Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 120

Văn bản gốc(Tây Tạng)

Trang 17 / 20 (50.000 ký tự/trang)
་པ་འདི་ལ་བརྟེན་ཏེ་ཐེག་པ་རྣམ་གསུམ་གྱིས་མྱ་ངན་ལས་འདའ་བའི་འབྲས་བུ་ཕྱིས་ཐོབ་པར་བྱེད་པའི་ཕྱིར་ཕྱི་སྒོར་བཀོད་ཅེས་བྱ་སྟེ། རྒྱུ་ལ་བརྟེན་ཏེ་འབྲས་བུ་འཐོབ་པའི་ཕྱིར་རོ། །ཐེག་པ་འདི་རྣམ་གསུམ་ཡང་སྐྱེད་པ་
དང་ཕྱིན་པར་བྱེད་པའི་དོན་དུ་འདྲ་བས་ཇི་ལྟར་ཤིང་རྟ་ཡང་མང་ཉུང་སྐྱེད་པ་ལ་མི་འདྲ་ཡང་སྤྱིར་ཤིང་རྟ་ཞེས་མིང་གཅིག་སྟེ། འདུས་མ་བྱས་ལ་དབྱེ་བ་མེད་མོད་ཀྱི་འདུས་བྱས་ཀྱི་སྒོ་ནས་ཆེ་ཆུང་རིམ་པར་དབྱེ་བའི་ཕྱིར་གླང་དང་ར་དང་རི་དགས་ཀྱི་ཤིང་རྟ་ཞེས་སྨོས་སོ། །མདོ་ལས་དེ་ནས་བྱིས་པ་དེ་
དག་ཅེས་པ་ནས་དེ་ནས་མྱུར་དུ་ཕྱིར་འཐོན་ཏོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ཀྱི་གསུངས་རབ་ལ་བརྟེན་པས་ཁམས་གསུམ་ལས་ཐར་པའི་དཔེ་བསྟན་ཏེ། དེ་ཡང་བུས་པ་རྣམས་ཉོན་མོངས་པ་ལས་ཐར་བ་དང་། ཕ་བདེ་བར་འདུག་པའི་དཔེས་སེམས་ཅན་རྣམས་ཐེག་པ་རྣམ་གསུམ་ལ་
བཀོད་པས་བཅོམ་ལྡན་འདས་དགྱེས་ཞེས་པའི་དོན་ཏོ། །གཅིག་གིས་གཅིག་བདས་ཤིང་བརྒྱུགས་ཏེ་ཞེས་པ་ནི་བརྩོན་འགྲུས་ཆེན་པོ་རྩོལ་བ་བསྟན་ཏོ། །མདོ་ལས་དེ་ནས་སྐྱེས་བུ་དེས་ཞེས་པ་ནས་འཇིགས་པ་མེད་པ་ཐོབ་པར་གྱུར་ཏེ་ཞེས་པའི་བར་དུ། དཔོང་ས་བཞི་མདོ་ཞེས་པ་ནི།

བདེན་པ་རྣམ་བཞིའི་དོན་བསྟན་པའོ། །འཕགས་པ་ཉན་ཐོས་པ་རྣམས་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པས་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། བྱང་ཆུབ་སེམས་དཔའ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ཐོབ་པ་ཤེས་བྱའི་
སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་སྐྱབས་དང་སྒྲིབ་པ་མེད་པ་ནི་བླ་གབ་མེད་པར་གནས་པ་བཞིན་ནོ། །མདོ་ལས་དེ་ནས་བྱིས་པ་དེ་དག་ཅེས་པ་ནས་བདག་ཅག་སྩལ་དུ་གསོལ་ཞེས་པའི་བར་དུ་ནི་དཔེ་སྔ་མས་ནི་དྲང་བའི་དོན་བསྟན། དཔེ་འདིས་ནི་ངེས་པའི་དོན་སྟོན་ཏེ། དེ་ཡང་བུ་རྣམས་
ཀྱིས་སྦྱིན་པར་བྱས་པ་དེ་བསླངས་པ་དང་། ཕས་གཅིག་བྱིན་པ་བསྟན་པ་དང་། ཕས་བསམས་པའི་དོན་དང་བུས་པ་རྣམས་ཀྱི་བསམ་པ་དང་འགལ་བ་དང་བཞིར་དབྱེ་བ་ལ་འདི་ནི་དང་པོའོ། །ཐེག་པ་རྣམ་པ་གཉིས་པ་དག་ནི་ཕུང་པོ་དང་བྲལ་བའི་རྣམ་པར་གྲོལ་བ་ཐོབ་ཏུ་ཟིན་གྱིས་ཀྱང་
མྱ་ངན་ལས་འདས་པ་ཆེན་པོ་མ་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་པ་དེ་གཉིས་ཀྱི་དཔེར་བུས་པ་ཕྱིར་འཐོན་པ་རྣམས་ཕ་ལ་སོ་སོ་ནས་སྔར་བྱིན་པར་བྱ་བ་དེ་བསླངས་ཞེས་པར་སྦྱར་རོ། །ཡང་ན་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་
པ་ཐོབ་ཏུ་ཟིན་གྱིས་ཀྱང་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་མ་ཐོབ་པའི་ཕྱིར་སྦྱིན་པར་བྱས་པ་དེ་བླངས་སོ། །མདོ་ལས་དེ་ནས་ཤཱ་རིའི་བུ་སྐྱེས་བུ་དེས་ཞེས་པ་ནས་བདག་གི་བུ་རྣམས་ལ་རླུང་ལྟར་མགྱོགས་ཤིང་མཐུ་དང་ལྡན་པའི་གླང་པོ་ཆེའི་ཤིང་རྟ་བྱིན་ཏེ་ཞེས་པའི་བར་དུ་ནི་ཕས་ཀུན་ལ་
འདྲ་བར་བྱིན་པ་བསྟན་ཏེ་དེ་ཡང་ཤིང་རྟ་བྱིན་པ་དང་། དེའི་རྒྱན་དང་གླང་དེའི་མཚན་དང་དེའི་འཁོར་བསྟན་པ་ལ་འདི་ནི་དང་པོའོ། །གླང་པོ་ཆེའི་ཤིང་རྟ་ནི་ཐེག་པ་ཆེན་པོའི་འབྲས་བུ་བསྟན་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ནམ་ཡེ་ཤེས་བཞི་དང་ལྔའི་དངོས་
པོའོ། །མདོ་ལས་ཀྱང་དེ་བཞིན་ཉིད་ཀྱི་ངོ་བོ་ནི་དཔེས་ཤིང་རྟ་བཞིན་ནོ་ཞེས་འབྱུང་བ་ལྟ་བུ་སྟེ། གླང་དེ་ཡང་རླུང་བཞིན་དུ་མགྱོགས་པའི་དཔེས་ཐེག་པ་ཆེན་པོ་འདི་ལ་གནས་པས་ཕྱིར་མི་ལྡོག་པའི་ས་ལ་མྱུར་དུ་སོན་པར་བྱེད་པའི་ཕྱིར་མགྱོགས་པར་བསྟན་ཏོ། །དེ་བཞིན་གཤེགས་པས་

ཆོས་སྟོན་པ་ཡང་སེམས་ཅན་ལ་དབྱེ་བ་དང་རིམ་པ་མི་མཛད་མོད་ཀྱི་སོ་སོའི་སྣོད་ཇི་བཞིན་པ་ལས་མྱ་ངན་ལས་འདའ་བ་ཐོབ་པའང་ཁྱིམ་བདག་དེས་བུ་རྣམས་ལ་འདྲ་བར་གླང་པོ་ཆེའི་ཤིང་རྟ་བྱིན་པའི་དཔེ་བསྟན་ཏོ། །མདོ་ལས་རིན་པོ་ཆེ་བདུན་ལས་བྱས་པ་ལོགས་དང་ལྡན་པ་དྲིལ་བུ་
མང་པོས་རབ་ཏུ་དཔྱངས་པ་མཐོ་ཞིང་བརྟན་པ་ཞེས་པ་ནི་ཤིང་རྟ་དེའི་རྒྱན་བསྟན་ཏེ། དེ་ལ་ཡང་རྣམ་པ་བཅུ་ཡོད་པ་ལ་འདིར་བཞི་ཞིག་སྟོན་ཏེ། དེའི་ཚད་དང་རྒྱན་དང་ཁ་ལོ་སྒྱུར་བ་དང་འཕྱང་བ་མང་པོ་སྟོན་ཏོ། །མཐོ་ཞིང་བརྟན་པ་ནི་ཚད་དེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དཔེ་སྟེ།
ཕྱོགས་ཐམས་ཅད་དུ་གཟིགས་ཤིང་འཕགས་པར་གྱུར་ཅེས་པའི་དོན་ཏོ། །རིན་པོ་ཆེ་མང་པོ་ནི་དེའི་རྒྱན་ཏེ་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཉིད་དོ། །ལོགས་དང་ལྡན་པ་ཞེས་པ་ནི་ཁ་ལོ་སྒྱུར་བ་དང་ལྡན་པ་སྟེ་གཟུངས་རྣམ་བཞིས་བརྟན་ཞེས་པའི་
དོན་ཏོ། །དྲིལ་བུ་རབ་ཏུ་དབྱངས་ཞེས་པ་ནི་སྦྱང་པར་བྱ་བའི་རྒྱན་ཏེ་སྤོབས་པ་རྣམ་པ་བདུན་ལ་སོགས་པས་སྤོབས་པའི་རྒྱན་ཞེས་པའི་དོན་ཏེ། །མདོ་ལས་རིན་པོ་ཆེ་ངོ་མཚར་རྨད་དུ་བྱུང་བའི་རྒྱན་གྱིས་བརྒྱན་ཞེས་པ་ནི་རྒྱན་དེ་ནི་གདུགས་ཀྱིས་འགེབས་པའི་རྒྱན་ཏེ། འགྲོ་བ་མང་པོ་ལ་
ཚད་མེད་པ་བཞིའི་གདུགས་ཀྱིས་འགེབས་ཞེས་པའི་དོན་ཏོ། །མདོ་ལས་རིན་པོ་ཆེའི་ཕྲེང་བས་མཛེས་པར་བརྒྱན་པ་ཞེས་པ་ནས་རྟེན་པ་དམར་བ་གཉིས་སུ་བཞག་པ་ཞེས་པའི་བར་དུ་ནི་འདི་ལ་རྒྱན་བཞི་སྟེ། ཕྲེང་བ་དང་མེ་ཏོག་དང་གདིང་བ་དང་རྒྱབ་རྟེན་དང་བཞི་ལ་ཕྲེང་བ་ནི་སྨོན་ལམ་རྒྱ་ཆེན་པོ་བཞིའི་
དོན་ཏེ། བཞིའི་ནི་བྱང་ཆུབ་སེམས་དཔའ་དགེ་བ་ཅི་བརྩམས་པ་རྣམས་སེམས་ཅན་ཐམས་ཅད་ལ་བསྔོ་སྟེ། སེམས་ཅན་སྡུག་བསྔལ་ལས་ཐར་བར་གྱུར་ཅིག །བདེ་བ་མ་ཐོབ་པ་རྣམས་བདེ་དང་ལྡན་པར་ཤོག་ཤིག །སྡིག་པ་སྤོང་དགེ་བ་ལ་འཇུག་པའི་བྱང་ཆུབ་ཀྱི་སེམས་མ་བསྐྱེད་
པ་རྣམས་སེམས་དེ་བསྐྱེད་པར་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་མ་ཐོབ་པ་རྣམས་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའོ། །རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་ཞེས་པ་ནི་བསྡུ་བ་རྣམ་བཞིའི་དོན་ཏེ། སྦྱིན་པ་དང་ཚིག་སྙན་པ་དང་ཕན་པར་སྤྱོད་པ་དང་དོན་མཐུན་པའོ། །

གདིང་བ་ནི་ཡང་དག་པའི་འཚོ་བ་སྟེ་རྒྱུ་དང་ལོག་པར་སྤྱོད་པ་སྒོ་གསུམ་ནས་མི་རྒྱུ་ཞེས་པའི་དོན་ཏོ། །རྟེན་དམར་པོ་ཞེས་པ་ནི་མྱ་ངན་ལས་འདའ་བའི་བདེ་བ་ལ་བརྟེན་ནས་ཞེས་པའི་དོན་ཏེ། ཟག་པ་མེད་པའི་འགོག་པ་ལ་གནས་ཤིང་འཕགས་པའི་ལམ་འཕེལ་བར་
བྱེད་པའི་དོན་ཏམ། དད་པའི་དབང་པོ་ལ་སོགས་པ་དབང་པོ་ལྔས་བརྟེན་ཞེས་པའི་དོན་ཏོ། །མདོ་ལས་གླང་དཀར་པོ་རབ་ཏུ་དཀར་ཞིང་ཞེས་པ་ནས་བྱིས་པ་རྣམས་ལ་རེ་རེ་བྱིན་ཏེ་ཞེས་པའི་བར་དུ་ནི་གླང་དཀར་པོ་རྩ་བའི་ཡེ་ཤེས་དང་སྦྱར་རོ། །གླང་ཞེས་པ་ནི་ཤིང་རྟ་འདྲེན་པའི་དོན་ཏེ། འགྲོ་
བ་མང་པོ་འདྲེན་པའོ། །དཀར་པོ་ཞེས་པ་ནི་ཁ་དོག་ཐམས་ཅད་ཀྱི་གཞི་སྟེ་པདྨོ་དཀར་པོ་དང་འདྲའོ། །ཡང་གླང་དེ་ལ་ཡོན་ཏན་རྣམ་པ་གསུམ་སྟེ། དགྲ་འདུལ་བའི་དོན་ཏེ་སྒྲིབ་པ་རྣམ་གཉིས་འཇོམས་པའོ། །མཛེས་པའི་དོན་ཏེ་འཕགས་པའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའོ། །
འདེགས་པའི་དོན་ཏེ་བདག་དང་གཞན་དགྲོལ་བའོ། །ཡང་ན་གླང་གིས་དྲང་བའི་ཤིང་རྟ་ནི་ར་དང་རི་དྭགས་ཀྱིས་དྲང་བའི་ཤིང་རྟ་ལས་ཁྱད་པར་དུ་བསྟན་ཏེ་ཐེག་པ་ཆེན་པོ་འདི་ཡང་ཐེག་པ་རྣམ་པ་གཉིས་ལས་འཕགས་ཞེས་པའི་དོན་ཏོ། །སྟོབས་དང་ལྡན་པ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཏེ།
ནང་གི་ཡོན་ཏན་ཕུན་སུམ་ཚོགས་པའོ། །ཁ་དོག་དཀར་བ་ཞེས་པ་ནི་སྒྲིབ་པ་ཐམས་ཅད་བསལ་ཏེ་ཚུལ་ཁྲིམས་ཀྱི་ཡོན་ཏན་དང་ལྡན་པ་བསྟན་ཏོ། །ཡང་མཛེས་པ་ཞེས་པ་ནི་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པས་ལྷ་དང་མིས་མཆོད་པར་འོས་པ་བསྟན་ཏོ། །ཡང་སྟོབས་དང་ལྡན་པ་ནི་མངའ་
བ་ཕུན་སུམ་ཚོགས་པ་བསྟན་ཏེ། རྣམ་པ་ཐམས་ཅད་ཀྱིས་མི་བསྙེངས་ཞེས་པའི་དོན་ཏོ། །རླུང་བཞིན་དུ་མགྱོགས་པ་ཞེས་པ་ནི་ཐུགས་རྗེས་སེམས་ཅན་འདྲེན་པ་དང་ཡོད་པ་དང་མེད་པའི་ཆོས་གཟིགས་པ་ལ་ཐོགས་པ་མེད་པར་འཇུག་པའི་དོན་ཏེ། མདོ་ལས་ཤཱ་རིའི་བུ་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་
ནས་དེས་འདི་སྙམ་དུ་བསམས་སོ་ཞེས་པའི་བར་དུ་ནི་ཕ་དེའི་བསམ་པ་བསྟན་ཏེ། བང་མཛོད་དང་ནོར་མང་པོ་དག་ནི་འདུས་བྱས་དང་འདུས་མ་བྱས་པའི་ཡོན་ཏན་ནོ། །བང་མཛོད་ཅེས་པ་ནི་སྡེ་སྣོད་གཉིས་དང་གསུམ་དུ་ལྡན་པའོ། །མདོ་ལས་བདག་གིས་བྱིས་པ་འདི་རྣམས་བཞོན་པ་ངན་

