྱེད་ཅིང་གཉིས་ཀྱི་རྣམ་པས་སྟོང་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ན་ཐམས་ཅད་མཁྱེན་པ་རྣམས་ཀྱིས་གཞན་གྱི་དོན་དུ་འགོག་པ་ལ་སྙོམས་པར་འཇུག་པ་ལྟ་བུ་ལས་སངས་པར་མཛད་དེ། སྨོན་ལམ་
གྱི་རྗེས་སུ་དྲན་པའི་ཕྱིར་དེའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ལེགས་པའི་བློ་གྲོས་སུ་ནི་ཆོས་དང་དོན་དང་། ངེས་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་སེམས་ཅན་མཐའ་དག་གི་བསམ་པ་དང་བག་ལ་ཉལ་བ་ཤེས་ཤིང་
ཆོས་སྨྲ་བ་པོ་སྟོབས་དང་ལྡན་པའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཀྱི་སྤྲིན་དུ་ནི་ས་བཅུ་པོར་སྤང་བར་བྱ་བའི་ཉོན་མོངས་པ་མེད་པའི་མི་ཤེས་པ་སྤངས་པས་དར་ལས་གཡོགས་པ་ལྟ་བུར་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་སྣང་
ངོ་། །ཐམས་ཅད་མཁྱེན་པ་ལ་ནི་སྒྲིབ་པ་མེད་པ་ཉིད་དེ་ཁྱད་པར་རོ། །ཉོན་མོངས་པ་དང་ཉོན་མོངས་པ་མེད་པའི་མི་ཤེས་པའི་རྒྱུད་ཐམས་ཅད་རྩ་བ་ནས་ཕྱུང་བ་མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ་ཤེས་བྱའི་སྒྲིབ་པ་སྤངས་པ། ཐམས་ཅད་མཁྱེན་པའི་
ཡེ་ཤེས་ཀྱི་རྣལ་འབྱོར་གྱི་དབང་པོ། །གཟུགས་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་རངས་པར་མཛད་པའི་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་གཞལ་དུ་མེད་པ་རྒྱུ་དང་འབྲས་བུས་རྒྱས་པ་རྣམས་ཀྱི་སའོ། །དེར་
ཐམས་ཅད་མཁྱེན་པ་རྣམས་བཞུགས་ནས་ས་བཅུའི་རྒྱལ་ཚབ་ཀྱི་དབང་པོ་རྣམས་ལ་ཆོས་ཀྱི་སྤྲིན་གྱི་དབང་བསྐུར་བར་མཛད་དེ། དེར་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འགྱུར། ཆོས་ལྔ་དང་བདག་མེད་པ་ཡོངས་སུ་ཤེས་ནས་དེ་ལྟར་སའི་གོ་རིམས་སུ་མཚམས་སྦྱོར་བ་ནི་

འཕགས་པ་ས་བཅུ་པར་རྒྱས་པར་བཤད་པའོ། །ཆོས་ལྔ་པོ་ནི་ལན་མང་པོར་བཤད་པས་ན་ད་ནི་དེ་དག་ལ་བདག་མེད་པར་བཤད་པར་བྱ་སྟེ། མིང་དང་མཚན་མ་དང་། རྟོག་པ་རྣམས་ནི་གཉིས་ཀྱི་རྣམ་པའི་ཕྱིར་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་མ་
སྐྱེས་པ་སྟེ། དེ་དག་ནི་བརྟགས་པ་དང་གཞན་གྱི་དབང་དུ་བསྡུའོ། །ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་གྲུབ་པར་བསྡུའོ། །མདོར་བསྡུས་ན་ནི་ཀུན་ནས་ཉོན་མོངས་པ་དང་ཡོངས་སུ་དག་པའི་ཆོས་ཐམས་ཅད་ནི་བརྟགས་པ་དང་། གཞན་གྱི་དབང་དང་ཡོངས་སུ་གྲུབ་
པའི་ནང་དུ་གཏོགས་སོ། །དེ་དག་དབྱེ་ན་ནི་ཆོས་ལྔ་ཡོངས་སུ་བཟུང་བ་སྟེ། མིང་དང་མཚན་མ་དང་ཡོངས་སུ་རྟོག་པའོ། །ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་ཏེ་སྣང་བ་དང་བཅས་པ་ལ་ཡེ་ཤེས་འཇུག་ཅིང་སྒྲོ་འདོགས་པ་ནི་མཚན་མའོ། །རྣམ་པ་དེ་ལྟ་བུ་གཟུགས་ལ་མཛེས་པ་
དང་མི་མཛེས་པར་རྟོག་པ་ནི་ཆོས་ལྔའི་ནང་དུ་གཏོགས་པའི་རྣམ་པར་རྟོག་པའི་ཁྱད་པར་རོ། །གསུམ་གྱི་ནང་དུ་གཏོགས་པའི་བརྟགས་པ་ནི་རྟག་པ་དང་། བདག་དང་རྡུལ་ཕྲ་མོའི་རྫས་ལ་སོགས་པ་རྣམ་པར་རྟོག་པའི་ཡུལ་མེད་དེ། མོ་གཤམ་གྱི་བུ་ལ་སོགས་པ་རྣམ་
པར་རྟོག་པ་བཞིན་ནོ། །སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་ཙམ་གྱི་ཡུལ་གྱི་དེ་གཉིས་ཀྱི་ཁྱད་པར་ཕྱེ་བའོ། །ཡང་དག་པའི་ཡེ་ཤེས་ནི་ཤེས་རབ་ཀྱིས་དཔྱད་དེ། ཡང་དག་པར་ལྟ་བ་ལ་སོགས་པར་ལམ་གྱི་མཚན་ཉིད་དོ། །དེ་བཞིན་ཉིད་ནི་གཉིས་ཀྱི་རྣམ་པའི་བསླད་པ་
འགོག་པའི་མཚན་ཉིད་དེ། གཉིས་སུ་མེད་པའི་ཡེ་ཤེས་གྲུབ་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི་རབ་ཏུ་ཕྱེ་སྟེ་བཤད་པར་མཛད། བཙུན་གཙོ་འཕགས་པ་བྱམས་པས་དབུས་མཐའ་རྣམ་པར་འབྱེད་པ་ལས་ནི་རབ་ཏུ་ཕྱེ་བ་བསྡུས་ཏེ་འཆད་པའོ། །ཐམས་ཅད་
མཁྱེན་པས་ཞིབ་ཏུ་འཆད་པ་ནི་ཇི་ལྟར་སྔ་མའི་ལེའུ་ལས་འབྱུང་བ། ཀུན་དུ་བརྟགས་པ་རྣམ་བཅུ་སྟེ། །གཞན་གྱི་དབང་ནི་རྣམ་པ་དྲུག །གྲུབ་པ་ལ་ནི་དབྱེ་བ་མེད། །ཅེས་བྱ་བ་ལ་སོགས་པ་སྟེ། གཟུགས་ནི་དབང་པོ་ལྔ་རྣམས་དོན། །ཞེས་པར་རྣམ་པ་བཅུར་དགོངས་པའི་

དོན་དུ་བརྟག་གོ། །མིག་ལ་སོགས་པའི་ཡེ་ཤེས་པ་དྲུག་ནི་གཞན་གྱི་དབང་རྣམ་པ་དྲུག་གོ། །གྲུབ་པ་དབྱེར་མེད་པ་ནི་བསམ་པ་མེད་པ། སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་འཛིན་པ་དང་། གཟུང་བ་དང་། བྱ་བ་དང་། བྱེད་པ་དང་། སྐྱེད་པ་དང་།
བསྐྱེད་པ་དང་། རྗོད་པ་དང་། བརྗོད་པ་དང་། དངོས་པོ་དང་། དངོས་པོ་མེད་པ་གཉིས་སུ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །གཉིས་སུ་མེད་པ་ལ་ནི་རིག་པར་བྱ་བ་དང་། རིག་པའི་དངོས་པོར་བདག་ཉིད་དུ་ཡང་མི་རྟོགས་ན། དབྱེ་བའི་རྣམ་པ་གང་གིས་འཛིན་པ་
དང་། །གཟུང་བའི་རྣམ་པ་དེ་ལ་གཉིས་ཀྱི་རྣམ་པར་འགྱུར་བའི་འབྱེད་པ་འཇུག་པ་ལྟ་ཅི་ཞིག་སྨོས་ཏེ། དེ་ལྟ་བུར་ཆོས་ལྔ་དང་བདག་མེད་པ་ཡོངས་སུ་ཤེས་པ་དང་། ས་བཅུ་རྟོགས་པ་དང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པས་
གཉིས་སུ་མེད་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པ་ཁོ་ནར་འགྱུར་རོ། །དེས་ན་འཁོར་བ་རྣམས་ཀྱི་ཀུན་གཞི་རྣམ་པར་ཤེས་པ་འཇུག་པ་དང་རྣལ་འབྱོར་པ་རྣམས་ཀྱི་གཉིས་ཀྱི་རྣམ་པ་ལྡོག་པ་སྟེ། དབང་ཐོབ་པ་ན་ཉོན་མོངས་པ་གཉིས་ཀྱི་རྣམ་པ་ལྡོག་གོ། །འཕགས་པ་
ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་ལས་དེ་བཞིན་གཤེགས་པའི་སྙིང་པོ་དཔྱད་པ་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་གསོལ་བ་བཏབ་
པ་ལ། བདག་མེད་པ་གཉིས་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། མིང་དང་མཚན་མ་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པ་བདག་གི་
སོ་སོ་རང་གིས་རིག་པ་ལ་འཇུག་པ་དང་། དེ་ལ་བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ནི་གང་དག་གིས་མིང་དུ་བརྗོད་ཅིང་འདི་ནི་གླང་པོ་དང་། རྟ་དང་། ཤིང་རྟ་དང་། རྐང་ཐང་དང་། སྐྱེས་པ་དང་། བུད་མེད་ལ་སོགས་པ་ཡིན་ཏེ། དེ་དེ་བཞིན་དུ་འདི་ནི་གཞན་དུ་མ་ཡིན་ནོ་ཞེས་

མཚན་མ་གསལ་བར་བྱེད་པ་དེ་ནི་རྣམ་པར་རྟོག་པའོ། །བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་ནི་གང་གིས་མིང་དང་། མཚན་མ་མི་དམིགས་ཤིང་ཕན་ཚུན་གློ་བུར་དུ་བྱུང་བའི་ཕྱིར་རྣམ་པར་ཤེས་པ་མི་འཇུག་པ་རྟག་པ་མེད་པ་དང་ཆད་པ་མེད་པའི་ཕྱིར་མུ་
སྟེགས་བྱེད་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་མི་བྱེད་པས་ཡང་དག་པའི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིང་དངོས་པོར་མི་བྱེད། མཚན་མ་དངོས་པོར་མི་
བྱེད་དོ། །སྒྲོ་འདོགས་པ་དང་སྐུར་པའི་མཐའ་གཉིས་སུ་ངན་པར་ལྟ་བ་རྣམ་པར་སྤངས་པ་མིང་དང་མཚན་མའི་དོན་མི་འཇུག་པར་ཤེས་པ་དེ་ལྟ་བུ་ནི་དེ་བཞིན་ཉིད་འདི་ཡིན་པར་བཤད་དོ། །བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནི་སྣང་བ་མེད་པའི་རྟོགས་པའི་སྤྱོད་ཡུལ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་སྟེ། དེས་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་ནས་མུ་སྟེགས་ཅན་དང་ངན་སོང་གི་འགྲོ་བ་ཐམས་ཅད་རྣམ་པར་ལོག་པ་ཡིན་ཏེ་ཞེས་བྱ་བ་ནི་སེམས་
མཉམ་པར་མི་འཇོག་པའི་མ་རིག་པས་གཡེངས་ཏེ། གང་གིས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་མིང་དུ་བརྗོད་པ་སྟེ། དེ་ནི་མིང་དུ་འཛིན་པའོ། །གཟུགས་སྔོན་པོ་ལ་སོགས་པར་འཛིན་པ་ནི་དེའི་འཁྲུལ་པའི་མཚན་མའོ། །གང་གིས་བུད་
མེད་དང་སྐྱེས་པ་ལ་སོགས་པ་མཛེས་པ་དང་མི་མཛེས་པའི་མཚན་མ་འཛིན་པ་ནི་རྣམ་པར་རྟོག་གོ། །དེ་ལྟར་འཁྲུལ་པའི་སེམས་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་སྒྲོ་བཏགས་པའི་གཉིས་ཀྱི་རྣམ་པའི་གཞན་གྱི་དབང་ལ་ཡང་མིང་དང་། མཚན་མ་དང་། རྣམ་པར་རྟོག་པའི་ཆོས་
སུ་འབྱེད་པ་རྣམས་ནི་འཁོར་བ་ལ་ཡོད་དོ། །ཡང་དག་པའི་ཡེ་ཤེས་དེ་ནི་གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དེ་བཞིན་ཉིད་ལ་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ས་རབ་ཏུ་

