Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 120
Văn bản gốc(Tây Tạng)
Trang 4 / 20 (50.000 ký tự/trang)
ར་བཤད་པ་ནི་སློབ་དཔོན་ཡང་དག་བདེན་པས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བའི་བརྗེད་བྱང་བྱས་པ་ལས་བསྟན་ པ་བཞིན་དུ་བསྟན་པར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ལས་མཚན་ཉིད་རྣམ་པ་བཞིས་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པ་ཡོད་དེ། བསྟན་བཅོས་མདོ་སྡེའི་རྒྱན་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ལ་ཡང་མཚན་ ཉིད་བཞི་བཞི་ཡོད་པར་བསྟན་པ་ལྟ་བུ་སྟེ། དང་པོ་ནི་སྒྲིབ་པའི་གཉེན་པོར་གྱུར་པ་སྟེ། སེར་སྣ་ལ་སོགས་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །གཉིས་པ་ནི་ཤེས་པར་བྱེད་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྷན་ཅིག་འགྲོགས་པའི་ཕྱིར་རོ། །གསུམ་པ་ནི་རེ་བ་ཡོངས་སུ་ རྫོགས་པར་བྱེད་པ་སྟེ། སྦྱིན་པས་སློང་བ་དག་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་པར་བྱེད་པ་ནས། དེ་བཞིན་དུ་ནི་ཤེས་རབ་ཀྱིས་ནི་ཐེ་ཚོམ་ཅན་དག་གིས་ཇི་ལྟར་འདོད་པ་བཞིན་དུ་ཐེ་ཚོམ་གཅོད་པའི་ཕྱིར་རོ། །སྦྱིན་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། སྔར་སྦྱིན་པས་ཡོངས་སུ་བསྡུས་ ནས་དེའི་འོག་ཏུ་ཐེག་པ་གསུམ་པོ་དག་གིས་ཅི་རིགས་པར་སྨིན་པར་བྱེད་པ་ནས། དེ་བཞིན་དུ་སྔར་ཤེས་རབ་ཀྱིས་ཡོངས་སུ་བསྡུས་ནས་དེའི་འོག་ཏུ་ཐེག་པ་གསུམ་གྱིས་ཅི་རིགས་པར་ཡོངས་སུ་སྨིན་པར་བྱེད་པའི་བར་དུའོ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་མཚན་ཉིད་ བཞིས་སྟོན་ཏོ། དེའི་ཕྱིར་དེ་ཉིད་ལས། དེ་ལ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་གང་ཞེ་ན། རྩོལ་བ་ཉིད་ཀྱི་ཕྱིར་དང་། བག་ཆགས་ཀྱི་ཕྱིར་དང་། བདག་ཉིད་ཀྱི་ལུས་ཀྱི་ཕྱིར་དང་། རྒྱུ་མཐུན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །དེ་རུ་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །ཁ་ཅིག་ལས་ནི་མཚན་ ཉིད་རྣམ་པ་ལྔས་བསྟན་པ་ཡང་ཡོད་དེ། མདོ་དེ་ཉིད་དང་། མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། རྣམ་པར་བཤད་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་ བསྒྱུར་བ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །གཞན་ཡང་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་མཚན་ཉིད་ལྔས་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས། ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་གང་ཞེ་ན་འདི་ལྟ་སྟེ། རིགས་ཀྱི་ཕྱིར་དང་། སྨོན་ལམ་གྱི་ཕྱིར་དང་། བསམ་པའི་ ཕྱིར་དང་། དངོས་པོའི་ཕྱིར་དང་། ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་སྟེ། དེ་ཉིད་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །ཁ་ཅིག་ལས་ནི་མཚན་ཉིད་རྣམ་པ་དྲུག་གིས་བསྟན་པ་ཡང་ཡོད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། དྲུག་པོ་འདི་དག་གི་མཚན་ཉིད་ཇི་ལྟར་བལྟ་ ཞེ་ན། དམ་པ་དྲུག་གིས་བལྟ་བར་བྱ་སྟེ་ཞེས་ཇི་སྐད་དུ་བསྟན་པ་ལྟ་བུའོ། །མཚན་ཉིད་རྣམ་པ་དྲུག་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་དང་འདྲ་བའི་ཕྱིར་འདིར་མ་བསྟན་ཏོ། །ཁ་ཅིག་ལས་ནི་མཚན་ཉིད་རྣམ་པ་བདུན་གྱིས་བསྟན་ པ་ཡང་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་མཚན་ཉིད་བདུན་པོ་འདི་དག་ནི་དམ་པ་བདུན་གྱིས་ཡོངས་སུ་སྡུད་པས་གདོད་ཕ་རོལ་ཏུ་ཕྱིན་པ་ཞེས་རྣམ་པར་གཞག་པ་ཡིན་ཏེ། དེ་ལ་གནས་པ་དམ་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་རིགས་ ལ་གནས་པ་གང་ཡིན་པའོ། །རྟེན་དམ་པ་ནི་འདི་ལྟ་སྟེ། བྱང་ཆུབ་ཆེན་པོའི་སེམས་ལ་བརྟེན་པ་གང་ཡིན་པའོ། །བསམ་པ་དམ་པ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་གང་ཡིན་པའོ། །ཆེད་དུ་བྱ་བ་དམ་པ་ནི་འདི་ལྟ་སྟེ། བྱ་བ་ཐམས་ཅད་ཕུན་སུམ་ཚོགས་ པར་སྤྱོད་པ་གང་ཡིན་པའོ། །ཐབས་ལ་མཁས་པ་དམ་པ་ནི་འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་གང་ཡིན་པའོ། །ཡོངས་སུ་བསྔོ་བ་དམ་པ་ནི་འདི་ལྟ་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་གང་ཡིན་པའོ། །རྣམ་པར་དག་པ་དམ་པ་ནི་འདི་ལྟ་སྟེ། སྒྲིབ་པ་གཉིས་དང་ འདྲེས་པར་མ་གྱུར་པ་གང་ཡིན་པའོ། །བདུན་པོ་དེ་དག་གིས་ཡོངས་སུ་མ་བསྡུས་པའི་སྦྱིན་པ་ལ་སོགས་པ་ནི། ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །ཁ་ཅིག་ལས་མཚན་ཉིད་རྣམ་པ་བརྒྱད་ཀྱིས་བསྟན་པ་ཡོད་དེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་བཤད་པ་ལྟ་བུའོ། ། མཚན་ཉིད་རྣམ་པ་བཅུ་གཉིས་ཀྱིས་བསྟན་པ་ཡང་ཡོད་དེ། བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་དང་མི་མཐུན་པའི་དངོས་པོ་གང་ལགས་ཞེས་བྱ་བ་ འདི་མན་ཆད་ནི་བཞི་པ་གཞན་དག་གིས་རྒོལ་བའི་རྗེས་སུ་བཟླས་ཏེ་བཤད་པ་ཞེས་བྱ་བའམ། ཡང་ན་ཞུས་པ་དང་། ལན་དག་གིས་རྒྱ་ཆེར་བཤད་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་རྣམས་རྣམ་ པར་འབྱེད་པ་དང་། ཞུས་པ་དང་ལན་དག་གིས་རྣམ་པར་སྨིན་པའི་འབྲས་བུ་རྣམ་པར་འབྱེད་པ་དང་། ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དང་འདྲེས་པའི་ཆོས་རྣམ་པར་འབྱེད་པ་དང་། གང་དུ་བསྟན་པའི་ཐབས་མ་ཡིན་པའི་སྤྱོད་པ་བསྟན་པ་སྟེ། མདོར་བསྡུས་པའི་ཕྱིར་རྣམ་པར་ རྟོག་པ་མེད་པ་དང་། ཡང་དག་པར་ཡོངས་སུ་བསྔོ་བ་ནི་མ་བསྟན་ཏེ། ཁོང་དུ་ཆུད་པར་སླ་བའི་ཕྱིར་རོ། །འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པའོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་ པའི་དངོས་པོ་ཞུས་པའོ། །རིགས་ཀྱི་བུ་དངོས་པོ་དེ་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་ བཤད་པ་སྟེ། འདི་ནི་དང་པོ་མི་མཐུན་པའི་དངོས་པོ་དྲུག་མདོར་བསྟན་པའོ། །འདོད་པའི་དགའ་བ་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། འདོད་པའི་བསོད་ནམས་ལས་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་ བཤད་པ་སྟོན་ཏོ། །འདི་ཡང་མཐུན་པའི་དངོས་པོ་རྣམ་པ་དྲུག་བསྟན་པ་ཉིད་ཀྱིས་རྣམ་པ་དྲུག་ཏུ་དབྱེ་བར་བྱའོ། །མི་མཐུན་པའི་དངོས་པོ་དེ་ཡང་རྣམ་པ་གཉིས་ཏེ། དང་པོའི་བྱེ་བྲག་གིས་མི་མཐུན་པའི་སྒྲིབ་པ་སྟེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ མཛད་པ་ལས་ཇི་སྐད་དུ། མི་མཐུན་པའི་ཀུན་ནས་ཉོན་མོངས་པ་ནི་འདི་ལྟ་སྟེ། སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། ཁྲོ་བ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་པོ་ཞེས་བསྟན་པ་ལྟ་བུའོ། །གཉིས་པ་སྤྱི་དང་བྱེ་བྲག་བསྡུས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ལོངས་སྤྱོད་ལ་སོགས་པ་ལ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་བྱེ་བྲག་གི་སྒྲིབ་པའོ། །རེ་རེ་ལ་ཡང་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་གང་ཡིན་པ་དེ་ནི། སྤྱིའི་སྒྲིབ་པ་ཡིན་ནོ། །མདོ་འདི་ལས་ཀྱང་སྤྱི་དང་བྱེ་བྲག་གི་སྒྲིབ་པ་སྟོན་པ་དང་། མཛད་པས་འདི་ནི་དང་པོ་སྦྱིན་པ་དང་མི་མཐུན་པའི་དངོས་ པོ་བསྟན་པའོ། །དེ་འདོད་པའི་དགའ་བ་ཞེས་བྱ་བ་ལ་སོགས་པ་ལ་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་འདོད་པའི་དགའ་བ་ཞེས་བྱ་བ་ནི་འདོད་པའི་དགའ་བའི་མིང་གི་རྣམ་གྲངས་སོ། །ལོངས་སྤྱོད་ལ་དབང་ཕྱུག་ཅེས་བྱ་བ་ནི་དགའ་བར་བྱ་བའི་ཡུལ་ལོ། །འདོད་ པའི་བསོད་ནམས་ལ་ཞེས་བྱ་བ་ནི་གོང་མའི་ཡུལ་གསུམ་པོ་དག་གི་དགའ་བ་ལའོ་ཞེས་བྱའོ། །ཁ་ཅིག་ན་རེ། འདོད་པའི་དགའ་བ་ཞེས་བྱ་བ་ནི་འདོད་པ་ལ་དགའ་བའི་དོན་ཏེ། འདོད་པའི་བདག་ཉིད་དོ། །དེ་ལ་འདོད་པ་ལ་ལྔ་སྟེ། ཡུལ་ལྔ་པོ་དག་གོ། །ལོངས་སྤྱོད་ཅེས་བྱ་བ་ནི་ནོར་བུ་རིན་པོ་ཆེ་ལ་ སོགས་པ་མང་དུ་བདོག་པའོ། །དབང་ཕྱུག་ཅེས་བྱ་བ་ནི་གོང་མའི་དངོས་པོ་གཉིས་ལ་ལོངས་སྤྱོད་པའི་དབང་ཐོབ་པའོ། །འདོད་པའི་བསོད་ནམས་ཞེས་བྱ་བ་ནི། འདོད་པ་ལ་དགའ་བའི་ཡུལ་བསྟན་པའོ། །འདོད་པའི་དགའ་བ་དང་། ལོངས་སྤྱོད་དང་། ཡིད་བདེ་བ་ལ་དབང་བ་འདོད་པའི་ དགའ་བ་རྣམ་པ་གསུམ་ནི་འདོད་པའི་བསོད་ནམས་ཞེས་བྱ་སྟེ། འདོད་པའི་དགའ་བ་རྣམ་པ་གསུམ་པོ་དེ་དག་ལ་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བའོ། །དེ་ནི་འདི་སྐད་དུ། འདོད་པའི་དགའ་བ་རྣམ་པ་གསུམ་པོ་དག་ལ་དགའ་ཞིང་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་གང་ཡིན་པ་དེས་ནི་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ལ་སྒྲིབ་པར་བྱེད་དོ་ཞེས་བསྟན་པར་འགྱུར་རོ་ཞེའོ། །ཁ་ཅིག་ན་རེ་འདོད་པའི་དགའ་བ་ཞེས་བྱ་བ་ནི་འདོད་པའི་དགའ་བའི་ཚོར་བའོ། །གཞན་ནི་སྔ་མ་བཞིན་ནོ་ཞེའོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། འདོད་པ་ལ་དགའ་བ་དང་། ལོངས་སྤྱོད་དང་། དབང་ ཕྱུག་ཅེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། འདོད་པ་ལྔའི་ལོངས་སྤྱོད་ལ་དབང་བ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། ཕ་རོལ་ཏུ་ཕྱིན་པ་ལ་སྒྲིབ་པ་རྣམ་པ་དྲུག་ཡོད་དེ། དང་པོའི་སྒྲིབ་པ་ནི་འདོད་པའི་ཡུལ་ ལ་དགའ་བ་དང་། ལོངས་སྤྱོད་དང་བདག་ཉིད་ཀྱི་བསོད་ནམས་ལ་ཡོན་ཏན་ཁྱད་པར་དུ་འཕགས་པར་ལྟ་བ་སྟེ། སྦྱིན་པས་ནི་རབ་ཏུ་སེལ་བར་བྱེད་དོ་ཞེས་འབྱུང་ངོ་། །ལུས་དང་། ངག་དང་། ཡིད་འདོད་དགུར་ཀུན་ཏུ་སྤྱོད་པ་དག་ལ་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ནི་གཉིས་པ་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པའོ། །ཇི་ལྟར་འདོད་པ་བཞིན་དུ་སྲོག་གཅོད་པ་ལ་སོགས་པའི་ལས་རྣམས་ལ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་སྟེ། དཔེར་ན་ལུག་བསད་ན་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་ཟེར་བ་ལ་སོགས་པ་ལྟ་བུ་སྟེ། ཐེག་པ་ཆེན་པོ་ བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། གཉིས་པ་སྒྲིབ་པའི་ཐེ་ཚོམ་དང་བཅས་པའི་སེམས་ཀྱིས་ལུས་དང་། ངག་དང་། ཡིད་ཀྱི་ལས་སློང་བ་སྟེ། ཚུལ་ཁྲིམས་ཀྱིས་འདི་རབ་ཏུ་སེལ་བར་འགྱུར་རོ་ཞེས་འབྱུང་སྟེ། གཞན་གྱིས་བརྙས་པ་མི་བཟོད་པ་དག་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ ཞེས་བྱ་བ་ནི་གསུམ་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་ཏེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། གསུམ་པའི་སྒྲིབ་པ་ནི་བརྙས་པ་དང་། སྨོད་པ་དང་། གྲང་བ་དང་། ཚ་བ་ལ་སོགས་པའི་སྡུག་ བསྔལ་ལ་ཇི་མི་ནུས་པ་སྟེ། བཟོད་པས་རབ་ཏུ་སེལ་བར་བྱེད་དོ་ཞེས་བཤད་དོ། །ནན་ཏན་གྱིས་མི་བརྩོན་པས་འདོད་པ་ལ་དགའ་བ་ལ་མངོན་པར་ཞེན་པ་དག་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ནི་བཞི་པ་བརྩོན་འགྲུས་དང་མི་མཐུན་པའི་དངོས་པོ་བསྟན་པ་སྟེ། ལེ་ལོ་དང་། བག་མེད་པ་ལ་སོགས་ པ་ལ་ཡོན་ཏན་དུ་ལྟ་བ་གང་ཡིན་པའོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། བཞི་པའི་སྒྲིབ་པ་ནི་ནན་ཏན་དུ་སྒྲིབ་པར་བྱེད་པ་ལས་བདེ་བ་ཉིད་དུ་འཛིན་ཅིང་། མ་ཐོབ་པར་ཐོབ་བོ་སྙམ་དུ་སེམས་པས་ཡོན་ཏན་དུ་ལྟ་བ་སྟེ། བརྩོན་འགྲུས་ཀྱིས་འདི་སེལ་བར་བྱེད་དོ་ ཞེས་བཤད་དོ། །འདུ་འཛི་ལ་གནས་ཤིང་འཇིག་རྟེན་གྱི་སྣ་ཚོགས་དང་། རྣམ་པར་གཡེང་བ་དག་ལ་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་ཞེས་བྱ་བ་ནི་ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པ་སྟེ། འདི་ལྟར་རྣམ་པར་གཡེང་བ་རྣམ་པ་ལྔ་པོ་དག་ལའམ། རྣམ་ པར་གཡེང་བ་རྣམ་པ་དྲུག་པོ་དག་ལ་ཡོན་ཏན་ཁྱད་པར་དུ་འཕགས་པར་ལྟ་བ་ལའོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་འཇིག་རྟེན་གྱི་འདུ་འཛི་མང་པོ་དངོས་པོ་ལ་བརྟེན་པ་ཞེས་འབྱུང་སྟེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །ཐེག་པ་ ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། ལྔ་པ་སྒྲིབ་པ་ནི་འདྲེ་བར་གནས་པར་མོས་པ་ལས། འཇིག་རྟེན་པའི་ཡ་མཚན་གྱི་དངོས་པོ་དང་། རྣམ་པར་གཡེང་བའི་རྒྱུ་དང་། རྐྱེན་དག་ལ་ཡོན་ཏན་ཉིད་དུ་ལྟ་བ་སྟེ། བསམ་གཏན་གྱིས་འདི་རབ་ཏུ་ སེལ་བར་བྱེད་དོ་ཞེས་འབྱུང་ངོ་། །མཐོང་བ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་ཀྱི་སྤྱོད་པ་དག་ལ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ནི་དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དགོངས་ པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ལྔ་པ་ནི་འཇིག་རྟེན་པའི་འདུ་འཛི་མང་པོའི་དངོས་པོ་བསྟན་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་རྣམ་པར་རིག་པའོ། །དྲུག་པ་ནི་འཇིག་རྟེན་པའི་སྤྲོས་པ་དག་ལ་བསོད་ནམས་བྱས་པ་བཞིན་དུ་ མཐོང་བ་ཞེས་བྱ་བ་ནི་ལོ་ཙཱ་བ་དག་གིས་ནོར་ཏེ། མཐོང་བ་དང་ཐོས་པ་ལ་སོགས་པས་དངོས་པོ་ནི་དྲུག་པས་རྟོགས་པའི་ཕྱིར་རོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་ལྟ་བར་སོང་བ་དང་། འཆལ་བའི་ཤེས་རབ་ཐམས་ཅད་སེལ་བ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་ པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། དྲུག་པའི་སྒྲིབ་པ་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དག་ལ་ཡང་དག་པ་ཉིད་དུ་འཛིན་པ་དང་། འཇིག་རྟེན་གྱི་སྤྲོས་པ་དག་ལ་སེམས་ཀྱིས་བརྩོན་པར་བྱེད་པ་དང་། དོན་མ་ངེས་པའི་དོན་གྱིས་མདོ་དག་ལས། སྒྲ་ཇི་ བཞིན་དུ་དོན་དུ་འཛིན་པ་སྟེ། ཤེས་རབ་ཀྱིས་འདི་རབ་ཏུ་སེལ་བར་བྱེད་དོ་ཞེས་བཤད་དོ། །རྒྱ་ཆེར་ནི་སློབ་དཔོན་ཡང་དག་བདེན་པས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པར་བཤད་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་གང་ ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་རྣམ་པར་སྨིན་པ་འབྲས་བུ་རྣམ་པར་འབྱེད་པའོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སོ་སོའི་རྣམ་པར་སྨིན་པའི་འབྲས་བུ་ཇི་ལྟ་བ་ ཞིག་ལགས་ཞེས་ཞུས་པའོ། །རིགས་ཀྱི་བུ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་བཤད་པ་སྟེ་ འདི་ནི་དང་པོའོ། །སྒྲུབ་པའི་རྒྱུ་རྣམ་པ་དྲུག་ཡོད་པའི་བྱེ་བྲག་གིས་མངོན་པར་སྒྲུབ་པའི་རྣམ་པར་སྨིན་པའི་འབྲས་བུ་ཡང་རྣམ་པ་དྲུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ལོངས་སྤྱོད་ཆེན་པོ་ཉིད་དང་། བདེ་འགྲོར་སྐྱེ་བ་དང་། ཁོན་མེད་ཅིང་དབྱེན་མེད་ལ་བདེ་བ་དང་ཡིད་བདེ་བ་མང་བ་དང་། སེམས་ཅན་གྱི་ བདག་པོ་བྱེད་པ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེ་བར་གྲགས་པའོ་ཞེས་བྱ་བ་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་བསྟན་པ་སྟེ། གོ་རིམས་བཞིན་དུ་སྦྱིན་པའི་སྟོབས་ཀྱིས་ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་བསྲུང་བའི་ཕྱིར་དེ་བདེ་འགྲོར་སྐྱེ་བ་ པ་དང་། བཟོད་པ་བསྒོམས་པའི་ཕྱིར་ཁོན་མེད་ཅིང་དབྱེན་མེད་ལ། བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་བ་དང་། བརྩོན་འགྲུས་བརྩམས་པའི་ཕྱིར་མང་པོ་ཀུན་གྱིས་བསྐོར་བས་སེམས་ཅན་གྱི་བདག་པོ་བྱེད་པར་འགྱུར་བ་དང་། བསམ་གཏན་གྱིས་ཉོན་མོངས་པ་རབ་ཏུ་བསལ་བའི་ལུས་ ལ་གནོད་པ་མེད་པ་ཐོབ་པར་འགྱུར་བ་དང་། ཤེས་རབ་ཀྱིས་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་པས་དབང་ཆེ་བར་གྲགས་པའོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས། ལོངས་སྤྱོད་ཆེན་པོ་དང་། བདེ་འགྲོར་འགྲོ་བ་དང་། ཁོན་མེད་པ་གསུམ་ནི་མདོ་འདི་ལས་གསུངས་པ་དང་ མཐུན་ནོ། །བཞི་པ་ནི་འཕེལ་བ་མེད་པའོ། །ལྔ་པ་ནི་བདེ་བ་མང་ཞིང་སེམས་ཅན་གྱི་བདག་པོ་བྱེད་པའོ། །དྲུག་པ་ནི་རང་གི་ལུས་ལ་གནོད་པ་བྱེད་པ་མེད་ཅིང་ལས་སུ་རུང་བ་ཆེན་པོ་དང་ལྡན་པའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བསོད་ནམས་ཅན་ གྱི་ལོངས་སྤྱོད་ཐོབ་པའི་ཕྱིར་དང་། བདེ་འགྲོར་འགྲོ་བའི་ཕྱིར་དང་། ཁོན་མེད་པའི་ཕྱིར་དང་། དབྱེན་མེད་ཅིང་བདེ་བ་མེད་པའི་ཕྱིར་དང་། རྟག་པར་སེམས་ཅན་གྱི་བདག་པོ་བྱེད་པའི་ཕྱིར་བདག་ཉིད་ཀྱི་ལུས་ལ་གནོད་པ་མེད་པའི་ཕྱིར་དང་། མཐུ་ཆེན་པོའི་ཕྱིར་རོ་ཞེས་འབྱུང་སྟེ། མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི་གོ་རིམས་ནོར་བ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་འབྲས་བུ་བདུན་བསྟན་པ་དང་། མི་གསལ་བར་འགྱུར་བ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་ ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སོ་སོ་ནས་འབྲས་བུ་ལྔ་ལྔ་ཐོབ་པར་སྟོན་ཏོ། །མདོ་འདི་ལས་ནི་འབྲས་བུ་རེ་རེ་ཐོབ་པར་བསྟན་ཏེ། དེའི་ཕྱིར་བསྟན་བཅོས་ལ་ཕན་ཡོན་ནི་རྣམ་པ་ལྔའི་སྐབས་སུ་དཔག་ཏུ་མེད་པའི་བསྔགས་པ་བརྗོད་པ་གང་ཡིན་པ་དེ་ནི་ཕན་ཡོན་ཞེས་བྱའོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དེ་དག་གི་མི་ མཐུན་པའི་ཕྱོགས་སྤངས་པ་ནི་བྲལ་བའི་འབྲས་བུའོ། །མཐོང་བའི་ཆོས་ལ་སྦྱིན་པ་ལ་སོགས་པས་བདག་དང་གཞན་རྗེས་སུ་འཛིན་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །ཕྱི་མ་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་མཆོག་དམ་པ་འབྱུང་བ་ནི་རྒྱུ་མཐུན་པའི་འབྲས་བུའོ། །བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་ བ་ནི་དབང་གི་འབྲས་བུའོ། །ལོངས་སྤྱོད་ཆེན་པོ་དང་། བདེ་འགྲོར་འགྲོ་བ་དང་། ཁོ་ན་མེད་པ་དང་། དབྱེན་མེད་པ་དང་། བདེ་བ་དང་། ཡིད་བདེ་བ་མང་བ་དང་། སེམས་ཅན་ལ་དབང་བ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེ་བར་གྲགས་པ་ནི་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུར་རིག་པར་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཟག་པ་དང་བཅས་པ་ནི་རྣམ་པ་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་པས་སོ། །ཟག་པ་མེད་པ་ལ་ཡང་རྣམ་པ་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་ པས་སོ། །གང་འབྲས་བུ་ལྔ་ཚང་བར་བསྟན་པ་དེ་ནི་ཕན་ཚུན་གཅིག་གིས་གཅིག་ལ་ཕན་འདོགས་པ་འམ། གཉི་ག་བསྡུས་པའི་བསྟན་པ་ཡིན་ནོ་ཞེས་འབྱུང་སྟེ། འདི་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་དེ་དག་བརྡ་སྤྲོད་པ་ཡིན་ནོ།། །།བམ་པོ་དྲུག་ཅུ་གཅིག་པ། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དང་འདྲེས་པའི་ཀུན་ནས་ཉོན་མོངས་པའི་ཆོས་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཞུས་པ་དང་། ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དང་འདྲེས་པའི་ཆོས་རྣམ་པར་འབྱེད་པ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་ དང་པོ་གོང་དུ་ཁ་ན་མ་ཐོ་བ་མེད་པ་བསྟན་པའི་སྐབས་སུ་ཀུན་ནས་ཉོན་མོངས་པ་དང་མ་འདྲེས་པ་ཞེས་གསུངས་པ་དེ་ཞུ་བའོ། །རིགས་ཀྱི་བུ་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་ པ་གསུམ་སྟེ། གྲངས་སྨོས་ནས་ལན་མདོར་གསུངས་པ་དང་། རྣམ་པར་ཕྱེ་སྟེ་བསྟན་པ་དང་། གཞན་དག་གིས་རྒོལ་བའི་རྗེས་སུ་བཟླས་ཏེ་བསྟན་པ་སྟེ། འདི་ནི་དང་པོ་གྲངས་སྨོས་ནས་ལན་མདོར་གསུངས་པའོ། །སྙིང་རྗེ་མེད་པའི་སྦྱོར་བའི་ཕྱིར་དང་། ཚུལ་བཞིན་མ་ཡིན་པའི་སྦྱོར་བའི་ཕྱིར་དང་། རྟག་ ཏུ་མི་བྱེད་པའི་སྦྱོར་བའི་ཕྱིར་དང་། མ་གུས་པའི་སྦྱོར་བའི་ཕྱིར་དང་ཞེས་བྱ་བ་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ལྟར་བསྒོམ་པ་རྣམ་པ་བཞི་ལ་སྒྲིབ་པའི་ཕྱིར་རྣམ་པ་བཞི་ཞེས་གསུངས་པ་ཡིན་ཏེ། དེ་ལ་བསྒོམ་པ་རྣམ་པ་བཞི་ནི། མཛོད་ཀྱི་བསྟན་བཅོས་ལས་ཇི་སྐད་དུ། བསྒོམ་པ་ནི་རྣམ་པ་བཞི་ཡོད་དེ། དང་པོ་ལུས་པ་མེད་པར་བསྒོམ་པ་ནི་བསོད་ནམས་དང་། ཡེ་ཤེས་རྣམ་པ་གཉིས་ཀྱི་ཚོགས་ལུས་པ་མེད་པར་བསྒོམ་པའི་ཕྱིར་རོ། །གཉིས་པ་ཡུན་རིང་པོར་བསྒོམ་པ་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་སྒོམ་པར་བྱེད་ཀྱང་ངལ་བ་མེད་པའི་ཕྱིར་རོ། །གསུམ་པ་རྒྱུན་ ཆད་པ་མེད་པར་བསྒོམ་པ་ནི་ནན་ཏན་བརྩོན་འགྲུས་ཀྱིས་སྐད་ཅིག་གཅིག་ལ་བསྒོམ་ཞིང་ཡོངས་སུ་སྐྱོ་བ་མེད་པའི་ཕྱིར་རོ། །བཞི་པ་གུས་པར་བསྒོམ་པ་ནི་བསླབ་པར་བྱ་བ་དག་ལ་གུས་པ་དང་། ང་རྒྱལ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ལྟ་བུ་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་བཤད་དོ། ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི། བསྒོམ་པ་རྣམ་པ་ལྔ་ཞེས་བཤད་དེ་དེའི་ཕྱིར་དེ་ཉིད་ལས། དང་པོ་སེམས་བསྐྱེད་པ་དང་། ཡུན་རིང་པོ་དང་། རྒྱུན་ཆད་པ་མེད་པ་དང་། གུས་པ་མེད་པ་དང་། ལུས་པ་མེད་པར་བསྒོམ་པའི་ཕྱིར་རོ་ཞེས་འབྱུང་བ་ཡིན་ཏེ། རྣམ་པར་བཤད་པ་ནི་མེད་དོ། ། འདིར་ནི་དང་པོ་སེམས་བསྐྱེད་པ་བཀོལ་བའི་ཕྱིར་རྣམ་པ་བཞིར་གསུངས་པ་ཡིན་ནོ། །དེ་ལ་སྙིང་རྗེ་མེད་པའི་སྦྱོར་བས་ནི་ཡུན་རིང་པོར་བསྒོམ་པ་ལ་སྒྲིབ་པར་བྱེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བསྒྲུབ་པར་ནུས་པ་ཡང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཡིན་གྱི། སྙིང་རྗེའི་སྟོབས་མེད་པའི་ཕྱིར་ཡུན་རིང་པོ་བས་ནི་མ་ཡིན་པས་སོ། །དེ་ལ་ཚུལ་བཞིན་མ་ཡིན་པའི་སྦྱོར་བས་ནི་ལུས་མེད་པར་བསྒོམ་པ་ལ་སྒྲིབ་པར་བྱེད་དོ། །སྤྱོད་པ་གཅིག་བསྒྲུབ་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྤྱོད་པ་ཁྱད་པར་བསྒོམ་མི་ནུས་པའི་ཕྱིར་རོ། །རྟག་ཏུ་མི་བྱེད་པའི་སྦྱོར་ བས་ནི་རྒྱུན་ཆད་པ་མེད་པར་བསྒོམ་པ་ལ་སྒྲིབ་པར་བྱེད་དེ་དེ་ལ་རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུ་བྱ་བ་ལ་བྱའོ། །འདི་ལྟར་ལེ་ལོའི་དབང་གིས་རྒྱུན་ཆད་པ་མེད་པར་རྒྱུན་དུ་སྤྱོད་པ་རྣམས་བསྒྲུབ་པར་མི་ནུས་པས་སོ། །མ་གུས་པས་ནི་གུས་པར་བསྒོམ་པ་ལ་སྒྲིབ་པར་བྱེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་ རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ལ་སྤྱོད་པ་ན་སྤྱོད་པ་རེ་རེ་ལ་གུས་པ་བསྐྱེད་ནས་སྦྱིན་པ་ལ་སོགས་པ་སྤྱོད་པས་སོ། །རྣམ་པ་བཞི་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའི་ཚེ་འདྲེན་མར་འབྱུང་བས་འདྲེས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །དེ་ལ་ཚུལ་བཞིན་མ་ཡིན་པའི་སྦྱོར་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་གཞན་བསྒོམ་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་གཞན་ཡོངས་སུ་སྤོང་ཞིང་ཉམས་པ་གང་ཡིན་པའོ་ཞེས་བྱ་བ་ནི་གསུམ་པ་རྒོལ་བའི་རྗེས་སུ་བཟླས་ཏེ་བསྟན་པ་སྟོན་ཏོ། །འདི་ཡང་གང་གི་ཚུལ་བཞིན་མ་ཡིན་པ་ཞེས་གསུངས་པས་ཀྱང་ཉེས་པ་བསྡུས་པ་ཡིན་མོད་ཀྱི། ཡང་དག་པའི་ རིགས་པ་དང་ཡང་འགལ་བས་འདིར་མདོ་འདི་ལས་རྣལ་འབྱོར་པས་འགལ་ཏེ། ཕ་རོལ་ཏུ་ཕྱིན་པ་གཅིག་ཁོ་ན་ལས་སྤྱོད་པར་འགྱུར་ན་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ཀྱི་སྤྱོད་པ་ཡོངས་སུ་སྤོང་བར་འགྱུར་བས་ཚུལ་བཞིན་མ་ཡིན་པ་ཞེས་བྱ་སྟེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ ལས། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་ན་གལ་ཏེ་སྤྱོད་པ་གཞན་དང་བྲལ་བར་གྱུར་ན་ཚུལ་བཞིན་མ་ཡིན་པ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཐམས་ཅད་མ་ལགས་པའི་སྤྱོད་པ་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཞུས་པ་དང་། ལན་དག་གིས་གོང་དུ་བསྟན་པའི་ ཐབས་མ་ཡིན་པའི་སྤྱོད་པ་རྣམ་པར་འབྱེད་པ་སྟོན་ཏོ། །འདི་ཡང་རྣམ་པ་དྲུག་སྟེ། ཞུ་བ་གསོལ་བ་དང་། ལན་གསུངས་པ་དང་། བརྟག་པ་དང་། རྣམ་པར་བཤད་པ་དང་། དཔེས་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་བ་སྟེ། འདི་ནི་དང་པོ་གོང་དུ་བསྟན་པའི་ཐབས་མ་ཡིན་པའི་སྤྱོད་པ་ཞུས་པའོ། ། རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དག་གིས་སེམས་ཅན་ལ་ཕན་འདོགས་པ་ན་ཟང་ཟིང་གི་བསྡུ་བས་ཕན་འདོགས་པ་ཉེ་བར་བསྒྲུབ་པ་ཙམ་གྱིས་ཆོག་པར་འཛིན་ཅིང་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་འཇོག་པར་མི་བྱེད་པ་གང་ཡིན་པ་དེ་ནི་ཐབས་ཡིན་ པའི་སྤྱོད་པ་ཞེས་བྱ་བ་ནི་གཉིས་པ་ཡང་དག་པར་ལན་དུ་གསུངས་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་དངོས་པོ་བཞི་ལས། ཟང་ཟིང་གི་བསྡུ་བ་ཁོ་ནས་ཕན་འདོགས་པས་ཆོག་པར་འཛིན་ཅིང་། གཞན་དག་མི་དགེ་བའི་གནས་ནས་སློང་བར་མི་བྱེད་པ་གང་ཡིན་པ་འདི་ནི་ཐབས་ མ་ཡིན་པའི་སྤྱོད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཐབས་མ་ཡིན་པའི་སྤྱོད་པར་གྱུར་པའི་གཏན་ཚིགས་བརྟག་པ་སྟེ། ཟང་ཟིང་བཏང་བས་ཀྱང་ཕ་རོལ་དགའ་བར་འགྱུར་བས་ཕན་འདོགས་པ་ཡིན་ན། དོན་གང་གི་ཕྱིར་ཐབས་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། ། རིགས་ཀྱི་བུ་སེམས་ཅན་ལ་དངོས་པོ་དེ་ཙམ་ཞིག་བྱས་པས་ཡང་དག་པར་ཕན་བཏགས་པ་ཞེས་བྱ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་བཞི་པ་དེ་བཞིན་གཤེགས་པས་ཡང་དག་པར་རྣམ་པར་བཤད་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ཟང་ཟིང་གིས་བསྡུས་ནས་འཇིག་ རྟེན་པ་འདི་དགའ་བ་ཙམ་བྱས་པ་ཡང་ཕན་བཏགས་པ་ཞེས་བྱ་བ་མ་ཡིན་གྱི། ཆོས་ཀྱི་སྦྱིན་པ་བཏང་ནས། སེམས་ཅན་རྣམས་མི་དགེ་བའི་གནས་ནས་བསླང་བ་གང་ཡིན་པ་དེ་ནི་གདོད་ཕན་བཏགས་པ་ཞེས་བྱ་བས་སོ། །དཔེར་ན་མི་གཙང་བ་ནི་ཆེ་ཡང་རུང་ཆུང་ཡང་རུང་རྣམ་གྲངས་གང་ གིས་ཀྱང་དྲི་ཞིམ་པོར་བྱ་བར་མི་ནུས་སོ་ཞེས་བྱ་བ་ནི་ལྔ་པ་དཔེས་ཉེ་བར་མཚོན་པ་སྟེ། དཔེར་ན་འཇིག་རྟེན་ན་མི་གཙང་བ་ནི་ཆེ་ཡང་རུང་ཆུང་ཡང་རུང་ནམས་ཀྱང་དྲི་ཞིམ་པོའི་དངོས་པོར་མི་འགྱུར་བ་བཞིན་ནོ། །དེ་ལ་མི་གཙང་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་དཔེར་བསྟན་པའོ། །དྲི་ཞིམ་པོ་ནི་མྱ་ ངན་ལས་འདས་པའི་དཔེར་བསྟན་པའོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་ཕྱིར། དེའི་ངོ་བོ་ཉིད་ཀྱང་སྡུག་བསྔལ་ཡིན་པས་ཐབས་མེད་པ་གང་གིས་ཟང་ཟིང་ཁོ་ནས་རེ་ཞིག་ཙམ་དུ་ཕན་བཏགས་ཀྱང་བདེ་བ་ཉེ་བར་བསྒྲུབ་པར་མི་ནུས་ཀྱི། དགེ་བ་འབའ་ཞིག་ལ་འཇོག་ པ་གང་ཡིན་པ་དེ་ནི་གདོད་ཕན་འདོགས་པའི་མཆོག་ཅེས་བྱ་བའི་མིང་འཐོབ་བོ་ཞེས་བྱ་བ་ནི་དྲུག་པ་དཔེ་དང་དོན་སྦྱོར་བ་སྟེ། འདི་ལྟར་སེམས་ཅན་རྣམས་འདུ་བྱེད་སྡུག་བསྔལ་ཉིད་ཀྱི་ཕྱིར། དེའི་ངོ་བོ་ཉིད་ཀྱང་སྡུག་བསྔལ་ཡིན་པས། ནོར་དང་། ཟས་དང་། སྐོམ་ཙམ་གྱིས་ཕན་བཏགས་པས་ བདེ་བ་ཉིད་དུ་མི་འགྱུར་གྱི་བྱང་ཆུབ་ཀྱི་མྱ་ངན་ལས་འདས་པ་དགེ་བའི་ཆོས་གྱ་ནོམ་པ་ལ་འཇོག་པ་གང་ཡིན་པ་དེ་འབའ་ཞིག་ནི་ཕན་འདོགས་པའི་མཆོག་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པ་དུ་མཆིས་པ་ལགས་ཞེས་བྱ་བ་ནི་འདི་མན་ཆད་ནི་དགུ་པ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་གྲངས་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་པོ་ཞུ་བ་གསོལ་པ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ ལ་རྣམ་པར་དག་པའི་ཕྱིར་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ང་ནི་ནམས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་གོང་དུ་བསྟན་པ་བཞི་མཚན་ཉིད་ལྔ་པོ་མ་གཏོགས་པར་རྣམ་པར་དག་པ་གཞན་ཡོད་པར་མི་སྨྲ་མོད་ཀྱི་ ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྔ་མ་ལྔ་ལས་རྣམ་པར་དག་པ་གུད་ན་མེད་པར་བསྟན་པ་དང་། ལྔ་པོ་དག་ལ་བརྟེན་ནས་བསྡུས་པ་དང་། སོ་སོ་བ་བདུན་གྱི་མཚན་བསྟན་པ་སྟེ། འདི་ནི་དང་པོའོ། ། འདི་ལྟར་ང་ནི་གོང་དུ་ཆགས་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནས་ཡང་དག་པར་ཡོངས་སུ་བསྔོ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་བར་གྱི་མཚན་ཉིད་ལྔ་པོ་དག་མ་གཏོགས་པར་གུད་ན་རྣམ་པར་དག་པའི་མཚན་ཉིད་ཡོད་པར་མི་གསུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཀྱང་ཡང་དངོས་པོ་དེ་དག་གིས་བསྡུས་ པ་དང་། སོ་སོ་བ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ནི་རྣམ་པར་དག་པའི་མཚན་ཉིད་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ལྔའི་མཚན་ཉིད་སྔ་མ་ལ་བརྟེན་ནས་བསྡུས་པ་དང་། སོ་སོ་བ་བདུན་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། སྔ་མའི་མཚན་ཉིད་རྣམ་པ་ ལྔ་ལ་བརྟེན་ནས་བསྡུས་པ་དང་། སོ་སོ་བ་བདུན་གྱི་ལན་མདོར་གསུངས་པ་དང་། གོ་རིམས་བཞིན་དུ་བསྡུས་པ་སོ་སོ་བ་བདུན་མཚན་ཉིད་བསྟན་པ་སྟེ། འདི་ནི་དང་པོའོ། །དེ་ལ་དངོས་པོ་དེ་དག་གི་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་དངོས་པོ་དེ་དག་ཅེས་བྱ་བར་བསྟན་ཏེ། འདི་ལྟར་ ཕ་རོལ་ཏུ་ཕྱིན་པ་དེ་དག་རེ་རེ་དག་ལ་ཡང་སོ་སོ་ནས་བསྡུས་པ་དང་། སོ་སོ་བ་རྣམ་པ་བདུན་ཡོད་པས་སོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་མཚན་ཉིད་བསྡུས་པ་ཡང་རྣམ་པ་བདུན་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་ པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བསྡུས་པའི་མཚན་ཉིད་བདུན་བསྟན་པ་དང་། སོ་སོའི་མཚན་ཉིད་བདུན་བསྟན་པའོ། །དང་པོ་ལ་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། ཞུས་པ་དང་། ལན་དག་གིས་རྣམ་པར་ཕྱེ་ནས་བསྟན་པ་སྟེ། འདི་ནི་དང་པོ་མཚན་ཉིད་རྣམ་པ་ བདུན་སྨོས་པའོ། །བདུན་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཆོས་དེ་དག་གིས་གཞན་ལས་ཤེས་ཀྱི་ཁེ་ཡོངས་སུ་མི་ཚོལ་བ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞུས་པ་དང་། ལན་དག་གི་མཚན་ཉིད་རྣམ་པ་བདུན་རྣམ་པར་ཕྱེ་ནས་བཤད་པ་སྟོན་ཏེ། འདི་ནི་མཚན་ཉིད་དང་པོ་བསྟན་པའོ། །འདི་ལྟར་བྱང་ ཆུབ་སེམས་དཔའ་ནི་གསང་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པས་གཞན་ཤེས་པར་བྱས་ནས་གྲགས་པ་དང་རྙེད་པ་མི་ཚོལ་བའི་ཕྱིར་རོ། །ཆོས་དེ་དག་ལ་ལྟ་བས་མངོན་པར་ཞེན་པར་མི་བྱེད་པ་ཞེས་བྱ་བ་ནི་གཉིས་པ་མངོན་པར་ཞེན་པར་མི་བྱེད་པའི་མཚན་ཉིད་བསྟན་པ་སྟེ་འཁོར་གསུམ་ཡོངས་སུ་དག་ པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་རེ་རེ་དག་ལ་ཡང་གསུམ་ཡོངས་སུ་དག་པ་ཆེན་པོ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་རྒྱ་ཆེར་བསྟན་ཏོ། །ཆོས་འདི་དག་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་པ་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་དང་ཐེ་ཚོམ་སྐྱེད་པར་མི་བྱེད་ པ་ཞེས་བྱ་བ་ནི་གསུམ་པ་ཐེ་ཚོམ་མི་སྐྱེད་པའི་མཚན་ཉིད་བསྟན་པ་སྟེ། མོས་པ་བསྟན་པའི་ཕྱིར་རོ། །བདག་ལ་མི་བསྟོད་གཞན་ལ་མི་སྨོད་ཅིང་གཞན་དག་ལ་ཕྲག་དོག་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་བདག་ལ་བསྟོད་ཅིང་གཞན་ལ་མི་སྨོད་པའི་མཚན་ཉིད་བསྟན་པ་སྟེ། ལྕི་བའི་ཉེས་པར་འགྱུར་ བའི་ཕྱིར་རོ། །དྲེགས་པར་མི་བྱེད་ཅིང་བག་མེད་པར་མི་བྱེད་པ་ཞེས་འབྱུང་བ་ནི། ལྔ་པ་བག་མེད་པར་མི་བྱེད་པའི་མཚན་ཉིད་བསྟན་པ་སྟེ། ལེ་ལོ་དང་བྲལ་བའི་ཕྱིར་རོ། །ཅུང་ཟད་ཙམ་དང་ངན་ངོན་ཙམ་གྱིས་ཆོག་པར་མི་འཛིན་པ་ཞེས་བྱ་བ་ནི་དྲུག་པ་ཆོག་པར་མི་འཛིན་པའི་ མཚན་ཉིད་བསྟན་པ་སྟེ། སྤྱོད་པ་རྒྱ་ཆེ་བ་རྣམས་སྤྱོད་ཅིང་ཡོངས་སུ་སྐྱོ་བ་མེད་པའི་ཕྱིར་རོ། །ཆོས་དེ་དག་གིས་སེར་སྣ་མི་བྱེད་པ་གཞན་དག་ལ་ཕྲག་དོག་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་བདུན་པ་ཕྲག་དོག་དང་སེར་སྣ་མི་བྱེད་པའི་མཚན་ཉིད་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ནི་བདག་ཉིད་ཆོས་སྤྱོད་ པའི་ཕྱིར་གཞན་དག་ཀྱང་སྤྱོད་པ་མཐོང་ན་སེར་སྣ་དང་ཕྲག་དོག་གིས་ཟང་ཟིང་དང་ཆོས་ལ་སེར་སྣ་མི་བྱེད་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་མཚན་ཉིད་སོ་སོ་ཐ་དད་པར་བསྟན་པ་ཡང་རྣམ་པ་བདུན་ཡོད་དོ་ཞེས་བྱ་བ་ནི་འདི་མན་ཆད་གཉིས་པ་སོ་སོ་ཐ་དད་པའི་མཚན་ཉིད་བསྟན་པའོ། །འདི་ཡང་ རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་བདུན་བསྟན་པ་སྟེ། འདི་ནི་དང་པོ་གྲངས་མདོར་སྨོས་པའོ། །བདུན་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ངས་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་ཇི་ལྟར་བསྟན་ པ་བཞིན་དུ་ཡང་དག་པར་རྗེས་སུ་བསྒྲུབ་ཅིང་སྤྱོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་རྣམ་པ་བདུན་བསྟན་ཏོ། །འདི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་པ་ཉིད་ཀྱིས་རྣམ་པ་དྲུག་ཏུ་དབྱེ་སྟེ། འདི་ནི་དང་པོ་སྦྱིན་པའི་མཚན་ཉིད་ བསྟན་པའོ། །འདི་ཡང་རྣམ་པ་གསུམ་སྟེ། བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་བསྐྱེད་པ་མདོར་བསྟན་པ་དང་། མཚན་ཉིད་རྣམ་པ་བདུན་རྣམ་པར་ཕྱེ་སྟེ་བསྟན་པ་དང་། མཚན་ཉིད་བདུན་བཤད་པའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོ་སྦྱིན་པའི་མཚན་ཉིད་ བདུན་བསྐྱེད་པ་མདོར་བསྟན་པའོ། །སྦྱིན་པར་བྱ་བའི་དངོས་པོ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། ཚུལ་ཁྲིམས་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། ལྟ་བ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། སེམས་རྣམ་པར་དག་པས་སྦྱིན་པ་རྣམ་པར་ དག་པ་སྤྱོད་པ་དང་། ངག་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། ཤེས་པ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། དྲི་མ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་ཞེས་བྱ་བ་ནི་གཉིས་པ་སྦྱིན་པའི་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་རྣམ་ པར་ཕྱེ་སྟེ་བསྟན་པའོ། །དེ་ལ་དངོས་པོ་མ་བརྟགས་པ་ལ་སོགས་པ་མ་ཡིན་པས་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པར་བྱ་བའི་དངོས་པོ་རྣམ་པར་དག་པ་ཞེས་བྱའོ། །ཉེས་པ་རྣམས་རབ་ཏུ་བསལ་ཏེ། སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱའོ། །བདག་ ནི་སྦྱིན་པར་བྱེད་པའོ། །སྦྱིན་པར་བྱ་བ་ནི་བདག་གིའོ་ཞེས་བྱ་བ་ལ་སོགས་པར་མི་འཛིན་པ་གང་ཡིན་པ་དེ་ནི། ལྟ་བ་རྣམ་པར་དག་པ་ཞེས་བྱའོ། །སྙིང་བརྩེ་བའི་སེམས་ལ་སོགས་པས་སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་སེམས་རྣམ་པར་དག་པ་ཞེས་བྱའོ། །མདོག་མདངས་བཟང་ཞིང་སྔར་གསོང་པོར་སྨྲ་བ་ལ་ སོགས་པས་སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་ངག་རྣམ་པར་དག་པ་ཞེས་བྱའོ། །སྦྱིན་པའི་མིང་དང་ངོ་བོ་ཉིད་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་ལ་སོགས་པས་སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་ཤེས་པ་རྣམ་པར་དག་པ་ཞེས་བྱའོ། །ལེ་ལོ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་ པའི་དྲི་མ་ཡོངས་སུ་སྤངས་ནས་སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་དྲི་མ་རྣམ་པར་དག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་གཏོང་བ་ནི་རྣམ་པར་དག་པའི་མཚན་ཉིད་བདུན་པོ་འདི་དག་དང་ལྡན་ན། གདོད་སྦྱིན་པ་རྣམ་པར་དག་པ་ཡོངས་སུ་གྲུབ་པར་གྱུར་ཏེ། ཞིབ་ཏུ་ནི་བསྟན་བཅོས་རྣལ་ འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པ་བཅས་པ་ལས་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །མཚན་ཉིད་བདུན་པོ་འདི་དག་རེ་རེ་ཞིང་ཡང་མཚན་ཉིད་རྣམ་པ་བཅུ་བཅུར་དབྱེ་བར་བྱ་སྟེ། བསྟན་བཅོས་རྣལ་འབྱོར་ སྤྱོད་པའི་ས་ལས་ཇི་སྐད་དུ། གཞན་ཡང་བྱང་ཆུབ་སེམས་དཔས་ཇི་ལྟར་སྦྱིན་པ་སྦྱིན་པར་བྱེད་པ་དེ་ལ་བརྟེན་ནས་སྦྱིན་པ་ཡོངས་སུ་དག་པ་རྣམ་པ་བདུན་དུ་རིག་པར་བྱའོ། །འདི་ལྟར་སྦྱིན་པ་བྱ་བའི་དངོས་པོ་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་ སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། ཤེས་པ་ཡོངས་སུ་དག་པ་དང་། དྲི་མ་ཡོངས་སུ་དག་པ་སྟེ། ཡོངས་སུ་དག་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་བཅུར་རིག་པར་བྱའོ། །དེ་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་དག་པ་རྣམ་པ་བཅུ་གང་ཞེ་ན། དེ་རྒྱ་ཆེན་པོ་སྦྱིན་པར་བྱེད་ པ་ནི་འདི་ལྟ་སྟེ། མང་པོ་སྣ་ཚོགས་བྱེ་བྲག་གི་ཕྱིར་རོ། །མཚུངས་པར་སྦྱིན་པ་ནི་འདི་ལྟ་སྟེ། མི་མང་མི་ཉུང་བ་ཉིད་ཀྱི་ཕྱིར་རོ། །དུས་སུ་སྦྱིན་པ་ནི་འདི་ལྟ་སྟེ། དེ་འདོད་པའི་དུས་དང་འཚམ་པའི་ཕྱིར་རོ། །གྱ་ནོམ་པར་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །ཡོངས་ སུ་གཙང་བ་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། མི་གཙང་བའི་དངོས་པོ་དག་དང་མ་འདྲེས་པའི་ཕྱིར་རོ། །ཆོས་བཞིན་དུ་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། ཁ་ན་མ་ཐོ་བ་མེད་པ་དང་ལྡན་པའི་ཕྱིར་རོ། །ཅི་འདོད་པ་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། སློང་བ་དག་གི་འདོད་པ་བཞིན་དུ་གྱུར་པའི་ཕྱིར་རོ། །ཕན་པ་སྦྱིན་པར་བྱེད་ པ་ནི་འདི་ལྟ་སྟེ། དེ་དང་ཕྲད་པར་གྱུར་པའི་ཕྱིར་རོ། །གཅིག་དང་རིམ་གྱིས་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། སློང་མོ་པ་དེ་ལ་རྟོག་པ་ཉིད་ཀྱི་ཕྱིར་རོ། །རྒྱུན་ཆད་པ་མེད་པར་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། རྒྱུན་མི་འཆད་པ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་བ་ལྟ་བུ་སྟེ། ཚུལ་ཁྲིམས་དང་ལྟ་བ་དང་། སེམས་དང་། ངག་ དང་། ཤེས་པ་དང་། དྲི་མ་དྲུག་པོ་རེ་རེ་ལ་ཡང་མཚན་ཉིད་རྣམ་པ་བཅུ་བཅུར་རྣམ་པར་དབྱེ་བ་ཡང་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པ་བཅས་པ་ལ་བསླབ་པའི་གཞི་ཐམས་ཅད་ལ་མཁས་པ་དང་། ལྟུང་བ་ལས་བསླང་བ་ལ་ མཁས་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚུལ་ཁྲིམས་ཀྱི་མཚན་ཉིད་རྣམ་པ་བདུན་སྟོན་ཏེ། འདི་ཡང་རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་པ་ཡང་དང་པོ་མཚན་ཉིད་བདུན་བཤད་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། མཚན་ཉིད་རྣམ་པ་གཉིས་ལ་མཁས་པར་བསྟན་པ་དང་། མཚན་ཉིད་ ཀྱི་རྣམ་པ་ལྔ་ལ་ཡང་དག་པར་སློབ་པར་བསྟན་པ་སྟེ། འདི་ནི་དང་པོའོ། །དང་པོ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ཐམས་ཅད་ལ་མཁས་པ་སྟེ། དེའི་ཕྱིར་མཚམས་རྣམ་པར་དགྲོལ་བའི་མདོ་ལས། སྡོམ་པ་སྡོམ་པའི་ཚུལ་ཁྲིམས་ཐམས་ཅད་ལེགས་པར་བཅས་པ་ཞེས་གསུངས་པ་ཡིན་ནོ། ། གཉིས་པ་ནི་ལྟུང་བ་ལས་བསླང་བ་ལ་མཁས་པ་དེ་ནི་ཉེས་པ་ལས་འབྱིན་ཅིང་བཤགས་པར་བྱ་བའི་ཆོས་ཡིན་ཏེ། དེའི་ཕྱིར་མཚམས་རྣམ་པར་དགྲོལ་བའི་མདོ་ལས། ལྟུང་བ་ལས་བསླང་བ་ལ་མཁས་པ་ཞེས་གསུངས་པ་ཡིན་ནོ། །དགོངས་པ་ཟབ་མོ་ངེས་པར་དགྲོལ་བའི་མདོ་ལས་ནི་སྐྱོན་གྱི་ ཆོས་དང་བྲལ་བ་ཞེས་འབྱུང་ངོ་། །རྟག་པའི་ཚུལ་ཁྲིམས་དང་ལྡན་པ་དང་། བརྟན་པའི་ཚུལ་ཁྲིམས་དང་། རྟག་ཏུ་འབྱེད་པའི་ཚུལ་ཁྲིམས་ཅན་དང་། རྟག་ཏུ་འཇུག་པའི་ཚུལ་ཁྲིམས་ཅན་བསླབ་པའི་གཞི་ཐམས་ཅད་ཡང་དག་པར་བླངས་ཏེ་སློབ་པར་བྱེད་པ་ཞེས་བྱ་བ་ནི་གཉིས་པ་མཚན་ཉིད་རྣམ་ པ་ལྔ་ལ་ཡང་དག་པར་སློབ་པར་བྱེད་པ་ཞེས་བྱ་བ་སྟོན་ཏོ། །དེ་ལ་མཚན་ཉིད་ལྔ་ནི་རྟག་པའི་ཚུལ་ཁྲིམས་ཅན་དང་། བརྟན་པའི་ཚུལ་ཁྲིམས་ཅན་དང་། རྟག་ཏུ་འབྱེད་པའི་ཚུལ་ཁྲིམས་ཅན་དང་། རྟག་ཏུ་འཇུག་པའི་ཚུལ་ཁྲིམས་ཅན་དང་། བསླབ་པའི་གཞི་ཡང་དག་པར་བླངས་ཏེ་སློབ་པར་བྱེད་ པ་དག་ཡིན་ནོ། །མཚན་ཉིད་ལྔ་པོ་འདི་དག་ནི་རྣལ་འབྱོར་སྤྱོད་པའི་ས་ལས་གོ་རིམས་བཞིན་དུ་སྟོན་ཏོ། །དེའི་ཕྱིར་རྣམ་པར་བཤད་པ་བསྡུས་པ་ལས། དེ་ལ་ཇི་ལྟར་ངེས་པའི་ཚུལ་ཁྲིམས་ཅན་ཡིན་ཞེ་ན། འདི་ལྟ་སྟེ་བསླབ་པའི་གཞི་རྣམས་མི་དབུལ་བའི་ཕྱིར་རོ་ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་ ཚུལ་ཁྲིམས་ཀྱི་ལེའུ་ལས། ངེས་པའི་ཚུལ་ཁྲིམས་ཅན་ནི་ཇི་སྲིད་འཚོ་བའི་བར་དུ་བསླབ་པ་འབུལ་བར་མི་བྱེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །རྣམ་པར་བཤད་པ་ལས། ཇི་སྐད་དུ། འཇིག་རྟེན་ན་བརྟན་པའི་ཚུལ་ཁྲིམས་ཅན་ཡིན་ཞེ་ན། བསླབ་པའི་གཞི་ཉམས་པར་མི་བྱེད་པའི་ཕྱིར་རོ་ཞེས་འབྱུང་ ངོ་། །ཚུལ་ཁྲིམས་ཀྱི་ལེའུ་བསྟན་པ་ནི། ཚུལ་ཁྲིམས་ཅན་ནི་རྙེད་པ་དང་། བཀུར་སྟི་དང་། ཕས་ཀྱི་རྒོལ་བ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མི་གནོན་པའི་ཕྱིར་དང་། འཕྲོག་པར་མི་ནུས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །རྣམ་པར་བཤད་པ་བསྡུས་ པ་ལས་ནི་ཇི་ལྟར་ན་རྟག་ཏུ་འབྱེད་པའི་ཚུལ་ཁྲིམས་ཅན་ཡིན་ཞེ་ན། བསླབ་པའི་ཚུལ་ཁྲིམས་འདྲལ་བར་མི་བྱེད་པའི་ཕྱིར་རོ། །ཇི་ལྟར་དུ་འཇུག་པའི་ཚུལ་ཁྲིམས་ཅན་ཡིན་ཞེ་ན། རལ་ན་ཡང་ཕྱིར་གསོ་བར་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་བསླབ་པའི་གཞི་རྣམ་པ་དྲུག་ཡང་དག་པར་བླངས་ཏེ་སློབ་པ་ ཡིན་ཞེ་ན། བསླབ་པ་མཐའ་དག་རྗེས་སུ་བསྲུང་བའི་ཕྱིར་རོ་ཞེས་འབྱུང་ངོ་། །མཚན་ཉིད་འདི་དག་རྒྱ་ཆེར་བཤད་པ་ནི། བསྟན་བཅོས་རྣམ་པར་བཤད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །འདི་ལྟར་རྟག་པའི་ཚུལ་ཁྲིམས་དང་ ལྡན་པ་དང་། བརྟན་པའི་ཚུལ་ཁྲིམས་ཅན་གཉིས་ཀྱིས་ནི་བསླབ་པ་མི་དབུལ་ཞིང་། རལ་བར་མི་བྱེད་པས་གཉིས་སུ་སྟོན་ཏོ། །རྟག་ཏུ་བྱེད་པ་དང་། རྟག་ཏུ་འཇུག་པའི་ཚུལ་ཁྲིམས་རྣམ་པ་གཉིས་ཀྱིས་ནི། ནན་ཏན་གྱིས་འདྲལ་བར་མི་བྱེད་ཅིང་། རལ་ན་ཡང་བཤགས་པར་བྱེད་པས་གཉིས་སུ་ བསྟན་ཏོ། །བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པ་ནི། བསླབ་པ་མཐའ་དག་རྗེས་སུ་སྲུང་བར་བྱེད་པས་སོ། །ཁ་ཅིག་ན་རེ་རྣམ་པ་བདུན་ལས་དང་པོ་གཉིས་ནི་སྡོམ་པའི་ཚུལ་ཁྲིམས་སོ། །དེའི་འོག་མ་གཉིས་ནི་དགེ་བ་སྡུད་པའི་ཚུལ་ཁྲིམས་སོ། །དེའི་འོག་མ་གཉིས་ནི་སེམས་ཅན་ལ་ཕན་ འདོགས་པའི་ཚུལ་ཁྲིམས་སོ། །ཐ་མ་གཅིག་ནི་སྔ་མ་གསུམ་སྤྱིར་བསྡུས་པ་ཡིན་ནོ་ཞེའོ། །དེའི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་ཉིད་བདུན་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་བདག་ཉིད་ཀྱི་ལས་ཀྱི་རྣམ་པར་སྨིན་ པའི་འབྲས་བུ་ལ་ཤིན་ཏུ་མངོན་པར་ཡིད་ཆེས་པ་ལ་བརྟེན་པས་གནོད་པ་ཐམས་ཅད་ཉེ་བར་གནས་པ་ནང་འཁྲུག་པ་མི་བསྐྱེད་པ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་བཟོད་པའི་མཚན་ཉིད་རྣམ་པ་བདུན་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་མཇུག་བསྡུ་བའོ། །རྣམ་ པར་བཤད་པ་ཡང་མཚན་ཉིད་རྣམ་པ་བདུན་བསྟན་པ་ཉིད་ལས་བདུན་དུ་ཕྱེ་སྟེ། འདི་ནི་མཚན་ཉིད་དང་པོ་བསྟན་པའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་རྒྱུ་དང་འབྲས་བུ་ལ་ཤིན་ཏུ་མངོན་པར་ཡིད་ཆེས་པས་བདག་ཉིད་ཀྱི་ལས་ཀྱིས་མི་མཐུན་པའི་ཡུལ་མངོན་དུ་གྱུར་པ་ན་འཁྲུག་པ་ སྐྱེད་པར་མི་བྱེད་དེ་དེ་ལ་ལས་མངོན་པར་ཡིད་ཆེས་པ་གང་ཡིན་པ་དེ་ནི་བཟོད་པའི་རྒྱུའོ། གནོད་པའི་དངོས་པོ་གང་ཡིན་པ་དེ་ནི་བཟོད་པར་བྱ་བའི་ཡུལ་ལོ། །འཁྲུག་པ་མི་སྐྱེད་པ་གང་ཡིན་པ་དེ་ནི་བཟོད་པའི་ངོ་བོ་ཉིད་དེ། རྒྱུ་དང་རྐྱེན་འདི་གསུམ་གྱི་མཚན་ཉིད་དང་པོ་བསྟན་ཏོ། །གཞན་ཡང་བསྟན་བཅོས་ རྣལ་འབྱོར་སྤྱོད་པའི་ས་ལས་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་གནོད་པ་བྱེད་པ་ལས་བྱུང་བའི་སྡུག་བསྔལ་མི་བཟད་པ་རྒྱུན་མི་འཆད་པ་སྣ་ཚོགས་ཡུན་རིང་བ་མངོན་དུ་བྱེད་པ་ལ་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ནི་རང་གི་ལས་ཀྱི་ལེ་ལན་ཡིན་ཏེ། དེས་ན་བདག་རང་གིས་ བྱས་པའི་མི་དགེ་བའི་ལས་ཀྱི་སྡུག་བསྔལ་གྱི་འབྲས་བུ་ཉམས་སུ་མྱོང་ལ། བདག་ནི་སྡུག་བསྔལ་མི་འདོད་དེ། མི་བཟོད་པ་དེ་ཕྱི་མ་ལ་ཡང་སྡུག་བསྔལ་གྱི་རྒྱུའི་གནས་སུ་འགྱུར་ལ། བདག་གི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཆོས་དེ་ཡང་དག་པར་བླངས་ཏེ། འདུག་ན་ནི་བདག་ཉིད་མི་ སྡུག་པ་གང་ཡིན་པ་དེ་ལ་བདག་ཉིད་ཀྱིས་བདག་ཉིད་སྦྱོར་བར་བྱེད་པར་ངེས་སོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །ལན་བྱ་བའི་ཕྱིར་སླར་ཡང་སྤྱོ་བ་དང་། གཤེ་བ་དང་། རྡེག་པ་དང་། བསྡིགས་པ་དང་། མཚང་འབྲུ་བའི་གནོད་པ་སྣ་ཚོགས་སྦྱོར་བར་མི་བྱེད་པ་ ཞེས་བྱ་བས་ནི་མཚན་ཉིད་གཉིས་པ་བསྟན་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྟོང་པ་ཉིད་རྣམ་པ་གཉིས་རབ་ཏུ་རྟོགས་པར་སྤྱོ་བ་མི་དམིགས་པ་དང་། གཞན་ཡང་བཟོད་པ་མྱུར་དུ་འགྲུབ་པའི་ཕྱིར། ལན་མི་བཟོད་པར་བྱེད་དེ། གལ་ཏེ་ལན་བྱ་བར་གྱུར་ན། ཕན་ཡོན་ཆེན་པོ་ལས་ རབ་ཏུ་ཉམས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། འདི་ལ་གཤེ་བར་བྱེད་པ་དང་། གཤེ་བར་བྱ་བ་དང་། ཁྲོ་བར་བྱ་བ་དང་། མཚང་འབྲུ་བར་བྱེད་པ་དང་། མཚང་འབྲུ་བར་བྱ་བ་དང་། རྡེག་པར་བྱེད་པ་དང་། བརྡེག་པར་བྱ་བ་འགའ་ཡང་མེད་དོ། ། འདི་དག་ནི་ཡི་གེ་དག་གིས་བརྗོད་པར་བྱ་བ་ཁོ་ནར་ཟད་པས། དེ་དག་གི་སྒྲ་ཙམ་དང་སྐད་ཙམ་དུ་ཟད་པའི་ཕྱིར་དང་། གཞན་ཡང་བདག་གང་ལ་གནས་པའི་ལུས་འདི་ལ་འདི་ལྟ་སྟེ། སྒྲའི་རེག་པ་དང་། ལག་པ་དང་བོང་བ་དང་། དབྱུག་པ་དང་། མཚོན་ཆའི་རེག་པའི་རེག་པ་དེ་ལྟ་བུ་དག་འོང་བར་འགྱུར་བའི་ ལུས་འདི་ནི་གཟུགས་ཅན་རགས་པ། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་དེ་ལྟ་བུ་ཡིན་ཏེ། བདག་གི་ལུས་འདི་ཡང་མི་རྟག་པ་ཡིན་པ་ལ་རེག་པ་དེ་དང་དེ་དག་དང་། གནོད་པར་བྱེད་པ་དེ་དག་ཀྱང་མི་རྟག་པ་ཡིན་པའི་ཕྱིར་དང་། གཞན་ཡང་སེམས་ཅན་ཐམས་ཅད་ནི། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་ཆོས་ཅན་ཡིན་ཏེ། དེ་དག་ནི་རང་བཞིན་གྱིས་སྡུག་བསྔལ་བ་ཡིན་པས། བཅོམ་ལྡན་འདས་ཀྱིས་ཡུན་རིང་པོ་འདས་པ་ནས། གང་དག་ཁྱེད་ཀྱི་ཕ་མ་དང་། ཕུ་ནུ་དང་། བུ་སྲིང་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། བླ་མ་ལྟ་བུར་གྱུར་པའི་སེམས་ ཅན་དེ་ལྟ་བུ་ནི་འགའ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་གསུངས་པའི་ཕྱིར་ཏེ། དེའི་ཕྱིར་རྣམ་གྲངས་དེས་ཀྱང་མཛའ་བཤེས་ཀྱི་ཕྱོགས་ཉིད་ཀྱང་དགྲ་བོའི་ཕྱོགས་ཡིན་ལ་དགྲ་བོའི་ཕྱོགས་ཉིད་ཀྱང་མཛའ་བཤེས་ཀྱི་ཕྱོགས་ཡིན་པས་འདི་ལ་མཛའ་བཤེས་དང་། དགྲ་བོའི་དངོས་པོ་ འགའ་ཡང་ཡོངས་སུ་གྲུབ་པ་མེད་དེ། མཛའ་བཤེས་ལ་ལ་དགྲ་བོར་འགྱུར་ལ། དགྲ་བོ་ཡང་མཛའ་བཤེས་སུ་འགྱུར་བས། དེའི་ཕྱིར་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང་། ལྟ་བ་མཉམ་པ་ཉིད་དང་། ཕན་པའི་བསམ་པ་དང་། བདེ་བའི་བསམ་པ་ དང་། བདེ་བ་ཉེ་བར་སྒྲུབ་པ་དང་། བདེ་བ་ཉེ་བར་སྒྲུབ་པར་སྨོས་པ་ཉིད་དུ་བྱའོ་སྙམ་དུ་སེམས་པ་སྟེ་ཞེས་འབྱུང་སྟེ། དེ་ལྟ་བུའི་བསམ་གཏན་གྱི་བཟོད་པ་སྒོམ་པར་བྱེད་དོ། །ཁོན་གྱི་བསམ་པ་མི་མཛད་པ་ཞེས་བྱ་བས་ནི་མཚན་ཉིད་གསུམ་བསྟན་པ་སྟེ། བཟོད་པའི་ཕན་ཡོན་ཁོང་དུ་ཆུད་ པར་གྱུར་ན་འདོད་པ་གདོན་མི་ཟ་བར་ཁོན་དུ་འཛིན་པ་མེད་དེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་གཞན་དག་གིས་གནོད་པ་བྱས་པ་ན་ཕྱིར་གནོད་པ་ཡང་མི་བྱེད་པ་དང་། ཡིད་འཁྲུགས་པར་ཡང་མི་འགྱུར་བ་དང་། དགྲར་བསམ་པར་ཡང་མི་འཛིན་ལ། སྔར་ཇི་ ལྟ་བ་བཞིན་དུ་ཕྱིས་ཀྱང་ཕན་འདོགས་པའི་ཕྱིར་བརྩོན་པར་བྱེད་ཅེས་བསྟན་པ་ཡིན་ནོ། །ཤད་ཀྱིས་ཆགས་པ་ན་ཡོངས་སུ་ཉོན་མོངས་པར་མི་བྱེད་པ་ཞེས་བྱ་བ་ནི་མཚན་ཉིད་བཞི་པ་བསྟན་པ་སྟེ། དགྲ་བོ་དག་གིས་ཤད་ཀྱིས་འཆགས་སུ་འོང་བའི་ཚེ་བཤགས་པ་དང་དུ་ལེན་ཅིང་ཉོན་ མོངས་པ་སྐྱེད་པར་མི་བྱེད་པ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཕ་རོལ་ཡོངས་སུ་ངལ་བར་བྱས་པའི་འོག་ཏུ་ཆགས་པ་མི་ལེན་གྱི། དེ་ཡོངས་སུ་སྐྱོ་ཞིང་ངལ་བར་འགྱུར་བར་དོགས་ནས་འོངས་མ་ཐག་ཏུ་འཆགས་པ་ལེན་པར་བྱེད་དོ་ཞེས་བཤད་དོ། །དགོངས་ པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། གལ་ཏེ་བཤགས་པར་གསོལ་བ་འདེབས་ན་དུས་བཞིན་དུ་ལེན་པར་བྱེད་པས་གཞན་ལ་གནོད་པ་མི་སྐྱེད་པ་ཞེས་འབྱུང་ངོ་། །ཤད་ཀྱིས་འཆགས་པ་སྡོད་པ་ཞེས་བྱ་བས་ནི་མཚན་ཉིད་ལྔ་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་ནི་དགྲ་བོས་བྱང་ཆུབ་ སེམས་དཔའ་ཉིད་ལ་གནོད་པ་བྱེད་དུ་དོགས་པས། བྱང་ཆུབ་སེམས་དཔའ་ཉིད་མྱུར་དུ་དགྲ་བོ་དེ་ཉིད་དུ་འགྲོ་ཞིང་བཤགས་པར་བྱེད་གྱི། ཕ་རོལ་འོངས་པ་ལ་བསྡད་ནས་བཤགས་པ་ནི་མ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། ཁོན་ཡོད་པ་དག་ལ་བདག་ ཉིད་འགྲོ་ཞིང་བཤགས་པར་བྱེད་དོ་ཞེས་བཤད་དོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། གལ་ཏེ་གཞན་གྱིས་གནོད་པར་བྱས་ན་ཡང་མི་བརྗེད་པར་འཆགས་པར་བྱེད་པ་ཞེས་འབྱུང་ངོ་། །འཇིགས་པ་དང་ཟང་ཟིང་གི་སེམས་ཀྱིས་བཟོད་པར་བྱེད་པ་མ་ཡིན་པ་ཞེས་བྱ་བས་ནི་མཚན་ ཉིད་དྲུག་པ་བསྟན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིགས་པའི་ཕྱིར་བཟོད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་རྒྱལ་པོ་ལ་སོགས་པ་ལ་འཇིགས་པ་ལྟ་བུ་ནི་མ་ཡིན་པའོ། །ཟང་ཟིང་གི་སེམས་ཀྱིས་ཡོངས་སུ་ཚོལ་བར་བྱེད་པ་ཡང་མ་ཡིན་ཏེ། ཟས་དང་སྐོམ་ལ་སོགས་པ་ ཚོལ་བའི་ཕྱིར་མ་ཡིན་གྱི། གཞན་དོགས་པའི་ཕྱིར་བཟོད་པ་བསྒོམ་པའོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི་འཇིག་རྟེན་མེད་པ་དང་། ཚོལ་བ་མེད་པས་བཟོད་པར་བྱེད་པ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། འཇིགས་པ་དང་བཅས་པ་དང་། ཟས་དང་ སྐོམ་གྱི་ཕྱིར་དང་བཟོད་པར་བྱེད་པ་མ་ཡིན་པ་ཞེས་འབྱུང་ངོ་། །ཕན་གདགས་པར་བྱ་བ་ལ་ཡལ་བར་མི་དོར་བ་ཞེས་བྱ་བ་ནི་མཚན་ཉིད་བདུན་བསྟན་ཏེ། བྱང་ཆུབ་སེམས་དཔའ་ནི་རྟག་པར་སེམས་ཅན་ལ་ཕན་འདོགས་པར་བྱེད་ཀྱི། ལན་ཅིག་སེམས་ཅན་ལ་ཕན་བཏགས་པས་ཆོག་གོ་ཞེས་ཡལ་ བར་དོར་ནས་བྱ་བ་གཞན་མི་བྱེད་པས་ཕན་འདོགས་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། ལན་ཅིག་ཙམ་ཕན་བཏགས་ནས་ཡལ་བར་བོར་ཏེ། ཕན་འདོགས་པ་མ་ཡིན་ནོ་ཞེས་འཆད་དོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། རྟག་པར་ཕན་བཏགས་པའི་སེམས་ ཀྱིས་ཡལ་བར་མི་དོར་བར་ཞེས་འབྱུང་ངོ་། །དེ་ནི་བཟོད་པ་རྣམ་པར་དག་པའི་མཚན་ཉིད་བདུན་པ་ཞེས་བྱའོ་ཞེས་བྱ་བ་ནི། གཉིས་པ་བཟོད་པའི་མཚན་ཉིད་རྣམ་པ་བདུན་བཤད་པའི་མཇུག་བསྡུ་བའོ། །བྱང་ཆུབ་སེམས་དཔའ་གང་གིས་བརྩོན་འགྲུས་མཉམ་པ་ཉིད་རབ་ ཏུ་ཤེས་པ་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་བརྩོན་འགྲུས་ཀྱི་མཚན་ཉིད་རྣམ་པ་བདུན་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །རྣམ་པར་བཤད་པ་ཡང་མཚན་ཉིད་རྣམ་པ་བདུན་བསྟན་པ་ཉིད་ཀྱིས་རྣམ་པ་བདུན་དུ་དབྱེ་སྟེ། འདི་ནི་དང་ པོ་བརྩོན་འགྲུས་མཉམ་པ་ཉིད་བསྟན་པའོ། །དེ་ལ་དམ་ལྷོད་རན་པར་གྱུར་པའི་ཕྱིར་མཉམ་པ་ཉིད་ཅེས་བྱ་བ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཡང་བྱང་ཆུབ་སེམས་དཔའ་ཧ་ཅང་མི་ཞུམ་པ། ཧ་ཅང་བརྟུན་མི་ངས་པས་བརྩོན་འགྲུས་རྩོམ་སྟེ། སྦྱོར་བ་སྙོམས་པར་ བྱེད་ཅིང་། བརྩོན་འགྲུས་བྱ་བ་ཐམས་ཅད་སྙོམས་པར་གུས་པར་བྱེད་པ་ནི་འདི་ནི་བྱང་ཆུབ་སེམས་དཔའི་སྙོམས་པའི་བརྩོན་འགྲུས་ཞེས་བསྟན་པ་ཡིན་ནོ། །འདུལ་བ་དུམ་བུ་ལྔ་པ་ལས་ཀྱང་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་འབྱུང་སྟེ། དེ་ཕྱིར་འདུལ་བ་འདི་ལས། དེའི་ཚེ་ཉན་ཐོས་རྣ་བ་བྱེ་བ་ཉི་ཤུ་པས་བཅོམ་ལྡན་འདས་ལ་བདག་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་བྱེད་པར་ཅི་གནང་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་གནང་ངོ་། །དེས་རིང་པོར་མ་ལོན་པར་སྒོ་ཁང་དང་ཚལ་དང་། འཆག་ ས་དག་ཏུ་བརྩོན་འགྲུས་སྤྱད་པས་རྐང་པ་ལས་ཁྲག་འཛག་པས་ཉན་ཐོས་རྣ་བ་བྱེ་བ་ཉི་ཤུ་པ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་ནང་ན་བརྩོན་འགྲུས་ནི་བདག་ལས་ལྷག་པ་མེད་ན་ཡང་། ད་དུང་སྡུག་བསྔལ་རྣམས་ཀྱི་རྩ་བ་ཟད་པར་མ་གྱུར་ཏོ། །བདག་གི་ཁྱིམ་ན་ནོར་དང་ རིན་པོ་ཆེ་མང་དུ་ཡོད་པས་སླར་ཁྱིམ་པར་བབས་ཏེ། བསོད་ནམས་ཡིད་ལ་མ་གཅགས་པར་བྱས་ཀྱང་ཅི་མ་རུང་སྙམ་དུ་སེམས་པ་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་པར་གྱུར་ནས་དེའི་ཐད་དུ་གཤེགས་ཏེ། ཉན་ཐོས་རྣ་བ་བྱེ་བ་ཉི་ཤུ་པ་ལ་ཁྱོད་འདི་ལྟ་བུའི་སེམས་བསྐྱེད་པ་བདེན་ནམ་ཞེས་བཀས་ སྨྲས་པ་དང་། དེས་མེད་དོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ངས་ཁྱོད་ལ་དྲི་བ་དྲིས། ཁྱོད་ཀྱིས་ཀྱང་ངས་དྲི་བ་དྲིས་པའི་རྗེས་སུ་ལན་ཐོབ་ཅིག །ཁྱོད་སྔོན་ཁྱིམ་ན་གནས་པའི་ཚེ་པི་ཝང་ལ་མཁས་སམ། གསོལ་པ། མཁས་ལགས་སོ། །ཡང་བཀའ་སྩལ་པ། པི་ཝང་གི་རྒྱུད་ཐང་ཆད་པའི་ཚེ་སྒྲ་རན་ཅིང་སྙན་པར་འགྱུར་རམ། གསོལ་བ། སྙན་པར་མི་འགྱུར་ལགས་སོ། །ཡང་བཀའ་སྩལ་པ། པི་ཝང་གི་རྒྱུད་ལྷོད་པའི་ཚེ་སྒྲ་སྙན་ཅིང་རན་པར་འགྱུར་རམ། གསོལ་པ། སྙན་པར་མི་འགྱུར་ལགས་སོ། །འོ་ན་ཇི་ལྟར་བྱས་ན་སྙན་པར་འགྱུར། གསོལ་པ། ཧ་ཅང་དམ་པ་ཡང་མ་ལགས། ཧ་ཅང་ལྷོད་པར་ཡང་མ་གྱུར་ན། གདོད་སྙན་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་ཆོས་ལ་ཡང་དེ་བཞིན་ཏེ། ཧ་ཅང་ལྷོད་པ་དང་། ཧ་ཅང་བརྟུན་པས་ལམ་ཐོབ་པར་མི་འགྱུར་གྱི། བརྩོན་འགྲུས་རན་པ་ལ་གནས་ན་གདོད་ སྡུག་བསྔལ་ཟད་པར་འགྱུར་རོ། །ཉན་ཐོས་རྣ་བ་བྱེ་བ་ཉི་ཤུ་པས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོས་ནས་འཆག་ས་དེ་ཉིད་དུ་ཟག་པ་རྣམས་མ་ལུས་པར་འབྱང་བར་གྱུར་ཏོ་ཞེས་གསུངས་པ་ཡིན་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །ལུང་གཅིག་ལས་འཕྲོས་པ་དང་། ལུང་སྣ་ཚོགས་དང་། འདུལ་བ་དུམ་བུ་བཞི་པ་ལས་ཀྱང་ཕལ་ཆེར་དེ་སྐད་དུ་སྟོན་ཏོ། །བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་པ་ཞེས་བྱ་བས་ནི་གཉིས་པ་ང་རྒྱལ་དང་བྲལ་བའི་བརྩོན་འགྲུས་བསྟན་ཏེ། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི་གཞན་ ལ་ཕན་འདོགས་པ་སྔོན་དུ་འགྲོ་བས་གཞན་དག་ལ་ཕྱིར་ང་རྒྱལ་སྐྱེད་པར་ལྟ་ག་ལ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། བརྩོན་འགྲུས་བརྩམས་པའི་ང་རྒྱལ་དང་བྲལ་བའི་ཕྱིར། ང་རྒྱལ་དང་བྲལ་བའི་བརྩོན་འགྲུས་ཞེས་བྱའོ་ཞེས་འབྱུང་ ངོ་། །མཐུ་དང་ལྡན་པ་དང་། བརྩོན་འགྲུས་ཆེན་པོ་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་བརྟན་པ་དང་། དགེ་བའི་ཆོས་རྣམས་ལ་བརྩོན་པ་མི་གཏོང་བ་ཞེས་བྱ་བ་འདི་ནི་བརྩོན་འགྲུས་ཕྱི་མ་ལྔ་པོ་མཐུ་དང་ལྡན་པ་དང་། བརྩོན་འགྲུས་ཆེན་པོ་དང་ལྡན་པ་དང་། སྤྲོ་ བ་དང་ལྡན་པ་དང་། བརྟུལ་བ་བརྟན་པ་དང་། དགེ་བའི་ཆོས་རྣམས་བརྩོན་པ་མི་གཏོང་བ་བསྟན་པ་སྟེ། ཚིག་ལྔ་པོ་འདི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས། བསྟན་བཅོས་རྣམ་པར་བཤད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ནི། མདོའི་ཚིག་ལྔ་པོ་འདི་མིང་སྨོས་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི། དོན་གྱིས་རྣམ་པ་ལྔའི་མིང་རྣམ་པར་གཞག་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། དོན་གྱིས་རྣམ་པ་ལྔའི་མིང་བཞག་ནས་མདོའི་ཚིག་དང་སྦྱར་བར་ཟད་ཀྱི། རྣམ་པར་ཕྱེ་སྟེ་བཤད་པ་ནི་མེད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་མདོ་སྡེའི་གཞི་བསྡུ་བའི་སྐབས་ནི་དོན་གྱིས་རྣམ་པ་ ལྔའི་མིང་བཞག་ནས་རྣམ་པར་བཤད་པ་ནི་ཡོད་ཀྱི། མདོའི་ཚིག་དང་སྦྱར་བ་ནི་མེད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པ་ལས་ནི། དོན་གྱིས་རྣམ་པ་ལྔའི་མིང་ཡང་བཞག་ནས་མདོའི་ཚིག་དང་སྦྱར་ཏེ་བཤད་པ་ཡང་ཡོད་ དེ། དེའི་ཕྱིར་འདིར་རེ་ཞིག་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། ངོ་བོ་ཉིད་ཀྱི་འགྲེལ་པ་དང་རྣལ་འབྱོར་སྤྱོད་པའི་ས་མདོ་སྡེའི་གཞི་བསྡུ་བ་ལས་བཤད་པ་དང་སྦྱར་ནས་མདོ་འདི་བཤད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། གོ་ཆ་དང་། སྦྱོར་ བ་དང་། ཞུམ་པ་མེད་པ་དང་། མི་འཁྲུགས་པ་དང་། ཆོག་པར་མི་འཛིན་པ་ཞེས་བྱ་བ་ནི་མདོ་ལས་མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་བརྟན་པ་དང་། དགེ་བ་ལ་བརྩོན་པ་མི་གཏོང་བ་དང་། གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ་ཞེས་ འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། གོ་ཆའི་བརྩོན་འགྲུས་ནི་འདི་ལྟ་སྟེ། ཐོག་མ་ཁོ་ནར་བདག་གིས་འདི་འང་བྱའོ་ཞེས་བརྩོན་པ་སྟེ། འདི་ནི་མཐུ་དང་ལྡན་པ་ཞེས་བྱ་བའི་ཚིག་བསྟན་ཏོ། །སྦྱོར་བའི་བརྩོན་འགྲུས་ནི་འདི་ལྟ་སྟེ། སྦྱོར་བ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་ནན་ ཏན་གྱིས་སྦྱོར་བར་བྱེད་པ་སྟེ། འདི་ནི་མདོ་ལས་བརྩོན་འགྲུས་དང་ལྡན་པའི་ཞེས་བྱ་བའི་ཚིག་གིས་བསྟན་ཏོ། །བདག་ཉིད་ངལ་ཞིང་སྡུག་བསྔལ་བ་ལས་སེམས་ལྡོག་ཅིང་མ་ཉམས་པར་བྱེད་པ་ནི་ཞུམ་པ་མེད་པ་ཞེས་བྱའོ། །གཞན་གྱི་གནོད་པ་བྱས་པ་རྣམས་ཀྱིས་སེམས་མི་གཡོས་པ་ནི་མི་ འཁྲུགས་པ་ཞེས་བྱའོ། །བྱང་ཆུབ་ལ་ཐུག་གི་བར་དུ་དགེ་བའི་ཕྱོགས་ལ་བརྩོན་ཞིང་བར་མ་དོར་ཡོངས་སུ་མི་གཏོང་བ་ནི་ཆོག་པར་མི་འཛིན་པ་ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། བརྩོན་འགྲུས་བརྩམས་པ་དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཞུམ་པ་མེད་པའི་བརྩོན་འགྲུས་དང་། མི་བསྐྱོད་པའི་བརྩོན་འགྲུས་དང་། ཆོག་མི་ཤེས་པའི་བརྩོན་འགྲུས་དང་། དེ་ལ་ཐོག་མ་ཁོ་ནར་ནི་འདུན་པ་དྲག་པོ་བསྐྱེད་དོ། །དེའི་འོག་ཏུ་ནི་ཇི་ལྟར་མོས་པ་བཞིན་དུ། མངོན་པར་སྤྲོ་བ་ བརྟན་པོའི་སྦྱོར་བར་བྱེད་དོ། །དེའི་འོག་ཏུ་ནི་ཆོས་རྒྱ་ཆེན་པོ་རྣམས་རྒྱ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་རོ། །བདག་ཉིད་ལ་ཡང་ཁྱད་དུ་མི་གསོད་དེ། ཞུམ་པར་ཡང་མི་འགྱུར་རོ། །དེའི་འོག་ཏུ་ནི་གྲང་བ་ལ་སོགས་པའི་གནོད་པ་རྣམས་ཀྱང་བཟོད་དོ། །ངན་ངོན་གྱིས་ཆོག་པར་མི་འཛིན་པས་ཡོན་ ཏན་གོང་མ་བས་ཀྱང་ཆེས་གོང་མ་གྱ་ནོམ་པ་འདོད་པའི་ཚུལ་གྱིས་གནས་སོ་ཞེས་འབྱུང་ངོ་། །དེ་ནི་བརྩོན་འགྲུས་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་ཞེས་བྱའོ་ཞེས་པ་ནི་གཉིས་པའི་མཚན་ཉིད་རྣམ་པ་བདུན་བཤད་པའི་མཇུག་བསྡུ་བའོ།། །།བམ་པོ་དྲུག་ཅུ་གཉིས་པ། བྱང་ཆུབ་སེམས་དཔའ་གང་གིས་མཚན་མ་ལེགས་པར་རྟོགས་པ་དང་ལྡན་པའི་ཏིང་ངེ་འཛིན་ལ་བསམ་གཏན་དང་། ཡོངས་སུ་རྫོགས་པ་དང་ལྡན་པའི་ཏིང་ངེ་འཛིན་ལ་བསམ་གཏན་དང་། གཉི་གའི་ཆ་དང་ལྡན་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་ བསམ་གཏན་གྱི་མཚན་ཉིད་རྣམ་པ་བདུན་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་པོ་རྣམ་པར་བཤད་པ་དང་། མཇུག་བསྡུ་བ་བསྟན་ཏེ། འདི་ནི་བསམ་གཏན་དང་པོ་གསུམ་བསྟན་པའོ། །ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ལེགས་པར་རྟོགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་མཚན་མ་ལེགས་པར་ རྟོགས་པ་ཞེས་བྱའོ། །ཡོངས་སུ་རྫོགས་པའི་དེ་བཞིན་ཉིད་ཀྱི་ཡུལ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཡུལ་ལས་ཡུལ་མི་ཐོབ་པ་ཡིན་པས་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཀུན་རྫོབ་དང་། དོན་དམ་པའི་ཡུལ་གཉི་ག་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ ནི་གཉི་གའི་ཆ་ཞེས་བྱའོ། །ཤུགས་ཀྱིས་འཇུག་པ་དང་ལྡན་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང་། མི་གནས་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང་། ཤིན་ཏུ་སྦྱངས་པ་བྱས་པ་དང་ལྡན་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་དང་ཞེས་བྱ་བས་ནི་མཚན་ཉིད་བཞི་པ་དང་། ལྔ་པ་དང་། དྲུག་ པ་བསྟན་ཏེ། གོ་རིམས་བཞིན་དུ་སྦྱོར་བ་དང་། ཡང་དག་པའི་ཡེ་ཤེས་དང་། རྗེས་ལ་ཐོབ་པའི་ཡེ་ཤེས་གསུམ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་དང་སྦྱར་བར་བྱའོ། །དེ་ལ་སྦྱོར་བའི་ཤེས་པ་དེ་ནི་ཟག་པ་དང་བཅས་པའི་ཡིད་ལ་བྱེད་པ་ཤུགས་ཀྱིས་འཇུག་པའི་གནས་སུ་གྱུར་པའི་ཏིང་ངེ་ འཛིན་ཁོ་ན་ཡིན་པས་ཤུགས་ཀྱིས་འཇུག་པ་ཞེས་བྱའོ། །རྩ་བའི་ཡེ་ཤེས་དེ་ནི་ཐ་དད་པའི་སྤྱོད་ཡུལ་གྱི་གནས་སུ་མེད་པར་བརྟེན་པའི་ཏིང་ངེ་འཛིན་ཡིན་པས་མི་གནས་པ་ཞེས་བྱའོ། །རྗེས་ལ་ཐོབ་པའི་ཡེ་ཤེས་ནི་སྤྱོད་པ་རྣམ་པ་སྣ་ཚོགས་འགྲུབ་པའི་རྟེན་དུ་གྱུར་པའི་ཏིང་ངེ་འཛིན་པས་ཤིན་ ཏུ་སྦྱང་བ་བྱས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་། དམིགས་པ་དང་། ཡོངས་སུ་བསྒོམ་པ་དཔག་ཏུ་མེད་པ་དང་ལྡན་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་གང་ཡིན་པ་དང་ཞེས་བྱ་བས་ནི་མཚན་ཉིད་བདུན་བསྟན་པ་སྟེ། འདིས་ནི་སྦྱོར་བའི་དུས་ཀྱི་ཤེས་རབ་བསྟན་ཏོ། ། དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའི་གསུང་རབ་ཡིན་པས་གསུང་རབ་འདི་ཐོས་པར་ནུས་པའི་ཏིང་ངེ་འཛིན་ལ་དོན་གྱིས་ཐོས་པའི་ཤེས་རབ་ཅེས་བསྟན་ཏེ། ཏིང་ངེ་འཛིན་གྱི་གནས་སྐབས་སུ་ཡང་གསུང་རབ་ཐོས་པར་འགྱུར་བས་སོ། །དམིགས་པའི་ ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་གནས་པ་ལ་དོན་གྱིས་བསམ་པའི་ཤེས་རབ་ཅེས་བསྟན་ཏོ། །ཡོངས་སུ་བསྒོམ་པའི་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་བསྒོམ་པའི་ཤེས་རབ་ཡིན་ཏེ། ཏིང་ངེ་འཛིན་གྱི་གནས་སྐབས་སུ་ཡང་ཏིང་ངེ་འཛིན་དཔག་ཏུ་མེད་པ་རྣམ་པ་སྣ་ཚོགས་བསྒོམ་པར་ནུས་ པའི་ཕྱིར་རོ། །བཤད་པའི་རྣམ་པ་བཞིན་དུ་ནི་ཤེས་རབ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་དང་། ཤེས་རབ་དབང་དུ་གྱུར་པའི་ཕྱིར་ཆོས་ཀྱི་མཚན་མ་རབ་ཏུ་རྟོགས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་མཚན་མ་ལེགས་པར་རྟོགས་པ་ཞེས་བྱའོ། །ནང་གི་སོ་སོ་ཡང་དག་པར་རིག་པ་ ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཤེས་རབ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཤུགས་ཀྱིས་འཇུག་པ་དང་ལྡན་པ་ཞེས་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་མི་གནས་པ་ཞེས་བྱའོ། །རྗེས་ལ་ཐོབ་ པའི་ཡེ་ཤེས་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཤིན་ཏུ་སྦྱངས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྦྱོར་བའི་ཏིང་ངེ་འཛིན་བསྟན་པ་འདི་ལྟ་སྟེ། ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་བསྟན་པ་ཐོས་པའི་ཤེས་རབ་ཀྱིས་དམིགས་པ་བྱས་ ནས་དཔག་ཏུ་མེད་པའི་བསམ་གཏན་རྣམས་བསྒོམ་པའི་ཕྱིར་རོ། །བརྒྱུད་དེ་བཤད་པ་དག་ལས་དང་པོ་གཅིག་ནི་ཏིང་ངེ་འཛིན་གྱི་ཆ་ལྷན་ཅིག་མ་སྙོམས་པའི་བསམ་གཏན་པ་རྒྱུ་མཚན་གྱི་རྣམ་པ་ལ་རྟོག་པ་ཡིན་པས་མཚན་མ་ལེགས་པར་རྟོགས་པ་ཞེས་བྱའོ། །གཉིས་པ་ནི་ཤེས་རབ་ཀྱི་ཆ་ ལྷག་ཅིང་མ་སྙོམས་པའི་བསམ་གཏན་པ་ལྟ་བའི་རྣམ་པ་ལ་རྟོག་ཅིང་རང་གི་ངོ་བོ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པས་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཏིང་ངེ་འཛིན་དང་། ཤེས་རབ་ཆ་མཉམ་པའི་བསམ་གཏན་པ་གང་ཡིན་པ་དེ་ནི་གཉི་གའི་ཆ་ཞེས་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་ པའི་ཤེས་པ་དང་། མཚུངས་པར་ལྡན་པ་མཐོང་བའི་ལམ་གྱི་བསམ་གཏན་པ་གང་ཡིན་པ་དེ་ནི་མི་གནས་པ་ཞེས་བྱའོ། ཚུལ་བཞིན་ཡིད་ལ་བྱེད་པའི་ཤེས་པ་དང་། མཚུངས་པར་ལྡན་པའི་བསྒོམ་པའི་ལམ་གྱི་བསམ་གཏན་པ་གང་ཡིན་པ་དེ་ནི་ཤིན་ཏུ་སྦྱངས་པ་ཞེས་བྱའོ། །བྱང་ཆུབ་ སེམས་དཔའི་སྡེ་སྣོད་ལས་བསྟན་པའི་སྦྱོར་བའི་བསམ་གཏན་ཐོབ་པ་གང་ཡིན་པ་དེ་ནི་ཐོས་པའི་ཤེས་རབ་པོ། །དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་བསམ་པའི་ཤེས་རབ་པོ། །བསྒོམ་པ་གང་ཡིན་པ་དེ་ནི་བསྒོམ་པའི་ཤེས་རབ་ཡིན་ཏེ། ཤེས་རབ་གསུམ་པོ་འདི་དག་ལ་བརྟེན་ནས་ ཏིང་ངེ་འཛིན་དཔག་ཏུ་མེད་པ་རྒྱ་ཆེར་བསྒོམ་པའི་ཕྱིར་རོ། །དེ་ལ་ཏིང་ངེ་འཛིན་དང་བསམ་གཏན་དང་ཞེས་གསུངས་པ་ཡང་། ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ལ། བསམ་གཏན་ནི་ཏིང་ངེ་འཛིན་གྱི་རྩལ་ཡིན་པས་སོ། །དེ་ནི་བསམ་གཏན་རྣམ་པར་དག་པའི་མཚན་ ཉིད་རྣམ་པ་བདུན་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པའི་མཐའ་རྣམ་པར་སྤངས་ཏེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་ནི་ཤེས་རབ་ཅེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་ དྲུག་པ་ཤེས་རབ་ཀྱི་མཚན་ཉིད་རྣམ་པ་བདུན་སྟོན་ཏོ། །འདི་ཡང་རྣམ་པར་བཤད་པ་དང་། མཇུག་བསྡུ་བས་སྟོན་ཏོ། །རྣམ་པར་བཤད་པ་ཡང་མཚན་ཉིད་རྣམ་པ་བདུན་བསྟན་པ་གཉིས་ཀྱིས་རྣམ་པ་བདུན་དུ་དབྱེ་བ་འདི་ནི་མཚན་ཉིད་དང་པོ་བསྟན་པའོ། །དེ་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་རྣམ་པར་སྤངས་ཏེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། མེད་པ་དང་རྒྱུ་མེད་པ་ལ་ནན་ཏན་གྱིས་ཡོད་པ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་སྒྲོ་འདོགས་ པ་ཞེས་བྱའོ། །ཡོད་པ་དང་མེད་པའི་རྒྱུ་ལ་ནན་ཏན་གྱིས་མེད་དོ་ཞེས་སྐུར་པའི་ཕྱིར་སྐུར་པ་འདེབས་པ་ཞེས་བྱ་བ་སྟེ། དེ་ལྟར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དེ་དག་ནི་གཉི་ག་ཡང་མཐའ་ཞེས་བཤད་དོ། །དེ་ལ་མཐའ་ནི་ལྟུང་བར་བྱེད་པའི་དོན་ཡིན་ཏེ། འདི་གཉིས་འབྱུང་བར་གྱུར་པ་དབུ་མའི་ ལམ་ལས་ཉམས་པར་གྱུར་པས་སོ། །ཀུན་དུ་བརྟགས་པ་ནི་སྒྲོ་འདོགས་པ་ཁོ་ན་ཡོད་ཀྱི། སྐུར་པ་ནི་མེད་དེ། ཅི་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ཡོད་པ་ལ་ལྟོས་ནས་གདོད་སྐུར་པ་འབྱུང་བས་སོ། །གཞན་གྱི་དབང་ལ་ནི་སྒྲོ་འདོགས་པར་མི་བྱེད་དེ། བདག་ཉིད་ཡོད་པའི་ཕྱིར་རོ། འདི་ལྟར་ ཡོད་པ་མ་ཡིན་པ་ལས། གདོད་སྒྲོ་འདོགས་པ་འབྱུང་བས་སོ། །སྐུར་པར་མི་བྱེད་དེ། ཡང་དག་པ་མ་ཡིན་པར་རྣམ་པར་རྟོག་པ་ཙམ་དུ་ཡོད་པའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ནི་སྒྲོ་འདོགས་པར་མི་བྱེད་དེ། ཡང་དག་པ་ཉིད་དུ་ཡོད་པའི་ཕྱིར་རོ། །སྐུར་པ་ཁོ་ན་ཡོད་དོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བདག་དང་ཆོས་ནི་ཡོད་པ་མ་ཡིན་ལ་སྟོང་པ་ཉིད་ཀྱི་རྣམ་པར་རིག་པ་ནི་མེད་པ་མ་ཡིན་ཏེ། ཡོད་པ་དང་མེད་པ་དང་བྲལ་བའི་ཕྱིར་དབུ་མའི་ལམ་དང་མཐུན་པའོ། །འདི་ལ་བཅོམ་ ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གཉིས་གསུངས་པ་ནི་འདི་ལྟ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །འདི་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་ པས་མེད་པས་ཡོད་པས་ན། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ་། །དབུ་མའི་ལམ་རྒྱ་ཆེར་བསྟན་པ་ནི། དབུ་མའི་ལམ་གྱི་མཚན་ཉིད་བསྟན་པ་དག་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཤེས་རབ་དེས་རྣམ་པར་ཐར་པའི་སྒོ་འདི་ལྟ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པའི་སྒོ་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བས་ནི་མཚན་ཉིད་གཉིས་པ་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཤེས་རབ་བསྟན་ཏོ། །རྣམ་པར་ཐར་པའི་སྒོ་གསུམ་གྱི་དོན་ནི་བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་བསྟན་ པ་བཞིན་ཏེ། དེའི་ཕྱིར་དེ་ཉིད་ལས་རྣམ་པར་ཐར་པའི་སྒོ་ནི་འདི་ལྟ་སྟེ། རྣམ་པར་ཐར་པ་གསུམ་པའོ། །སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་དང་། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་དང་། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་གང་ཡིན་པའོ། །དེ་ལ་སྟོང་པ་ཉིད་ནི་རྣམ་པ་གཉིས་ཏེ། ཤེས་བྱ་ དང་ཤེས་པའོ། །ཤེས་བྱ་ནི་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་བརྟགས་པའི་ཆོས་དག་ལ་ཀུན་བརྟགས་པའི་ངོ་བོ་ཉིད་གཉིས་པོ་དེ་དག་ངོ་བོ་ཉིད་མེད་པ་དང་། དེ་ལས་གཞན་པ་བདག་མེད་པ་ཉིད་ཡོད་པ་གཉིས་ཀ་དང་བྲལ་བ་གང་ཡིན་པའོ། །དེ་ལ་ཆོས་རྣམས་ ལ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་བདག་མེད་པ་ཉིད་ཡོད་པ་ཡིན་ལ། ཆོས་རྣམས་ལ་བདག་མེད་པ་ཉིད་ཡོད་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ནོ། །དེ་ཡོད་པ་དང་ཡོད་པ་མ་ཡིན་པ་གཉིས་སུ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ལོ་ཞེས་བྱ་བ་ འདི་ལྟ་སྟེ། ཡུལ་དེ་ལ་དམིགས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་གང་ཡིན་པའོ། །མཚན་མ་མེད་པ་རྣམ་པ་གཉིས་ཏེ། ཤེས་བྱ་དང་ཤེས་པའོ། །དེ་ལ་ཤེས་བྱ་ནི་འདི་ལྟ་སྟེ། ཡོངས་སུ་ཤེས་པར་བྱ་བ་སྟོང་པ་ཉིད་ཀྱི་ཡུལ་ཏེ། དེས་ཡུལ་གྱི་མཚན་མ་ལ་ མི་འཇུག་པ་གང་ཡིན་པའོ། །ཤེས་པ་ནི་འདི་ལྟ་སྟེ། སྔར་བསྟན་པ་ལྟ་བུ་མེད་པ་གང་ཡིན་པའོ། །སྨོན་པ་མེད་པ་ཡང་རྣམ་པ་གཉིས་ཏེ། ཤེས་བྱ་དང་ཤེས་པའོ། །དེ་ལ་ཤེས་བྱ་ནི་འདི་ལྟ་སྟེ། ཤེས་པ་མེད་པའི་ཕྱིར་ཕྱིན་ཅི་ལོག་གི་འདུ་བྱེད་རྣམས་ཀྱི་མཚན་མ་བསྐྱེད་པ་གང་ ཡིན་པའོ། ཤེས་པ་ནི་འདི་ལྟ་སྟེ། ཡུལ་ལ་དམིགས་ཤིང་ཡོངས་སུ་སྐྱོ་བའི་ཁོང་དུ་ཆུད་པ་གང་ཡིན་པའོ། །དེ་ལ་སྟོང་པ་ཉིད་དུ་བསྒོམ་པ་ནི་འདི་ལྟ་སྟེ། འདུ་བྱེད་རྣམས་ལ་བདག་མི་དམིགས་པ་དང་། མཚན་མ་རྣམས་ལ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པའི་ཆོས་མི་དམིགས་པ་ གང་ཡིན་པའོ། །མཚན་མ་མེད་པར་བསྒོམ་པ་ནི་འདི་ལྟ་སྟེ། འདུ་བྱེད་རྣམས་ལ་སེམས་ཅན་དང་། བདག་མེད་པ་ཉིད་དམིགས་པ་དང་། མཚན་མ་རྣམས་ལ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པའི་ཆོས་དང་བདག་མེད་པ་ཉིད་དམིགས་ཤིང་འགོག་པ་ལ་འགོག་པ་དང་། ཞི་བ་དང་ གྱ་ནོམ་པ་དང་། ངེས་པར་འབྱུང་བ་ཉིད་དུ་བསྒོམ་པ་གང་ཡིན་པའོ། །སྨོན་པ་མེད་པ་བསྒོམ་པ་ནི་འདི་ལྟ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། ནད་ལྟ་བུ་དང་། འབྲས་ལྟ་བུ་དང་། ཟུག་རྔུ་ལྟ་བུར་བསྒོམ་པ་གང་ཡིན་པའོ། །རྒྱུ་དང་། ཀུན་འབྱུང་དང་། རབ་ཏུ་ སྐྱེ་བ་དང་། རྐྱེན་དུ་བསྒོམ་པ་ལ་དམིགས་པའི་ཤེས་པ་གང་གིས་སྟོང་པ་ཉིད་ཀྱི་ལམ་ལ་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་ཉིད་དུ་བསྒོམ་པ་འདི་ཡང་སྟོང་པ་ཉིད་དུ་བསྒོམ་པའོ། །དམིགས་པའི་ཤེས་པ་གང་གིས་མཚན་མ་མེད་པའི་ལམ་ལ་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་ཉིད་དུ་བསྒོམ་པ་འདི་ཡང་མཚན་མ་མེད་པར་བསྒོམ་པའོ། །དམིགས་པའི་ཤེས་པ་གང་གིས་སྨོན་པ་མེད་པའི་ལམ་ལ་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་ཉིད་དུ་བསྒོམ་པ་འདི་ཡང་སྨོན་པ་ མེད་པར་བསྒོམ་པ་ཡིན་ནོ། །གལ་ཏེ་བྱེ་བྲག་མེད་པར་ཀུན་ལ་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས་བརྗོད་ན་ནི། ཐོས་པ་དང་། བསམ་པ་དང་། བསྒོམ་པ་ལས་བྱུང་བའི་ཤེས་རབ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཡིན་པར་རིག་པར་ བྱའོ། །གལ་ཏེ་སྟོང་པ་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བརྗོད་ན་ནི་བསྒོམ་པ་ལས་བྱ