པ་བྱིན་ཏེ་ཅི་ཞིག་བྱ་སྙམ་ཞེས་པ་ནས་འདི་དག་ཐམས་ཅད་ལ་སྙོམས་པར་བསམ་གྱི་མི་སྙོམས་པར་མི་བྱའོ་ཞེས་པའི་བར་དུ་ནི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ཕྱིར་བུས་པ་ཞེས་གདགས་སོ། །ཐེག་པ་ཆེན་པོ་ལ་ཞུགས་པའི་ཕྱིར་ངའི་བུར་འདྲའོ་ཞེས་སྨས་སོ། །ཐུགས་རྗེས་དགོངས་པ་གཉིས་སུ་
མི་མཛད་པའི་ཕྱིར་སྙོམས་པའོ། །མདོ་ལས་བདག་ཀྱང་བང་མཛོད་མང་གི་ཞེས་པ་ནས་བདག་གི་བུ་རྣམས་ལྟ་ཅི་སྨོས་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པས་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་ཐམས་ཅད་དང་རིགས་མེད་པ་དང་རིགས་ངེས་པ་རྣམས་ལ་ཡང་
སྙོམས་པར་སྟོན་ན་ཐེག་པ་ཆེན་པོའི་རིགས་ཅན་དང་རིགས་མ་ངེས་པ་རྣམས་ལ་ལྟ་ཅི་སྨོས་ཞེས་པའི་དོན་ཏོ། །མདོ་ལས་དེའི་ཚེ་བྱིས་པ་དེ་དག་ཀྱང་ཞེས་པ་ནས་དེ་ཇི་སྙམ་དུ་སེམས་ཞེས་པའི་བར་དུ་ནི་བུ་རྣམས་ཀྱིས་སྔར་བསམ་པའི་རེ་བ་ལས་འགལ་བ་བསྟན་ཏེ། སྔར་ཐེག་པ་རྣམ་གསུམ་
བསྟན་ལ་ཕྱིས་ཐེག་པ་ཆེན་པོ་འབའ་ཞིག་བསྟན་པས། འགལ་ཞེས་པའི་དོན་ཏོ། །མདོ་ལས་སྐྱེས་བུ་དེས་བྱིས་པ་དེ་དག་ལ་ཞེས་པ་ནས། དེ་བརྫུན་དུ་སྨྲས་པར་མི་འགྱུར་རམ་ཞེས་པའི་བར་དུ་ནི་སྔར་ནི་ངེས་པའི་དོན་གྱི་དཔེ་བསྟན་ཕྱིས་ཐེ་ཚོམ་དགྲོལ་བའི་དཔེ་བསྟན་ཏེ་གོང་དུ་བཅོམ་ལྡན་
འདས་ནི་བདེན་པར་གསུང་བ་ཡང་དག་པ་ཉིད་དུ་གསུང་པའོ་ཞེས་འབྱུང་བ་ལ་ཐེག་པ་རྣམ་གསུམ་བསྟན་པ་འདིར་ཐེག་པ་ཆེན་པོ་གཅིག་ཏུ་བསྡུས་ན་གསུང་དམ་པར་གྱུར་ཅེས་པའི་དོན་ཏོ། །མདོ་ལས་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་པ་ནས་སྲོག་དང་ལྡན་
པར་བགྱིས་པའི་སླད་དུའོ་ཞེས་པའི་བར་དུ་ནི་དྲིས་པའི་ལན་བཏབ་པ་སྟེ། སྔར་གླེང་བ་དང་ཕྱིས་དགྲོལ་བའོ། །ཉོན་མོངས་པ་ལས་སྟོན་པ་དང་ངན་འགྲོ་གསུམ་ལས་ཐར་པར་བྱས་པ་ནི་སྲོག་དང་ལྡན་པར་བྱས་པའོ། །མདོ་ལས་དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས་སྐྱེས་བུ་དེ་ཤོ་བེ་མཆི་བར་
མི་འགྱུར་རོ་ཞེས་པའི་བར་དུ་ནི་ཁམས་གསུམ་འབར་བའི་ཁང་པ་དང་འདྲ་བ་ལས་ཐར་བར་བྱས་པའི་ཕྱིར་བརྫུན་དུ་མི་འགྱུར་བ་དང་། སྐྱེས་བུ་དེ་ཐབས་མཁས་པ་དང་ལྡན་པས། ཆེན་པོ་སྦྱིན་པའི་བསམ་པས་ཆུང་ངུར་བརྗོད་དེ་ཆེན་པོ་ཐོབ་པར་བྱས་པས་འགལ་བ་མེད་པའི་ཕྱིར་རོ། །

མདོ་ལས་དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་སྐྱེས་བུ་དེ་ཤོ་བེ་མཆི་བ་མ་ལགས་སོ་ཞེས་པའི་བར་དུ་ནི་ཐེག་པ་ཆེན་པོ་བསྟན་པའི་ཕྱིར་བརྫུན་དུ་མི་འགྱུར་བ་བསྟན་པའོ། །མདོ་ལས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་
ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ་ཞེས་པ་ནི་དོན་དེ་ཉིད་ཡིན་པར་བཅོམ་ལྡན་འདས་ཀྱིས་ཀྱང་བསྟན་པར་བྱས་སོ། །མདོ་ལས་ཤཱ་རིའི་བུ་དེ་བཞིན་དུ་ཞེས་པ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཞེས་པའི་བར་དུ་ནི་དཔེ་དག་ཀྱང་
སྔ་མ་ནི་དྲང་བའི་དོན་གྱི་དཔེ། ཕྱི་མ་ནི་ངེས་པའི་དོན་དང་སྦྱར་བའོ། །དེ་ལ་དེའི་གནས་དང་ཁྱིམ་བདག་དང་། རྒན་དང་འབྱོར་པ་དང་། ཁྱིམ་གྱི་རྟགས་དང་། སྒོ་དང་། དྲུག་གཅིག་ཅིག་སྟོན་ཏེ། འཇིག་རྟེན་ཞེས་པ་ནི་གནས་སོ། །ཁྱིམ་བདག་ཅེས་པ་ནི་བདག་པོའོ། །འཇིག་རྟེན་ཡང་སྣོད་དང་
བཅུད་དུ་དབྱེའོ། །འཇིགས་པ་ཐམས་ཅད་བསལ་བ་ཞེས་པ་ནི་འབྱོར་པ་བསྟན་ཏེ། འཇིགས་པ་ནི་རྣམ་པ་ལྔ་སྟེ། འཚོ་བ་མི་འབྱོར་བས་འཇིགས་པ་དང་། གཏམ་ངན་གྱིས་འཇིགས་པ་དང་། འཆི་བས་འཇིགས་པ་དང་། ངན་སོང་གིས་འཇིགས་པ་དང་། འཁོར་གྱི་ནང་དུ་སྤ་གོང་བས་
འཇིགས་པའོ། །འཆི་བ་དང་འཁྲུག་པ་ཞེས་པ་ནི་མི་བདེ་བའི་སྡུག་བསྔལ་སྣ་ཚོགས་སོ། །དེ་དག་ནི་འཁོར་བའི་འཇིགས་པ་དང་སྦྱར་རོ། །ཡིད་མི་བདེ་བ་དང་། མ་རིག་པ་ལ་སོགས་པ་ནི་ཉོན་མོངས་པའི་རྩ་བ་གཏི་མུག་སྟེ་སྡུག་བསྔལ་གྱི་རྒྱུ་ཡིན་པས་དུག་གསུམ་དང་སྦྱར་རོ། །ཡང་ན་དཀོན་
མཆོག་གསུམ་མ་རིག་པ་ཡང་སྦྱར་རོ། །ཉོན་མོངས་པ་དེ་དག་མ་ལུས་པ་སྤངས་པས་ཡོན་ཏན་ཐམས་ཅད་དང་ལྡན་པའི་དེ་བཞིན་གཤེགས་པ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཕ་ཡིན་པར་སྦྱར་རོ། །མདོ་ལས་སྟོབས་དང་མི་འཇིགས་པ་ཞེས་པ་ནས་ཡེ་ཤེས་དམ་པའི་མཆོག་ཐོབ་པ་
ཞེས་པའི་བར་དུ་ནི་འབྱོར་པ་བསྟན་ཏོ། །སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ནང་གི་ཡོན་ཏན་ཕུན་སུམ་ཚོགས་པའི་ཕྱིར་ཕྱུག་ཅིང་ནོར་མང་བ་ལྟ་བུར་བསྟན་ཏོ། །རྫུ་འཕྲུལ་ནི་བྲན་གཡོག་འཁོལ་བ་དང་འདྲ་བར་དེས་དབང་དང་སེམས་ཅན་གྱི་དོན་བྱེད་

པའོ། །མདོ་ལས་སྙིང་རྗེ་ཆེན་པོ་མི་སྐྱོ་བའི་ཡིད་ཀྱིས་ཕན་པར་འདོད་པ་ཞེས་པ་ནས་ཞིག་པའི་ཁང་པ་དང་འདྲ་བར་སེམས་ཅན་ཞེས་པའི་བར་དུ་ནི་སེམས་ཅན་ལ་ཕན་འདོགས་པ་ལ་ཐུགས་རྗེ་ཆེན་པོ་སྐྱོ་མི་མཁྱེན་པར་བསྟན་པ་སྟོན་ཏེ། སྤོང་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་
སུམ་ཚོགས་པས་བདག་དང་གཞན་གྱི་དོན་རྫོགས་པར་མཛད་པ་དང་། ཁང་པ་མེ་འབར་བ་དང་འདྲ་བར་ཁམས་གསུམ་གྱི་སེམས་ཅན་འགྲོ་བ་ལྔར་སྐྱེ་བ་རྣམས་ལ་ཕན་འདོགས་ཤིང་འཇིག་རྟེན་དུ་གཤེགས་ཏེ། དེ་ལས་བྱུང་བ་བསྟན་པས་ཐེག་པ་རྣམས་གཅིག་གི་དོན་སྤྱོད་པ་ལ་གཟུད་པར་
ཐབས་མཁས་པ་ཆེན་པོས་ཕན་འདོགས་པ་བསྟན་པའོ། །མདོ་ལས་སྐྱེ་བ་དང་རྒ་བ་དང་། ན་བ་དང་། འཆི་བ་ཞེས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གཟུད་པའི་ཕྱིར་འབྱུང་སྟེ་ཞེས་པའི་བར་དུ་ནི་སེམས་ཅན་འགྲོ་བ་ལྔར་སྐྱེས་པ་རྣམས་འཁོར་བ་གཡང་ཟ་བ་ན་གནས་པའི་དཔེ་
སྟེ། དེ་ཡང་དེ་ན་རབ་ཏུ་མང་བར་གནས་པ་དང་། ཁང་ཁྱིམ་ཞིག་པ་དང་། ཕྱོགས་ཐམས་ཅད་ནས་མེ་འབར་བ་བུས་པ་རྣམས་དེ་ན་གནས་པར་སྟོན་པ་ལ་རབ་ཏུ་མང་བ་གནས་པའི་སེམས་ཅན་མང་པོ་ཞེས་པའི་དོན་ཏོ། །སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་ནི་ཁང་པ་རྙིང་པ་དང་འདྲ་བར་
སྦྱར་རོ། །མ་རིག་པའི་མུན་པ་ཞེས་པ་ལ་སོགས་པ་ནི་གདུག་པ་གསུམ་གྱི་མེ་ཕྱོགས་བཞི་ནས་འབར་བ་བསྟན་ཏོ། །བྱང་ཆུབ་ལ་གཟུད་ཅེས་པ་ནི་བུ་རྣམས་ལ་ཐུགས་རྗེ་སྐྱེ་ཞིང་ཉོན་མོངས་པའི་གནས་ནས་འདོན་ཞེས་པའོ། །ཕུང་པོ་བཞི་ལ་མི་རྟག་པ་ལ་སོགས་པས་འཇོམས་པ་དང་། སྐྱེ་
རྒ་ན་འཆིས་རྙིངས་པར་བྱེད་པ་ནི་ཁང་པ་རྙིངས་པ་ལྟ་བུའོ། །མདོ་ལས་དེ་བྱུང་མ་ཐག་ཏུ་སེམས་ཅན་རྣམས་ཞེས་པ་ནས་སྡུག་བསྔལ་རྣམ་པ་མང་པོ་རབ་ཏུ་མྱོང་བ་ཞེས་པའི་བར་དུ་ནི་དེ་ཡང་བཅོམ་ལྡན་འདས་ཐུགས་རྗེ་སྐྱེ་བ་སྟོན་པ་ལ་ཐུགས་རྗེ་སྐྱེ་བ་དང་། ཐུགས་རྗེ་སྐྱེ་བའི་དངོས་པོ་
རྣམ་གཉིས་སྟོན་ཏེ། སེམས་ཅན་རྣམས་ཞེས་པ་ནི་ཐུགས་རྗེ་སྐྱེའོ། །སྐྱེ་རྒ་ན་འཆི་བ་ལ་སོགས་པ་ནི་ཐུགས་རྗེ་སྐྱེ་བའི་དངོས་པོའོ། །དེ་འདྲ་བའི་སྡུག་བསྔལ་སྣ་ཚོགས་པ་ལ་སེམས་ཅན་འདི་དག་གནས་སོ་ཞེས་བཅོམ་ལྡན་འདས་ཐུགས་རྗེ་སྐྱེ་བའོ། །དེ་ཡང་སྔར་ནི་འདོད་པའི་ཁམས་

ཀྱི་སྡུག་བསྔལ་བདུན་བསྟན། སྡུག་བསྔལ་རྣམ་པ་མང་པོ་ཞེས་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་བསྟན་ཏོ། །འདོད་པའི་ཁམས་ཀྱི་སྡུག་བསྔལ་ཡང་འདུ་བྱེད་ཀྱི་མཚན་ཉིད་བཞིས་འཇོམས་པ་དང་། འདོད་པ་རྣམ་ལྔས་བསྲེགས་
པ་དང་རྒྱུད་རྣམས་སུ་འཁོར་བའོ། །དེ་ཡང་སྔ་མ་གསུམ་ནི་ཚེ་འདིའི་སྡུག་བསྔལ་ལོ། །གཅིག་ནི་ཚེ་ཕྱི་མའི་སྡུག་བསྔལ་ལོ། །ཡང་ན་སྔ་མ་གཉིས་ནི་འདོད་པ་མི་རྙེད་པའི་སྡུག་བསྔལ་ལོ། །འཁོར་བར་འཁོར་བ་ནི་སྡུག་པ་དང་བྲལ་བ་དང་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ལོ། །རྣམ་
པ་སྣ་ཚོགས་ཞེས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་སྡུག་བསྔལ་བར་གྱུར་པའམ། སྡུག་བསྔལ་བརྒྱད་ལ་སོགས་པ་རྣམས་བསྡུའོ། །དབང་པོ་ལྔ་དང་མངོན་པར་འགྱུར་བ་ནི་སྡུག་བསྔལ་བའོ། །ཡིད་ཀྱི་དབང་པོ་དང་ཕྲད་པ་ནི་འཁྲུག་པ་ལ་སོགས་པའོ། །མདོ་ལས་ད་ལྟར་གྱི་ཚེ་ལ་
ཚོལ་བའི་ཕྱིར་ཡོངས་སུ་བསགས་པའི་ཕྱིར་ཞེས་པ་ནས་སྡུག་པ་དང་བྲལ་བའི་སྡུག་བསྔལ་རབ་ཏུ་མྱོང་བ་ཞེས་པའི་བར་དུ་ནི་འདོད་པས་གདུངས་པ་དང་། འཁོར་བར་འཁོར་བ་བསྟན་ཏེ། མ་རྙེད་པ་ཚོལ་བ་དང་། རྙེད་པ་ཡོངས་སུ་སོག་པའི་ཕྱིར་སྡུག་བསྔལ་སྐྱེའོ། །དབུལ་ཕོངས་པའི་སྡུག་བསྔལ་
ནི་མི་དང་སྦྱར་རོ། །མི་སྡུག་པ་དང་ཕྲད་པ་དང་སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི་ལྷ་དང་མི་གཉི་ག་དང་སྦྱར་རོ། །ལྷ་དང་མི་ལ་སྡུག་བསྔལ་དེ་རབ་ཏུ་ཆེ་བའི་ཕྱིར་གཞན་ལས་བཀར་ཏེ་སྨོས་སོ། །མདོ་ལས་དེ་ཉིད་དུ་སྡུག་བསྔལ་གྱི་ཕུང་པོར་འཁོར་ཞིང་ཞེས་པ་ནས་ཡིད་ལ་བྱ་བ་མི་བསྐྱེད་པར་
གཟིགས་སོ་ཞེས་པའི་བར་དུ་ནི་སྡུག་བསྔལ་དེ་དག་ལ་གནས་ཀྱང་སྤོང་ཞིང་སྐྱེ་བར་མི་སེམས་ཏེ་རྗེས་སུ་དཔོག་པའི་སྒོ་ནས་རིག་པ་མི་བསྐྱེད། མངོན་སུམ་གྱི་སྒོ་ནས་ཚོར་བར་མི་བྱེད། འབྲས་བུ་ལ་མི་འཇིག་པ་དང་རྒྱུ་ལ་མི་གྲག་པ་དེ་དག་ཀུན་ལ་སྐྱོ་བ་མི་བསྐྱེད་འབྱུང་བར་མི་སེམས་ཏེ་དེ་ལ་
གཞོལ་དེར་རྒྱུགས་ཅེས་པའི་དོན་ཏོ། །མདོ་ལས་ཤཱ་རིའི་བུ་ང་ནི་སེམས་ཅན་འདི་དག་གི་ཕ་སྟེ་ཞེས་པ་ནས་དེ་ལྟར་གཟིགས་སོ་ཞེས་པའི་བར་དུ་ནི་འདི་ཐེག་པ་ཆེན་པོ་ལ་རེ་བ་བསྐྱེད་པ་བསྟན་ཏེ། དེ་ཡང་ཐེག་པ་ཆེན་པོའི་འབྲས་བུ་སེམས་སུ་བཅུག་སྟེ་གདུལ་བ་དང་ཐེག་པ་ཆེན་པོའི་རྒྱུ་