དགའ་བ་ཐོབ་སྟེ་ཞེས་པ་ནི་ཆོས་ལ་བདག་མེད་པ་འདི་ཡོངས་སུ་ཤེས་པའི་ཕྱིར་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་པ་བདག་ཉིད་ཀྱིས་གསལ་བར་བཤད་པའོ། །དེས་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་ནས་མུ་སྟེགས་ཅན་དང་ངན་སོང་གི་འགྲོ་བ་ཐམས་ཅད་ལས་རྣམ་པར་
ལོག་པ་ཡིན་ཏེ་ཞེས་པ་ནི་མུ་སྟེགས་ཅན་རྣམས་རྟག་པ་དང་། གཅིག་པ་དང་། བདག་དང་། བདག་གི་དང་། ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པས་ཆོས་དང་གང་ཟག་ལ་བདག་མེད་པར་ཐར་པའི་རྒྱུ་མི་ཤེས་ཏེ་རྟག་པའི་བདག་ཏུ་ཆགས་པའི་ཕྱིར། །ཚུལ་ཁྲིམས་དང་བརྟུལ་
ཞུགས་སྙེམས་པས་སྲེད་པའི་མེར་ཕྱེ་མ་ལེབ་བཞིན་དུ་ལྟུང་ངོ་། །ཇི་ལྟར་རྡོ་རྗེ་ཕྲེང་བ་ལས་གསུངས་པ། གྲང་བ་དང་། ཚ་བ་དང་། ཐལ་བ་དང་། དྲི་མ་འཛིན་པ་ལ་སོགས་པར་ཐར་པ་ལ་ནོར་པར་ལྟ་བས་གཞན་དག་ཀྱང་ལོག་པའི་ཤེས་པ་སྦྱོར་བར་བྱེད་པའོ། །ཡང་བློ་གྲོས་
ཆེན་པོས་གསོལ་པ། བཅོམ་ལྡན་འདས་རང་བཞིན་གསུམ་པོ་ཆོས་ལྔའི་ནང་དུ་འདུས་སམ། འོན་ཏེ་རང་གི་མཚན་དུ་གྲུབ་པའམ། ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདི་ཉིད་ཀྱི་ནང་དུ་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་
དང་། བདག་མེད་པ་གཉིས་ཀྱང་འདུས་སོ། །དེ་ལ་མིང་དང་མཚན་མ་ནི་ཡོངས་སུ་བརྟགས་པའི་མཚན་ཉིད་དུ་ཤེས་པར་བྱའོ། །གང་ཡང་བློ་གྲོས་ཆེན་པོ་དེ་ལ་གནས་ཤིང་ཞུགས་པའི་རྣམ་པར་རྟོག་པ་སེམས་དང་སེམས་ལས་བྱུང་བ་ཞེས་བསྒྲགས་པ་ཉི་མ་དང་འོད་ཟེར་
ལྷན་ཅིག་བཞིན་དུ་དུས་གཅིག་ཏུ་བྱུང་བ་སྣ་ཚོགས་ཀྱི་མཚན་ཉིད་རང་གི་རྣམ་པར་རྟོག་པ་ཁོང་དུ་ཆུད་པར་བྱེད་པའི་རང་བཞིན་ནི་བློ་གྲོས་ཆེན་པོ་གཞན་གྱི་དབང་ཞེས་བྱའོ། །བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་མི་འཇིག་པའི་ཕྱིར་རང་བཞིན་ཡོངས་སུ་གྲུབ་
པར་ཤེས་པར་བྱའོ་ཞེས་བྱ་བ་ལ། མཚན་ནི་དབྱིབས་ཏེ། བུད་མེད་དང་སྐྱེས་པ་ལ་སོགས་པའི་གཟུགས་སོ། །དེ་ལ་མིང་ནི་གདོས་པ་ཞེས་སམ་གོ་ཆ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་རྣམ་པར་རྟོག་པ་ནི་སེམས་དང་སེམས་ལས་བྱུང་བ་འདུས་པའི་གཞན་གྱི་དབང་

སྟེ། རྒྱུ་དང་རྐྱེན་གྱིས་བྱས་པ་ནི་སྔར་བཤད་པ་ལྟ་བུ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ཅིང་། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་པར་རོ། །གསུམ་གྱི་ནང་དུ་གཏོགས་པའི་བརྟགས་པ་ནི་ཡུལ་མེད་པ་སྟེ། ཇི་ལྟར་གསུངས་པ། བརྟགས་པ་
ནི་ཡི་རང་བཞིན་གྱིས། །དངོས་པོ་ཐམས་ཅད་མ་སྐྱེས་ཏེ། །གཞན་དབང་ལ་ནི་བརྟེན་ནས་སུ། །མི་རྣམས་རྣམ་པར་རྟོག་པ་སྐྱེ། །གང་ཚེ་གཞན་དབང་རྣམ་རྟོག་གི །རྣམ་པར་སྤངས་ཏེ་དག་པ་ནི། །གྲུབ་པ་དེ་བཞིན་ཉིད་ཅེས་བྱ། །མདོ་སྡེ་མདོ་སྡེར་ངས་བསྟན་ཏོ། །ཡང་
དག་པའི་ཡེ་ཤེས་དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པའི་རང་བཞིན་མི་འཇིག་པ་ཞེས་པ་ནི་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་པ་ན་མི་དམིགས་པ་དེ་ནི་ཡང་དག་པའི་ཡེ་ཤེས་ཀྱི་མིང་དང་མཚན་མ་དང་། རྣམ་པར་རྟོག་པ་རྣམས་ཀྱི་རྗེས་སུ་མི་དམིགས་
པའི་ཕྱིར་དེ་བཞིན་ཉིད་ལ་གནས་པ་སྟེ། ཡོངས་སུ་གྲུབ་པའི་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་བཞིན་དུ་གློ་བུར་གྱི་རྣམ་པ་དང་བྲལ་བ་མི་གཉིས་པ་དུས་ཐམས་ཅད་དུ་གནས་སོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་བདུན་ནི་
སྐད་ཅིག་པ་རྣམས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་སྐད་ཅིག་པ་འབྲེལ་པའི་རྟག་པས་རྟག་པ་སྟེ། གསེར་རིན་པོ་ཆེ་ལ་སོགས་པ་བཞིན་དུ་ཡོངས་སུ་གྲུབ་པའི་རང་བཞིན་རྣམ་པར་དག་པ་ཡིན་པར་རིག་པར་བྱའོ། །ཇི་ལྟར་མི་འཇིག་པའི་ཕྱིར་
ཞེ་ན། དུས་ཐམས་ཅད་ཀྱི་ཕྱིར་ཏེ། འཁོར་བའི་དུས་སུ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་དུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཞེས་བྱ་བར་ལན་དུ་མར་བཤད་པ་ཡིན་ཏེ། མཉམ་པར་
མི་འཇོག་པའི་མ་རིག་པས་བདག་དང་བདག་གིར་ཆགས་པས་འཁོར་བར་འཇུག་གོ། །བདག་དང་བདག་གིར་འཛིན་པ་རྣམས་གཉིས་ཞི་བས་བདག་མེད་པ་གཉིས་སྐྱེའོ། །བློ་གྲོས་ཆེན་པོ་ཆོས་ལྔ་པོ་འདི་རྣམས་ཀྱི་ནང་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། ས་རྣམ་

པར་དབྱེ་བའི་མཚམས་སྦྱར་བ་དང་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པས་སའི་མཚམས་སྦྱོར་བར་བཤད་དོ། །ཐེག་པ་ཆེན་པོར་བསྡུས་པའི་ཚིགས་བཅད་ནི། ཆོས་ལྔ་དག་དང་རང་བཞིན་དང་། །
རྣམ་ཤེས་བརྒྱད་པོ་ཉིད་དག་དང་། །བདག་མེད་རྣམ་པ་གཉིས་པོར་ནི། །ཐེག་ཆེན་ཐམས་ཅད་འདུས་པ་ཡིན། །ཞེས་བྱ་བ་ལས་ཆོས་ལྔ་ནི་མདོ་སྡེ་བརྩམས་ནས་ལན་དུ་མར་བཤད་མོད་ཀྱི། འོན་ཀྱང་ཇི་ལྟར་ཐམས་ཅད་མཁྱེན་པས་མཚན་མ་དང་། གཟུགས་དང་།
དབྱིབས་སུ་བསྟན་པ་དེ་ལྟར་བཤད་པར་སྦྱར་བར་བྱ་སྟེ། བསླད་པའི་མཐུས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་སྣང་བ་སྟེ། དེ་ལ་མིང་ནི་གདོས་པ་དང་གོ་ཆ་ཞེས་བྱའོ། །གང་གིས་ཡི་གེ་དང་། ཚིག་དང་། བརྗོད་པའི་མཚན་ཉིད་རྗོད་ཅིང་སེམས་
དང་སེམས་ལས་བྱུང་བའི་ཚོགས་དེ་ནི་རྣམ་པར་རྟོག་པའོ། །ཤེས་རབ་ཀྱིས་དཔྱོད་པའི་ཡང་དག་པའི་ཡེ་ཤེས་ཀྱིས་གང་གི་ཚེ་སྦོམ་པོ་དང་ཕྲ་མོའི་མཚན་མ་མི་དམིགས་པ་དེའི་ཚེ། མིང་དང་རྣམ་པར་རྟོག་པ་མེད་ཅིང་གཉིས་ཀྱི་རྣམ་པར་བསླད་པ་དང་བྲལ་བ་རང་བཞིན་
གྱིས་འོད་གསལ་བ་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་གསེར་ལ་སོགས་པ་བཞིན་རྟག་པར་གནས་སོ། །རང་བཞིན་ནི་ཆོས་ཀྱི་དབྱིངས་ཏེ། སྲིད་པ་དང་ཐར་པའི་གནས་དེ་བཞིན་གཤེགས་པའི་སྙིང་པོའོ། །རྣམ་གྲངས་སུ་ཀུན་གཞི་ཞེས་བྱ་བ་སྟེ། དེ་གཏོགས་
པར་རྣམ་པར་ཤེས་པ་བརྒྱད་པོ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་བདུན་ནོ། །བདག་མེད་པ་གཉིས་པ་གཉིས་ནི་ཆོས་ལ་བདག་མེད་པ་དང་། གང་ཟག་ལ་བདག་མེད་པའོ། །ཆོས་ལ་བདག་མེད་པ་ནི་གཟུགས་ལ་སོགས་
པའི་ཆོས་ཀྱི་དངོས་པོ་མེད་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་སོ། །གང་ཟག་ལ་བདག་མེད་པ་ནི་གང་སྐད་ཅིག་པ་ཡིན་པ་དེ་ཐམས་ཅད་སེ་གོལ་གྱི་སྒྲ་དང་། འབབ་ཆུ་ལ་སོགས་པ་ལྟ་བུར་བདག་དང་གང་ཟག་ལ་སོགས་པར་བརྟགས་པའི་རྟག་པ་མེད་དོ། །མ་

སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ཏེ། རྟག་པ་ནི་རིམ་དང་། ཅིག་ཅར་གྱི་དོན་བྱེད་པར་འགལ་བའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །དེས་ན་སྐད་ཅིག་པ་མ་ཡིན་པ་ཅིའང་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ནི་སེ་གོལ་གྱི་
སྒྲ་ལ་སོགས་པ་མ་གཏོགས་པར་གསེར་ལ་སོགས་པ་བཞིན་དུ་སྐད་ཅིག་མ་གཞན་དུ་མཚམས་སྦྱོར་བས་རྟག་པར་དགོངས་པའོ། །ཐམས་ཅད་མཁྱེན་པས་དགོངས་པ་ངེས་པར་འགྲེལ་པའི་ངེས་པའི་དོན་གྱི་ཚུལ་དུ་གསུངས་པ་ནི། མིང་དང་མཚན་མ་ཀུན་རྟོག་པ། །རང་བཞིན་
གཉིས་ཀྱི་མཚན་ཉིད་དེ། །ཡང་དག་ཡེ་ཤེས་དེ་བཞིན་ཉིད། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་པ་སྟེ། གསུམ་གྱི་ནང་དུ་ལྔ་བསྡུ་བ་ནི་མིང་དང་། མཚན་མ་དང་། ཀུན་དུ་རྟོག་པ་རྣམས་བརྟགས་པ་དང་། གཞན་གྱི་དབང་རང་བཞིན་གཉིས་ཀྱི་མཚན་ཉིད་དོ། །ཡང་
དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། ཡོངས་སུ་གྲུབ་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་ཆོས་ལྔ་དཔྱད་པ་
གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །གང་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་བསྟན་པ་བརྗོད་པ་ལས་དེ་བཞིན་གཤེགས་པ་འདས་པ་དང་། མ་བྱོན་པ་དང་།
ད་ལྟར་གྱི་གང་གཱའི་ཀླུང་གི་བྱེ་མ་སྙེད་དོ་ཞེས་གསུངས་ན་ཞེས་བྱ་བ་ལ་སོགས་པ་ལ། བློ་གྲོས་ཆེན་པོས་ཅིར་དགོངས་ཤེ་ན། བྱེ་མའི་རྣམས་ལ་ནི་ཚད་ཡོད་ཀྱི། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ལ་ཚད་མེད་དོ་ཞེས་དེ་ལྟ་བུར་གསོལ་པ་ལ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། སྒྲ་ཇི་བཞིན་གྱི་དོན་དུ་གཟུང་བར་མི་བྱ་སྟེ་ཞེས་སོ། །སྐྱི་བུང་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་ཐོབ་པར་བྱ་བ་སླ་བའི་ཕྱིར་དཔེ་ཙམ་དུ་མང་པོ་གཞག་པར་གསུངས་སོ། །ཨུ་དུམ་ཝཱ་རའི་མེ་ཏོག་གི་དཔེས་ནི་རབ་ཏུ་དང་བ་རྣམས་ལ་ཐོབ་དཀའ་

བར་གསུངས་སོ། །དེས་ན་སྒྲ་ཇི་བཞིན་དུ་གཟུང་བར་བྱ་སྟེ། དོན་གྱི་རྗེས་སུ་འབྲང་བར་བྱའི། ཡི་གེའི་རྗེས་སུ་འབྲང་བར་མི་བྱ་ཞེས་སོ། །སེམས་ཅན་གྱི་བསམ་པ་དུ་མ་ལ་ཐབས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པས་བཤད་པའི་ཆོས་རྣམས་ནི་དགོངས་པའི་དོན་ཐ་དད་
པ་དུ་མར་འཇུག་གོ། །དེའི་ཕྱིར་མཁས་པ་རྣམས་ཀྱིས་དམ་པའི་ཆོས་ཇི་ལྟ་བུར་རིགས་པ་དེ་ལྟ་བུར་གཟུང་བར་བྱའོ། །གང་གཱའི་ཀླུང་གི་བྱེ་མའི་ཆོས་དང་མཐུན་པར་ཐམས་ཅད་མཁྱེན་པས་སྒྲའི་དོན་དུ་མ་སྟོན་པར་མཛད་པ་ནི་སངས་རྒྱས་རྣམས་མང་བ་དང་། དག་པ་དང་། མི་
ཟད་པ་དང་། འཁྲུག་པ་མེད་པ་དང་། གཙང་བ་ཁོ་ན་སྟེ། དེ་ལྟར་ན་དབྱངས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་བཞུགས་པའི་ཚིག་གི་དབང་པོ་རྣམས་ཀྱི་དོན་དུ་མའི་སྒྲ་རྣམས་འབྱུང་གི །ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་དེ་ཁོ་ན་ཉིད་གཉིས་སུ་མེད་ཅིང་། བསམ་པ་
མེད་ཅིང་སྣང་བ་མེད་པ་ཡང་དག་པར་རིག་པ་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་མི་རྟོག་པར་ནི་མ་ཡིན་ཏེ། དེར་གཉིས་ཀྱི་རྣམ་པར་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་མི་འཇུག་གོ། །སྣང་བ་མེད་ཅིང་གཉིས་སུ་མེད་པ་དེ་ཁོ་ན་ཉིད་དེར་དེ་བཞིན་གཤེགས་པ་རྣམས་
ཀྱིས་གང་གཱའི་ཀླུང་གི་བྱེ་མའི་ཁྱད་པར་དུ་སྣང་བ་དཔེར་འཇོག་པར་མི་མཛད་དོ། །འོན་ཀྱང་བྱིས་པ་རྣམས་ལ་བྱེ་མ་ལ་སོགས་པའི་དཔེ་རྣམས་གསུང་ངོ་། །དེ་བཞིན་གཤེགས་པའི་སྙིང་པོ་སྤྱི་དང་ཁྱད་པར་དུ་དགོངས་པ་ན་མེ་ལྟ་བུར་སེམས་ཅན་ཐམས་ཅད་དེ་བཞིན་
གཤེགས་པའི་སྙིང་པོ་ཅན་ཞེས་གཞག་གོ། །གཉིས་ཀྱི་རྣམ་པ་ལ་ནི་འབྱེད་པའི་ཐ་སྙད་ཡོད་ཀྱི་བརྗོད་དུ་མེད་པས་ན་སྐད་ཅིག་མའི་རྒྱུན་རྣམས་ལ་ནི་མེད་དོ། །དེའི་ཕྱིར་དེ་ལྟར་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་སྤངས་པས་གང་གཱའི་བྱེ་མ་དང་འདྲ་བར་རྣམ་པར་རྟོག་པ་མེད་
པ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དངོས་པོ་དང་དངོས་པོ་མེད་པ་མཉམ་པས་མངོན་པར་རྟོགས་པ་ཞེས་པའོ། །དྲི་མ་དང་བྲལ་བ་ཞེས་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མ་མེད་པའི་ཕྱིར་རོ། །སྟོབས་བཅུ་དང་། མི་

འཇིགས་པ་ལ་སོགས་པའི་བཤད་པ་ནི་ཆོས་མངོན་པ་ལས་རྒྱས་པར་རིག་པར་བྱའོ། །གནས་དང་གནས་མ་ཡིན་པའི་སྟོབས་ནི་ཐམས་ཅད་མཁྱེན་པ་རྣམས་ཀྱི་བླང་བ་དང་དོར་བའི་ཡེ་ཤེས་སོ། །འཆི་འཕོ་དང་སྐྱེ་བ་ཤེས་པའི་སྟོབས་ནི་དུས་གསུམ་གྱི་ཡེ་ཤེས་ཀྱི་
སྟོབས་ཏེ་ཞེས་བྱ་བ་ལ་སོགས་པའོ། །མཛའ་བ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་མུ་སྟེགས་ཅན་དང་། ཉན་ཐོས་ཀྱི་སྐྱེ་བོ་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤིན་ཏུ་གསུངས་པའི་ཕྱིར་ཡེ་ཤེས་ཀྱི་མཉམ་པ་ཉིད་དོ། །དེ་བཞིན་
གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་སའི་རྡུལ་རྣམས་མེའི་ཁམས་དང་འབྲེལ་ཡང་མི་ཚིག་པ་བཞིན་དུ་ཆོས་ཀྱི་སྐུ་མི་འཇིག་གོ། །དེ་བཞིན་གཤེགས་པའི་འོད་ཟེར་སྣང་བ་ཟད་མེད་པ་ཞེས་བྱ་བ་ནི་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པ་སྤྲོས་པ་རྣམས་ཀྱིས་དོན་གྱི་བྱ་བ་བྱེད་
པའི་ཕྱིར་རོ། །སྲིད་པ་ཐམས་ཅད་དུ་འཇུག་པའི་རྒྱུ་ཆད་པ་ཡིན་པས་ན་འཁོར་བར་འཇུག་པ་ཡང་མེད་ལྡོག་པ་ཡང་མེད་དོ་ཞེས་བྱ་བ་ནི་རྟག་པ་དང་བདག་ཏུ་ཆགས་པ་དང་། ལས་ཀྱི་མཐུ་ལས་སྲིད་པར་འཇུག་པར་འགྱུར། བདག་མེད་པར་འགྱུར། བདག་མེད་པ་གཉིས་
ཡོངས་སུ་ཤེས་པས་དེ་བཞིན་གཤེགས་པ་སྲིད་པར་འཇུག་པ་ནི་ཆད་དོ། །འོ་ན་ལྡོག་པར་ཅིས་ན་མི་འགྱུར། ཐུགས་རྗེས་སེམས་ཅན་གྱི་དོན་དུ་བཞུགས་པའི་ཕྱིར་རོ། །ཆོས་ནི་ལུས་མེད་དེ། ལུས་དང་ལྡན་པ་ལ་འཇིག་པ་ཡོད་ཀྱི་ལུས་དང་མི་ལྡན་པ་ལ་ནི་མ་ཡིན་ནོ་ཞེས་པ་ནི་
རྣམ་པ་དེ་ལྟ་བུའི་གཉིས་སུ་མེད་པའི་ཆུད་པ་ལ་ངེས་པ་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་རང་གི་ངང་གི་སྨོན་ལམ་གྱི་བདེན་པ་མི་འདོར་རོ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་མཐའ་དག་ལ་ཕན་པའི་སྨོན་ལམ་གྱི་བདེ་བ་ནི་ཆོས་ཉིད་ཐོག་མར་ཡོངས་
སུ་མཁྱེན་པའི་ཐུགས་རྗེ་ལས་བྱུང་བ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པའི་ཆོས་རྣམས་ལ་སེམས་ཅན་རྣམས་རྟག་པ་དང་། བདག་དང་བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པས་སྡུག་བསྔལ་མྱོང་བ་དེ་དག་ལ་བདག་ཅག་གིས་

ཡང་དག་པའི་ཡེ་ཤེས་རབ་ཏུ་ཆུད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའི་ཚེ་ན་གང་སྨོན་ལམ་བཏབ་པ་དེ་ཉིད་སངས་རྒྱས་རྣམས་ཀྱི་རྗེས་སུ་འབྱུང་ངོ་། །དག་པའི་དངོས་པོར་གྱུར་པ་བདག་ཏུ་ཆགས་པ་དང་། འཇུངས་པ་དང་། གཞན་ལ་གནོད་པ་དང་། འདོད་ཆེན་དང་། ཁྲོ་
བ་དང་། གཏི་མུག་དང་། གཡོ་དང་། སྒྱུ་དང་། ལེ་ལོའི་སྐྱོན་དང་བྲལ་བའི་དམ་པ་རྣམས་ལ་ནི་གཞན་ལ་ཕན་པ་མ་གཏོགས་པ་བྱ་བ་གཞན་ཅི་ཡོད། བདག་ཏུ་ཆགས་པ་རྣམས་ལ་ནི་བདག་གི་དོན་དུ་ཡོད་ཀྱི། གང་ལ་བདག་ཏུ་ཆགས་པ་མེད་པ་དེ་ལ་གཞན་གྱི་དོན་
ལེགས་པའི་ཆོས་ཉིད་དུས་ཀུན་དུ་རྣམ་པར་གནས་སོ། །དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ཉོན་མོངས་པ་སྤངས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པའོ། །གཞན་ལ་ཕན་པ་མཛད་པའི་ཕྱིར་ཡོངས་སུ་མྱ་ངན་
ལས་འདས་པ་མེད་དོ། །སེམས་ཅན་ཐམས་ཅད་ཇི་སྲིད་དུ་ཡོངས་སུ་མྱ་ངན་མ་འདས་པ་དེ་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་རྗེ་ཆེན་པོས་བཞུགས་སོ། །ཆོས་བསྟན་པ་ཐམས་ཅད་ཀྱང་མྱ་ངན་ལས་འདས་པ་འབབ་པའི་རྒྱུན་དུ་མཐུན་པར་འཇུག་པ་སྟེ་ཞེས་པ་ནི་
ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་སྟོན་པས་གང་ཟག་ལ་བདག་མེད་པའི་མྱ་ངན་ལས་འདས་པའི་རྗེས་སུ་མཐུན་ནོ། །ཆོས་ལ་བདག་མེད་པས་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་ཏེ། ཉེས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཡོངས་
སུ་མྱ་ངན་ལས་འདས་པའི་སངས་རྒྱས་ཁོ་ནའོ། །བློ་གྲོས་ཆེན་པོ་གང་གི་སེམས་སྣང་བའི་ཕྱི་རོལ་གྱི་དོན་ཡོངས་སུ་ཤེས་པས་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུན་རྣམ་པར་ལོག་ཅིང་རང་གི་གནས་ཤིན་ཏུ་གྱུར་པའི་ཐར་པ་ཡིན་ཏེ།
བློ་གྲོས་ཆེན་པོ་འཇིག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་དང་། བདག་དང་། གཙང་བ་དང་། བདེ་བའི་དངོས་པོར་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་སྤངས་ན་ཐར་པར་འགྱུར་ཏེ། ལོག་པའི་རྣམ་པར་རྟོག་པའི་རང་གི་གནས་ཤིན་ཏུ་རབ་ཏུ་གྱུར་པ་ནི་ཐར་པ་ཡིན་གྱི། སེམས་

འཇིག་པར་འགྱུར་བ་ནི་ཐར་པ་མ་ཡིན་ཏེ། གསེར་གྱི་དྲི་མ་མེད་པ་བཞིན་དུ་ཉོན་མོངས་པ་དང་བྲལ་ན་ཐར་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །འཁོར་བའི་ཐོག་མ་དང་ཐ་མའི་མཐའ་ནི་རྣམ་པར་རྟོག་པའི་ཁྱད་པར་ཏེ། གཉིས་སུ་
མེད་པའི་ཡེ་ཤེས་ནི་ཁྱད་པར་དང་བྲལ་བའོ། །དེར་ནི་ཐོག་མ་དང་། ཐ་མའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དེ་ལ་འཇིག་པ་དང་སྐྱེ་བའི་རྣམ་པར་རྟོག་པ་མེད་དོ། །སྐད་ཅིག་པའི་རྒྱུན་རྟག་པ་ཉིད་མྱོང་དུ་ཟིན་ཡང་བརྗོད་དུ་མེད་པའི་ཕྱིར་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་
བཞུགས་པ་རྣམས་ཀྱི་ཆོས་བསྟན་པ་འབྱུང་ངོ་ཞེས་ལན་གྲངས་མང་པོར་བཤད་པའོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་གང་གཱའི་བྱེ་མ་དང་འདྲ་བར་དེ་བཞིན་གཤེགས་པ་དཔྱད་པ་གསུམ་པའོ།། །།
འཕགས་པ་བློ་གྲོས་ཆེན་པོས་གསོལ་པ་ལ་ཅི་དགོངས་ཤེ་ན། ཁ་ཅིག་ནི་སྐད་ཅིག་པ་གཞན་དུ་ཕྱིར་མཚམས་སྦྱོར་བ་མེད་དེ། སེ་གོལ་གྱི་སྒྲ་ལ་སོགས་པ་ལྟ་བུར་དེ་དག་གསལ་བར་སྐད་ཅིག་པའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སྐད་ཅིག་པར་ཡང་ཡིད་
ཆེས་ན་གང་དག་ཡང་རི་ལ་སོགས་པ་གཟུང་བ་སྣང་བ་རྣམས་སྐད་ཅིག་པ་གཞན་འདྲ་བའི་སེམས་སྐྱེད་པར་བྱེད་པ་དེ་དག་ཐ་དད་མེད་ན་ཇི་ལྟར་སྐད་ཅིག་པར་རྟོགས་པར་འགྱུར་སྐད་ཅིག་པ་དང་སྐད་ཅིག་པ་མ་ཡིན་པའི་ཐ་སྙད་ཇི་ལྟར་འཇུག་ཅེས་དེ་སྐད་བསྟན་པ་ཀུན་གཞི་དང་
འཇུག་པའི་རྣམ་པར་ཤེས་པ་ལས་དགོངས་ཏེ། དེར་ཐམས་ཅད་མཁྱེན་པའི་ལས་ནི་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། དགེ་བ་དང་། མི་དགེ་བ་དང་། འདུས་བྱས་དང་། འདུས་མ་
བྱས་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཟིན་པ་དང་། མ་ཟིན་པ་རྣམས་ཡིན་ཏེ། བློ་གྲོས་ཆེན་པོ་མདོར་ན་ལེན་པའི་ཕུང་པོ་ལྔ་སེམས་

དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་རྒྱས་པའི་སྐྱེ་བོ་རྣམས་ཀྱིས་དགེ་བ་དང་། མི་དགེ་བར་ཡོངས་སུ་བརྟགས་སོ། །ཏིང་ངེ་འཛིན་གྱི་བདེ་བ་དང་། སྙོམས་པར་འཇུག་
པ་རྣམས་ནི་ཞེས་བྱ་བ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་ཟག་པ་སྟེ། དེ་དག་ལ་ནི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམ་པར་གྲོལ་བས་ན་ཟག་པ་མེད་པ་སྟེ། དགེ་བའི་ཆོས་རྣམས་ནི་ཐམས་ཅད་མཁྱེན་པས་གསལ་བར་བཤད་པའོ། །སེམས་
དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་བརྟས་པའི་བྱིས་པ་རྣམས་ཀྱིས་མཐོ་རིས་དང་། ངན་སོང་གི་རྒྱུ་དགེ་བ་དང་མི་དགེ་བ་བཅུ་སེམས་ཅན་ལ་ཕན་པ་དང་། གནོད་པའི་མཚན་ཉིད་ཅན་ལ་དགེ་བ་དང་མི་དགེ་བའི་བག་ཆགས་ཡོངས་སུ་སྨིན་པའི་མཐུས་
ཡོངས་སུ་བརྟགས་སོ། །རྨི་ལམ་བཟང་པོ་དང་རྨི་ལམ་ངན་པ་མཐོང་བ་ལྟ་བུར་བདེ་བ་དང་། སྡུག་བསྔལ་རྣམ་པར་སྨིན་པར་སྣང་བས་རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས་སོ་སོར་སྣང་ངོ་། །དེ་ལ་སྐད་ཅིག་མའི་བག་ཆགས་ཀྱིས་བསྒོས་པའི་རྣམ་པར་ཤེས་པ་བདུན་རྣམས་འབྱུང་
ངོ་། །དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་ཟག་པ་མེད་པའི་བག་ཆགས་ཀྱིས་བསྒོས་པས་སྐད་ཅིག་པ་མ་ཡིན་ཏེ། སྐད་ཅིག་པ་གཞན་དུ་ཕྱིར་མཚམས་སྦྱོར་བས་རྟག་པ་དང་། ཆད་པ་དང་བྲལ་བ་རྒྱུན་མི་འཆད་པར་རྟག་ཏུ་འབྱུང་ངོ་། །མུ་སྟེགས་
ཅན་དང་། ཉན་ཐོས་ཀྱི་རྟག་པ་དང་མི་རྟག་པར་བརྟགས་པ་རྣམ་པར་གཅད་པའི་ཕྱིར་དེ་སྐད་ཅིག་པ་མ་ཡིན་པར་དགོངས་པའོ། །ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། རིགས་ཀྱི་བུ་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བ་འདི་ནི་སྟོན་པས་བརྟགས་པའི་
ཚིག་གོ་ཞེས་འབྱུང་སྟེ། དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པས་ན་འདུས་མ་བྱས་པའོ། །སྐད་ཅིག་མའི་རྒྱུན་དུ་འབྲེལ་པའི་ཕྱིར་འདུས་བྱས་ཏེ་ལན་དུ་མར་བཤད་པའོ། །ཟག་པ་དང་བཅས་པའི་བག་ཆགས་ཡོངས་སུ་སྨིན་པའི་ཕྱིར་རྣམ་པར་ཤེས་པ་བདུན་ནི་

སྐད་ཅིག་པ་རྣམས་སོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་མུ་སྟེགས་ཅན་རྣམས་ཀྱིས་རྗེས་སུ་དཔག་པ་སྟེ། རང་གི་སེམས་སྣང་བ་མ་རྟོགས་པའི་ཕྱིར་ཏེ། འགག་པ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཁ་དོག་དང་། ང་རོད་དང་། དབྱིབས་སུ་ཉེ་བར་སྐྱེ་
བ་ནི་དགེ་བ་དང་། མི་དགེ་བའི་བག་ཆགས་འགག་པར་མ་གྱུར་གྱི་བར་དུའོ། །ནམ་ཤེས་རབ་ཀྱིས་དཔྱད་དེ་ཕྱི་རོལ་གྱི་སྦོམ་པོ་དང་ཕྲ་མོ་མི་དམིགས་པ་དེ་ན་ཀུན་གཞི་རྣམ་པར་ཤེས་པ་ཤིན་ཏུ་གྱུར་ཏེ། འདོད་ཆགས་ལ་སོགས་པའི་མཚན་མ་གཟུགས་མཛེས་པ་དང་། མི་
མཛེས་པ་ལ་སོགས་པ་མི་དམིགས་ཏེ། དེའི་ཚེ་ཟག་པ་མེད་ཅིང་རྟག་པའི་བག་ཆགས་ཀྱིས་བསྒོས་པ་མི་འགྱུར་བར་གྲུབ་པས་གྲུབ་པའི་ཕྱིར་མི་ལྡོག་གོ། །རྡོ་རྗེ་དང་གསེར་ལ་སོགས་པ་ལྟ་བུར་རྟག་པ་སྟེ། ལོག་པའི་རྣམ་པར་རྟོག་པ་སྤངས་པས་བསྐལ་པར་
བཞག་ཀྱང་ཟད་པ་མེད་པ་ལྟ་བུ་སྟེ། རྟག་པ་དང་། བདག་དང་གཙང་བའི་དངོས་པོ་ཕྱིན་ཅི་ལོག་པ་རྣམས་ཀྱིས་དེའི་ཕྱིར་ཡང་ཉོན་མོངས་པར་མི་འགྱུར་རོ། །མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་ཆོས་རྣམ་པར་
རྟོག་པས་ཆོས་ཡོངས་སུ་དག་པའི་རྗེས་སུ་འབྲང་བའི་ཐུགས་རྗེ་སྟེ། དེ་ལྟར་ན་ཆོས་སྟོན་པ་ཡང་འབྱུང་ངོ་། །དེས་ན་ཉོན་མོངས་པའི་རྣམ་པར་རྟོག་པ་ནི་སྤང་གི །དགེ་བ་ནི་མ་ཡིན་ཏེ། དེའི་ཕྱིར་སྟོན་པ་དེ་ལ་ཉོན་མོངས་པ་ཀུན་དུ་རྟོག་པ་མེད་དེ། སྒྲིབ་པ་ཟད་པས་འགྲོ་
བ་ལ་ཕན་པ་དང་། རྗེས་སུ་མཐུན་པའི་དགེ་བ་སུས་དགག །ཇི་ལྟར་མདོ་སྡེ་འདིར་གསུངས་པ། མཚན་ཉིད་དང་ནི་བྱ་བ་དང་། །དངོས་པོར་མྱ་ངན་ང་མི་འདའ། །རྣམ་རྟོག་རྣམ་ཤེས་བཟློག་པ་ན། །ང་ནི་མྱ་ངན་འདས་པའོ། །ཞེས་པ་སྟེ། དེར་ནི་ཐམས་ཅད་མཁྱེན་པས་
ལོག་པའི་རྣམ་པར་རྟོག་པ་སྤོང་བར་དགོངས་པ་སྟེ། གཞན་དུ་ན་གསོལ་པའི་ལན་དུ་ཆོས་སྟོན་པ་ཇི་ལྟར་ན་འབྱུང་། འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་སྐད་ཅིག་མར་འཇིག་པ་དཔྱད་པ་བཞི་པའོ།། །།

ཡང་བློ་གྲོས་ཆེན་པོས་གསོལ་པ། གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ན་སངས་རྒྱས་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ་ཞེས་པ་དེར་ཐམས་ཅད་མཁྱེན་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཁྱད་པར་རྒྱས་པར་གསུངས་
པ་སྟེ། བདག་དང་བདག་གིར་མངོན་པར་ཆགས་ཏེ། འབྲས་བུ་རེ་བ་ནི་འཇིག་རྟེན་པའི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་ལས་འདས་པ་ནི་ཕྱི་རོལ་དུ་མངོན་པར་ཆགས་ཏེ་འབྲས་བུ་རེ་བར་ཞུགས་པ་ན། འཕགས་པ་ཉན་
ཐོས་རྣམས་ཀྱིའོ། །བློ་གྲོས་ཆེན་པོ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་སྣ་ཚོགས་ཀྱི་བག་ཆགས་ལས་སྐྱེས་པའི་རང་གི་སེམས་སྣང་བའི་
རྣམ་པར་རྟོག་པས་རྟག་པ་དང་། མི་རྟག་པ་དང་། མཛེས་པ་དང་། མི་མཛེས་པ་ལ་སོགས་པར་འཛིན་པ་སྟེ། ཤེས་རབ་ཀྱིས་གཞིགས་པ་ནི་ཕྱི་རོལ་གྱི་དོན་མི་མཐོང་ངོ་། །དེའི་ཕྱིར་དེ་ལྟར་རང་གི་སེམས་གཟུགས་སུ་སྣང་བ་ལ་མཚན་ཉིད་རྣམས་ཀྱི་སྲ་བ་དང་གཤེར་
བ་ལ་སོགས་པའི་མཚན་ཉིད་དུ་དེ་ལྟར་མངོན་པར་ཆགས་པའི་འབྱུང་བ་ཆེན་པོ་རྣམས་ལ་མངོན་པར་ཆགས་པར་མི་བྱེད་དེ། དེ་ལྟར་ཕྱིའི་དོན་དུ་མངོན་པར་ཆགས་པ་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་
འགྱུར་རོ། །སེམས་ཅན་རྣམས་ཀྱི་སྣང་བའི་ཚུལ་ཇི་ལྟ་བ་བཞིན་དུ་དེ་དག་ལས་ཕན་པ་དང་བདེ་བར་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཆོས་དང་། ཟང་ཟིང་དང་མི་འཇིགས་པ་རྣམས་ཀྱིས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྫོགས་པར་འགྱུར་བ་ནི་བྱང་ཆུབ་སེམས་
དཔའི་ས་རབ་ཏུ་དགའ་བར་ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་ཤིང་ཕྱི་རོལ་གྱི་དོན་དུ་མངོན་པར་ཆགས་པ་མེད་པའི་ཕྱིར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཡང་ཐོབ་པར་འགྱུར་རོ། །ཆོས་དང་གང་ཟག་ལ་