བསྟན་ཏེ་གདུལ་བ་དང་ཐེག་པ་ཆེན་པོའི་སྤྱོད་པ་གསང་བ་བསྟན་ཏེ་གདུལ་བ་དང་ཐེག་པ་ཆེན་པོ་མངོན་དུ་ཆུད་པར་བྱ་བ་སྟོན་པ་དང་བཞི་ལ་འདི་ནི་དང་པོ་དང་སྦྱར་རོ། །མདོ་ལས་དེ་ལ་ཤཱ་རིའི་བུ་ཞེས་པ་ནས་སེམས་ཅན་དེ་དག་ཆོས་དེ་དག་གིས་འབྱུང་བར་མི་འགྱུར་རོ་ཞེས་པའི་བར་དུ་ནི་ཐེག་པ་
ཆེན་པོའི་རྒྱུ་སེམས་སུ་གཞུག་པས་གདུལ་བ་སྟེ། གོང་དུ་ཁང་པ་དེ་ཡང་གཅིག་ལ་ཞེས་འབྱུང་བ་དེ་དང་སྦྱར་ཏེ། སྒོ་དེ་ལས་བྱང་ཆུབ་སེམས་དཔའི་ཐེག་པ་འབའ་ཞིག་གིས་འབྱུང་གི་གཞན་གྱིས་འབྱུང་ནུས་པ་མ་ཡིན་པ་བསྟན་ཏེ། སྟོབས་དང་རྫུ་འཕྲུལ་སོགས་པ་རྒྱ་ཆེན་པོ་བསྟན་
པས་ཐེག་པ་རྣམ་གཉིས་སྣོད་ཆུང་ངུ་ཅན་སྤྱོད་པ་ཞན་པ་འདོར་ཞིང་ཐེག་པ་ཆེན་པོ་ལ་ཞུགས་པས་འདོད་ཁམས་གསུམ་ལ་འབྱུང་གི་གཞན་གྱི་ཐབས་དང་སྤྱོད་པ་ལ་གནས་པས་འབྱུང་བར་མི་ནུས་པ་ཞེས་པའི་དོན་ཏོ། །མདོ་ལས་དེ་ཅིའི་ཕྱིར་ཞེ་ན་སེམས་ཅན་འདི་དག་ནི་ཞེས་པ་ནས་དེ་བཞིན་
གཤེགས་པ་དེ་ལྟར་གཟིགས་སོ་ཞེས་པའི་བར་དུ་ནི་རེ་བ་མེད་པར་ཆེན་པོ་ཐོབ་པ་བསྟན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཟབ་མོ་དེ་བསྟན་པར་མི་ནུས་པའི་ཕྱིར་རེ་བ་མེད་ཅེས་པའི་དོན་ཏོ། །མདོ་ལས་དེ་ཤཱ་རིའི་བུ་ཞེས་པ་ནས་ཐེག་པ་གསུམ་མངོན་པར་སྟོན་པའི་བར་དུ་ནི་ཇི་ལྟར་འབྱུང་བའི་
ཐབས་སྦྱོར་བ་བསྟན་པ་དང་སྦྱར་ཏེ། སྟོབས་ལ་སོགས་པ་རྫུ་འཕྲུལ་གྱི་རྣམ་གཞག་སྟེ་གསུང་གི་ཐབས་མཁས་པས་སེམས་ཅན་རྣམས་མེ་འབར་བའི་ཁང་པ་ལས་ཐར་བར་བྱས་ནས་གདོད་ཐེག་པ་ཆེན་པོ་སྟོན་ཞེས་པའོ། །བཅོམ་ལྡན་འདས་ཇི་ལྟར་སྨན་པ་མཁས་པ་ནད་ཐབས་དང་སྦྱོར་ཞིང་
སྨན་གཏོང་བ་བཞིན་སེམས་ཅན་གྱི་དབང་པོ་དང་སྦྱོར་ཞིང་ཆོས་སྟོན་ཞེས་པའོ། །མདོ་ལས་ཁྱེད་ཅག་འབར་བའི་ཁྱིམ་དང་འདྲ་བའི་ཞེས་པ་ནས། ཁམས་འདི་ནས་བྱུང་ལ་ཞེས་པའི་བར་དུ་འདི་ནི་ཐེག་པ་རྣམ་གསུམ་དངོས་སུ་བསྟན་པ་སྟེ། དེ་ཡང་ཁམས་གསུམ་ལ་སྐྱོ་བ་བསྐྱེད་པ་དང་། ཐེག་
པ་རྣམ་པ་གསུམ་ལ་གཟུད་པ་དང་། མངོན་དུ་ཆུད་པ་རྣམས་ཀྱི་དཔེ་དང་། ཐེག་པ་ཆེན་པོའི་བསྔགས་པ་དང་བཞི་ཞིག་སྟོན་པ་ལ་འདི་ནི་དང་པོ་དང་སྦྱར་རོ། །འདོད་པ་ལྔ་ནི་ཕྱིའི་ཡུལ་ལོ། །གདུང་བ་ཞེས་པ་ནི་ནང་གི་དམིགས་པ་སྟེ། དེ་གཉིས་སྤོང་བ་ལ་ཁམས་གསུམ་ནས་འབྱུང་བའི་ལམ་

ཚོལ་ཅིག་པའོ། །མདོ་ལས་ཉན་ཐོས་ཀྱི་ཐེག་པ་དང་ཞེས་པ་ནས་ཐོབ་པར་གྱིས་ཤིག་ཅེས་པའི་བར་དུ་ནི་ཐེག་པ་རྣམ་གསུམ་ཐོབ་པ་སྩོལ་དུ་གཞུག་པའོ། །མདོ་ལས་ང་ནི་གནས་འདི་ལ་ཁྱེད་ཀྱི་སྙིང་རྗེ་བ་སྟེ་ཞེས་པ་ནས་བརྩོན་འགྲུས་གྱིས་ཤིག་ཅེས་པའི་བར་དུ་ནི།
འཕགས་པ་རྣམས་ཀྱིས་མངོན་དུ་ཆུད་པའི་དཔེ་བསྟན་ཏེ། ཐེག་པ་རྣམ་གསུམ་གྱི་དོན་འཕགས་པ་རྣམས་ཀྱིས་མངོན་དུ་གཟིགས་པའི་ཕྱིར་བསླུ་བ་མ་ཡིན་ནོ་ཞེས་སྟོན་པའོ། །མདོ་ལས་ཀྱེ་མ་སེམས་ཅན་དག་ཞེས་པ་ནས། ཀུན་ཏུ་རྒྱུག་པར་འགྱུར་གྱིས་ཞེས་པའི་བར་དུ་ནི་ཐེག་པ་ཆེན་
པོའི་ཡོན་ཏན་བསྔགས་པ་སྟེ། སྔར་ནི་འཁོར་བ་དང་མི་མཐུན་པ་བསྟན། དེའི་འོག་ཏུ་ནི་ཐེག་པ་གཞན་ལས་ཁྱད་པར་དུ་གྱུར་པ་ལས་བསྔགས་པ་སྟེ། འདི་ནི་དང་པོའོ། །འཇིག་རྟེན་གྱི་འཁོར་བ་ནི་ཉོན་མོངས་པས་བཅིངས་པ་རང་དབང་མེད་པ་ཡིན་ན། འཕགས་པ་རྣམས་ཀྱིས་གཟིགས་
ཤིང་བརྙེས་པའི་ཐེག་པ་ནི་ཟག་པ་མེད་པས་དགའ་བ་ཆེན་པོ་དང་ལྡན་པའོ། །མི་ཕོངས་པར་རྩེན་ཞེས་གཞན་ལ་རག་ལུས་པ་མེད་པའི་ཕྱིར་རོ། །མི་ཕོངས་པ་ནི་མི་ཚོལ་བའི་དོན་ཏེ་ཚོལ་བ་རྣམ་གསུམ་སྤངས་པའོ། །ཚོལ་བ་རྣམ་གསུམ་ནི་འདོད་པའི་ཚོལ་བ་དང་། སྲིད་པའི་ཚོལ་བ་དང་།
ལོག་པའི་སྤྱོད་པས་ཚོལ་བའོ། །མདོ་ལས་དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་ཞེས་པ་ནས་ཡིད་བདེ་བ་ཆེན་པོ་དང་ལྡན་པར་བྱོས་ཤིག་ཅེས་པའི་བར་ནི་འདིས་ཐེག་པའི་དམིགས་པའི་ཡོན་ཏན་བསྟན་ཏེ་ཐེག་པ་ཆེན་པོ་དེ་སྟོབས་དང་། མི་འཇིགས་པ་དང་བྱང་ཆུབ་ཀྱི་ཡན་ལག་
བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། བསམ་གཏན་བཞི་དང་། སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པ་བརྒྱད་དང་། ཏིང་ངེ་འཛིན་གསུམ་ལ་སོགས་པ་ལ་དམིགས་ཤིང་གནས་པའི་ཕྱིར་བདེ་བ་དང་ཡིད་བདེ་བ་སྐྱེ་ཞེས་པའི་དོན་ཏོ། །མདོ་ལས་དེ་ལ་ཤཱ་རིའི་བུ་
སེམས་ཅན་གང་མཁས་པར་འགྱུར་ཞེས་པ་ནི་བྱིས་པ་ཁ་ཅིག་རི་དགས་ཀྱི་ཤིང་རྟ་འདོད་དེ་འབྱུང་བ་བཞིན་ཞེས་པའི་བར་དུ་ནི་འདི་མན་ཆད་དེ་བཞིན་གཤེགས་པའི་གསུང་རབ་ལ་བརྟེན་ཏེ། ཐེག་པ་རྣམ་གསུམ་སོ་སོར་གྲོལ་བ་ཐོབ་པར་སྟོན་པ་ལ། འདི་ཉན་ཐོས་ཀྱི་ཐེག་པ་དང་སྦྱར་ཏེ་

དཔེ་དང་དོན་དུ་སྦྱར་བར་དབྱེའོ། །མཁས་པར་གྱུར་པ་ཞེས་པ་ནི་མཐུ་རྣམ་བཞི་སྟོན་ཏེ་མཁས་པ་ནི་རྒྱུ་དང་ལྡན་པའི་མཐུའོ། །དེ་བཞིན་གཤེགས་པ་ཞེས་པ་ནི་དགེ་བའི་བཤེས་གཉེན་གྱི་མཐུའོ། །ཕ་རོལ་གྱི་སྒྲ་ཐོས་ཞེས་པ་ནི་ཡིད་ལ་བྱེད་པའི་མཐུའོ། །བརྩོན་པར་བྱེད་ཅེས་པ་ནི་ཚོགས་
པའི་མཐུའོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བ་དང་ཕྲད་དེ། རིགས་ཀྱི་རྒྱུ་བཞིན་དུ་སེམས་བསྐྱེད་ལ་དད་པས་ཆོས་ཉན་ཅིང་བརྩོན་པས་ཚིག་སྩོགས་པའོ། །བརྩོན་པ་ནི་སྤྱོད་པ་ཐམས་ཅད་སྡུད་པའི་གཙོ་བོ་ཡིན་ནོ། །བདག་ཡོངས་སུ་མྱ་ངན་ལས་འདས་ཞེས་པ་ནི་སྤྱོད་པ་ཞན་པས་
གཞན་གྱི་དོན་མི་བྱེད་པའོ། །ཕ་རོལ་ལས་ཐོས་ཞེས་པ་ཡང་འཕགས་པའི་མན་ངག་པས་འབྲས་བུ་རྙེད་པར་འགྱུར་གྱི་གཞན་གྱིས་མ་ཡིན་ཞེས་པའོ། །མདོ་ལས་སེམས་ཅན་གཞན་སློབ་དཔོན་མེད་པའི་ཡེ་ཤེས་དང་ཞེས་པ་ནས་བྱིས་པ་ཁ་ཅིག་རའི་ཤིང་རྟ་འདོད་པ་དེ་འབྱུང་བ་བཞིན་ནོ་ཞེས་
པའི་བར་དུ་ནི་འདི་ནི་མཐུ་རྣམ་གསུམ་གྱིས་འབྱུང་བར་བྱེད་པ་དེའི་རྒྱུ་མི་དགོས་པར་རང་བཞིན་གྱི་ཤེས་པས་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་དུ་འབྲས་བུ་ཐོབ་པར་བྱེད་པ་སྟེ། འཕགས་པ་ཉན་ཐོས་ལྟར་བཅོམ་ལྡན་འདས་ཀྱི་གསུང་མངོན་དུ་ཐོས་པས་ལམ་ཐོབ་པ་ལྟར་མ་ཡིན་ཏེ། རྟེན་ཅིང་
འབྲེལ་ཏེ་འབྱུང་བའི་དོན་ཟབ་མོ་རྟོགས་པས་འབྲས་བུ་ཐོབ་ཅེས་པའོ། །དེ་ཡང་བསེ་རུ་བཞིན་གནས་པ་དང་ཁྱུས་ལྡིང་པའོ། །སྔར་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཞུགས་པ་ལ་ཕྱིས་འབྲས་བུ་ཐོབ་པས་ན་རང་གིས་རིག་ཞེས་པའོ། །མདོ་ལས་སེམས་ཅན་གཞན་ཡང་ཐམས་ཅད་མཁྱེན་
གྱི་ཡེ་ཤེས་ཞེས་པ་ནས་བུས་པ་ཁ་ཅིག་གླང་གི་ཤིང་རྟ་འདོད་དེ་འབྱུང་བ་ཡིན་ནོ་ཞེས་པའི་བར་དུ་ནི་ཐེག་པ་ཆེན་པོ་དང་བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་དབྱེ་ཞིང་སྟོན་ཏེ། ཐམས་ཅད་མཁྱེན་པ་ནི་སྟོང་པ་མཁྱེན་པའི་ཡེ་ཤེས་སོ། །ཐེག་པ་རྣམ་གསུམ་ཀུན་ལ་ཡང་ཡེ་ཤེས་མངའ་མོད་ཀྱི་དངོས་པོ་ལ་
གཟིགས་པའི་ཡེ་ཤེས་ནི་བཅོམ་ལྡན་འདས་ཉག་གཅིག་ལ་མངའ་བ་དང་རང་རིག་པའི་ཡེ་ཤེས་ཉིད་ནི་རང་བྱུང་གི་ཡེ་ཤེས་སོ། །གཞན་ལ་ལྟོས་པ་མེད་པར་མཁྱེན་པ་ནི་མཁན་པོ་མེད་པའི་ཡེ་ཤེས་སོ། །ཡང་ན་དེ་ཡེ་ཤེས་ཀྱི་རང་བཞིན་ནི་རང་བྱུང་གི་ཡེ་ཤེས་སོ། །ཡེ་ཤེས་ཀྱི་མཚན་ཉིད་ནི་

མཁན་པོ་མེད་པའི་ཡེ་ཤེས་སོ། །ཡེ་ཤེས་དེ་གཉིས་ཀྱི་འཁོར་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ནང་གི་ཡོན་ཏན་དག་གོ། །ཡོན་ཏན་དེ་དག་གིས་འགྲོ་བ་རྣམས་བྱམས་པ་དང་ཐུགས་རྗེས་ཕན་པ་དང་བདེ་བར་མཛད་ཅིང་སེམས་ཅན་སྒྲོལ་བས་ཐེག་པ་ཆེན་པོ་ཞེས་
བྱའོ། །བྱང་ཆུབ་ཞེས་པ་ནི་ཐེག་པ་རྣམ་གསུམ་ཐུན་མོང་གི་མིང་སྟེ་དེ་དག་ལ་ཁྱད་པར་དུ་བསྟན་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་སྨོས་སོ། །མདོ་ལས་ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ཞེས་པ་ནས་བུས་པ་དེ་དག་ལ་བཞོན་པ་ཆེན་པོ་གཅིག་བྱིན་པ་དེ་བཞིན་དུ་ཞེས་པའི་བར་དུ་ནི་ཡང་དག་པ་ཉིད་སྟོན་
པ་ལ་རྣམ་པ་གཉིས་སུ་དབྱེ་སྟེ། ཡང་དག་ལ་བསྟན་པ་དང་། ཐེ་ཙོམ་དགྲོལ་བའོ། །དེ་ཡང་བུ་རྣམས་ཀྱི་རེ་བ་ལས་འགལ་བ་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་བའོ། །དཔེ་ལ་ཡང་བུའི་ཕྱིར་ཐོན་པ་མཐོང་བ་དང་། ཕའི་ཡིད་རངས་པ་བསྟན་པ་སྟེ། མདོ་དང་ཅི་རིགས་པར་སྦྱར་རོ། །མདོ་ལས་
ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཞེས་པ་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་གཟིགས་ན་ཞེས་པའི་བར་དུ་ནི་ཕའི་བསམ་པ་བསྟན་ཏེ་ཁམས་གསུམ་གཡང་ཟ་བ་མེ་འབར་བའི་ཁང་པ་ལྟ་བུ་ལས་འགྲོ་བ་མང་པོ་བཏོན་ནས་དེ་བཞིན་གཤེགས་པའི་བསྟན་པ་ཡང་དག་པའི་སྒོར་གཟུད་པ་དང་།
མྱ་ངན་ལས་འདའ་བའི་བདེ་བ་དམ་པ་ལ་ཡོངས་སུ་བཀོད་དེ་འཇིགས་པ་དང་འཚེ་བ་ཐམས་ཅད་ལས་ཐར་ཞེས་པའི་དོན་ཏོ། །མདོ་ལས་ཤཱ་རིའི་བུ་དེ་དག་ལ་དེའི་ཚེ་ཞེས་པ་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ཀྱི་ཞེས་པའི་བར་དུ་ནི་ཐེག་པ་རྣམ་གཉིས་དང་བྱང་ཆུབ་སེམས་དཔའ་ལས་སྲས་སུ་
འདྲ་བས་གཟུད་པའི་ཕྱིར་དེ་གཉི་ག་ཡང་ཐེག་པ་ཆེན་པོའི་མྱ་ངན་ལས་འདའ་བ་ལ་དགོད་ཀྱི་གཞན་ལ་མི་གསུང་ཞེས་པའི་དོན་ཏོ། །མདོ་ལས་སེམས་ཅན་གང་ལ་ཡང་ཞེས་པ་ནས་དགའ་བར་འགྱུར་བ་ཐམས་ཅད་ཁ་དོག་གཅིག་པ་སྦྱིན་པར་མཛད་དོ་ཞེས་པའི་བར་དུ་ནི་དེ་ཡང་ཐེག་པའི་རང་
བཞིན་དང་ཐེག་པའི་ཡོན་ཏན་སྟོན་པ་ལ་འདི་ནི་དང་པོའོ། །མ་ངེས་པའི་རིགས་ཅན་དང་། བྱང་ཆུབ་སེམས་དཔའི་རིགས་དང་ཉན་ཐོས་པའི་རིགས་རྣམས་ལ་དགེ་བ་ཐམས་ཅད་རྫོགས་པར་བསྟན་པའི་ཕྱིར་ཐེག་པ་རྣམ་གཅིག་བྱིན་པ་བསྟན་ཏོ། །ཁ་དོག་གཅིག་པ་བདེ་བ་དམ་རྩེན་པ། །ཞེས་

པ་ནི་ཐེག་པའི་ཡོན་ཏན་བསྟན་ཏེ། རྒྱུ་དང་འབྲས་བུ་ཐམས་ཅད་ཉོན་མོངས་པ་དང་མ་འདྲེས་པ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པའོ། །ཟག་པ་མེད་པའི་ཆོས་ཅན་འཕགས་པ་རྣམས་ཀྱིས་བསྔགས་པར་བྱའོ། །མདོ་ལས་ཤཱ་རིའི་བུ་འདི་ལྟ་སྟེ་ཐམས་ཅད་ལ་བྱིན་པའི་ཕྱིར་བརྫུན་དུ་སྨྲ་བ་མ་ཡིན་པ་
དེ་བཞིན་དུ་ཞེས་པ་ནི་ཐེ་ཚོམ་བསལ་བ་བསྟན་ཏེ། དཔེས་གླེང་བ་དང་། དོགས་པ་བསལ་བ་དང་། དྲིས་པ་དང་། དེའི་ལན་ལ་སོགས་པ་ཅི་རིགས་པ་དང་སྦྱར་རོ། །མདོ་ལས་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཞེས་པ་ནས་ཡོངས་སུ་མྱ་ངན་ལས་ཟློ་བའི་ཕྱིར་བརྫུན་དུ་སྨྲ་བ་མ་ཡིན་ནོ་ཞེས་པའི་
བར་དུ་ནི་གོ་སླ་བས་མ་བཤད་དོ། །མདོ་ལས་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་བང་མཛོད་མང་པོ་དང་ལྡན་ཏེ་ཞེས་པའི་བར་དུ་ནི་ཐེག་པ་གཅིག་པོ་འདི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཏེ། སེམས་ཅན་རྣམ་པ་སྣ་ཚོགས་ཀྱི་རིགས་ཅན་ཐམས་ཅད་ཀྱིས་དེ་ལ་ལོངས་སྤྱོད་དུ་ཟིན་གྱིས་ཀྱང་མི་
ཟད་པ་བསྟན་ཏོ། །མདོ་ལས་སེམས་ཅན་ཀུན་ཐམས་ཅད་མཁྱེན་གྱི་ཡེ་ཤེས་དང་ལྡན་པའི་ཆོས་ཞེས་པ་ནས་གཞུང་འདིས་ཀྱང་དེ་ལྟ་བུར་རིག་པར་བྱའོ་ཞེས་པའི་བར་དུ་ནི་འདིས་བསྡུས་པ་བསྟན་ཏེ་ཐེག་པ་གཅིག་པོ་སྟོན་པའི་རིགས་པ་དང་། རྒྱུ་དང་རྐྱེན་གྱི་ཐེག་པ་རྣམ་གསུམ་དུ་སྟོན་པའི་
བྱེ་བྲག་དང་གཏན་ཚིགས་བསྟན་པས་འབྲས་བུ་བླ་ན་མེད་པ་ནི་གཅིག་ཏུ་ཟད་པར་བཤད་པ་ཡིན་ནོ།། །།དམ་པའི་ཆོས་པུཎྜ་རཱི་ཀའི་འགྲེལ་པ། བམ་པོ་དྲུག་པ། མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ་ཞེས་པ་ནས། ཀ་བའི་རྩ་
བ་རུལ་བར་འགྱུར། །ཞེས་པའི་བར་དུ་ནི་འདི་མན་ཆད་ཚིགས་བཅད་བརྒྱ་དང་དྲུག་ཅུ་རྩ་ལྔ་ཞིག་ཡོད་པ་ལས་དུམ་བུ་གཉིས་སུ་དབྱེ་སྟེ། དང་པོར་ཚིགས་བཅད་བརྒྱ་དང་དྲུག་ཅུ་རྩ་ཕྱེད་དང་ལྔས་ནི་ཆོས་དང་དཔེར་སྦྱར་བ་སྔར་སྨོས་པ་རྣམས་བསྟན་ཏེ། ཤཱ་རིའི་བུ་ཁྱོད་ལ་སོགས་པ་ཐམས་
ཅད་ངའི་སྲས་ཡིན་ཞེས་པ་ལ་སོགས་པའོ། །དེའི་འོག་ཏུ་ཚིགས་བཅད་བརྒྱད་ཅུ་ཞིག་འབྱུང་བ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་དད་པ་བསྐྱེད་ཅིང་གཟུད་པའི་དོན་དུ་བསྟན་པའོ། །དང་པོ་ལ་ཡང་རྣམ་པ་གསུམ་སྟེ། ཚིགས་བཅད་དྲུག་ཅུ་རྩ་ལྔས་ནི་དཔེ་བསྟན། དེའི་འོག་གི་ཚིགས་

སུ་བཅད་པ་བརྒྱད་ཀྱིས་ནི་དཔེ་དང་དོན་དུ་སྦྱར། དེའི་འོག་མ་ཚིགས་སུ་བཅད་པ་གཅིག་གིས་བསྡུས་པའི་དོན་བསྟན་པའོ། །དང་པོའི་ཚིགས་སུ་བཅད་པ་དྲུག་ཅུ་རྩ་ལྔས་དཔེ་བསྟན་པ་ལ་ཡང་རྣམ་པ་གཉིས་ཏེ། ཚིགས་བཅད་ལྔ་བཅུ་རྩ་གསུམ་གྱིས་ནི་བཀྲི་བའི་དཔེ་བསྟན། དེའི་འོག་
མ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་ནི་ངེས་པའི་དོན་བསྟན། དང་པོ་ལ་ཡང་རྣམ་པ་བཞིར་དབྱེ་སྟེ། དང་པོ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་འཇིག་རྟེན་གསུམ་ན་དེ་བཞིན་གཤེགས་པ་བཞུགས་པའི་དཔེ་བསྟན། དེའི་འོག་ཏུ་ཚིགས་སུ་བཅད་པ་སུམ་ཅུ་རྩ་ཕྱེད་དང་གསུམ་གྱིས་འགྲོ་བ་ལྔ་རྣམས་གཡང་ཟ་
ཞིང་བག་ཚ་བའི་དཔེ་བསྟན། དེའི་འོག་མ་ཚིགས་སུ་བཅད་པ་བཅུ་བཞིས་ནི་ཐབས་རྣམ་པ་སྣ་ཚོགས་བཤམས་པའི་དཔེ་བསྟན། དེའི་འོག་གི་ཚིགས་བཅད་ཕྱེད་དང་བཅུ་བདུན་གྱིས་ནི་གསུང་རབ་ལ་བརྟེན་ནས་ཉོན་མོངས་པའི་ས་ནས་འབྱུང་བའི་དཔེ་བསྟན་ཏེ། འདི་ལ་ཁྱིམ་ཆེན་པོ་ཞེས་
པ་ནི་ཇི་ལྟར་སྔར་དོན་རྣམ་པ་གསུམ་དུ་བསྟན་པ་བཞིན་ཏེ། ཚིགས་སུ་བཅད་པ་སུམ་ཅུ་རྩ་ཕྱེད་དང་གསུམ་གྱིས་ནི་འགྲོ་བ་ལྔ་གཡང་ཟ་བ་བསྟན་པ་ལ་སྔར་ཚིག་ལྷུག་པས་རྣམ་པ་བཞིར་ཕྱེ་སྟེ། ད་འདིར་ཚིགས་སུ་བཅད་པ་ལ་རྣམ་པ་གསུམ་དུ་དབྱེའོ། དང་པོའི་ཚིགས་བཅད་གསུམ་གྱིས་ནི་ཁང་པ་
འདྲུམས་ཤིང་རུལ་པ་བསྟན། དེའི་འོག་གི་ཚིགས་བཅད་ཕྱེད་ཀྱིས་ནི་དེ་ན་གནས་པ་མང་བར་བསྟན། དེའི་འོག་མའི་ཚིགས་བཅད་ཉི་ཤུ་རྩ་དགུས་ནི་ཕྱོགས་ཐམས་ཅད་ནས་གནོད་པ་སྣ་ཚོགས་གཡོ་བ་བསྟན། ཁང་པ་འདྲུམས་པ་ལ་ཡང་རྣམ་པ་གཉིས་སུ་ཕྱེ་སྟེ། ཚིགས་སུ་བཅད་པ་བཅུ་
བཞིས་ནི་ཁམས་གསུམ་དང་ཕུང་པོ་ལྔ་རྣམས་མི་རྟག་པ་བསྟན། དེའི་འོག་གི་ཚིགས་བཅད་ལྔས་ནི་གཟུགས་ཀྱི་ཕུང་པོ་མི་རྟག་པ་དང་། བདག་མེད་པ་དང་མི་གཙང་བ་དང་སྟོང་པའི་དོན་བསྟན། ཁང་པ་རྙིང་པ་འདྲུམས་ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་སྐད་ཅིག་མ་གཅིག་ལ་སྐྱེ་ཞིང་
འཇིག་པ་སྒྱུ་མ་དང་འདྲ་བའི་དོན་བསྟན་ཏོ། །ཁང་ཁྱིམ་ཆེ་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་མི་རྟག་པ་དབུ་བའི་གོང་བུ་དང་འདྲའོ། །ཀ་བའི་རྩ་བ་རུལ་པ་ཞེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་སྐད་ཅིག་མ་གཅིག་ལ་སྐྱེ་ཞིང་འཇིག་པ་བྱ་བ་བཏང་བས་མེད་པ་ལ་གནས་པ་ནི་ཆུ་ཤིང་གི་སྡོང་པོ་དང་འདྲའོ། །ཁྱམས་

རྣམས་ཞིག་ཅེས་པ་ནི་ཚོར་བའི་ཕུང་པོ་མི་རྟག་པས་བདེ་བ་དང་བྲལ་བ་སྟེ་ཆུ་བུར་དང་འདྲ་བར་བསྟན་པའོ། །མདོ་ལས། ཁང་ཐོག་དང་ནི་སྐར་ཁུང་སྐབས་རེར་བྲལ། །ཞེས་པ་ནས། རྩྭས་གཡོགས་ཐམས་ཅད་འབྲུལ་ཞིང་འཛག །ཞེས་པའི་བར་དུ་ནི་འདུ་ཤེས་ཀྱི་ཕུང་པོ་མི་རྟག་པ་བསྟན་ཏེ། ཚིགས་སུ་བཅད་
པ་འདི་ལྔས་ཀྱང་གཟུགས་ཀྱི་ཕུང་པོ་མི་རྟག་པ་ལ་སོགས་པ་བསྟན་པའི་ཕྱིར་ཏེ། ཚིགས་བཅད་གསུམ་གྱིས་ནི་མི་རྟག་པ་བསྟན། ཚིགས་སུ་བཅད་པ་གཅིག་གིས་ནི་བདག་མེད་པ་བསྟན། ཡང་གཅིག་གིས་ནི་མི་གཙང་བ་བསྟན་ཏེ། དེ་གསུམ་གྱི་ཕྱིར་སྟོང་པ་ཉིད་དུ་བསྟན་ཏོ། །སྐྱོང་ནུལ་ཞིག་ཞེས་པ་ནི་ཤ་
དང་བྲལ་བའི་དོན། རེ་ལྡེ་ནི་པགས་པ་དང་བྲལ་བའི་དོན། ཁ་རན་རྙིངས་ཞེས་པ་ནི་རུས་པ་དང་ཆུ་རྒྱུས་སུ་བྲལ་བའི་དོན། གཙུག་ལག་དང་མདོ་གཞན་དག་ལས་ཀྱང་། ལུས་འདི་ནི་མཁར་དང་ཁང་པ་འདྲ་བར་གནས་པ་སྟེ། རྣམ་པར་ཤེས་པ་བརྒྱད་ནི་མཁར་ལྟ་བུའོ། །ཆུ་རྒྱུས་ནི་གཟུངས་ལྟ་བུའོ། །ཤ་
ནི་སྐྱོང་ནུལ་ལྟ་བུའོ། །ཤིང་དང་རྡོ་ལ་སོགས་པ་ནི་རུས་པ་ལྟ་བུར་གནས་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་མ་རིག་པ་ལ་སོགས་པས་གླགས་ཤིང་བརྟན་པར་གནས་པའོ། །མདོ་ལས་བརྒྱ་ཕྲག་ལྔ་དག་ལས་ནི་མི་ཉུང་བ། དེ་ན་དེ་དག་གི་ཡང་གནས་གྱུར་ལ་ཞེས་པ་ནི་མང་དུ་གནས་པའི་དོན་
བསྟན་ཏོ། །མདོ་ལས། ཁང་ཕྲན་མང་པོ་ཤིན་ཏུ་དོག་པ་རྣམས། །ཞེས་པ་ནས། རབ་རྩིག་པ་དག་ཀྱང་དེ་བཞིན་ཞིག །ཞེས་པའི་བར་དུ་ནི་འདིས་ནི་དབང་པོ་མེད་ཅིང་མི་གཙང་བའི་གནས་ལུས་འདི་རྫས་སུམ་ཅུ་རྩ་དྲུག་གིས་གླགས་ཤིང་ཁྱབ་པར་བྱས་པའི་དོན་བསྟན་ཏོ། །མདོ་ལས། དེ་གནས་བྱ་རྒོད་བྱེ་བ་
དག་དང་ནི། །ཞེས་པ་ནས། མི་མ་ཡིན་མང་གནས་དང་གནས་དག་ན། །ཞེས་པའི་བར་དུ་ནི་ཚིགས་སུ་བཅད་པ་ཉི་ཤུ་རྩ་དགུས་ཕྱོགས་སྣ་ཚོགས་ནས་གནོད་པའི་ལྟས་ངན་པ་མང་དུ་འབྱུང་བ་བསྟན་ཏེ། དེ་ལ་ཡང་རྣམ་པ་གསུམ་དུ་དབྱེའོ། །དང་པོ་ཚིག་ཕྱེད་དང་བཅོ་བརྒྱད་ཀྱིས་ནི་འདྲེ་དང་སྲིན་བུ་རྣམས་
བསྟན། དེའི་འོག་ཏུ་ཚིག་ཕྱེད་དང་བཅུ་གཅིག་གིས་ནི་དེ་དག་འབྱུང་བའི་གནས་བསྟན། ཚིགས་བཅད་གཅིག་གིས་ནི་བསྡུས་པའི་དོན་བསྟན་ཏེ། དེ་དག་ཀྱང་ཉོན་མོངས་པ་བཅུའི་མཚན་ཉིད་ལྟས་ངན་གྱི་དོན་དུ་བསྟན་ཏེ། འགྲོ་བ་རྣམས་དེ་ལ་འཇིགས་ཤིང་སྐྱོ་བ་དང་། སྤོང་དུ་གཞུག་པའི་ཕྱིར་བསྟན་ཏོ། །

སྲོག་ཆགས་སྔ་མའི་ལྟས་ཀྱིས་ནི་གདུག་པ་ཆུང་ཞིང་གནོད་པ་བགས་ཀྱིས་བྱེད་པའི་དོན་ཏེ། འདོད་ཆགས་ལ་སོགས་པ་ལྔ་དང་སྦྱར་རོ། །དེའི་འོག་མ་འདྲེ་གདོན་མཐུ་ཆེ་ལ་གནོད་པ་མྱུར་བར་བྱེད་པའི་དཔེས་ནི་ལྟ་བ་རྣམ་པ་ལྔ་བསྟན་ཏོ། །དེའི་འོག་གི་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་ཉེས་
པའི་སྐྱོན་བསྡུ་བ་བསྟན། དེ་ལ་ཡང་རྣམ་པ་གཉིས་སུ་ཕྱེ་སྟེ། ཚིག་ཕྱེད་དང་དྲུག་གིས་ནི་སོ་སོའི་མཚན་ཉིད་ཅི་འདྲ་བ་བསྟན། དེའི་འོག་མ་ཚིགས་བཅད་ཕྱེད་ཀྱིས་ནི་བསྡུས་པའི་དོན་བསྟན། དང་པོ་ལ་ཡང་རྣམ་པ་ལྔར་དབྱེ་སྟེ། དང་པོའི་ཚིགས་བཅད་ཕྱེད་ཀྱིས་ནི་འདོད་ཆགས་ཀྱི་དཔེ་བསྟན། དེའི་འོག་མ་
ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་ཞེ་སྡང་གི་དཔེ་བསྟན། དེའི་འོག་མ་ཚིགས་བཅད་གཅིག་གིས་ནི་གཏི་མུག་གི་དཔེ་བསྟན། དེའི་འོག་མ་གཅིག་གིས་ནི་ཐེ་ཚོམ་གྱི་དཔེ་བསྟན། གཅིག་གིས་ནི་ང་རྒྱལ་གྱི་དཔེ་བསྟན་ཏོ། །འདོད་ཆགས་ལ་རྣམ་པ་བཞི་སྟེ་མངོན་དུ་ཆགས་པ་དང་། ཆགས་པར་འགྱུར་བ་
དང་། ཆགས་པ་དང་ཞེན་པ་གཉིས་དང་ལྡན་པ་དང་། ཡུལ་དེ་དང་དེ་ལ་དགའ་ཞིང་ཆགས་པ་རྣམ་པ་བཞི་སྟེ། བྱ་རྒོད་དང་ཕུག་རོན་ལ་སོགས་པ་རིམ་པར་སྦྱར་རོ། །བྱ་དེ་དག་འདོད་ཆགས་ཆེ་བའི་ཕྱིར་འདོད་ཆགས་བཞི་དང་བརྒྱད་དུ་སྦྱར་རོ། །ཞེ་སྡང་ལ་ཡང་དཔེ་རྣམ་པ་བཅུ་གཅིག་སྟེ། སྦྲུལ་ལ་སོགས་
པ་རྣམས་སོ། །དེ་ལ་ཞེ་སྡང་རྣམ་པ་བཅུ་ནི་དེའི་ལུས་ཀྱི་ཕྱིར་ཞེ་སྡང་བ་དང་། ཡིད་དུ་འོང་བའི་སེམས་ཅན་གྱི་ཕྱིར་ཞེ་སྡང་བ་དང་། ཡིད་དུ་མི་འོང་བའི་ཕྱིར་ཞེ་སྡང་བ་དང་། འདས་པའི་དགྲ་ལ་ཞེ་སྡང་བ་དང་། ད་ལྟར་གྱི་དགྲ་ལ་ཞེ་སྡང་བ་དང་། མ་འོངས་པའི་དགྲ་ལ་ཞེ་སྡང་བ་དང་། ཡིད་དུ་མི་འོང་བའི་སྤྱོད་ཡུལ་
ལ་ཞེ་སྡང་བ་དང་། ཕྲག་དོག་པའི་ཕྱིར་ཞེ་སྡང་བ་དང་། སྔོན་གྱི་བག་ཆགས་ཀྱི་ཕྱིར་ཞེ་སྡང་བ་དང་། གཞན་གྱི་ཉོན་མོངས་པ་མཐོང་བས་ཞེ་སྡང་བའོ། །མདོ་ལས། བཤང་གཅིས་རབ་ཏུ་སྨེ་བར་བྱས། །ཞེས་པ་དག་ནི་རྫས་སུམ་ཅུ་རྩ་དྲུག་གིས་གླགས་པ་གཏི་མུག་གི་ཕུང་པོ་ཡིན་པ་སྟེ། སྐྱོ་བ་དང་སྤང་བར་བྱ་བ་ཡིན་
གྱི་དགའ་བའི་གནས་མ་ཡིན་པར་བསྟན་པའོ། །སྤྱང་ཀི་དང་ཁྱི་དང་ཝ་ནི་ཁམས་གསུམ་མམ་དུས་གསུམ་དུ་སྦྱར་རོ། །མདོ་ལས། མི་ཡི་རོ་ལ་རབ་ཏུ་ཟ། །ཞེས་པ་ནི་ང་རྒྱལ་བསྟན་ཏེ། ང་རྒྱལ་གྱིས་རྙེད་པ་ལ་འཐབ་ཅིང་རྩོད་ཅེས་པའི་དོན་ཏོ། །མདོ་ལས། གནས་དང་གནས་ན་རྣམ་པར་འཆའ་ཞིང་ཟ། །འཐབ་མོ་