བདག་མེད་པར་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། ཇི་ལྟར་ཐམས་ཅད་མཁྱེན་པས་སྐད་ཅིག་འཇིག་ཅིང་ཐོག་མ་དང་ཐ་མའི་མཐའ་སྟོང་པ་རང་བཞིན་གཉིས་ཀྱིས་ཀྱང་སྟོང་ཞིང་བྱ་བ་དང་བྱེད་པ་པོ་དང་འབྲེལ་ཏེ། སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་
པ་ལྷག་པའི་ཆོས་དང་བྲལ་བ་མི་གཉིས་པ་སྐད་ཅིག་མའི་རྒྱུན་དུ་འབྱུང་ཞིང་བརྗོད་དུ་མེད་པར་གསུངས་པའོ། །སྐད་ཅིག་པ་དང་སྐད་ཅིག་པ་མ་ཡིན་པར་རྟག་ན་དགོངས་པ་ངེས་པར་འགྲེལ་པ་ལས། ཇི་ལྟར་འདུས་བྱས་དང་འདུས་མ་བྱས་པར་འབྱུང་བ་དེ་ལྟར་འདིར་ཡང་དགོངས་པ་
ཡོངས་སུ་ཤེས་པར་བྱ་སྟེ། གཞན་དུ་ན་ཆོས་ཉིད་དང་འགལ་བར་འགྱུར་རོ། །དེའི་ཕྱིར་དགོངས་པ་བཤད་པར་བྱ་སྟེ། སྟོང་པ་མི་རྟག་སྐད་ཅིག་པར། །འདུས་བྱས་ལ་ནི་བྱིས་པ་རྟོག །འབབ་ཆུ་མར་མེ་ས་བོན་དཔེས། །སྐད་ཅིག་པ་ཡི་དོན་དུ་རྟོག །ཅེས་པ་སྟེ། འབབ་
ཆུ་དང་ས་བོན་ལ་སོགས་པ་གཉིས་ཀྱི་རྣམ་པ་ཅན་ནི་སྐྱེ་བ་མེད་པ་སྟེ། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་གཞན་གྱི་དབང་ནི་རྣམ་པ་སྣ་ཚོགས་ནོར་པའི་རྣམ་པ་རྣམས་ནི་མེད་པས་ན་དེར་བྱིས་པ་རྣམས་ཀྱིས་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པར་ཅི་ཞིག་རྣམ་པར་
རྟོག་ཅེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །འོན་ཏེ་གཞན་གྱི་དབང་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་རྣམས་ལ་སྐྱེ་བ་མེད་ན་ཡོངས་སུ་གྲུབ་པ་གཞན་ལ་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ཁོ་ན་ཇི་ལྟར་ན་ཡོད་པར་འགྱུར་ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་
ཅད་མཁྱེན་པས་བཀའ་སྩལ་པ། བྱེད་པ་མེད་ཅིང་སྐད་ཅིག་པ། །དབེན་པ་མེད་པ་སྤངས་པ་དང་། །ཆོས་རྣམས་སྐྱེ་བ་མེད་པ་ནི། །སྐད་ཅིག་དོན་དུ་ངས་བཤད་དོ། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པ་ལ་ཐམས་ཅད་མཁྱེན་པས་དོན་དམ་པར་སྐད་ཅིག་ཏུ་འཇིག་པར་གྲུབ་པ་སྟེ།
གཉིས་སུ་མེད་པའི་ཡང་དག་པར་རིག་པ་དེ་ལ་གནོད་པ་མེད་ཅིང་རང་བཞིན་གཅིག་པའི་ཕྱིར་ན་ཡོད་དོ། །ཆོས་ཐམས་ཅད་ལ་ནི་བྱེད་པ་མེད། བྱེད་པ་གང་གིས་ཀྱང་སུ་ཡང་མི་བྱེད་དེ། ནམ་སྐད་ཅིག་པ་གཅིག་པ་དེ་ནི་སྐད་ཅིག་པ་གཉིས་པོ་མེད་ན་སུ་ཞིག་བྱ་བ་དང་བྱེད་པ་པོ་དང་

མངོན་པར་འབྲེལ་པར་འགྱུར། ཇི་ལྟར་ལུང་སྟོན་པ་པོ་རྣམས་ཀྱི་བྱེད་པ་པོ་ནི་རང་དབང་ཅན་དང་། བྱ་བ་འདོད་པའི་གཙོ་བོ་ནི་ལས་དང་། སྒྲུབ་པའི་མཆོག་ནི་བྱ་བ་ལ་སོགས་པར་རྟོགས་པ་ནི་རྒྱུན་རྟག་པར་བརྟགས་ཏེ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་འདིས་བྱེད་དོ་ཞེས་ནི་རིགས་སོ། །གང་
ཡང་བྱ་བ་དང་བྱེད་པ་པོ་གཉིས་ལས་དབེན་ཞིང་མི་གཉིས་པ་དེ་ནི་བྱ་བ་དང་བྱེད་པ་པོར་འབྱེད་པའི་བྱེད་པ་དང་བྲལ་བས་ན་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་རིམ་གྱི་ཆོས་རྣམས་སྐད་ཅིག་པ་ལ་མེད་དོ། །བདག་མེད་པ་གཉིས་ལ་ཡང་མེད་དེ། ལན་དུ་མར་སྒྲུབ་
པའོ། །དེས་ན་ཆོས་རྣམས་སྐྱེ་བ་མེད་པ་ནི་སྐད་ཅིག་པའི་དོན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི། །བྱུང་བ་མེད་ཅེས་སེང་གེའི་སྒྲ། །དེ་ཉིད་སྒྲུབ་པར་མཛད་པས་ན། །སྐྱེས་མ་ཐག་ཏུ་འཇིག་པར་ནི། །བྱིས་པ་རྣམས་ལ་ང་
མི་འཆད། །དངོས་པོ་རྣམས་ནི་རྣམ་རྟོག་པ། །བར་ཆད་མེད་པར་འགྲོ་བར་གཡོ། །ཞེས་པ་སྟེ། སྐྱེས་མ་ཐག་ཏུ་འཇིག་པའི་སྐད་ཅིག་པ་གཅིག་གི་རིམ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་བྱིས་པ་རྣམས་ལ་མི་འཆད་དོ། །ཇི་ལྟར་ཞེ་ན། སྐྱེ་བ་དང་། གནས་པ་དང་།
རྒ་བ་དང་། མི་རྟག་པའི་ཆོས་རྣམས་ནི་རྒྱུན་དུ་གནས་པ་ལ་འཆད་དོ་ཞེས་དགོངས་པའི་དོན་དུ་བརྟག་གོ། །སེམས་ནི་འབྱུང་བར་བྱེད་པ་ཡི། །རྒྱུ་ནི་མ་རིག་དེ་ཡིན་ཏེ། །ཇི་སྲིད་གཟུགས་དག་མི་ཤེས་པ། །དེ་སྲིད་བར་དུ་དེ་གནས་ཅི། །ཞེས་བྱ་བ་ནི་འདིས་འདི་བྱེད་དོ་
ཞེས་བྱེད་པ་པོར་འབྲེལ་ཏེ་དངོས་པོ་རྣམས་ཀྱི་རིམ་གྲོ་བ་རྣམ་པར་རྟོག་པས་གཡོ་བ་དེ་ནི་སེམས་ཅན་རྣམས་ཀྱི་མ་རིག་པ་སྟེ། བྱེད་པ་པོར་རང་དབང་ཅན་གྱིས་གནས་པའི་ལས་བྱེད་དོ་ཞེས་བྱེད་པ་དང་། བྱེད་པ་པོར་རྟོག་པ་སྟེ། དེ་ལྟ་བུར་རྟག་པ་དང་། བདག་དང་། བྱེད་པ་པོ་
ལ་མངོན་པར་ཆགས་པའི་ཕྱིར་འཁོར་བར་གདགས་སོ། །སྐད་ཅིག་ཏུ་འཇིག་པ་ཡོངས་སུ་ཤེས་པས་ནི་བདག་ཏུ་ཆགས་པ་མེད་པར་འགྱུར། བདག་ཏུ་ཆགས་པ་མེད་ན་ལོངས་སྤྱོད་ཀྱི་དོན་དུ་ལས་མི་བྱེད་དོ། །སེམས་རྣམས་རྣམ་པ་སྣ་ཚོགས་སུ་བསླད་པས་བདེ་བ་

དང་། སྡུག་བསྔལ་དུ་འབྱེད་པས་དབྱེ་བ་ན་སྐད་ཅིག་ཏུ་འཇིག་པ་མངོན་སུམ་དུ་གྲུབ་པོ། །དེར་གླེངས་པ། གལ་ཏེ་ཐམས་ཅད་སྐད་ཅིག་ཏུ་འཇིག་ན་དུས་གཞན་དུ་དེ་ཉིད་འདི་ཡིན་ནོ་ཞེས་པར་ཇི་ལྟར་ན་འགྱུར། དེ་ནི་འདྲ་བའི་སྐད་ཅིག་པ་གཞན་འབྱུང་བའི་ཕྱིར་ཤེས་པ་
འཇུག་སྟེ། སྐྲ་དང་རྩྭ་ལ་སོགས་པ་བཅད་ནས་ཡང་སྐྱེ་བ་ལྟ་བུ་ཡིན་གྱི་སེ་གོལ་གྱི་སྒྲ་ལ་སོགས་པ་བཞིན་དུ་འདྲ་བའི་སྐད་ཅིག་པ་གཞན་མཚམས་སྦྱོར་བ་མེད་པར་ཐམས་ཅད་སྐད་ཅིག་པ་མ་ཡིན་ནོ། །དེ་བཞིན་དུ་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ལ་དགོངས་ཏེ་ཐམས་
ཅད་མཁྱེན་པས་མཚམས་སྦྱོར་གནས་སྟོན་པར་མཛད་པ། རྣལ་འབྱོར་ཅན་གྱི་སྙོམས་འཇུག་དང་། །གསེར་དང་རྒྱལ་བའི་རིང་བསྲེལ་དང་། །འོད་སྣང་གནས་ཀྱི་གཞལ་མེད་ཁང་། །འཇིག་རྟེན་རྒྱུ་ཡིས་འཇིག་པ་མེད། །ཅེས་པ་སྟེ། རྒྱུས་བཏབ་པ་སྐད་ཅིག་མའི་རྒྱུན་དུ་
བསྐལ་པར་འཁོར་བར་ཡང་གནས་ཏེ། ཇི་ལྟར་གསེར་དང་། བདེ་བར་གཤེགས་པའི་རིང་བསྲེལ་དང་། རྡོ་རྗེ་རིན་པོ་ཆེ་དང་། འོད་སྣང་བའི་གཞལ་མེད་ཁང་དང་། འགོག་པ་ལ་སྙོམས་པར་འཇུག་པའི་ལུས་ལ་སོགས་པ་བསྐལ་པའི་གནས་བསྟན་ནོ། །ཁ་ཅིག་ནི་སྐད་ཅིག་པ་
གཞན་དུ་སྡོད་པ་མེད་པར་སྐད་ཅིག་པ་དེ་ཉིད་ལ་སེ་གོལ་གྱི་སྒྲ་ལ་སོགས་པ་ལྟ་བུར་རྣམ་པར་འཇིག་གོ། །གནས་པ་རྣམས་དང་ཐོབ་པའི་ཆོས། །སངས་རྒྱས་ཡེ་ཤེས་ཕུན་སུམ་ཚོགས། །དགེ་སློང་ཉིད་དང་ཤེས་ཐོབ་རྣམས། །སྐད་ཅིག་མར་ནི་ཇི་ལྟར་མཐོང་། །ཞེས་བྱ་བ་ནི་ཐམས་
ཅད་མཁྱེན་པས་རྒྱུན་རྟག་པས་རྟག་པ་ཉིད་དུ་དགོངས་པའོ། །གལ་ཏེ་དེ་དག་རྣམས་ཀྱང་སྐད་ཅིག་པ་གཅིག་ཏུ་གནས་སུ་ཟིན་ན་ནི་དེའི་ཚེ་འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་དང་མ་བྲལ་བ་ཁོ་ན་དང་། ཐམས་ཅད་མཁྱེན་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་ཁོ་ན་དང་དགེ་སློང་ནི་དགེ་
སློང་མ་ཡིན་པ་ཁོ་ནའི་གླགས་སུ་འགྱུར་རོ། །གལ་ཏེ་འདྲི་བའི་སྐད་ཅིག་པ་གཞན་དུ་མཚམས་སྦྱོར་བ་མེད་པར་འགྱུར་ན་ནི་དེས་ན་སྐད་ཅིག་པའི་རྒྱུན་ཆད་པར་འགྱུར་རོ། །དེའི་ཕྱིར་དགོངས་པས་སྐད་ཅིག་པ་ཁོ་ན་མ་ཡིན་ལ། མུ་སྟེགས་བྱེད་པའི་རྒྱུ་ལྟ་བུར་རྟག་པའི་དངོས་པོར་ཡང་མ་ཡིན་ནོ། །