བྱེད་དེ་རབ་ཏུ་སྒྲ་ཡང་འབྱིན། །རྣམ་པ་དེ་འདྲས་ཁྱིམ་དེ་ཤིན་ཏུ་འཇིགས། །ཤིན་ཏུ་སེམས་གཏུམ་གནོད་སྦྱིན་དེ་ན་འཁོད། མི་ཡི་རོ་དག་ལ་ཡང་རྣམ་འདྲེན་ཞིང་། །ཞེས་པ་ནི་ཚིག་འདི་དག་གིས་ནམ་མཁའ་ལ་གནས་པའི་འདྲེ་གདོན་གྱི་དཔེ་ལྟ་བ་རྣམ་ལྔ་བསྟན་ཏེ། དེ་ལ་ཚིག་དང་པོ་གསུམ་གྱིས་ནི་ལོག་པར་
ལྟ་བའི་དཔེ་བསྟན། དེའི་འོག་མ་ཚིག་ཕྱེད་ཀྱིས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་དཔེ་བསྟན། དེའི་འོག་མས་ནི་འཇིག་ཚོགས་ལ་ལྟ་བའི་དཔེ་བསྟན། དེའི་འོག་མས་ནི་ལྟ་བ་བསྙེམས་པའི་དཔེ་བསྟན། དེའི་འོག་མས་མཐར་ལྟ་བ་བསྟན་ཏོ། །ཡང་ལྟ་བ་དེ་དག་ལ་དང་པོར་ལྟ་བ་སྤྱིའི་མཚན་ཉིད་
བསྟན། དེའི་འོག་ཏུ་ལྟ་བ་སོ་སོའི་མཚན་ཉིད་དང་སྤྱོད་པ་བསྟན། གནོད་སྦྱིན་ལ་སོགས་པ་སེམས་གཏུམ་པོ་དེ་དག་ལོག་པར་ལྟ་བས་དགེ་བ་དེ་དག་ཐམས་ཅད་ཀྱི་རྩ་བ་མེད་པར་བྱེད་པ་ཉིད་གནོད་སྦྱིན་མིའི་རོ་ལ་འབྲང་བ་བཞིན་ནོ། །མདོ་ལས། སྦྲུལ་དང་རྐང་བརྒྱ་པ་དང་གཅན་གཟན་རྣམས། །ཞེས་པ་ནས།
ཞིག་པའི་ཁྱིམ་དེར་ནི་ཡང་གནས་འཆའ་སྟེ། །ཞེས་པའི་བར་དུ་ནི་ལོག་པར་ལྟ་བས་ཉོན་མོངས་པ་ཐམས་ཅད་བསྐྱེད་པའི་ཕྱིར་དཔེར་སེམས་ཅན་གཏུམ་པོ་གདུག་པ་དེ་དག་གིས་བསྟན་ཏེ། སྐྱེ་ཞིང་འཕེལ་བའི་གནས་སུ་གྱུར་པ་ཕྲུ་གུ་གློག་པ་ཞེས་སྨོས་སོ། །མདོ་ལས། ཇི་ཙམ་གནོད་སྦྱིན་དེ་དག་འགྲངས་
གྱུར་པ། །ཞེས་པ་ནས། འཁང་དུ་བཅུག་པ་དེ་ལ་དགའ་བར་བྱེད། །ཞེས་པའི་བར་དུ་ནི་ལོག་པར་ལྟ་བ་ལ་སོགས་ཏེ་ལྟ་བ་རྣམ་ལྔས་རྒྱས་ཤིང་འཕེལ་བར་གྱུར་པ་ཉིད་འགྲངས་པར་གྱུར་པ་སྟེ། སྒོ་གསུམ་ནས་སྤྱོད་པ་རྣམ་པ་གཞན་གྱིས་འཇིགས་སུ་རུང་བའི་ཕྱིར་དང་། ཚུལ་ཁྲིམས་དང་བརྟུལ་
ཞུགས་བསྙེམས་པ་དང་། བརྟུལ་ཞུགས་བསྙེམས་པས་སེམས་ཅན་གཙེས་པའི་འཁང་པས་བདག་དགའ་བར་བྱེད་པ་བཞིན་དུ་ཚུལ་ཁྲིམས་དང་། བརྟུལ་ཞུགས་བསྙེམས་པས་མཐོ་རིས་བགྲོད་པའང་དེ་དང་འདྲའོ། །མཐོ་གང་ཚད་དང་དེ་བཞིན་ཁྲུ་གང་ཚད། །ཞེས་པ་ནི་ཚུལ་ཁྲིམས་བསྙེམས་པ་དང་།
བརྟུལ་ཞུགས་བསྙེམས་པ་གཙོ་ཡིན་པར་འཛིན་པས་འཇིག་རྟེན་ལས་འདས་པའི་དོན་ཚོལ་བ་ཉིད་དོ། །མདོ་ལས། དེ་དག་ཁྱི་རྣམས་རྐང་ནས་བཟུང་ནས་ནི། །ཞེས་པ་ནས། འཁང་དུ་བཅུག་པ་དེ་ལ་དགའ་བར་བྱེད། །ཞེས་པའི་བར་དུ་ནི་སྤྱོད་པའི་མཚན་ཉིད་སོ་སོར་དབྱེ་བ་སྟེ། མུ་སྟེགས་ཅན་ཐར་པ་

ཚོལ་བ་ནི་ཡང་དག་པའི་ཆོས་མ་ཡིན་ཏེ། སྤྱོད་པ་ཁྱི་ལྟ་བུས་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ནི་ཁྱིའི་རྐང་པ་ནས་འཛིན་པའོ། །རབ་ཏུ་མགྲིན་དགག་ཅས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་མྱ་ངན་ལས་འདས་པའི་གནས་བདེ་བ་ལ་གནས་པར་སེམས་པ་ཉིད་ཁྱིའི་
མགྲིན་པ་ལ་རྫི་བ་དང་འདྲའོ། །ལོག་པའི་བརྟུལ་ཞུགས་ཀྱིས་རྣམ་པར་གྲོལ་བའི་དགའ་བ་ཚོལ་བ་ནི་ཁྱི་འཁང་པས་དགའ་བར་བྱེད་པ་བཞིན་ནོ། །མདོ་ལས། གཅེར་བུ་གནས་ཤིང་ཉམ་ཆུང་རིད་པ་ཡི། །ཞེས་པ་ནས། རབ་ཏུ་བཀྲེས་ཏེ་ཁ་ཟས་ཀུན་ཚོལ་ཞིང་། །ཞེས་པའི་བར་དུ་ནི་འཇིག་ཚོགས་སུ་ལྟ་བའི་
དཔེ་སྟེ། ལྷན་ཅིག་སྐྱེས་པ་དང་བརྟགས་ཏེ་སྐྱེས་པ་ནི་ཆེ་ཞིང་རིང་བའོ། །དགེ་བའི་རྒྱུ་མེད་པར་འཛེམ་པ་དང་། ངོ་ཚ་བ་མེད་པ་ནི་གཅེར་བུ་ལྟ་བུའོ། །མ་རིག་པ་དང་བཅས་པས་སྒྲིབ་པ་ནི་གནས་པ་ཡང་དག་པའི་གཞུང་གི་ཤས་ཆུང་བའི་ཕྱིར་རིད་པའོ། །ཕུང་པོ་ལྔ་ལ་དམ་དུ་འཛིན་པའི་ཕྱིར་དེར་གནས་
པའོ། །ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུས་བདག་ཏུ་འཛིན་པ་སྐྱེ་ཞིང་འཕེལ་བར་གྱུར་པས་གནས་དང་གནས་སུ་བདག་ཏུ་ལྟ་བ་འཕེལ་བར་བྱེད་པ་ནི་རབ་ཏུ་བཀྲེས་ཏེ་ཟས་ཚོལ་བའོ། །མདོ་ལས། ལ་ལ་བ་ལང་གདོང་ལ་ཁབ་ཀྱི་ཁ། །ཞེས་པ་ནི་ལྟ་བ་བསྙེམས་པའི་དཔེ་སྟེ། གཞན་གྱི་ལྟ་བ་བཟང་པོ་མི་
ཆུད་མི་ལོམ་ཞེས་པའི་དོན་ཏོ། །མདོ་ལས། མི་ཙམ་དང་ནི་དེ་བཞིན་ཁྱི་ཙམ་དང་། །ཞེས་པ་འདི་ནི་མཐར་འཛིན་པ་བསྟན་ཏེ། ཇི་ལྟར་གླང་གི་མགོ་ལ་རྭ་གཉིས་ཡོད་པ་དང་འདྲ་བར་ལྟ་བ་བསྙེམས་པ་རྣམས་ལ་འཛིན་པ་གཉིས་འབྱུང་སྟེ། རྟག་པར་འཛིན་པ་དང་། ཆད་པར་འཛིན་པ་གཉིས་ཏེ། ཆད་པར་འཛིན་
པ་ནི་རྒྱུ་དང་། འབྲས་བུ་ཐམས་ཅད་སྤངས་པའི་ཕྱིར་སྡིག་པ་ཅན་མིའི་ཤ་ཟ་བ་བཞིན་ནོ། །རྟག་པར་འཛིན་པ་ནི་སྡིག་པ་དེ་ཙམ་དུ་མི་ཆེ་བའི་ཕྱིར་ཁྱི་ཤ་ཟ་བ་བཞིན་ནོ། །མདོ་ལས། ལྷུག་པའི་སྒྲ་དེ་བཤིག་ཅིང་སྒྲ་ཡང་འབྱིན། །ཞེས་པ་ནས། ཟས་ལ་སྲེད་པས་རབ་ཏུ་གདུངས་པའི་ཕྱིར། །དེ་ན་ཕྱོགས་
བཞིར་རབ་ཏུ་ལྟ་བར་བྱེད། །ཞེས་པ་ནི་སྤྱོད་པ་གཞན་རྣམས་ཀྱི་དཔེ་བསྟན་ཏེ། མཐར་ལྟ་བ་འདི་གཉིས་ལ་མུ་སྟེགས་ཀྱི་ལྟ་བ་སུམ་ཅུ་རྩ་བདུན་ཞིག་འདིར་བསྐྱེད་པའི་ཕྱིར་སྐྲ་འཛིངས་པ་ལྟ་བུའོ། །ཡང་དག་པའི་ལུང་གི་ཟས་དང་བྲལ་བ་ཡང་དག་པའི་གཞུང་གི་ཆུ་མ་རྙེད་པ་བཀྲེས་པ་དང་སྐོམ་པས་

ནང་གི་སེམས་གདུངས་པའི་ཕྱིར་ཕྱོགས་བཞིར་ལྟ་ཞིང་སྒྲ་འབྱིན་པའོ། །མདོ་ལས། རྟག་ཏུ་སྐར་ཁུང་དང་མཐངས་དག་ནས་ཀྱང་། །ཞེས་ནས་ཀྱང་ཞེས་པ་ནས། དེ་ལྟར་ཁྱིམ་དེ་མི་བཟད་འཇིགས་འགྱུར་ལ། །ཞེས་པའི་བར་དུ་ནི་བསྡུ་བ་བསྟན་ཏེ། མུ་སྟེགས་ཅན་རྣམས་ཕྱིན་ཅི་ལོག་སྣ་ཚོགས་ཀྱིས་ལོག་
པར་ལྟ་བ་ནི་དཔེར་གནོད་སྦྱིན་ལ་སོགས་པའི་གདོན་ལྟ་བུ་སྟེ། ཡང་དག་པའི་ལྟ་བ་སྤངས་ཤིང་ཤེས་པ་མེད་པས་ལོག་པ་ལ་ཞེན་པ་རྣམས་སྲེད་ཅིང་ཁ་ཟས་ཀྱི་མནར་བ་ལྟ་བུ་སྟེ། སྐྱེ་རྒ་ན་འཆིས་འཇིགས་པ་ལས་ནམ་དུ་ཡང་མི་ཐར་ཞེས་པའོ། །མུ་སྟེགས་ཀྱི་སྤྱོད་པས་ཡང་དག་པའི་ལམ་ལ་ལྟ་བ་ནི་སྐར་
ཁུང་ནས་ནམ་མཁར་ལ་ལྟ་བ་ཙམ་མོ། །མདོ་ལས། ཆེ་ལ་མཐོ་ཞིང་རབ་ཏུ་མི་བརྟེན་ནོ། །ཞེས་པ་ནས། མེ་ལྕེ་སྟོང་སྙེད་ཀུན་ཏུ་འབར་བར་གྱུར། །ཞེས་པའི་བར་དུ་ནི་འདྲེ་གདོན་སྣ་ཚོགས་དང་། ལྟས་སྣ་ཚོགས་གནས་པའི་ས་བསྟན་པ་སྟེ། མི་གཅིག་ཅིག་ནི་ཡོངས་སུ་དབང་འགྱུར་ལ་ཞེས་པ་ནི་
བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་བར་དུ་འཇིག་རྟེན་ལ་གནས་ཤིང་འགྲོ་བ་སྒྲོལ་བའི་དཔེ་སྟེ། མི་དེ་ཁྱིམ་གྱི་ཕྱི་རོལ་ཏུ་བྱུང་ཞེས་པ་ཡང་ཇི་ལྟར་ཁྱིམ་བདག་མེད་པའི་ཁང་པ་བཅོས་ཤིང་ལྟ་བ་མེད་པ་འདྲུམས་ཤིང་ཞིག་པར་གྱུར་པ་བཞིན། བཅོམ་ལྡན་
འདས་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་ན་ཆོས་ཀྱི་བདག་པོ་མེད་པས་ཁམས་གསུམ་སྟོངས་ཞེས་པའི་དོན་ཏོ། །མེ་ལྕེ་འབར་ཞེས་པ་ཡང་ཉོན་མོངས་པ་སྣ་ཚོགས་མཆེད་པས་སྐྱེ་རྒ་ན་འཆིའི་བར་དུ་བཞི་མཆེད་ཅེས་པའི་དོན་ཏོ། །མདོ་ལས། འོད་མ་དང་ནི་ཤིང་དག་མེས་ཚིག་སྟེ། །ཞེས་པ་ནས། །
ཀ་བ་དང་ནི་རྩིག་པ་དེ་བཞིན་འབར། །ཞེས་པའི་བར་དུ་ནི་གདུང་མ་ནི་ཚོར་བའི་ཕུང་པོའི་དོན། གྲལ་བུ་ནི་རུས་པའི་དོན་གཟུགས་ཀྱི་ཕུང་པོ་ནི་ཀ་བའི་དོན་ཏེ། སྐྱེ་བ་ལ་སོགས་པ་ཕུང་པོ་ལྔ་ཁྱབ་པའི་ཕྱིར་རྩིག་པའི་དོན་ཏོ། །འཇིག་པ་ནི་འདུ་བྱེད་ཀྱི་ཕུང་པོ་མི་རྟག་པའི་དོན་ཏེ། སྤྱིར་ན་ཕུང་པོ་ལྔ་པོ་འདི་འཇིགས་
སུ་རུང་བ་མི་བརྟན་པ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཤི་བས་ནམ་དུ་ཡང་འཇིགས་པར་འགྱུར་ཞེས་པའི་དོན་ཏོ། །ཁང་པའི་ནང་ན་མེ་དང་སྲོག་ཆགས་གནས་པའི་དཔེ་འདི་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། ལུས་དང་སེམས་ཚིག་པར་བྱེད་པས་མེའི་དཔེ་བསྟན། མ་རིག་པ་ལ་སོགས་པས་ཉོན་མོངས་པས་གློ་

བུར་དུ་བྱུང་བ་ནི་སྲོག་ཆགས་སྣ་ཚོགས་ཀྱིས་འཇིགས་པར་བྱེད་པའི་དཔེ་སྟེ། རྣམ་པར་ཤེས་པ་ནི་ཕུང་པོ་བཞི་རྣམས་ཀྱི་གནས་སུ་གྱུར་པའི་ཕྱིར་ཁང་པ་ལྟ་བུར་བལྟའོ། །མདོ་ལས། གནོད་སྦྱིན་ཡི་དགས་འདི་དག་སྒྲ་ཡང་འབྱིན། །ཞེས་པ་ནས། དེ་ན་ཤ་ཟ་མང་པོ་ཕན་
ཚུན་རྒྱུ། །ཞེས་པའི་བར་དུ་ནི་འདོད་པ་དང་གཟུགས་ཀྱི་ཁམས་ན་ལྟས་ངན་དང་འདྲེ་གདོན་སྣ་ཚོགས་བསྟན་པ་སྟེ། འདོད་པའི་ཁམས་ན་མུ་སྟེགས་ཅན་ཁྱིམ་ནས་བྱུང་བ་དང་ཁྱིམ་ནས་མ་བྱུང་བ་གཉི་ག་ཡང་སྲེད་པའི་ཉོན་མོངས་པས་ལས་དང་འཇིག་རྟེན་གྱི་ཟང་ཟིང་ལ་རྩོད་ཅིང་སྒྲ་འབྱིན་པ་དང་།
ལོག་པར་ལྟ་བའི་ཉོན་མོངས་པས་ལུས་ཚིག་ཅིང་གདུག་པ་སྣ་ཚོགས་ཀྱིས་གཙེས་ཞེས་པའི་དོན་ཏོ། །མདོ་ལས། བསོད་ནམས་མེད་པ་མེ་ཡིས་ཀུན་ཚིག་ནས། །ཞེས་པ་ནས། ཚིག་པར་གྱུར་པ་དག་ལ་ཁྲག་གིས་འཐོར། །ཞེས་པའི་བར་དུ་ནི་གནས་དེ་ན་དག་པའི་བསམ་གཏན་གྱིས་ཉོན་
མོངས་པ་ཆོམས་པའི་ཕྱིར་ཉོན་མོངས་པ་མི་སྐྱེ་མོད་ཀྱི་ཡང་དག་པའི་བསོད་ནམས་ཅན་མ་ཡིན་པས་བསོད་ནམས་ཞན་པ་སྟེ། ཉོན་མོངས་པ་འདོད་ཆགས་དང་གཏི་མུག་དང་། ང་རྒྱལ་དང་ཐེ་ཚོམ་དང་། འཇིག་ཚོགས་སུ་ལྟ་བ་ལ་སོགས་པའི་ཉོན་མོངས་པས་བསྲེགས་པའི་ཕྱིར་ཉོན་མོངས་པ་མ་
སྤངས་པས་གཟུགས་མེད་པའི་ཁམས་ནའང་གནོད་པ་ཡོད་པའི་ཕྱིར་ཕན་ཚུན་སོས་འདེབས་ཞེས་པ་དང་། རང་གི་ལྟ་བ་དམ་པོར་འཛིན་པ་ནི་ཁྲག་གིས་འཐོར་བ་ལྟ་བུའོ། །མདོ་ལས། དེ་ན་དུས་བྱས་ཤི་ལ་སྤྱང་ཀི་དག །ཞེས་པ་ནས། འཇིག་རྟེན་དག་ན་ཕྱོགས་བཞིར་རབ་ཏུ་འཐུལ། །ཞེས་པའི་
བར་དུ་ནི་ཉོན་མོངས་པ་ལས་ཐར་བར་ཚོལ་ཡང་ལྟ་བ་དམ་པོར་འཛིན་པའི་ཕྱིར་མི་འཐོར་བའི་དོན་དུ་བསྟན་པའི་དཔེ་སྟེ། སྤྱང་ཀི་དག་ཅེས་པ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་གཞན་དག་ཀྱང་བསྡུ་བ་སྟེ། གཟུགས་ཀྱི་ཁམས་ན་འདོད་པ་ལ་སོགས་པའི་ཉོན་མོངས་པ་ནི། ཕན་ཚུན་ཟ་བ་འདྲ་
བར་བསྟན། ཉོན་མོངས་པའི་དྲི་ང་བ་ཕྱོགས་བཞིར་འཐུལ་བ་ནི་བསམ་གཏན་བཞི་པ་རྣམས་ཀྱི་ཉོན་མོངས་པའི་དཔེ་བསྟན་ཏོ། །མདོ་ལས། སྲིན་བུ་རྐང་བརྒྱ་པ་དག་འབྲོས་གྱུར་པ། ཞེས་པ་ནས། བཀྲེས་པ་དང་ནི་བསྲེགས་པས་ཤིན་ཏུ་གདུངས། །ཞེས་པའི་བར་དུ་ནི་འདིས་ཀྱང་གཟུགས་མེད་པའི་

ཁམས་ཀྱི་ཉོན་མོངས་པ་བསྟན་པ་སྟེ། གཟུགས་མེད་པའི་ཁམས་འོག་མ་གསུམ་གྱི་འགོག་པའི་བསམ་གཏན་གྱི་མེས་ཁམས་གོང་མར་རྒྱུ་ཞེས་པའི་དོན་ཏོ། །གྲུལ་བུམ་ཞེས་པ་ནི་མུ་སྟེགས་ཅན་གྱི་ལྟ་བ་མང་པོ་དམ་དུ་བཟུང་བས་བླ་མ་བླ་མའི་ས་ཚོལ་བར་སེམས་པ་སྟེ། ལྟ་བ་ངན་པའི་ཟན་ཟོས་པས་ཉོན་
མོངས་པ་ཕྱིར་ཞིང་འཕེལ་ཞེས་པའི་དོན་ཏོ། །མེ་ལྕེ་སྟོང་སྙེད་རབ་ཏུ་འབར། །ཞེས་པ་ནི་སྲིད་པའི་རྩེ་མོ་ལ་གནས་པའི་མུ་སྟེགས་ཅན་ཡང་དག་པའི་བསྟན་པའི་ཟས་དང་སྐོམ་གྱིས་གདུངས་པས་ཉོན་མོངས་པའི་མེས་ཚིག་ཅེས་པའི་དོན་ཏོ། །མདོ་ལས། ཁྱིམ་འདིའི་བདག་པོ་མི་དེ་ནི། །སྒོ་ནས་འདུག་ཅིང་ཤིན་
ཏུ་རྣམ་པར་ལྟ། །ཞེས་པ་ནི་འདི་མན་ཆད་ཚིགས་བཅད་རྩ་བ་བཅུ་བཞིས་དྲང་བའི་དོན་བསྟན་པའི་དཔེ་དང་། སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་སྐྱེ་བའི་དཔེ་དང་། ངོ་མཚར་བསྟན་པའི་དཔེ་དང་། སྡུག་བསྔལ་གྱི་ས་ནས་གདོན་པའི་དཔེ་དང་། ཐེག་པ་གསུམ་བཤད་པའི་དཔེ་ལ། འདི་ནི་སྡུག་བསྔལ་བ་
རྣམས་ལ་སྙིང་རྗེ་སྐྱེ་བའི་དཔེ་སྟེ། སྡུག་བསྔལ་བ་བསྟན་པ་ཚིག་གཉིས་ལ་ཡང་ཚིག་གོང་མས་ནི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་བསྟན་པའི་དཔེ། དེའི་འོག་མ་ཚིག་ཕྱེད་དང་གཉིས་ཀྱིས་ནི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བར་བྱ་བའི་དོན་བསྟན་པའོ། །སྒོ་ན་འདུག་ཅེས་པ་ནི། སྡོད་པ་དང་འདུག་
ཅེས་པའི་དོན་ཏེ། ཁང་པ་དེའི་ནང་ན་གནས་པའི་བུ་རྣམས་གདོན་པའི་སེམས་ཀྱིས་འདུག་པ་དང་། སྐྱབས་བྱ་བའི་སེམས་ཀྱིས་སྡོད་པ་དང་། དབང་པོ་སྨིན་མ་ཐག་ཏུ་ཕན་གདགས་པར་སེམས་པས་སྡོད་པ་དང་། ཉོན་མོངས་པའི་གནས་ནས་བསླངས་ཏེ། གྲུབ་པའི་གནས་བདེ་བ་ལ་དགོད་པར་
སེམས་པའོ། །མདོ་ལས། དེས་ཐོས་དེ་ན་དེ་ཡིས་བདག་གི་བུ། །ཞེས་པ་ནས། དེ་ལྟར་བ་བདག་ནི་མི་ཤེས་ཕྱིར། །ཞེས་པའི་བར་དུ་དཔེ་འདིས་ནི་སེམས་ཅན་ཉོན་མོངས་པའི་ས་ན་སྡུག་བསྔལ་བ་བསྟན་པ་སྟེ། ཞིབ་ཏུ་ཚིག་ལྷུག་པའི་ནང་དུ་བསྟན་པ་ཡིན་ནོ། །ཐོས་པ་ཞེས་པའི་དུས་གསུམ་གྱི་
དེ་བཞིན་གཤེགས་པས་སེམས་ཅན་སྡུག་བསྔལ་གྱི་ས་ན་གནས་པར་བཤད་པ་ཐོས་པ་དང་། བདག་ཉིད་ཀྱིས་སེམས་ཅན་སྡུག་བསྔལ་བར་མཐོང་བའོ། །ཐོག་མ་མེད་པའི་དུས་ནས་འཛེམ་པ་དང་། ཁྲེལ་བ་མེད་པས་ཉོན་མོངས་པ་སྣ་ཚོགས་ལ་བག་མེད་པར་སྤྱོད་པ་དེ་ཉིད་བྱིས་པ་མི་

ཤེས་པའོ། །མདོ་ལས། དེས་ཐོས་དེ་ནས་མྱུར་དུ་དེར་སོང་སྟེ། །ཞེས་པ་ནས། སྡུག་བསྔལ་ཆེན་པོ་དག་ནི་གཅིག་ཕྱིར་གཅིག །ཞེས་པའི་བར་དུ་ནི་སྙིང་རྗེ་སྐྱེ་བར་བསྟན་པ་སྟེ། སེམས་ཅན་འཁོར་བ་ན་གནས་པ་ནི་མེའི་ཁང་པར་ཞུགས་པ་བཞིན་ཏེ། མྱུར་དུ་མི་ཐར་
ཅེས་པའི་དོན་ཏོ། །དེ་ལ་ཁྱིམ་གྱི་ཉེས་པ་དེས་བརྗོད་འདི། །སྡུག་བསྔལ་འདི་དག་མི་བཟད་རིགས་ཀྱི་བུ། །ཞེས་པ་ནི་སྡུག་བསྔལ་འཇིགས་པ་ཆེན་པོ་དང་ལྡན་པར་བསྟན་པ་སྟེ། ཐེག་པ་ཆེན་པོས་བསྐྱེད་ཅིང་གདོན་ཞེས་པའི་དོན་ཏོ། །གཅིག་ཕྱིར་གཅིག་ཅེས་པ་ནི་ཐོག་མ་མེད་པའི་དུས་ནས་གཅིག་
གིས་གཅིག་སྡུད་ཅིང་ཉོན་མོངས་པའི་གནས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་ཤི་བ་རྒྱུན་མི་འཆད་ཅེས་པའི་དོན་ཏོ། །མི་བཟད་ཅེས་པ་ནི་མུ་སྟེགས་ཅན་གྱི་ཁྱིམ་ནས་བྱུང་བ་དང་ཁྱིམ་ན་གནས་པ་གཞན་སླུ་བར་བྱེད་པ་མི་བཟད་ཅེས་པའི་དོན་ཏོ། །མདོ་ལས། སྦྲུལ་དང་གནོད་སྦྱིན་གཏུམ་སེམས་དང་། །ཞེས་པ་ནས།
མེ་མེད་ཟིན་ཀྱང་རབ་ཏུ་འཇིགས། །ཞེས་པའི་བར་དུ་ནི། སྦྲུལ་ནི་ཞེ་སྡང་ངོ་། །གནོད་སྦྱིན་ནི་ལས་ངན་པར་སྤྱོད་པའོ། །གྲུལ་བུམ་ནི་ཚུལ་ཁྲིམས་ངན་པ་ལ་གནས་པའོ། །ཝ་ནི་ཐེ་ཚོམ་དང་སྦྱར་རོ། །ཁྱི་ནི་ང་རྒྱལ་དང་སྦྱར་རོ། །བྱ་རྒོད་ནི་འདོད་ཅིང་བརྐམ་པ་དང་སྦྱར་རོ། །དེ་ལྟ་བུའི་ཉོན་མོངས་པ་སྣ་
ཚོགས་ཀྱིས་གཟིར་ཞེས་པའི་དོན་ཏོ། །མདོ་ལས། །དེ་འདྲའི་སྡུག་བསྔལ་འབའ་ཞིག་སྟེ། །ཞེས་པ་ནས། དེ་ཚེ་དེ་ཡི་ཐབས་བསམས་པ། །ཞེས་པའི་བར་དུ་ནི་ཐུགས་རྗེས་ཕན་འདོགས་པ་ཉིད་དང་སྦྱར་རོ། །མདོ་ལས། བྱིས་པ་དེ་དག་རྩེ་ལ་ཆགས། །ཞེས་པ་ནས། དགའ་བར་ལྷན་ཅིག་ཕྱིར་འཐོན།
ཞེས་པའི་བར་དུ་ནི། འདི་མན་ཆད་ཐེག་པ་རྣམ་གསུམ་དང་སྦྱར་ཏེ། རི་དགས་དང་ར་དང་གླང་གི་བཞོན་པས་ཐེག་པ་རྣམ་པ་གསུམ་དང་སྦྱར་ཏེ་བསྟན་པའོ། །དེ་ལ་ཡང་དང་པོར་བཞོན་པ་བྱིན་པར་ཁས་བླང་བ་དང་། བཞོན་པ་ཁྱིམ་གྱི་ཕྱི་རོལ་ན་ཡོད་པར་བསྟན་པ་དང་། བཞོན་པ་ཉིད་ཅི་དང་ཅི་འདྲ་བར་བསྟན་
པའོ། །བཞོན་པ་ང་ལ་ཡོད་ཅེས་པ་ནི་བཞོན་པ་སྦྱིན་པར་ཁས་བླངས་པའོ། །རི་དགས་དང་ར་དང་གླང་ཞེས་པ་ནི་ཕྱི་རོལ་ན་ཡོད་པ་དང་དངོས་བསྟན་པའོ། །འབྲས་བུ་ནི་རྒྱུའི་སྒོ་ནས་བྱུང་། གཞུང་ཉིད་ནི་བསྟན་པ་ལས་ཕྱི་རོལ་བས་ཕྱི་རོལ་ན་ཡོད་ཅེས་སྨྲས་སོ། །བླ་ན་མེད་པའི་གནས་ཁམས་

གསུམ་ལས་འདས་པའི་ཕྱིར་ཕྱི་རོལ་ན་ཡོད་ཅེས་བསྟན་ཏོ། །ཁྱེད་ཅག་གི་ཕྱིར་ངས་བྱས་ཞེས་པ་ནི་བཞོན་པའི་དགོས་པ་བསྟན་ཏེ། མྱ་ངན་ལས་འདས་པའི་གནས་དམ་པ་ནི་འདུས་མ་བྱས་པ་ཡིན་མོད་ཀྱི་ཐེག་པ་ཉིད་འདུས་བྱས་ཡིན་པའི་ཕྱིར་བྱས་ཞེས་སྨྲས་སོ། །མདོ་ལས། བཞོན་པ་དེ་འདྲ་
ཡོད་པར་ཤེས་ནས་སུ། །ཞེས་པ་ནས། སྡུག་བསྔལ་དག་ལས་ཐར་ཏེ་སྟོང་པར་འདུག །ཅེས་པའི་བར་དུ་ནི་གསུང་རབ་ལ་བརྟེན་ནས་སྡུག་བསྔལ་ལས་ཐར་བར་བསྟན་ཏེ། དེ་ཡང་བུ་རྣམས་སྡུག་བསྔལ་གྱི་ས་ནས་འཐོན་པ་དང་ཕ་བདེ་བར་གནས་པ་སྟེ། འདིས་ནི་བུ་རྣམས་སྡུག་བསྔལ་གྱི་ས་ནས་
འཐོན་པ་བསྟན་ཏོ། །སྟོང་པར་འདུག་ཅེས་པ་ནི་སྒྲིབ་པ་གསུམ་དང་བྲལ་བའི་གནས་བསླབ་པ་མེད་པའི་ས་དང་པོ་ལ་གནས་པའོ། །མདོ་ལས། མི་དེས་བྱིས་པ་འཐོན་པ་མཐོང་ནས་སུ། །ཞེས་པ་ནས། ཕ་དེ་བདེ་བར་འདུག་པར་རིག་ནས་སུ། །ཞེས་པའི་བར་དུ་ནི་བུ་རྣམས་ཐོན་ནས་ཕ་བདེ་བར་
གནས་པ་བསྟན་ཏེ། དཔོང་ས་བཞི་མདོར་ཞེས་པ་ནི། བདེན་པ་བཞིའོ། །སེང་གེའི་ཁྲི་ལ་བཞུགས་ཞེས་པ་ནི་མི་འཇིགས་པའི་ས་ལ་གནས་པ་སྟེ། སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་ན་སེམས་ཅན་ཐམས་ཅད་སྒྲོལ་བའི་ཐུགས་དམ་དང་བཅས་པས་སེམས་ཅན་འཁོར་བའི་གནས་ནས་ཐོན་པས་
དགོངས་པ་གྲུབ་པའི་ཕྱིར་བདེ་བར་བཞུགས་ཞེས་སྨྲས་སོ། །མདོ་ལས། བུ་རྣམས་དོང་སྟེ་འདི་སྐད་སྨྲས། །ཞེས་པ་ནས། དེ་དག་དུས་དེང་སྩལ་དུ་གསོལ། །ཞེས་པའི་བར་དུ་ནི་དེ་ཡན་ཆད་ནི་དྲང་བའི་དོན་བསྟན་འདི་མན་ཆད་ནི་ངེས་པའི་དོན་བསྟན་ཏེ། བདག་ཅག་སྩོལ་ཞེས་པ་ནི་དབང་པོ་སྨིན་ཞེས་
པའི་དོན་ཏོ། །མདོ་ལས། མི་དེ་མཛོད་ཀྱི་མཐུ་ལྡན་པ། །ཞེས་པ་ནས། གང་ལ་རིན་ཆེན་ཤིང་རྟ་བཅས། །ཅེས་པའི་བར་དུ་ནི་མི་དེ་མཛོད་ཀྱི་མཐུ་དང་ལྡན་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་མཛོད་དང་ལྡན་པའོ། །ཡུལ་འཁོར་ཐམས་ཅད་ཀྱང་མི་ལ་བྱིན་ན་ཡང་མི་ཟད་པའི་ནོར་དང་ལྡན་པ་ཡིན་ན།
བྱིས་པ་རྣམས་ལ་བྱིན་པས་གང་ལ་ཟད་པར་འགྱུར་བ་ནི་ཡོན་ཏན་གྱི་ཆོས་མང་པོ་དང་ལྡན་པའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟག་པ་མེད་པའི་ཕུང་པོ་ལྔ་དང་ལྡན་པའི་སྐུ་སྟེ། ཤིང་རྟ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཆོས་ལ་བྱའོ། །རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ཤིང་རྟ་དེ་ཡང་ཁ་ལོ་སྒྱུར་བ་དང་