དེ་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །སྒྱུ་མ་དྲི་ཟའི་གྲོང་ལ་སོགས། །གཟུགས་རྣམས་ཇི་ལྟར་སྐད་ཅིག་པ། །འབྱུང་བ་མ་ཡིན་གཟུགས་རྣམས་དང་། །འབྱུང་བ་དེ་དག་གང་དུ་སོང་། །ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེད་པས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་སུ་སྣང་བ་རྣམས་དྲི་ཟའི་གྲོང་
ཁྱེར་དང་སྒྱུ་མ་དང་། རྨི་ལམ་ལ་སོགས་པ་སྣང་བ་བཞིན་དུ་གཞན་གྱི་དབང་གི་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་མ་སྐྱེས་པས་ན་དེར་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ཁོ་ནར་ཅི་ཡོད། སྔར་བཤད་པ་བཞིན་རིག་པར་བྱའོ། །དེ་དེ་ལྟར་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པས་རྟག་པ་དང་། བདག་དང་། ཕྱི་
རོལ་གྱི་དོན་དུ་མངོན་པར་ཆགས་པ་མེད་པའི་ཕྱིར་མུ་སྟེགས་བྱེད་དང་། ཉན་ཐོས་རྣམས་ལས་ལྷག་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་པོ། །བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣལ་འབྱོར་དམ་པ་ལ། རྣལ་འབྱོར་པ་ཞེས་བྱ་བ་ནི་མུ་སྟེགས་བྱེད་
དང་ཉན་ཐོས་ཀྱི་རྣལ་འབྱོར་ལ་མཆོག་ཆོས་དང་། གང་ཟག་ལ་བདག་མེད་པ་རྟོགས་པའི་ཕྱིར་སའི་དབང་པོ་རྣམས་རྣལ་འབྱོར་དམ་པ་ལ་རྣལ་འབྱོར་པ་ཡིན་ནོ། །གང་དམིགས་པ་དེ་ཉིད་ལ་རྣམ་པར་རྟོག་པ་མི་འཇུག་པར་སྒོམ་པ་དེ་ནི་ཚུལ་ཁྲིམས་ཏེ། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ཀྱི་དངོས་པོ་
མེད་པས་མཛེས་པ་དང་། མི་མཛེས་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་འཇུག་པའི་ངང་ཚུལ་དུ་བྱེད་དེ། ནམ་ཤེས་རབ་ཀྱིས་དཔྱད་ནས་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ་མི་དམིགས་པ་དེ་ན། གཉིས་སུ་མེད་པ་ཡོངས་སུ་ཤེས་པ་དེ་ཚུལ་ཁྲིམས་ཡིན་ཏེ། དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་
པའོ། །གང་གཟུང་བ་དང་། འཛིན་པ་ཡོངས་སུ་ཤེས་ནས་རྣམ་པར་རྟོག་པ་དེ་ནི་མི་འཇུག་པར་བཟོད་པ་དེ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པའོ་ཞེས་བྱ་བ་ནི་འཛིན་པ་དང་། གཟུང་བ་གཉིས་ཀྱི་རྣམ་པ་སྟོང་པ་ཉིད་ཡོངས་སུ་ཤེས་ནས་རྣམ་པར་རྟོག་པ་མི་འཇུག་པ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །
བརྩོན་འགྲུས་གང་གིས་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་བརྩོན་པར་བྱེད་ཅིང་རྣལ་འབྱོར་དང་མཐུན་པར་མཐོང་བས་རྣམ་པར་རྟོག་པ་ལྡོག་པའི་ཕྱིར། དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནི་ནམ་ཤེས་རབ་ཀྱིས་དཔྱོད་པའི་བརྩོན་འགྲུས་ཀྱིས་སྦོམ་པོ་དང་། ཕྲ་མོ་རྣམ་པར་

གཞིགས་ཏེ། མི་དམིགས་པ་དེ་ན་རྣམ་པར་རྟོག་པ་འཇུག་པར་མི་འགྱུར་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་རྣམ་པར་རྟོག་པ་བཟློག་པའི་ཕྱིར་མུ་སྟེགས་ཅན་གྱི་མྱ་ངན་ལས་འདས་པར་འཛིན་པར་མི་ལྟུང་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཆོས་དང་
གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་རྟག་པ་དང་། བདག་དང་ཕྱི་རོལ་གྱི་དོན་རྣམ་པར་བཟློག་པའི་ཕྱིར་མུ་སྟེགས་ཅན་གྱི་མངོན་པར་ཆགས་པར་ལྟུང་བར་མི་འགྱུར་བ་དེ་ནི་གཉིས་སུ་མེད་པའི་བསམ་གཏན་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་
རང་གི་སེམས་ཀྱི་རྣམ་པར་རྟོག་པ་མེད་པ་དང་། བློ་རབ་ཏུ་འབྱེད་པའི་བར་དུ་རབ་ཏུ་ཕྱེ་ན་མཐའ་གཉིས་སུ་མི་ལྟུང་ཞིང་གནས་རབ་ཏུ་གྱུར་པ་མངོན་དུ་འགྲོ་བ་མི་འཇིགས་པས་བདག་གི་འཕགས་པ་སོ་སོ་རང་གིས་རིག་པ་ཐོབ་པར་བྱ་བའི་ཕྱིར་རབ་ཏུ་སྦྱོར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་
རང་གི་སེམས་ཀྱི་རྣམ་པར་རྟོག་པའི་དངོས་པོ་མེད་པར་གྱུར་པ་སྟེ། ནམ་བློ་རབ་ཏུ་འབྱེད་པའི་ཤེས་རབ་ཀྱིས་དཔྱད་དེ། ཕྱི་རོལ་གྱི་དོན་རབ་ཏུ་ཕྱེ་བས་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིག་ཅིང་ཕུང་པོ་ལ་སོགས་པའི་མཚན་ཉིད་དུ་མི་ལྟུང་ཞིང་མི་དམིགས་པ་དེ་ནི་དམིགས་སུ་མེད་པའི་ཚུལ་གྱིས་འཛིན་པ་
དང་གཟུང་བའི་ཤེས་པའི་ལོག་པར་གྱུར་ཏེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་ཅིང་མཚན་མ་མེད་པ་སྟེ། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་
རོལ་ཏུ་ཕྱིན་པ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོག་མར་བྱས་པ་ལས་རབ་ཏུ་ཕྱེ་བ་སྟེ། ས་བཅུའི་དབང་པོ་རྣམས་ཀྱི་བདག་དང་གཞན་ལ་ཕན་པའི་ས་བཅུར་འབྱེད་པ་རྣམས་ཀྱིས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་དབྱེ་བས་ཕྱེ་བ་ན་སངས་རྒྱས་ཉིད་འཐོབ་པའི་ཕྱིར་འཇུག་
གོ། །དེ་ལྟར་ན་དེས་ཐམས་ཅད་དུ་ཁྱབ་པར་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔྱད་པའོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་ས་དང་ཕ་རོལ་དུ་ཕྱིན་པ་དཔྱད་པ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་

འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ་ཞེས་པའོ། །ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་
བཞིན་གཤེགས་པར་འགྱུར་བར་ལུང་བསྟན་ཞེས་བྱ་བ་དེ་ལ་ཅི་དགོངས་ཤེ་ན། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་བས་ན་འདོད་ཆགས་དང་བྲལ་བ་རྣམས་ནི་སངས་རྒྱས་སུ་གདོན་མི་ཟ་ཞེས་སོ། །ཐམས་ཅད་མཁྱེན་པས་ཀྱང་བསམ་པའི་དོན་ལ་གསུང་བར་འགྱུར་བ་ནི་
བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་འདོད་པ་བསལ་བའི་དོན་དུ་ཉན་ཐོས་རྣམས་ལ་སངས་རྒྱས་སུ་དེ་བཞིན་གཤེགས་པར་འགྱུར་བར་ལུང་བསྟན་ཏོ། །དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་པ་ནས་གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་དུ་བཅོམ་ལྡན་འདས་ཀྱིས་ཡི་གེ་གཅིག་ཀྱང་མ་གསུངས་མ་བཤད་ཅེས་བྱ་བ་དེར་དགོངས་ཏེ་གསུངས་པའི་དོན་ཐམས་ཅད་མཁྱེན་པས་གསུངས་པ་ནི་ཇི་བཞིན་དུ་སྔོན་གྱི་དེ་བཞིན་གཤེགས་པ་
རྣམས་ཀྱིས་ཆོས་སྟོན་པ་དེ་བཞིན་དུ་ངས་ཀྱང་ཆོས་དེ་ཁོ་ན་ཉིད་བཤད་ཀྱི། སྔར་མེད་པ་ནི་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་དགོངས་པའོ། །དེ་བཞིན་གཤེགས་པ་རྣམས་ནི་རྟག་ཏུ་མཉམ་པར་བཞག་པ་ལགས་ཏེ། མི་རྟོག་མི་དཔྱོད་པར་འཕྲུལ་པ་དག་ཀྱང་སྤྲུལ་ནས་དེ་དག་གིས་དེ་བཞིན་གཤེགས་
པའི་བྱ་བ་མཛད་དེ་རྣམ་པར་ཤེས་པ་རྣམས་ཀྱང་སྐད་ཅིག་མ་གཅིག་ནས་གཅིག་ཏུ་ཐ་དད་པའི་མཚན་ཉིད་དུ་བཤད། ལག་ན་རྡོ་རྗེ་ཡང་ཁོར་མོར་རྟག་ཏུ་ཞམ་འབྲིང་དུ་འབྲང་ཐོག་མའི་མཐར་མི་འདོགས་ལ་མྱ་ངན་ལས་འདས་པར་འདོགས། བདུད་དང་བདུད་ཀྱི་ལས་རྣམས་
དང་། ལས་ཀྱི་རྒྱུ་རྣམས་དང་། བྲམ་ཟེའི་བུ་མོ་ཙཉྩ་དང་། མཛེས་མ་ཀུན་དུ་རྒྱུ་དང་། ལྷུང་བཟེད་བཀྲུས་བཞིན་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་དག་གདའ་ན། བཅོམ་ལྡན་འདས་དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ནོངས་པ་དག་མ་སྤངས་པར་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཐོབ་ཅེས་བྱ་བར་བསྟན་པ་དེ་དག་ཕན་ཚུན་དུ་འགལ་བ་རྣམས་ཐམས་ཅད་མཁྱེན་པས་སྤངས་པར་གསུངས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། ཕུང་པོ་ལྷག་མ་མ་ལུས་པའི་དབྱིངས་
ལ་ཡང་དགོངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་ཀྱང་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་ཏེ། བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་ཞིང་འདི་དང་། གཞན་དག་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་གང་དག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་
པ་ཡོད་དེ། དེ་དག་ཉན་ཐོས་ཀྱི་ཐེག་པ་འདོད་པ་ལས་བཟློག་པར་བྱ་བ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་སྤྲུལ་པའི་ཉན་ཐོས་རྣམས་ལ་སྤྲུལ་པའི་སྐུ་དག་གིས་ལུང་བསྟན་གྱི། ཆོས་ཉིད་ཀྱི་སངས་རྒྱས་རྣམས་ཀྱིས་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལ་དགོངས་
ནས་ཉན་ཐོས་ལུང་བསྟན་ཏོ། །བློ་གྲོས་ཆེན་པོ་རྣམ་པར་གྲོལ་བ་རོ་གཅིག་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་རྣམས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་བྱེ་བྲག་མེད་མོད་ཀྱི་ཞེས་བྱ་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པར་བསྒོམས་པས་
རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བར་ཕྱིན་ཅི་ལོག་ལས་འབྱུང་བའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སྤོང་སྟེ། འཕགས་པའི་བདེན་པ་བཞི་རྟོགས་པ་ནི་བྱང་ཆུབ་གསུམ་དུ་ཡང་བྱེ་བྲག་མེད་དོ། །གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་
ནི་ཉོན་མོངས་པ་སྤོང་ངོ་། །ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པས་ཤེས་བྱའི་སྒྲིབ་པ་སྤངས་ཏེ། ཉོན་མོངས་པའི་སྒྲིབ་པ་དེ་ཡང་མཉམ་པར་མི་འཇོག་པའི་བག་ཆགས་དང་བཅས་ཏེ་སྤངས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཁོ་ནར་འགྱུར་
རོ། །བཅོམ་ལྡན་འདས་ཀྱིས་དེ་ཉིད་བསྒྲུབ་པར་མཛད་པ་ཤེས་བྱའི་སྒྲིབ་པ་སྤངས་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་ཤེས་བྱའི་སྒྲིབ་པ་ནི་ཆོས་ལ་བདག་མེད་པ་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། །ཉོན་མོངས་པའི་སྒྲིབ་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་