དྲིལ་བུ་དང་། གཡེར་ཀ་དང་། གདུགས་དང་། ལྷབ་ལྷུབ་དང་། མུ་ཏིག་གི་དྲ་བ་དང་། གསེར་གྱི་ཕྲེང་བ་དང་། གདིང་བ་འཇམ་པོ་ལ་སོགས་པའི་རྒྱུ་ནི་རྣམ་པར་དཀར་བ་སྒྲིབ་པ་གཉིས་དང་བྲལ་བའི་རྐྱེན་སྤྱོད་པ་དམ་པ་དང་ལྡན་པ་འཚོ་བ་རྣམ་པར་དག་པའི་གདན་ལ་བཞུགས་ཞེས་
པའི་དོན་ཏོ། །གླང་དཀར་པོ་ཚོ་ལ་བཟང་བ་ནི། གཅིག་ཏུ་དཀར་བ། གཅིག་ཏུ་ཚོ་ཞིང་སྟོབས་དང་ལྡན་པ་གཅིག་ཏུ་འབད་པ། གཅིག་ཏུ་མཛེས་པ་དང་ལྡན་ཞེས་པའི་དོན་ཏོ། །མདོ་ལས། སྐྱེས་བུ་དུ་མས་རབ་ཁྲིམ་པ། །སྐྱེས་བུ་དེ་ཡིས་དེ་འདྲ་བྱིན། །ཞེས་པ་ནས། ཕྱོགས་དང་ཕྱོགས་མཚམས་རྩེ་བར་དོང་། །ཞེས་
པའི་བར་དུ་ནི། ཕྱོགས་དང་ཕྱོགས་མཚམས་ཞེས་པ་ནི་ཕྱོགས་བཞིར་སྐྱེ་བ་རྣམ་བཞིས་སྐྱེ་བའི་སེམས་ཅན་གྱི་དོན་ལ་རོལ་པའོ། །རྩེ་ཞེས་པ་ནས་རྫུ་འཕྲུལ་གྱིས་རོལ་པའོ། །མདོ་ལས། དེ་བཞིན་ང་ཡང་ཤཱ་རིའི་བུ། །ཞེས་པ་ནས། སྐྱེ་རྒ་ན་བ་དུ་མ་བརྒྱ། །ཞེས་པའི་བར་དུ་ཚིགས་བཅད་དྲུག་ཅུ་རྩ་ལྔས་
ནི་དཔེ་བསྟན། བཅོ་བརྒྱད་ཀྱིས་ནི་དོན་དང་སྦྱར་བ་བསྟན་ཏེ། དེ་ལ་དང་པོ་ཚིགས་བཅད་བཅུ་གཅིག་གིས་ནི་དྲང་བའི་དོན་བསྟན། ཚིགས་བཅད་བདུན་གྱིས་ནི་ངེས་པའི་དོན་བསྟན། དྲང་བའི་དོན་ལ་ཡང་ཚིགས་བཅད་གསུམ་གྱིས་བསྟན། ཁམས་གསུམ་གྱིས་ནི་ཁམས་གསུམ་ན་སངས་རྒྱས་བཞུགས་
པ་དང་སྦྱར། དེའི་འོག་མ་ཚིགས་བཅད་གསུམ་གྱིས་ནི་འགྲོ་བ་རྣམ་ལྔ་གཡང་ཟ་བའི་གནས་སུ་སྦྱར། དེའི་འོག་མ་ཚིགས་བཅད་ལྔས་ནི་དྲང་བའི་དོན་གྱི་དཔེ་བསྟན་ཏོ། །མདོ་ལས། ཁམས་གསུམ་ནས་ནི་ང་ཐར་ཞིང་། །ཞེས་པ་ནས། མི་ལྡོག་བྱང་ཆུབ་སེམས་དཔའ་ཞེས་པའི་བར་དུ་ནི་དྲང་
བའི་ཐབས་ཀྱི་དཔེ་བསྟན་པ་དང་། སྡུག་བསྔལ་བ་རྣམས་ལ་ཐུགས་རྗེ་སྐྱེ་བ་དང་། དོན་ཆེན་པོ་བསྟན་ཀྱང་མི་དངང་བ་དང་། བདག་ཉིད་ཁམས་གསུམ་གྱི་གནས་ལས་བྱུང་བར་བསྟན་པ་དང་། གནས་དེ་ཉིད་སངས་རྒྱས་ཀྱི་ཡིན་པ་བསྟན་པའོ། །ནགས་ཚལ་དབེན་པའི་གནས་ཞེས་པ་ནི་ཡོན་ཏན་
མང་པོའི་ཚལ་དུ་སྦྱར་རོ། །ཕྱིར་མི་ལྡོག་ཞེས་པ་ནི་ས་དང་པོ་ལ་གནས་པ་ཡན་ཆད་དོ། །དྲུག་ཤེས་པ་ནི་དགྲ་བཅོམ་པའོ། །གསུམ་རིག་པ་ནི་སྔོན་གྱི་གནས་དྲན་པ་དང་། ལྷའི་སྤྱན་དང་། ཟག་པ་ཟད་པར་མཁྱེན་པའོ། །མདོ་ལས། མཁས་པ་རྣམས་ལ་དཔེ་མཆོག་འདི། །ཞེས་པ་ནས། མི་མཆོག་

ཐབས་མཁས་མ་གཏོགས་སོ། །ཞེས་པའི་བར་དུ་ནི། ཐེག་པ་མཆོག་ཡིན་པར་བསྟོད་ཅིང་བསྔགས་པ་སྟེ། ཐེག་པ་དེ་ཡང་ཚིགས་བཅད་དང་པོ་གཅིག་གིས་ནི་ཐེག་པ་དེ་ཡོན་ཏན་བཞི་དང་ལྡན་པར་བསྟན། དེའི་འོག་མ་གཅིག་གིས་ནི་འཕགས་པ་རྣམས་ཀྱི་བསྔགས་པ་བསྟན། དེའི་འོག་མ་གཅིག་གིས་ནི་ལོངས་
སྤྱོད་དམ་པ་དང་ལྡན་པ་བསྟན། དེའི་འོག་མ་གཉིས་ཀྱིས་ནི་དགའ་བའི་མཆོག་ཡིན་པར་བསྟན་ཏོ། །དེ་ལ་ཡོན་ཏན་བཞི་ནི་དམ་པ་ཁྱད་པར་ཅན་སྒྲིབ་པ་མེད་པས་རྣམ་པར་དག་པ་དང་། མཆོག་དམ་པ་ཡིན་པ་དང་། བླ་ན་མེད་པ་དང་ཟླ་མེད་པའོ། །ཡངས་པའི་དངོས་པོ་ཕྱག་གི་གནས། །ཞེས་པ་ནི་འཕགས་
ལ་རྣམས་ཀྱི་བསྔགས་པའོ། །འཕགས་པ་རྣམས་དེ་ལྟར་ན་མ་རབས་རྣམས་ལ་ཅི་སྨོས་ཞེས་སྦྱར་རོ། །བསམ་གཏན་དང་སྟོབས་དང་ཏིང་ངེ་འཛིན་ཞེས་པ་ནི་ལོངས་སྤྱོད་ཀྱི་གནས་དམ་པ་ཡིན་པར་བསྟན་པའོ། །ནུབ་དང་ཉིན་པར་ལོ་དང་བསྐལ་པ་འདའ་བར་བྱེད། །ཞེས་པ་ནི། ཐེག་པ་གཅིག་པོ་འདི་ལ་
གནས་པ་ནི་གནས་པའི་དམ་པ་ཡིན་པར་བསྟན་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་རེག་པར་འགྱུར་ཞེས་པའི་དོན་ཏོ། །དེ་ཡན་ཆད་བསྟན་པ་དང་། གཞུང་དང་སྤྱོད་པ་དང་། འབྲས་བུ་ཐམས་ཅད་ཐེག་པ་ཆེན་པོ་དང་ལྡན་པར་བསྟན་ཏོ། །མི་མཆོག་ཐབས་མཁས་མ་གཏོགས་ཞེས་པ་ནི་དེ་བཞིན་
གཤེགས་པ་ཐབས་མཁས་པ་དང་ལྡན་པས་སེམས་ཅན་རྣམས་རིམ་གྱིས་ཐེག་པ་གཅིག་པོ་ལ་དྲང་ཞིང་གཟུད་པའི་ཕྱིར་ཕྱོགས་བཅུ་གང་དུ་ཡང་ཐབས་ཀྱིས་རོལ་པ་མ་གཏོགས་པར་ཐེག་པ་གཉིས་དང་གསུམ་དུ་མ་བཤད་དོ། །མདོ་ལས། ཁྱོད་ཀྱི་ཕ་ང་ཡི་བུ་ཁྱོད། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་
གང་མང་འདུལ། །ཞེས་པའི་བར་དུ་ནི་འདི་མན་ཆད་མོས་བསྐྱེད་ཅིག་པར་བསྟན་པ་སྟེ། སྔར་ཚིགས་བཅད་བཅུ་བཞིས་དྲང་བ་དང་ངེས་པའི་དོན་ལ་འཇུག་པར་བསྟན། དེའི་འོག་མ་ཚིགས་བཅད་དྲུག་ཅུ་རྩ་དྲུག་གིས་ནི་བསླབ་པར་བྱ་བའི་གནས་བསྟན་ཏོ། །དང་པོ་ལ་ཕ་བུ་ལ་བྱམས་པའི་དཔེས་སྡུག་བསྔལ་ལས་
འདོན་པ་བཞིན་ངེས་པ་དང་དྲང་བའི་དོན་དངོས་སུ་སྟོན་པའོ། །འདི་ལྟར་མྱ་ངན་ལས་འདས་པ་ངས་བསྟན་ཀྱང་ཞེས་པ་ནི། བཅོམ་ལྡན་འདས་ཀྱིས་ཡང་དག་པའི་དོན་སྔར་དྲང་བའི་ཚུལ་གྱིས་བསྟན་དུ་ཟིན་གྱིས་དེ་མྱ་ངན་ལས་འདས་པ་ཆེན་པོ་མ་ཡིན་པས། ང་མྱ་ངན་ལས་འདས་པ་ཉིད་བསྟན་པའི་

ཕྱིར་ངེས་པའི་དོན་བསྟན་ཏོ། ཀུན་ཉོན་ང་ཡི་སངས་རྒྱས་ཚུལ། །ཞེས་པའོ། །ཚུལ་ནི་ཆོས་ཀྱི་སྐུ་ཉིད་དོ། །སྒྲིབ་པ་རྣམ་གཉིས་དང་བྲལ་བའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་མང་འདུལ། །ཞེས་པ་ནས། ལམ་རྣམས་བསྒོམས་ནས་
ཐར་བར་འགྱུར། །ཞེས་པའི་བར་དུ་ནི་དེ་ལྟར་དྲང་བ་དང་། ངེས་པའི་དོན་བསྟན་པ་ཡང་བདེན་པ་བཞི་དང་སྦྱར་ཏེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དང་པོའི་ཚིགས་བཅད་གཉིས་ཀྱིས་ནི་སྡུག་བསྔལ་གྱི་བདེན་པ་བསྟན། དེའི་འོག་མ་ཕྱེད་དང་གཉིས་ཀྱིས་ནི་ཀུན་འབྱུང་གི་བདེན་
པ་བསྟན། ཡང་ཕྱེད་དང་གཉིས་ཀྱིས་ནི་འགོག་པའི་བདེན་པ་བསྟན། དེའི་འོག་མ་གཅིག་གིས་ནི་ལམ་གྱི་བདེན་པ་བསྟན་ཏེ། འདོད་ངན་དེ་ལ་ཆགས་པར་གྱུར་པ་ནི་ཕྱི་ནང་གི་ཡུལ་ལ་དགའ་བར་བྱ་བ་དེ་ཐམས་ཅད་སྡུག་བསྔལ་ཉིད་ཡིན་པར་བསྟན་པས་འཇིག་རྟེན་གྱི་བདེན་པ་མ་སྤངས་པར་ཡང་དག་པའི་
བདེན་པ་ཉིད་ལ་གཟུད་པའོ། །གང་རྣམས་མི་ཤེས་སྡུག་བསྔལ་གྱི། །ཞེས་པ་ལ་སོགས་པ་ནི་ཀུན་འབྱུང་གི་བདེན་པ་བསྟན་ཏེ། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལས་འབྱུང་ཞེས་པའི་དོན་ཏོ། །སྡུག་བསྔལ་འབྱུང་བ་སྲེད་འདུས་པ། །ཞེས་བྱ་བ་ལ་སོགས་པ་ནི་འགོག་པའི་བདེན་པ་བསྟན་ཏེ། སྡུག་བསྔལ་
སྐྱེ་བར་བྱེད་པའི་རྩ་བ་སྲེད་པ་ཡིན་ན། སྲེད་པ་དེ་ཡང་འགོག་པས་བཙལ་ཞེས་བྱ་བའི་དོན་ཏོ། །གང་གིས་ཐར་ཞེས་པ་ལ་སོགས་པ་ནི་ལམ་གྱི་བདེན་པ་བསྟན་ཏེ། ལམ་བསྒོམས་པས་འགོག་པ་འགྲུབ་ཅེས་པའི་དོན་ཏོ། །མདོ་ལས། ཅི་ཐར་ཞེ་ན་ཤཱ་རིའི་བུ། །ཞེས་པ་ནས། འཇིག་རྟེན་འདིར་སྐྱེ་བདེ་བྱའི་ཕྱིར། །
ཞེས་པ་ནི་དྲང་བ་དང་ངེས་པའི་དོན་གྱི་བདེན་པ་བཞི་བསྟན་པ་ཡང་འདི་མན་ཆད་ཚིག་བཞིས་ནི་དྲིས། ཚིག་བཞིས་ནི་ལན་བཏབ་པ་སྟེ། བདེན་པ་བཞི་དང་ཅི་རིགས་པ་དང་སྦྱར་རོ། །མྱ་ངན་ལས་འདའ་བ་དང་། མ་འདས་པ་ཡང་དྲང་བའི་དོན་གྱི་ཐེག་པ་རྣམ་གཉིས་ལ་བསྟན་པ་དང་། ངེས་པའི་དོན་གྱིས་བླ་
ན་མེད་པའི་ལམ་དང་སྦྱོར་བའོ། །དེ་ལྟར་དགོངས་ཏེ་ཆོས་རྒྱལ་ཞེས་པའང་ངེས་པའི་དོན་ལ་མངོན་སུམ་དུ་གཟུད་པའི་ཕྱིར་འཇིག་རྟེན་ལ་བདེ་བའི་ཕྱིར་ཞེས་པ་དང་སྦྱར་རོ། །ཆོས་རྒྱལ་ཞེས་པ་ནི་སེམས་ཅན་རྣམས་ལ་སོ་སོའི་དབང་པོ་ལ་སྦྱོར་ཞིང་ཆོས་ལ་མངའ་བརྙེས་པའི་ཕྱིར་ཆོས་རྒྱལ་ཞེས་བྱའོ། །མདོ་ལས།

འདི་ངའི་ཆོས་རྒྱལ་ཤཱ་རིའི་བུ། །ཞེས་པ་ནས། ཁྱོད་ཀྱི་མི་དེ་མི་ལྡོག་གཟུད། །ཅེས་པའི་བར་དུ་དེ་ནི། སྣོད་མ་རྟོགས་པར་ཆོས་མ་གཏོད་ཅིག་པར་བསྟན་པ་སྟེ། ཆོས་ཀྱི་ཕྱག་རྒྱ་ཞེས་པ་ནི། ཐེག་པ་གཅིག་པོའི་གཞུང་དམ་པ་ངེས་པ་ཉིད་ལ་བྱའོ། །རྗེས་སུ་ཡི་རང་ཞེས་པ་ནི་མོས་པ་ཆེ་བའི་ཕྱིར་མི་ལྡོག་ཅེས་
པ་སྟེ། ཡུན་རིང་པོ་ནས་དགེ་བའི་རྩ་བ་བསྐྱེད་པ་ས་ལ་གནས་པར་གྱུར་པའོ། །ཐེག་པ་རྣམ་གཉིས་ལྟ་བུ་ལས་ཁྱད་པར་དུ་བསྟན་པའོ། །མདོ་ལས་སྔོན་གྱི་དེ་བཞིན་གཤེགས་པ་དེས་མཐོང་ཞེས་པ་ནས། སངས་རྒྱས་ཀྱི་ས་འདི་མི་ཤེས་པའི་བར་དུ་དེ་དག་གིས་ནི་སྔོན་དེ་བཞིན་གཤེགས་པའི་བསྟན་པ་
ལ་ཞུགས་ཤིང་ཐོས་པའི་རྒྱུས་འདི་ལ་འཇུག་ནུས་པར་བསྟན་པ་དང་། མདོ་འདི་ལ་དད་ཅིང་འཇུག་པ་ནི་དེས་ང་དང་ངའི་དགེ་འདུན་མཐོང་ཞེས་པ་ཡང་དཀོན་མཆོག་གསུམ་ཐ་མི་དད་པའི་མཚན་ཉིད་བསྟན་པའོ། །ཤེས་པ་ཆུང་བ་དང་དགེ་བའི་རྩ་བ་ཞན་པ་རྣམས་ཀྱིས་འཇུག་པར་མི་ནུས་པའི་ཕྱིར་བྱིས་
པ་མྱོས་གྱུར་པ་ཞེས་གསུངས་སོ། །ཐེག་པ་རྣམ་གཉིས་སུ་རིགས་ངེས་པ་རྣམས་ཀྱིས་ཀྱང་འཇུག་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མ་ཡིན་ཞེས་གསུངས་སོ། །མདོ་ལས། ཤཱ་རིའི་བུ་ཁྱོད་ང་དང་འབྲང་ན་ཞེས་པ་ནས། འདི་དག་རང་རིག་ཡེ་ཤེས་མེད། །ཅེས་པའི་བར་དུ་ནི་རིགས་མ་ངེས་
པའི་ཉན་ཐོས་རྣམས་ཀྱང་ངའི་གསུང་འདི་ཐོས་ནས་གདོད་དད་པ་སྐྱེ་ཞིང་རྗེས་སུ་འབྲང་བར་འགྱུར་ན་གཞན་ལྟ་ཅི་སྨོས་ཞེས་བསྟན་པའོ། །མདོ་ལས། ཁྱེད་ཀྱི་ཁེངས་པ་དང་ནི་ང་རྒྱལ་ཅན། མི་རིགས་ཞུགས་པ་དག་ལ་འདི་མ་བསྟན། །ཞེས་པ་ནི་ཚིགས་སུ་བཅད་པ་སུམ་ཅུ་རྩ་དྲུག་གིས་མི་ཤེས་པ་
དད་པ་མེད་པ་སྡིག་པ་ཅན་བཞི་དང་། བདུན་དག་ལ་བསྟན་དུ་མི་རུང་བར་གསུངས་པ་སྟེ། དེ་ལ་སྡིག་པ་ཅན་བཞི་ནི་ཁེངས་པ། ང་རྒྱལ་ཅན། ལེ་ལོ་ཅན། བདག་ཏུ་ལྟ་བའི་མུ་སྟེགས་ཅན་རྣམས་སོ། །མདོ་ལས། བུས་པ་འདོད་ལས་རྟག་ཏུ་རབ་མོས་ཤིང་། ཆོས་བསྟན་མི་ཤེས་པས་ན་སྤོང་བར་བྱེད། །
ཅེས་པ་ནི་སྡིག་ཅན་གསུམ་ལ་མི་བཤད་པ་སྟེ། ཤེས་པ་ཆུང་བ་ལོག་པའི་ཤེས་རབ་ཅན་དང་། འདོད་པ་རྣམ་ལྔས་མྱོས་ཤིང་ཉོན་མོངས་པ་སྟུག་པ་རྣམས་དང་། རིགས་མེད་པའི་སེམས་ཅན་ཐོས་ཀྱང་འཇུག་པར་མི་ནུས་པ་རྣམས་སོ། །མདོ་ལས། ང་ཡི་ཐར་པ་འདི་ནི་སྤོང་བ་ནི། །འཇིག་