ཕྱིར་གང་ཟག་ལ་བདག་མེད་པ་མཐོང་བ་ལ་བསྒོམ་པ་སྔོན་དུ་འགྲོ་བས་སྤོང་བར་འགྱུར་རོ། །ཆོས་ཀྱི་སྒྲིབ་པ་རྣམ་པར་གྲོལ་བ་དེ་ནི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་བཟློག་པའི་ཕྱིར་རྣམ་པར་དག་པར་འགྱུར་རོ། །སྔོན་གྱི་ཆོས་ཀྱི་ལུས་ལ་དགོངས་ཏེ་སྔོན་དང་ཕྱིས་མེད་པ་མི་འབྱུང་བའི་ཕྱིར་
སྔོན་བཤད་པའི་ཡི་གེ་དེ་དག་ཉིད་ཀྱིས་དེ་བཞིན་གཤེགས་པ་མི་རྟོག་མི་དཔྱོད་པར་ཆོས་འཆད་དེ། མཁྱེན་བཞིན་དུ་མཛད་པ་དང་། དྲན་པ་ཉམས་པ་མེད་པ་དང་། མི་རྟོག་མི་དཔྱོད་དོ་ཞེས་པ་སྟེ། དྲན་པ་ཉམས་པ་མེད་པའི་ཕྱིར་ཆོས་ཀྱི་སྐུ་དང་རྫོགས་ལོངས་སྤྱོད་པའི་སྐུ་ལ་བཞུགས་ཏེ་རྣལ་
འབྱོར་པ་རྣམས་ལ་དངོས་པོ་ཆོས་སྟོན་ཅིང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་དོ། །བསླད་པ་ལྟ་བ་དུ་མར་ལྟུང་བ་དང་། ཉོན་མོངས་པས་དཀྲུགས་པ་རྣམས་ལ་སྤྲུལ་པ་རྣམས་ཀྱིས་རྩོད་པ་དང་། ལན་གླན་པ་དང་། མུ་སྟེགས་ཅན་དང་། བདུད་ཕམ་པར་བྱེད་ཅིང་ཐབས་དུ་མར་
ཆོས་སྟོན་ཏོ། །ཉན་ཐོས་རྣམས་ལ་ནི་སངས་རྒྱས་སུ་ལུང་སྟོན་པར་མཛད་དོ། །དེ་བཞིན་གཤེགས་པ་ངོ་བོ་ནི་དོན་དམ་པ་པའི་ཚུལ་ཉིད་སྟོན་ཏོ། །སྤྲུལ་པའི་སྐུ་རྣམས་ཀྱི་ནི་ཤེས་རབ་དང་ཐབས་རྣམས་ཀྱིས་སེམས་ཅན་རྣམས་གཟུང་བའི་ཕྱིར་གོ་རིམས་ཀྱིས་གང་ཟག་ལ་བདག་མེད་པར་བསྟན་ནས་
ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་རབ་ཏུ་འབྱེད་པས་སྐད་ཅིག་ཏུ་འཇིག་པ་ལ་ཞུགས་པ་རྣམས་གཉིས་སུ་མེད་པའི་དོན་དམ་པའི་ཚུལ་ལ་གཟུང་བར་བྱ་བའི་ཕྱིར་སྣོད་དུ་གྱུར་པ་རྣམས་ལ་ཆོས་ལ་བདག་མེད་པ་སྟོན་ཅིང་སེམས་ཅན་གྱི་དོན་རྣམ་པ་མང་པོ་མཛད་དོ། །སེམས་
ཅན་གང་དག་ལ་བདུད་ཀྱལ་ཀ་བྱེད་པའི་རིགས་ཅན་གྱིས་ཆོས་ཀྱི་བར་ཆད་བྱེད་པ་དེ་དག་ལ་བཙུན་གཙོ་འཕགས་པ་ཕྱག་ན་རྡོ་རྗེ་ཆ་ཉེ་བར་གནས་པ་ཡིན་ནོ། །སེམས་ཅན་རྣམས་སྐྱོ་བར་བྱེད་པའི་ལས་ཀྱི་རྒྱུད་རབ་ཏུ་འབྱེད་པ་གསུངས་ཏེ། ཀྱེ་མའོ་འདུ་བྱེད་རྣམས་ནི་མི་རྟག་གོ་ཞེས་རྟོག་
པར་ལོངས་སྤྱོད་ཀྱིས་མོས་པ་ཁ་ཅིག་ཡིད་འབྱུང་བར་འགྱུར་རོ། །ཁ་ཅིག་ནི་རྟག་པའི་བདག་ཏུ་མངོན་པར་ཆགས་པས་སྐད་ཅིག་ཏུ་འཇིག་པ་ཐོས་ཏེ། བདག་མེད་པས་སྐྲག་ཅིང་ཆོས་དང་གང་ཟག་ལ་བདག་མེད་པས་དོན་དམ་པའི་ཚུལ་ལ་མི་འཇུག་པ་དེ་དག་ལ་སེམས་ཀྱི་སྐད་ཅིག་མ་

གཅིག་ཏུ་རྒྱུན་རྟག་པས་སྲིད་པ་དང་། ཐར་པའི་གནས་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་སྟོན་ཏོ། །སེམས་གཅིག་པོ་རྟོག་གོ་ཞེས་བྱེད་པ་པོར་སྨྲ་བར་མངོན་པར་ཆགས་པ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཆུད་པ་ཉིད་སྤྱི་དང་
ཁྱད་པར་དུ་དགོངས་ཏེ། སེམས་ཅན་རྣམས་ལ་ཁྱབ་པ་དང་རྟག་པ་སྟོན་ཏོ། །དེ་དེ་བཞིན་དུ་ཐབས་དུ་མས་སྔགས་ཀྱི་རྒྱུད་དང་། སྤྲུལ་པ་གཏོང་བར་གསུངས་ཀྱང་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོར་གྱུར་པ་སྟོན་ཏོ། །མོས་པ་ཐ་དད་པ་སེམས་ཅན་གྱི་དོན་དུ་སངས་རྒྱས་གར་
མཁན་གྱི་ཐབས་སྣ་ཚོགས་འདི་ནི་བསམ་གྱིས་མི་ཁྱབ་པ་སྟེ། བྲོ་བ་དང་། སྨན་ར་ས་ཡ་ན་དང་། མིག་རྩི་དང་། གཏེར་མི་ཟད་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། ཕུག་དང་གཞལ་མེད་ཁང་དང་། ལོངས་སྤྱོད་རྣམ་པ་དུ་མ་སྦྱིན་པའི་རྣལ་འབྱོར་གྱི་དབང་པོ་རྣམས་སོ། །ལྷུང་བཟེད་བཀྲུས་
བཞིན་དུ་སླར་ཇི་ལྟར་གཤེགས་ཤེ་ན། དེ་ནི་ཆོས་བཅུ་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསོད་ནམས་ཆུང་ཞིང་ཉན་ཐོས་རྣམས་ཀྱི་ཡི་ཆད་པ་བསྩལ་བའི་དོན་དུ་དེ་བཞིན་གཤེགས་པས་གསུངས་པའོ། །དེ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་སྔགས་ཀྱི་ཚུལ་དང་། ཆོ་
འཕྲུལ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་མི་སྣང་བས་སྤང་བར་ནུས་ཀྱང་སྐུར་པ་ལ་བཏང་སྙོམས་མཛད་པ་ནི་བསོད་ནམས་ཆུང་ཞིང་སྐུར་པ་མང་བའི་སེམས་ཅན་རྣམས་ཀྱི་ཡིད་མི་བདེ་བ་བསྩལ་བའི་དོན་དུ་ཙཉྩ་དང་། མཛེས་མ་མུ་སྟེགས་ཀྱིས་སྐུར་པ་ལ་བཏང་སྙོམས་མཛད་དོ། །ལྷ་སྦྱིན་
གྱིས་ཕ་བོང་ལས་ཡར་ཏེ་ཕོག་པ་ལ་བཏང་སྙོམས་སུ་མཛད་པ་ནི་སེམས་ཅན་མང་པོས་སྨན་བྱིན་པའི་བསོད་ནམས་ཀྱི་དོན་དང་། དེ་དུས་གཞན་དུ་སྐྱོ་བར་བྱ་བའི་ཕྱིར་ཏེ། ཆོས་བཅུ་པ་ལས་ལོག་པ་ལྷ་སྦྱིན་ནི་རྣམ་པར་ཐར་པ་ཐོབ་པ་སྟེ། དེ་བཞིན་གཤེགས་པ་ཆེ་བ་ཁོ་ནར་མི་དང་ལྷ་ལ་
སོགས་པའི་སེམས་ཅན་རྣམས་ལ་སྒྲོགས་པར་བྱེད་དོ། །གང་ཡང་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་མི་བདེན་པར་བྱེད་པ་དེ་ནི་དེ་ལྟ་བུར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་བྱ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་བྱང་ཆུབ་བསམ་གྱིས་མི་ཁྱབ་བོ། །དྲན་པ་མཉམ་པ་མེད་པ་

དང་། །མི་རྟོག་མི་དཔྱོད་པ་དང་། བག་ཆགས་ཀྱི་ས་བཞི་སྤངས་པ་སྟེ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་ལ་སོགས་པའི་རྣམ་པར་ཤེས་པར་བག་ཆགས་རྣམ་བཞི་ཡོངས་སུ་སྨིན་པ་སྟེ། དེ་དག་
ཏུ་བསྟན་པ་དང་། མི་བདེན་པའི་བག་ཆགས་ནི་དགེ་བ་དང་། མི་དགེ་བ་དང་། གཉིས་ཀ་དང་། ལུང་དུ་མི་སྟོན་པར་བརྩམས་སོ། །ཟག་པ་དང་བཅས་པའི་བག་ཆགས་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་རབ་ཏུ་གྱུར་པ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་མེ་ལོང་གི་ཡེ་ཤེས་སུ་
འགྱུར་རོ། །འཕོ་བ་གཉིས་དང་བྲལ་བ་ནི་འཁོར་བའི་འཕོ་བ་དང་། ཡོངས་སུ་འགྲིབ་པའི་འཕོ་བ་སྟེ། དེ་དག་བྲལ་བ་ནི་འཕོ་བ་གཉིས་དང་བྲལ་བར་བརྟག་གོ། །ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་ཞེས་བྱ་བ་ནི་འཕགས་པའི་བདེན་པ་
བཞི་བསྒོམ་པས་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པའི་ཕྱིར་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་བསྒོམ་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་སྤོང་ངོ་། །ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པས་ཤེས་བྱའི་སྒྲིབ་པ་སྤོང་ངོ་། །
བློ་གྲོས་ཆེན་པོ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བདུན་རྣམས་ནི་དགེ་བ་ཟག་པ་མེད་པའི་ཕྱོགས་དང་བྲལ་བ་ནི་འཁོར་བ་མ་ཡིན་ཏེ། བག་ཆགས་ཀྱི་རྒྱུ་ལས་འབྱུང་བའི་ཕྱིར་སྐད་ཅིག་པའོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་
སྙིང་པོ་ནི་འཁོར་ཞིང་མྱ་ངན་ལས་འདས་པ་དང་། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བདུན་རྣམས་སྐད་ཅིག་པའི་བག་ཆགས་ཀྱི་རྒྱུ་ལས་འབྱུང་བས་ན་འཁོར་བར་མི་འཁོར་རོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་གནས་དེ་བཞིན་
གཤེགས་པའི་སྙིང་པོ་ནི་རྡོ་རྗེ་དང་གསེར་ལ་སོགས་པ་བཞིན་དུ་སྐད་ཅིག་མའི་རྒྱུན་རྟག་པའི་ཕྱིར་འཁོར་བ་སྟེ། དུས་ཀྱི་ཁྱད་པར་དུ་བྱེད་པ་ན་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་དང་། འཁོར་བ་དང་སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་

འཁོར་བར་འཁོར་བའི་ཕྱིར་རོ། །མྱ་ངན་ལས་འདས་པའི་བདེ་བའི་རྒྱུ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་དངོས་པོ་མེད་པའི་ཕྱིར་བདེ་བའི་རྒྱུ་སྟེ། བདེན་པ་ཤེས་པ་ལ་ནི་མི་ཤེས་པ་ཐམས་ཅད་སྡུག་བསྔལ་ལོ། །བྱིས་པ་སོ་སོའི་སྐྱེ་བོས་མི་ཤེས་སོ་ཞེས་པ་ནི་ཁ་ཅིག་སྟོང་
པ་ཉིད་ཀྱིས་གཡེངས་པའི་བློ་ཅན་ཐམས་ཅད་མེད་ཅེས་པ་སྟེ། ཐམས་ཅད་རྟག་པར་ཡོད་ཅེས་པ་རྟག་པའམ་ཆད་པར་སྨྲ་བར་ལྟུང་ཞིང་སྐད་ཅིག་མའི་རྒྱུན་དུ་རྟག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཁོང་དུ་ཆུད་པར་མི་བྱེད་དོ། །སྐད་ཅིག་མའི་ཕྱོགས་ལ་གཡེངས་པས་
བློ་རྟག་ཏུ་ཆད་པའམ་རྟག་ཏུ་ཆད་པ་མེད་པར་རྟོག་གོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་ཤེས་རབ་ཅན་རྣམས་ཀྱིས་ཤེས་ཏེ་དེ་ལྟར་ཐམས་ཅད་བསྡུ་བའི་དོན་དུ་བཤད་ནས་ཡན་ལག་གི་དོན་དུ་ཅུང་ཟད་ཅིག་བཤད་པར་བྱ་སྟེ། ཐམས་ཅད་མཁྱེན་པ་རྣམས་ཀྱི་སྐུ་གསུམ་ནི་
སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐ་དད་པས་རྣམ་པར་འབྱེད་དོ། །ངོ་བོ་ཉིད་ཀྱི་སྐུ་རྣམས་ནི་གཉིས་སུ་མེད་པ་སྟེ། དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་ཡུལ་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་དབང་པོ་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ། །བདུད་
ཀྱལ་ཀ་ཅན་གྱི་རིགས་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་འཕགས་པ་ཕྱག་ན་རྡོ་རྗེ་དེ་ཡོངས་སུ་སྲུང་བའི་དོན་དུ་དེ་ཞམ་འབྲིང་དུ་མི་འབྲང་ངོ་། །སྤྲུལ་པ་རྣམས་ནི་ལས་ལས་སྐྱེས་པའི་མ་ཡིན་ཏེ། དེ་དག་ལས་ནི་དེ་བཞིན་གཤེགས་པ་གཞན་པ་ཡང་མ་ཡིན། གཞན་པ་མ་
ཡིན་པ་ཡང་མ་ཡིན་ཏེ། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་པའི་དེ་བཞིན་གཤེགས་པ་ཉིད་གཅིག་པོར་གྱུར་ཏེ། རྣམ་པ་མང་པོར་འགྱུར་རོ། །དེས་ན་གཞན་པ་དང་གཞན་པ་མ་ཡིན་པའི་ཐ་སྙད་མི་རུང་ངོ་། །སྔོན་མེད་པ་དང་། ཕྱིས་
འབྱུང་བ་མ་ཡིན་པའི་ཡི་གེ་དེ་དག་ཉིད་ཀྱི་སྔ་མས་བཤད་པ་བཞིན་དུ་ཐོག་མ་དང་ཐ་མར་དགེ་བ་འཆད་ཀྱི་ལྷག་པར་ནི་མ་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ལས་ལས་ནི་ངོ་བོ་ཉིད་ཀྱི་རྣམས་འབྱུང་བ་སྟེ། སྤྲུལ་པའི་རྣམས་ནི་མ་ཡིན་ནོ། །ཕུང་པོ་དང་། ཁམས་དང་།

སྐྱེ་མཆེད་ལ་སོགས་པ་སྤྲུལ་པ་རྣམས་ཀྱིས་སྟོན་གྱི། ངོ་བོ་ཉིད་རྣམས་ཀྱིས་ནི་མ་ཡིན་ནོ། །རྣལ་འབྱོར་པ་རྣམས་ལ་ནི་གཉིས་སུ་མེད་པ་དང་གཉིས་ཀ་ཡང་ངོ་། །སྤྲུལ་པ་རྣམས་ལ་ཉོན་མོངས་པ་བག་ཆགས་དང་བཅས་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལ་ལས་ཀྱི་རྒྱུ་
མེད་དེ། དེའི་ཕྱིར་ལྷུང་བཟེད་བཀྲུས་བཞིན་ལ་སོགས་པའི་ལན་ནི་ཐམས་ཅད་མཁྱེན་པ་བདག་ཉིད་ཀྱིས། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་ནས་གསུངས་པ་སྟེ། སེམས་ཅན་རྣམས་སྐྱོ་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ཀྱི་ཆེད་དུ་ལས་ཀྱི་རྒྱུད་བསྟན་པས་ན་སངས་
རྒྱས་རྣམས་ཆོས་སྟོན་པ་ནི་བསམ་གྱིས་མི་ཁྱབ་པོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་ཆོས་ཐམས་ཅད་དང་འགལ་བ་མེད་པར་དཔྱད་པ་དྲུག་པ་སྟེ་ལེའུ་དྲུག་པ་རྫོགས་སྷོ།། །།དེའི་འོག་ཏུ་བསྡུ་
བའི་ཚིགས་བཅད་འབྱུང་སྟེ། དེ་ནི་བདག་གིས་དགོངས་པ་ངེས་པར་འགྲེལ་པ་ལས་དོན་དམ་ཡང་དག་འཕགས་ཀྱིས་ཡོངས་སུ་གསོལ་བའི་འོག་ཏུ་བཤད་པ་སྟེ། སྐབས་འདིར་བྲི་བར་བྱའོ། །བསྟན་པའི་ངག་དང་། སེམས་ཅན་གྱི་སེམས་བསྲུང་བ་དང་། སྙིང་
རྗེ་བས་སྙིང་རྗེ་ཅན་གྱི་བྱང་ཆུབ་སེམས་དཔས་ཤ་བཟའ་བར་མི་བྱའོ། །མི་གཙང་བ་བསྒོས་པས་སྐྱུག་བྲོ་བའི་གནས་དང་། ཕ་མའི་མི་གཙང་བ་ནུར་ནུར་པོ་ལས་བྱུང་བ་དང་། དྲི་མི་ཞིམ་ཞིང་རྨ་ཡོད་པའི་ལུས་ཀྱི་ཤ་སྟེ། དེས་ན་ཐམས་ཅད་མི་གཙང་བས་ཤ་བཟའ་
བར་མི་བྱའོ། །ཁ་ཅིག་གིས་ནི་གཙང་བ་དང་མི་གཙང་བར་རྟོག་པར་བྱེད་དེ། སྡེར་མོ་ལྔ་པ་ལྔ་བཟའ་བ། །རི་བོང་བྱི་ཏུར་སྦལ་དཀར་དང་། །བསེ་དང་རུས་སྦལ་ལྔ་པ་སྟེ། །ཕ་ཡི་སྦྱིན་སྲེག་བསྔོ་བ་བཞིན། །ཞེས་དེ་བཟའོ། །གལ་ཏེ་སྲོག་ཆགས་བསད་དོ་ཅོག་སྡིག་པར་གྱུར་
ན་ནི་ཤ་བཟའ་ཅི་དགོས་དེ་ལ་མཆོག་སྦྱིན་པ་རྣམས་རྟོག་པ་ནི་མཆོད་སྦྱིན་དུ་བསད་པ་རྣམས་ནི་བུ་དང་བཅས་པ་དང་། ཁྱུ་དང་བཅས་པར་ཡང་མཐོ་རིས་སུ་སྐྱེའོ། །ཡང་སྨྲས་པ། ལུག་དང་རི་དགས་བྱ་རྣམས་དང་། །བསྟན་པ་བྱིན་འགྲོ་ཐམས་ཅད་ནི། །མཆོད་སྦྱིན་

དོན་དུ་བསད་གྱུར་པ། །འགྲོ་བ་གཙོ་ནི་ཐོབ་པར་འགྱུར། །ཞེས་པ་ནི་གལ་ཏེ་དོན་དམ་པ་ཉིད་རྩོམ་ན་ནི་དེ་དག་ལ་སྲོག་སྡུག་པ་ཉིད་དེ། ཇི་ལྟར་དྲང་སྲོང་བྱ་སས་སྨྲས་པ། སེམས་ཅན་གཅིག་ལ་མི་འཇིགས་ཡོད། །སྦྱིན་པ་དེ་ནི་མཆོག་ཡིན་གྱི། །བྲམ་ཟེ་སྟོང་གི་གྲངས་
རྣམས་ལ། །བ་སྟོང་གསེར་དང་བཅས་པ་ཡི། །གང་གིས་གསེར་གྱི་རི་བོ་དང་། །རིན་ཆེན་བཀང་སྟེ་ས་སྦྱིན་དང་། །དེ་དང་མཉམ་པ་མ་ཡིན་ནོ། །ཞེས་སོ། །ནེ་ཙོས་ཀྱང་སྨྲས་པ། གཟུགས་ཤིང་བཅད་དེ་ལུག་བསད་ནས། །ཁྲག་གི་རྫབ་ཏུ་བྱས་ནས་ནི། །གལ་ཏེ་དེ་ལྟར་མཐོ་རིས་འགྲོ། །
དམྱལ་བར་ཅིས་ན་འགྲོ་བར་འགྱུར། །ཞེས་པའོ། །མཆོད་སྦྱིན་པ་རྣམས་རྟོག་པ་ནི་སྔགས་ཀྱིས་བསད་པ་ལ་སྡིག་པར་མི་འགྱུར་རོ་ཞེས་ཏེ། འོ་ན་མཚོན་གྱིས་བསད་པ་ལ་ཅིས་ན་སྡིག་པར་འགྱུར། དེ་ལྟ་བས་ན་སྙིང་རྗེ་ཅན་གྱིས་སྲོག་གཅོད་པ་སྤོང་བར་བྱའོ། །ལེགས་པར་སྤྱོད་པ་
ལ་ནི་གཞན་ལ་གནོད་པ་བྱེད་པས་ཇི་ལྟར་ན་བདག་གི་དོན་དུ་རུང་། ཇི་ལྟར་དྲང་སྲོང་བྱ་སས་སྨྲས་པ། གང་གིས་གང་གི་ཤ་ཟ་བ། །དེ་དག་གཉིས་ཀྱི་ཁྱད་པར་ལྟོས། །གཅིག་ནི་སྐད་ཅིག་འགྲངས་པར་འགྱུར། །གཅིག་ནི་གཏན་དུ་སྲོག་དང་བྲལ། །འཆིའོ་སྙམ་པའི་སྡུག་བསྔལ་གང་། །སྐྱེས་
བུ་ལ་ནི་སྐྱེ་འགྱུར་བ། །རྗེས་སུ་དཔག་པ་དེ་ཡིས་ནི། །གཞན་ཡང་བསྲུང་བར་རིག་པའོ། །ཀྵ་པ་ན་ཀ་རྣམས་ཀྱིས་གསོད་པ་ནི། དམ་པའི་ཆོས་མ་ཡིན་ནོ་ཞེས་དེ་སྐད་ཅེས་པ་དེ་ནི་རུང་ངོ་། །ཆོས་སེམས་པ་ཅན་རྣམས་ཀྱིས་ནི་དབང་པོ་རྣམས་ལས་འབྱུང་བའི་འོ་མ་དང་། ཤ་བཟའ་བར་མི་བྱའོ། །དབང་
པོ་ལས་མ་བྱུང་བའི་ཟན་དང་། སྐོམ་ནི་བཟའ་བར་བྱའོ་ཞེས་བཙོག་པ་དང་། གཙང་བ་རྣམ་པར་རྟོག་པར་བྱེད་དོ། །དེ་དེ་ལྟར་བཙོག་པ་དང་གཙང་བར་རྣམ་པར་རྟོག་པའི་ཆུ་ཡང་བཏུང་བ་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཉ་དང་རུས་སྦལ་སེམས་ཅན་མང་པོ་དང་། མི་རྨ་བཀྲུ་བ་དང་། རྣག་དང་
ཁྲག་ལ་སོགས་པ་རུལ་པ་རྣམས་ཀྱིས་རྙོག་པའི་ཕྱིར་རོ། །ཁར་སོ་ན་བའི་ཟས་ཀྱང་ལྡད་པ་ན་མཆུ་སྒོའི་མཚམས་སུ་ཚུད་ཅིང་སོའི་དྲི་མ་པགས་པ་དང་། མཆིལ་མས་དཀྲིས་པ་ན་ཁ་ཟས་ཀྱང་མི་བཟའོ། །ལུས་ཐམས་ཅད་ཀྱང་བཙོག་པ་ཡིན་ནོ། །ཇི་ལྟར་ཁ་ཅིག་གིས་སྨྲས་པ། ཟས་དང་དེ་བཞིན་

བཤད་པ་དང་། །འཚོ་བ་དང་ནི་འཆིལ་མས་ཀྱང་། །བཀྲུ་བ་ལུས་ལ་གནས་པས་ན། །མཁས་པ་རྣམས་ཀྱིས་མི་གཙང་རིག །ཅེས་སོ། །དགེ་སློང་སྐྱེ་བོ་གཞན་དག་འོ་མ་དང་ཤས་ཕོ་མཚན་རྒྱགས་པར་བྱེད་ཅིང་། སྦྱར་བར་བྱེད་པའི་ཁ་ཟས་རྣམས་ཡོངས་སུ་སྤོང་ངོ་ཞེས་རྣམ་པར་
རྟོག་ན་ལུས་མ་བསྒོམས་པ་རྣམས་ལ་ཡང་སྲན་མ་ཤ་དང་། ཏིལ་དང་། འབྲུ་མར་དང་། ནས་རྗེན་གྱི་ཕྱ