རྟེན་རྟག་ནས་སངས་རྒྱས་ཚུལ་ཡང་སྤང་། །ཞེས་པའི་དོན་ཏེ། དེ་ཡང་མ་དད་པས་སྡིག་པ་མི་དགེ་བའི་རྒྱུ་བསྐྱེད་པ་དང་། སྡུག་བསྔལ་བའི་འབྲས་བུ་ལེན་པའོ། །ཟག་པ་མེད་པའི་རྒྱུ་སྤོང་བ་ནི་སངས་རྒྱས་ཀྱི་རིགས་གཅོད་པའོ། །ཟག་པ་དང་བཅས་པའི་རྒྱུ་སྤོང་བ་ནི་འཇིག་རྟེན་གྱི་དགེ་བས་མཐོ་
རིས་སྤོང་བ་སྟེ། མདོ་སྡེ་འདི་ལ་མ་དད་པས་དེ་གཉིས་སྤངས་ཞེས་པའི་དོན་ཏོ། །མདོ་ལས། ཁྲོ་གཉེར་བྱས་ཤིང་ཐེག་པ་སྤངས་པ་ཡི། །ཞེས་པ་ནས། དེ་དག་རྣམ་སྨིན་མི་བཟད་ང་ལ་ཉོན། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་མ་དད་པས་སྡིག་པ་སྐྱེ་བར་བསྟན་པ་སྟེ། ཁྲོ་གཉེར་བྱས་ཞེས་པ་ནི་ལུས་དང་སེམས་མ་དད་
པའི་ཚུལ་སྟོན་པའོ། །མདོ་སྡེ་འདི་འདྲ་བ་ཀློག་པའི་དགེ་སློང་ལ་ངན་བྱས་ན་ཞེས་པ་ནི་ཆོས་སྤྱོད་པ་རྣམ་པ་བཅུའི་བར་ཆད་བྱས་པའོ། །ངན་བྱས་པ་ནི་བརྙས་པ་སྨད་པ་ཕྲག་དོག་བྱས་པ་ཁོན་དུ་གཟུང་བའོ། །མདོ་ལས། མི་ལས་ཤི་འཕོས་བསྟིར་མེད་པ་དེ་ཡི། །ཞེས་པ་ནས། བུས་པ་ཤི་ཤིང་འཕོས་ནས་དེར་ཡང་
ལྟུང་། །ཞེས་པའི་བར་དུ་ནི། མདོ་སྡེ་འདི་ལ་མ་དད་པ་རྣམས་སྡུག་བསྔལ་མྱོང་བའི་འབྲས་བུ་བསྟན་པ་སྟེ། ཚིག་དང་པོ་ཉི་ཤུ་བརྒྱད་ཀྱིས་ནི་མ་དད་པ་རྣམས་ཀྱི་འབྲས་བུ་བསྟན། དེའི་འོག་མ་གཉིས་ཀྱིས་ནི་བསྡུ་བ་བསྟན་ཏེ། འདི་ནི་དང་པོའོ། །དེ་ལ་ཡང་ཚིག་ཉི་ཤུ་གཉིས་ཀྱིས་ནི་ངན་སོང་རྒྱུད་གསུམ་གཅིག་ནས་གཅིག་ཏུ་
འཕོ་བ་རྣམ་པར་སྨིན་པ་བསྟན། ཚིག་དྲུག་གིས་ནི་འགྲོ་བ་བཞིར་རྣམ་པར་སྨིན་པ་བསྟན། དེ་ལ་ཚིག་དང་པོ་གཅིག་གིས་ནི་སེམས་ཅན་དམྱལ་བ་མྱོང་བ་བསྟན། ཚིག་བཅུས་ནི་བྱོལ་སོང་གི་འབྲས་བུ་མྱོང་བ་བསྟན། དེའི་འོག་མ་ཚིག་བཅུས་ནི་མིའི་ནང་ན་ཐ་མར་སྐྱེ་བ་བསྟན། འདིར་ཡི་དགས་མ་སྨོས་པ་ནི་ཡི་
དགས་སྲེད་པའི་དབང་གིས་སྐྱེ་བའི་ཕྱིར་འདིར་མ་སྨོས་སོ། །དེ་དག་ཀྱང་རྣམ་པ་དྲུག་གིས་དབྱེ་བར་བྱ་སྟེ། དེའི་མིང་དང་། དེའི་ལུས་དང་། དེ་བསྡུ་བ་དང་། དེའི་གནས་དང་། དེའི་འབྲས་བུ་དང་། དེའི་ཚེའི་ཚད་དེ། གྲང་བ་བརྒྱད་དང་ཚ་བ་བརྒྱད་ལ་སོགས་པ་གཞན་དག་ལས་འབྱུང་བ་བཞིན་ཤེས་པར་
གྱིས་ཤིག །མདོ་ལས། སེམས་ཅན་དམྱལ་ལས་ནམ་ཞིག་འཕོས་ན་ཡང་། །ཞེས་པ་ནས། འདི་འདྲ་བ་ཡི་མདོ་སྡེ་འདིས་སྤངས་པ། །ཞེས་པའི་བར་དུ་ནི་བྱོལ་སོང་དུ་གྱུར་པ་རྣམས་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བར་བསྟན་པའོ། །ཁྱིར་གྱུར་པ་ནི་རྣམ་པར་སྨིན་པ་བཅུ་སྟེ། སྐམ་པ། རིད་པ། མདོག་

ཉམས་པ། རྔོས་ཉེན་པ། གཞན་གྱིས་གཙེ་བ། ཤེས་པ་མེད་པ། བཀྲེས་པ། སྐོམ་པས་ཉེན་པ། བརྡེག་པ་དང་། གཞུ་བའི་གནས་སུ་གྱུར་པའོ། །རྔ་མོའི་རྣམ་པར་སྨིན་པ་ནི་ཁུར་ལྕི་བས་མནན་པ། ཟས་ཀྱིས་གདུངས་པ། གཞུ་བརྡེག་གི་གནས་སུ་གྱུར་པ། ཤེས་པའི་བློ་མེད་པའོ། །ཝར་
གྱུར་བའི་རྣམ་པར་སྨིན་པ་ནི་རྔོས་འཁོངས་པ་མིག་ཞར་བ། བརྡེག་པའི་གནས་སུ་གྱུར་པའོ། །སྦྲུལ་དུ་གྱུར་པའི་སྡུག་བསྔལ་ནི་ལུས་ཧ་ཅང་ཆེ་བ་རྣ་བ་འོན་པ། ཤེས་པ་མེད་པའོ། །མདོ་ལས། ནམ་ཞིག་མི་ཡི་ལུས་ཐོབ་གྱུར་ཀྱང་ནི། །ཞེས་པ་ནས། མགོན་མེད་གྱུར་ཅིང་འཇིག་རྟེན་དག་ན་རྒྱུ། །ཞེས་
པའི་བར་དུ་ནི་མདོ་སྡེ་འདི་སྤོང་བའི་རྣམ་པར་སྨིན་པས་མི་ཞིག་ཏུ་སྐྱེས་ན་ཡང་། མ་རབས་དབང་པོ་མ་ཚང་བ་སྐྱོན་སྣ་ཚོགས་ཀྱིས་མནར་བར་སྐྱེ་སྟེ། ལུས་ཀྱི་སྐྱོན་ནི་དབང་པོ་རྟུལ་བ། ཧ་ཅང་ཐུང་བ། མཚན་དུ་མི་སྡུག་པ། ཞ་བོར་གྱུར་པ། གྲུམ་པོར་གྱུར་པ། ལོང་བ་འོན་པ་སྒུར་པོར་གྱུར་པ།
ཚིག་སྨྲས་པ་མིས་ཡིད་མི་ཆེས་པར་གྱུར་པ། ཁ་ནས་རུལ་བའི་དྲི་མནམ་པ་འདྲེ་གདོན་གྱིས་གཙེ་བ། དབུལ་བ། དམན་པ། གཞན་གྱིས་བཀོལ་བ། ནད་མང་བ། རེག་པར་གྱུར་པ་སྟེ། ལུས་དང་། ངག་དང་། ཡིད་དང་། གསུམ་གྱི་སྒོ་ནས་སྡིག་པ་བྱས་པའི་རྣམ་པར་སྨིན་པ་ཡིན་པར་སྦྱར་རོ། །མདོ་
ལས། དེ་ན་གང་ལ་དེ་ཡིས་ཉེར་བསྙེན་ཀྱང་། །ཞེས་པ་ནས། བྱིན་ན་ཡང་ནི་མྱུར་དུ་མི་ཟ་སྟེ། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་མ་དད་པའི་ཕྱིར་གཞན་ལ་བརྟེན་ཀྱང་དེས་སྐྱབས་མི་བྱེད་ཅེས་པའི་དོན་ཏོ། །མདོ་ལས། དེ་དག་འདི་འདྲ་སྡིག་གི་འབྲས་བུ་ནི། །ཞེས་པ་ནས། ནམ་ཡང་དེ་ཡི་ནད་
རྣམས་མཐར་མི་སོས། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་སྐུར་པ་བཏབ་པས་བསོད་ནམས་ཆུང་བར་བསྟན་པའོ། །མདོ་ལས། གཞན་གྱི་རྐུན་པོ་བྱས་པར་གྱུར་པ་ཡང་། །ཞེས་པ་ནས། སྡིག་པའི་ལས་ཅན་དེ་ལ་འདུ་ཤེས་འབབ། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་སྐུར་པས་ཉེས་པ་གློ་བུར་
འོང་ཞེས་པའི་དོན་ཏོ། །མདོ་ལས། དེས་ཀྱང་འཇིག་རྟེན་མགོན་པོ་ཡང་མི་མཐོང་། །ཞེས་པ་ནས། །དེ་དག་སེམས་མི་དྲན་ཞིང་འོན་པར་གྱུར། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་སྤངས་པས་ནམ་དུ་ཡང་སངས་རྒྱས་མི་མཐོང་བ་དང་། ཆོས་མི་ཐོས་པ་དང་། དབང་པོ་ཉམས་པར་འགྱུར་བ་ལ་

འདི་ནི་དང་པོ་གཉིས་དང་སྦྱར་རོ། །མདོ་ལས། བྱང་ཆུབ་འདི་འདྲ་བ་འདི་སྤངས་པས་ན། །ཞེས་པ་ནས། བླུན་ཞིང་ཡན་ལག་དག་ནི་ཚང་མི་འགྱུར། །ཞེས་པའི་བར་དུ་འདིས་ནི་དབང་པོ་ཉམས་པར་བསྟན་ཏོ། །མདོ་ལས། དེས་ནི་མདོ་སྡེ་འདི་སྤངས་སྡིག་གི་འབྲས། །
ཞེས་པ་ནས། དེ་ན་དེ་དག་རྟག་ཏུ་དེ་གནས་འགྱུར། །ཞེས་པའི་བར་དུ་ནི་དེས་ངན་སོང་བཞི་མྱོང་བར་བསྟན་པ་སྟེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་དང་། མི་མ་རབས་སུ་འགྱུར་བ་རིམ་བཞིན་ཅི་རིགས་པར་སྦྱར་རོ། །མདོ་ལས། དེ་དག་མི་ཡི་ལུས་སུ་གྱུར་ན་ཡང་། །ཞེས་
པ་ནས། དེ་ཚེ་དེ་ཡི་རྒྱན་ནི་དེ་དག་སྟེ། །ཞེས་པའི་བར་དུ་ནི་མི་མ་རབས་སུ་གྱུར་པ་རྣམ་པར་སྨིན་པ་བསྟན་ཏེ། རྒྱན་ངན་པས་བརྒྱན་པ་དང་། རྟེན་ངན་པ་དང་བརྟེན་པ་དང་། མི་མཛེས་པར་གྱུར་པ་དང་། སྤྱོད་པ་ངན་པར་གྱུར་པ་སྟེ། འོག་ནས་འབྱུང་བ་དང་སྦྱར་རོ། །མདོ་ལས། ནད་རྣམས་དེ་ཡི་
ལུས་ལ་བྱེ་བ་ཁྲག་ཁྲིག་རྨ། །ཞེས་པ་ནས། དེ་ནི་བྱོལ་སོང་སྐྱེ་གནས་དེ་རྟག་དགའ། །ཞེས་པའི་བར་དུ་ནི་འདིས་མི་མཛེས་པར་གྱུར་བ་དང་། སྤྱོད་ལམ་ངན་པར་གྱུར་པ་བསྟན་ཏོ། །མདོ་ལས། དེ་རིང་གལ་ཏེ་ངས་དེང་ཤཱ་རིའི་བུ། །ཞེས་པ་ནས། འདི་འདྲའི་མདོ་སྡེ་མ་བཤད་ཅིག་ཅེས་
བསྒོ། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་མ་དད་པའི་རྣམ་པར་སྨིན་པ་མདོར་བསྡུས་ཏེ་བཤད་པའོ། །མདོ་ལས། འདི་ལྟར་གང་དག་གསལ་ཞིང་མང་ཐོས་དང་། །ཞེས་པ་ནས། དེ་ལ་ཁྱོད་ཀྱིས་དོན་དམ་འདི་དེར་སྒྲོགས། །ཞེས་པའི་བར་དུ་ཚིག་བཅུ་དགུ་པོ་འདིས་ནི་བཤད་པར་འོས་པ་
རྣམས་ཀྱི་མཚན་ཉིད་བསྟན་ཏེ། སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་དུ་ཟིན་གྱིས་དེ་བཞིན་གཤེགས་པའི་རིགས་ཅན་བཤད་པར་འོས་པ་དང་། བྱང་ཆུབ་ཏུ་སེམས་ཀྱང་བསྐྱེད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་སྤྱོད་པའི་བག་ཆགས་ཅན་འོག་ནས་འབྱུང་བ་རྣམས་ལ་བཤད་པར་འོས་པ་སྟེ། དེ་བཞིན་གཤེགས་
པའི་རིགས་ཀྱི་རྟགས་ཡོད་པ་ནི་དབང་པོ་རྣོ་བ། ཤེས་རབ་ཅན་ལེགས་ཉེས་རྟོགས་པ། མི་རྨོངས་པའི་རང་བཞིན་ཅན་མང་དུ་ཐོས་པ། སེམས་གསལ་ཞིང་རྟུལ་ཕོད་པ། དམ་པའི་ཆོས་འདི་ཉན་པར་དགའ་ཞིང་ཐོས་པ་གཞན་མི་ཚོལ་བ་ནི་དེ་བཞིན་གཤེགས་པའི་རིགས་སུ་ངེས་པ་སྟེ། བཤད་

པར་འོས་པའོ། །མདོ་ལས། གང་གིས་སངས་རྒྱས་བྱེ་བ་མང་པོ་མཐོང་། །ཞེས་པ་ནས། དེ་ལ་ཁྱོད་ཀྱིས་དོན་དམ་འདི་སྒྲོགས་ཤིག །ཞེས་པའི་བར་དུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བག་ཆགས་ཅན་ནི་འདི་དག་སྟེ་འདི་ནི་སངས་རྒྱས་མང་པོ་མཐོང་ཞིང་སྦྱིན་པ་རྒྱ་ཆེན་
པོ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་སྟེ། སྦྱིན་པའི་བག་ཆགས་ཅན་དང་སྦྱར་རོ། །མདོ་ལས། གང་རྣམས་བརྩོན་འགྲུས་གང་ལྡན་རྟག་བྱམས་སེམས། །ཞེས་པ་ནས། དེ་དག་ལ་ནི་མདོ་སྡེ་འདི་མངོན་ཤོད། །ཅེས་པའི་བར་དུ་བརྩོན་འགྲུས་དང་བསམ་གཏན་དུ་སྦྱར་རོ། །མདོ་ལས། ཕན་
ཚུན་རྟོག་ཅིང་རིམ་གྲོ་བཅས་པ་ཅན། །ཞེས་པ་ནས། དེ་མདུན་མདོ་སྡེ་བཟང་པོ་འདི་སྨྲོས་ཤིག །ཅེས་པའི་བར་དུ་ནི་ཤེས་རབ་དང་ཚུལ་ཁྲིམས་ཀྱི་བག་ཆགས་རིམ་པ་བཞིན་དུ་སྦྱར་རོ། །མདོ་ལས། རྟག་ཏུ་ཁྲོ་བ་མེད་ཅིང་གང་དྲན་པ། །ཞེས་པ་ནས། དེ་ཡི་མདུན་དུ་མདོ་སྡེ་མཆོག་འདི་སྨྲོས། །
ཞེས་པའི་བར་དུ་ནི་བཟོད་པའི་བག་ཆགས་དང་སྦྱོར་རོ། །མདོ་ལས། གང་དག་འཁོར་གྱི་དབུས་སུ་ཆོས་སྟོན་ཅིང་། །ཞེས་པ་ནས། དེ་ལ་ཁྱོད་ཀྱིས་མདོ་སྡེ་འདི་རབ་སྒྲོགས། །ཞེས་པའི་བར་དུ་ནི་མདོ་སྡེ་འདི་ཚོལ་བ་དང་རིམ་གྲོར་བྱེད་པ་རྣམ་པ་གཉིས་ལ་གཞན་གྱི་བསྟན་པ་ཐམས་ཅད་སྤངས་ཏེ། ཐེག་
པ་ཆེན་པོའི་མདོ་སྡེ་འབའ་ཞིག་ཚོལ