Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 120
Văn bản gốc(Tây Tạng)
Trang 10 / 20 (50.000 ký tự/trang)
ཅོས་ཚད་མ་བསྡུས་པ་མཛད་པ་ལས་ཀྱང་། མཉམ་པར་གཞག་པའི་སེམས་ཐམས་ཅད་ནི་མངོན་སུམ་གྱི་ཚད་མ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཞེས་བྱའོ་ཅེས་བྱ་བ་དེ་ནི་གསུམ་པ་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ། ། གནས་མངོན་སུམ་དུ་དམིགས་པའི་མཚན་ཉིད་ནི་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གནས་མངོན་སུམ་དུ་དམིགས་པའི་མཚན་ཉིད་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གསུམ་སྟེ། མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །འདི་ནི་དང་པོ་མདོར་ བསྟན་པ་སྟེ། འདི་ལྟར་མི་རྟག་པ་རགས་པ་ལ་བརྟེན་ནས། སྐད་ཅིག་མ་ཤིན་ཏུ་ཕྲ་བའི་མི་རྟག་པ་ལ་སོགས་པ་རབ་ཏུ་བསྟན་པའོ། །འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཉིད་དང་། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ལས་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་ཆུད་མི་ཟ་བ་ཉིད་དེ་ཞེས་བྱ་ བ་ལ་སོགས་པས་ནི་གཉིས་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་སྟེ། གནས་མངོན་སུམ་དུ་དམིགས་པའི་ངོ་བོ་ཉིད་གསུམ་བསྟན་པ་དང་། དེ་ལ་ཞེས་བྱ་བ་མན་ཆད་ཀྱིས་དམིགས་སུ་ཡོད་པར་གྱུར་པའི་གཏན་ཚིགས་བསྟན་པ་དང་། རྒྱུ་དང་རྐྱེན་དེས་ཞེས་བྱ་བ་མན་ཆད་ཀྱིས་ངེས་པར་ གྲུབ་པ་ཉིད་དུ་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་ལྟར་གནས་མངོན་སུམ་དུ་དམིགས་པ་ནི་རྣམ་པ་གསུམ་ཡོད་པས་འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་སྐད་ཅིག་པ་ཉིད་དང་། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དང་། ལས་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་ཆུད་མི་ཟ་བ་ཉིད་དོ། །དེ་ནི་འདི་སྐད་དུ། མི་རྟག་པར་རགས་པ་ལ་སོགས་པའི་དབང་གིས་ངོ་བོ་ཉིད་རྣམ་པ་འདི་གསུམ་རྗེས་སུ་དཔག་ཏུ་ཡོད་པར་གྱུར་ཏོ་ཞེས་བསྟན་པར་འགྱུར་རོ། །དེ་གནས་པའི་མི་རྟག་པའི་རིགས་པ་ཉིད་མངོན་སུམ་དུ་དམིགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དམིགས་སུ་ཡོད་པར་གྱུར་པའི་གཏན་ཚིགས་ བསྟན་པའོ། །འདི་ཡང་གཏན་ཚིགས་རྣམ་པ་གསུམ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོའོ། །འདི་ལྟར་དེས་གནས་པའི་མི་རྟག་པ་རགས་པ་ཉིད་མངོན་སུམ་དུ་དམིགས་པའི་ཕྱིར་གདོན་མི་ཟ་བར་སྐད་ཅིག་མའི་སྐྱེ་འགག་དང་བཅས་པ་མི་རྟག་པ་ཕྲ་མོའི་དོན་ཡོད་པར་རྗེས་སུ་དཔག་པ་ སྟེ། འདི་ནི་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་ལ་བརྟེན་ནས་སྐྱེས་པར་གྱུར་པའོ། །སེམས་ཅན་གྱི་བྱེ་བྲག་སྣ་ཚོགས་དང་། ལས་སྣ་ཚོགས་དངོས་སུ་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གཉིས་པ་སྡུག་བསྔལ་རགས་པ་ལ་བརྟེན་ནས་དམིགས་པའི་མཚན་ཉིད་བསྟན་པའོ། །འདི་ལྟར་ད་ ལྟར་གྱི་དུས་སུ་སྡུག་བསྔལ་སྣ་ཚོགས་ཡོད་པ་གང་ཡིན་པ་དེ་ནི་སྔ་མའི་ལས་སྣ་ཚོགས་ལ་བརྟེན་ནས། མངོན་སུམ་དུ་དམིགས་པའི་ཕྱིར་དེས་གདོན་མི་ཟ་བར་མ་འོངས་པ་ན་ཡང་སྡུག་བསྔལ་བའི་འབྲས་བུ་ཡོད་པར་རྗེས་སུ་དཔག་པའོ། །སེམས་ཅན་བདེ་བ་དང་། སྡུག་བསྔལ་གྱི་ལས་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་ལ་གནས་པ་ན་མངོན་སུམ་དུ་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གསུམ་པ་བདག་མེད་པ་རགས་པ་ལ་བརྟེན་ནས། བདག་མེད་པར་ཕྲ་བ་རབ་ཏུ་བསྟན་པའོ། །འདི་ལྟར་སེམས་ཅན་རྣམས་ད་ལྟར་བདེ་བ་དང་། སྡུག་བསྔལ་གང་ཅི་མྱོང་བ་དག་ནི་ལས་དགེ་བ་དང་། མི་དགེ་བ་ལ་གནས་པ་ཉིད་དུ་ མཐོང་བས་ལས་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་དག་གིས་ནི་གདོན་མི་ཟ་བར་འབྲས་བུ་རབ་ཏུ་འདྲེན་ཅིང་ཆུད་མི་ཟ་བར་རབ་ཏུ་ཤེས་པས་བདག་བདེ་བ་དང་། སྡུག་བསྔལ་མྱོང་བ་ཅི་ཡང་མེད་པ་ཁོ་ན་རབ་ཏུ་ཤེས་པའོ། །རྒྱུ་དང་རྐྱེན་དེས། མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པར་བྱེད་པ་ལ་ཞེས་བྱ་བ་ནི་ གསུམ་པ་རིགས་པའི་སྒོ་ནས་ཕྲ་བ་ཉིད་དུ་རྗེས་སུ་དཔག་པར་བསྟན་ཏེ། འདི་ལྟར་གོང་དུ་བསྟན་པའི་རྒྱུ་དང་། རྐྱེན་རྣམ་པ་གསུམ་པོ་དེས་མི་རྟག་པ་རགས་པ་དེ་དག་གིས་ཤིན་ཏུ་ཕྲ་ཞིང་མཐོང་བར་དཀའ་བའི་དངོས་པོ་རྗེས་སུ་དཔག་པར་བྱེད་པའོ། །དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་གནས་མངོན་སུམ་དུ་ དམིགས་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་གསུམ་པ་སྤྱིའི་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །རང་གི་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་པའི་མཚན་ཉིད་ནི་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་རང་གི་རིགས་ཀྱི་དཔེའི་མཚན་ཉིད་བསྟན་པའོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོར་ བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །འདི་ནི་དང་པོ་ཆོས་མཚུངས་པའི་དཔེ་མདོར་བསྟན་པའོ། །ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ཀྱི་ཚོགས་ལ་འཇིག་རྟེན་པ་རྣམས་ཀྱིས་ཐུན་མོང་དུ་ཤེས་པའི་སྐྱེ་བ་དང་། འཆི་འཕོ་བ་དག་གི་དཔེས་ཉེ་བར་བསྒྲུབ་པ་ཞེས་བྱ་བ་ལ་སོགས་ པ་ལ་ནི་གཉིས་པ་ཡང་དག་པར་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། མི་རྟག་པའི་དཔེ་བསྟན་པ་དང་། སྡུག་བསྔལ་བའི་དཔེ་དང་། བདག་མེད་པའི་དཔེ་དང་། འབྱོར་པ་དང་། རྒུད་པའི་དཔེ་སྟེ། འདི་ནི་དང་པོ་མི་རྟག་པའི་དཔེ་བསྟན་པའོ། །དེ་ལ་ནང་དང་ཕྱི་རོལ་ཅེས་བྱ་བ་ ནི་སེམས་ཅན་དང་། སེམས་ཅན་མ་ཡིན་པ་ལས་བརྩམས་ནས་ཕྱི་ནང་གི་དཔེ་བསྟན་པ་སྟེ། ནང་དང་ཕྱི་རོལ་གྱི་ཚོགས་རྣམ་པ་གཉིས་ལ་འཇིག་རྟེན་པ་དག་གི་ཐུན་མོང་དུ་སྐྱེ་བ་དང་། འཆི་འཕོ་ལ་སོགས་པའི་དངོས་པོ་ཉིད་དུ་ཤེས་པ་མི་རྟག་པ་ཕྲ་མོ་ལ་སོགས་པ་དེ་དག་གི་དཔེ་བསྟན་ པའི་ཕྱིར་རོ། །ཡང་ན་རགས་པ་དང་། ཕྲ་བ་མི་དབྱེ་བར་སྤྱིའི་དཔེར་བསྟན་པའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི། སྐྱེ་བ་དང་འཇིག་པ་དག་གིས་ཞེས་འབྱུང་གི་འཆི་འཕོ་ཞེས་མི་འབྱུང་ངོ་། །འཇིག་རྟེན་པ་རྣམས་ཀྱིས་ཐུན་མོང་དུ་ཤེས་པ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་མཚན་ཉིད་ དཔེར་ཉེ་བར་བསྒྲུབ་པ་ཞེས་བྱ་བ་ནི་གཉིས་པ་སྡུག་བསྔལ་དཔེར་བསྟན་པ་སྟེ། འདི་ལྟར་འཇིག་རྟེན་ན་ཡོད་པ་ལ་སོགས་པའི་སྡུག་བསྔལ་བརྒྱད་པོ་དག་བདག་ཉིད་ཀྱི་སྡུག་བསྔལ་བའི་དཔེར་ཉེ་བར་སྦྱར་བའོ། །འཇིག་རྟེན་པ་རྣམས་ཀྱིས་ཐུན་མོང་དུ་ཤེས་པ་རང་དབང་མེད་པའི་མཚན་ཉིད་དམིགས་ པ་དག་གི་དཔེས་ཉེ་བར་བསྒྲུབ་པ་ཞེས་བྱ་བ་ནི་གསུམ་པ་བདག་མེད་པའི་དཔེ་བསྟན་པ་སྟེ། བརྡ་ཕྲད་པར་ཟད་དོ། །གཞན་ཡང་ཕྱི་རོལ་དག་ལ་འཇིག་རྟེན་པ་རྣམས་ཀྱིས་ཐུན་མོང་དུ་ཤེས་པའི་འབྱོར་པ་རྒུད་པ་དམིགས་པ་དག་གི་དཔེར་ཉེ་བར་བསྒྲུབ་པ་ཞེས་བྱ་བ་ནི་བཞི་པ་འབྱོར་པ་དང་རྒུད་པའི་ དཔེས་བསྟན་པའོ། །དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་རང་གི་རིགས་ཀྱི་དཔེ་ཉེ་བར་བསྒྲུབ་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ། །ཡོངས་སུ་གྲེགས་པའི་མཚན་ཉིད་ནི་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཡོངས་སུ་གྲེགས་པའི་མཚན་ ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་པོ་མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་ཏེ། འདི་ནི་དང་པོའོ། །འདི་ལྟ་སྟེ། འདི་ལྟར་མངོན་སུམ་དུ་དམིགས་པའི་མཚན་ཉིད་གང་ཡིན་པ་དང་། གནས་མངོན་སུམ་དུ་དམིགས་པའི་མཚན་ཉིད་གང་ཡིན་པ་དང་། རང་གི་ རིགས་ཀྱི་དཔེ་ཉེ་བར་བསྒྲུབ་པ་དམིགས་པའི་མཚན་ཉིད་གང་ཡིན་པ་དེ་ནི་གྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པར་གྲུབ་པར་བྱེད་པ་ཞེས་བྱ་བ་ནི་གཉིས་པ་ཡོངས་སུ་གྲེགས་པའི་མཚན་ཉིད་ཡང་དག་པར་བཤད་པ་སྟེ། འདི་ལྟར་མངོན་སུམ་དུ་དམིགས་པ་དང་། དཔེ་དེ་དག་གིས་དམ་བཅས་པའི་དོན་ ངེས་པར་གྲུབ་པར་བྱེད་པའི་ཕྱིར་ཡོངས་སུ་གྲེགས་པ་ཞེས་བྱའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ཡོངས་སུ་གྲུབ་པ་ཉིད་ཅེས་འབྱུང་ངོ་། །ཡོངས་སུ་གྲེགས་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི། གསུམ་པ་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ། །ཤིན་ཏུ་རྣམ་ པར་དག་པའི་ལུང་གི་མཚན་ཉིད་ནི་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་སྟེ་མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་ཏེ། འདི་ནི་དང་པོའོ། །འདི་ལྟ་སྟེ། ཐམས་ཅད་མཁྱེན་པས་གསུངས་ པ་ཇི་སྐད་དུ་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལ་ཞེས་བྱ་བ་ནི་གཉིས་པ་རྣམ་པར་བཤད་པའོ། །དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བའོ། །རིགས་ཀྱི་བུ་དེ་ལྟ་བས་ན་མཚན་ཉིད་ ལྔ་པོ་དེ་དག་གི་ཕྱིར་ཤིན་ཏུ་སོ་སོར་བརྟགས་པ་ཡོངས་སུ་དག་པའི་རིགས་པ་ཞེས་བྱ་སྟེ། ཡོངས་སུ་དག་པ་ཡིན་པའི་ཕྱིར་བསྟེན་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་སྤྱིའི་མཇུག་བསྡུ་བའོ།། །།བམ་པོ་བདུན་ཅུ་གཉིས་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་མཚན་ཉིད་རྣམ་པ་དུ་མཆིས་པར་རིག་པར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྒོལ་བ་དག་གི་རྗེས་སུ་བཟླས་ཏེ་རྣམ་པར་བཤད་པ་ཞེས་བྱ་བ་སྟོན་ཏོ། །འདི་ལྟར་གོང་མ་ལྔ་པ་ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་བསྟན་པའི་སྐབས་ ནས་ཐམས་ཅད་མཁྱེན་པས་གསུངས་པ་ཞེས་བྱ་བའི་ཚིག་གསུངས་པས་ཐམས་ཅད་མཁྱེན་པ་ཞེས་བྱ་བ་མཚན་ཉིད་རྣམ་པ་དུ་དང་ལྡན་པ་ཁོང་དུ་མ་ཆུད་པས་དེའི་ཕྱིར་འདིར་ཡང་བཟླས་ཏེ་བསྟན་པ་ཡིན་ནོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་སྟེ། འདི་ནི་དང་པོ་ཐམས་ ཅད་མཁྱེན་པའི་མཚན་ཉིད་ཞུས་པའོ། །འདིར་ཐམས་ཅད་མཁྱེན་པ་ཞེས་ཞུས་པ་དང་། གཞན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་གསུངས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཡུལ་འདིའི་སློབ་དཔོན་རྣམས་ཀྱིས་བརྒྱུད་དེ་བཤད་པ་ལས་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་ པ་ཞེས་བྱའོ། །ཀུན་རྫོབ་ལ་གནས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པས་འཕགས་པ་གསེར་འོད་དམ་པའི་བརྗེད་བྱང་བྱས་པ་ལས་ནི། ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན་སྟོང་པ་ཉིད་ལ་དམིགས་པའི་ ཡེ་ཤེས་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཤེས་པ་དང་བཅས་པ་ལ་དམིགས་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཐེག་པ་ཆུང་ངུ་བས་འདོད་པའི་དོན་ནི་མཚན་ཉིད་གོང་མ་ལས་བཟློག་པ་ལས་རིག་པར་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་འཕགས་པ་གསེར་འོད་ དམ་པའི་མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ནི། །རྩ་བ་དག་ཏུ་གྱུར་པས་ན། །ཡོན་ཏན་དཔག་ཏུ་མེད་པ་དག །རབ་ཏུ་བརྒྱན་པར་གྱུར་པ་ཡིན། །ཞེས་གསུངས་པ་ཡིན་ཏེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། །རྣམ་པ་ཐམས་ཅད་མཁྱེན་པ་ནི། །རྩ་བ་དག་ཏུ་གྱུར་པས་ན། །ཞེས་བྱ་བ་ནི་སྔར་ ཡེ་ཤེས་སྐྱེ་བ་བསྟན་པའོ། །ཡོན་ཏན་དཔག་ཏུ་མེད་པ་དག །རབ་ཏུ་བརྒྱན་པར་གྱུར་པ་ཡིན། །ཞེས་བྱ་བ་ནི་ཡོན་ཏན་སྐྱེ་བར་བསྟན་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཤེས་རབ་ཡིན་ལ། སྟོང་པ་ཉིད་ཀྱི་ཤེས་རབ་ཀྱིས་ནི་མཁྱེན་པ་བསྐྱེད་པའི་ཕྱིར་རྣམ་པ་ཞེས་བྱའོ། །ཐམས་ ཅད་ཅེས་བྱ་བ་ནི་མཁྱེན་པ་དང་ལྡན་པ་ཡིན་ལ། མཁྱེན་པའི་བྱེ་བྲག་ཀྱང་མི་མཚུངས་པའི་ཕྱིར་ཐམས་ཅད་ཅེས་གསུངས་སོ། །ཐེག་པ་ཆུང་ངུའི་གཞུང་གིས་ཐམས་ཅད་སྟོང་པ་ཉིད་དུ་མཁྱེན་པ་ཞེས་བཤད་དེ། དེ་ལ་སྟོང་པ་ནི་ཐམས་ཅད་ཅེས་བྱ་བའི་རྩ་བ་ཡིན་ལ། ཐམས་ཅད་ཅེས་བྱ་བ་ནི་སྟོང་པའི་ཡན་ལག་ ཡིན་ཏེ། རྩ་བ་ལས་མི་ཐོབ་པ་ཡིན་པས་སྟོང་པ་ལ་རྣམ་པ་ཐམས་ཅད་ཅེས་བྱའོ། །མཁྱེན་པའི་ཤེས་པ་དང་ལྡན་པ་སྟེ། ཤེས་པ་དང་ལྡན་པའི་ནང་ན་རྣམ་པ་སྣ་ཚོགས་མི་མཚུངས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །འདིར་མཁྱེན་པ་རྣམ་པ་གཉིས་བཤད་པ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་ མཐུན་པས་བེའུའི་སྡེ་པ་རྣམས་ནི་གང་ཟག་གི་ཆོས་ཐམས་ཅད་ཤེས་པར་ནུས་པ་ལ། ཐམས་ཅད་མཁྱེན་པ་ཞེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ཀྱི་ནང་ནས། བདག་འཇིག་པའི་ལེའུ་ལས། གལ་ཏེ་ལོགས་ཤིག་ཏུ་གང་ཟག་གི་བདག་ཉིད་ཡང་དག་པར་ཡོད་པར་རྣམ་པར་མ་ བཞག །བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་མཁྱེན་པ་ཡིན་ནོ། །སྐད་ཅིག་གཅིག་ལ་ཐ་དད་པར་སྐྱེ་ཞིང་འཇིག་པའི་ཕྱིར་རོ། །ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་རྒྱུན་ལ་བརྟེན་ནས་ཐམས་ཅད་མཁྱེན་ པ་ཞེས་འདོད་ཀྱི། བདག་ནི་མ་ཡིན་ནོ་ཞེས་ཟེར་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས། ངེད་ཀྱི་བཅོམ་ལྡན་འདས་ཐམས་ཅད་གཅིག་པར་མཁྱེན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་མི་ཟེར་ཏེ་ཞེས་འབྱུང་བ་ཡིན་ཏེ། བཤད་པ་འདི་དང་སྦྱར་ན། བེའུའི་སྡེ་པ་དག་ནི་ངེད་ཐམས་ཅད་ མཁྱེན་པ་ཞེས་ཟེར་བར་ཟད་ཀྱི། བདག་གི་ཤེས་སོ་ཞེས་མི་སྨྲ་སྟེ། འདི་ལྟར་རྒྱུད་ཀྱི་དབང་དུ་བྱས་ནས་སྤྱོད་པ་དང་ལྡན་པའི་ཕྱིར་སངས་རྒྱས་ཞེས་བྱ་བའི་མཚན་བརྙེས་པ་ཡིན་ཏེ། ཕུང་པོ་རྣམས་ཀྱི་རྒྱུད་ལ་ནུས་པ་ཁྱད་པར་དུ་འཕགས་པ་དེ་ལྟ་བུ་ཡོངས་སུ་གྲུབ་པས་ཐུགས་ལ་དགོངས་པ་ཙམ་གྱིས་ མཁྱེན་པར་མཛད་པའི་དགོངས་པའི་ཡུལ་དག་ལ་ཕྱིན་ཅི་ལོག་མི་མངའ་བར་མཁྱེན་པ་སྐྱེ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའི། སྐད་ཅིག་མ་གཅིག་ལ་ཅིག་ཅར་མཁྱེན་པ་ནི་མ་ཡིན་པའི་ཕྱིར་ཏེ། ཚིགས་སུ་བཅད་པ་ལས་ཇི་སྐད་དུ། དཔེར་ན་རྒྱུན་གྱིས་ནུས་པའི་ཕྱིར། །མེ་ཡིས་ཐམས་ཅད་ སྲེག་འདོད་ལྟར། །དེ་བཞིན་ཐམས་ཅད་མཁྱེན་འདོད་ཀྱི། །གཅིག་པར་ཐམས་ཅད་མཁྱེན་ཕྱིར་མིན། །ཞེས་བཤད་པ་ལྟ་བུའོ། །དེ་ལྟར་རྒྱུན་གྱི་དབང་དུ་བྱས་ནས་ཐམས་ཅད་མཁྱེན་པ་ཞེས་བྱའི། བདག་གིས་ཀུན་ཤེས་པ་ནི་མ་ཡིན་པར་ཤེས་ན་འདི་དང་དེ་དག་གིས་བརྟགས་པ་དང་སྦྱར་ན་བདག་གིས་ སངས་རྒྱས་བཅོམ་ལྡན་འདས་ལ་ཡང་རུང་། དུས་གསུམ་མངའ་བར་གསུངས་པའི་ཕྱིར་རོ། །གང་དུ་བསྟན་ཞེ་ན། ཚིགས་སུ་བཅད་པ་ལས་ཇི་སྐད་དུ། འདས་པའི་སངས་རྒྱས་གང་ཡིན་དང་། །མ་བྱོན་སངས་རྒྱས་གང་ཡིན་དང་། །ད་ལྟར་བཞུགས་པའི་སངས་རྒྱས་གང་། །དེ་དག་སེམས་ཅན་ མྱ་ངན་སེལ། །ཞེས་བཤད་པ་ལྟ་བུའོ། །ཁྱོད་ཀྱི་གཞུང་གིས་ནི་ཕུང་པོ་ཁོ་ན་ལ་དུས་གསུམ་ཡོད་པར་འདོད་ཀྱི། གང་ཟག་ལས་ནི་མ་ཡིན་པའི་ཕྱིར་གདོན་མི་ཟ་བར་དེ་ལྟར་ངེས་ཤེས་འབྱུང་ངོ་། །ཐམས་ཅད་ཡོད་པར་སྨྲ་བ་དེའི་གཞུང་གིས་ཐམས་ཅད་མཁྱེན་པ་ཞེས་བྱ་བ་དེ་ཡང་དག་པ་དང་ཀུན་རྫོབ་ཀྱི་ཡེ་ ཤེས་ལས་ཡེ་ཤེས་གང་གི་དབང་དུ་བྱས་ནས་བསྟན་ཞེ་ན་སྨྲས་པ། ཡང་དག་པ་དང་ཀུན་རྫོབ་ལ་དམིགས་པ་གཉི་ག་ལ་བརྗོད་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལྟ་མ་ཡིན་ན་ནི་ཐེག་པ་གཉིས་ཀྱང་ཐམས་ཅད་མཁྱེན་པ་ཞེས་བྱ་བར་འགྱུར་བའི་ཕྱིར་རོ། །མདོ་སྡེའི་གཞུང་དང་། གཞན་ཡང་མཛོད་ཀྱི་བསྟན་བཅོས་ལས། །ཡེ་ཤེས་ནི་རྣམ་པ་བཞི་སྟེ། སློབ་དཔོན་མེད་པའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། རྩོལ་བ་མེད་པའི་ཡེ་ཤེས་སོ་ཞེས་འབྱུང་སྟེ། རྣམ་པར་ཕྱེ་སྟེ་བཤད་པ་མེད་ན་འདི་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཁ་ཅིག་ན་རེ་ཐམས་ཅད་མཁྱེན་ པ་ཞེས་བྱ་བ་ནི་དོན་དམ་པ་ལ་དམིགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་དངོས་པོ་ལ་དམིགས་པའི་མཁྱེན་པའོ་ཞེས་ཟེར་རོ། །དགེ་འདུན་ཕལ་ཆེན་པའི་སྡེ་པ་དང་། ལན་ཅིག་བརྗོད་པའི་སྡེ་པ་དང་། བྱ་མ་ལ་པའི་སྡེ་པ་དག་ནི་འདི་སྐད་དུ། སྐད་ཅིག་མའི་སེམས་གཅིག་གིས་ ཐམས་ཅད་ཁོང་དུ་ཆུད་པར་འགྱུར་རོ། །སྐད་ཅིག་མ་གཅིག་གིས་སེམས་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཤེས་སོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་རྟག་པར་རྒྱུན་དུ་འཇུག་གོ་ཞེས་བཤད་དེ། སྡེ་པ་ཐ་དད་པའི་གཞུང་ལུགས་ཀྱི་བསྟན་བཅོས་ལས་བསྟན་པ་བཞིན་དུ་ རིག་པར་བྱའོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན། ཡང་སོ་སོ་ནས་བཤད་པ་མི་མཐུན་པས་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། ཐེག་པ་གཉིས་ཀྱིས་ཐམས་ཅད་མཁྱེན་པ་ཐོབ་པར་ལྟ་བས་རྣམ་པ་ཐམས་ཅད་མཁྱེན་པ་མ་ཡིན་ ནོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། ལུང་གི་ཚུལ་ལེགས་པར་མི་རྟོག་པའི་ཕྱིར་ཏེ། ཚིགས་སུ་བཅད་པ་ལས་ཇི་སྐད་དུ། རྒྱུན་དག་གིས་ནི་ནུས་པའི་ཕྱིར། །དེ་ནི་ཐམས་ཅད་ཟད་པར་འདོད། །ཅིག་ཅར་ཐམས་ཅད་རིག་མིན་པས། །ཐམས་ཅད་མཁྱེན་པ་དེ་ལྟར་འདོད། །ཅེས་སྨྲའོ། །དེ་ ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་མ་ཤེས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་དཀའ་བ་དང་། སླ་བར་འགྱུར་རོ་ཞེས་དེའི་གཞུང་གིས་དེ་ལྟར་འདོད་པར་ཤེས་སོ། །ཆོས་ཐམས་ཅད་བདག་མེད་པའོ་ཞེས་ཐུགས་སུ་ཆུད་པ་ཐམས་ཅད་མཁྱེན་པ་མ་ཡིན་ནམ་ཞེ་ན། ཐམས་ཅད་མཁྱེན་ པ་ཡིན་མོད་ཀྱི། རྣམ་པ་ཐམས་ཅད་མཁྱེན་པ་ནི་མ་ཡིན་ནོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །བཤད་པ་འདི་དང་སྦྱར་ན་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་མཚན་ཉིད་ཐ་དད་པ་ཉིད་དུ་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་བསྡུས་པ་ཡིན་ནོ་ཞེས་བཤད་ཀྱང་འགལ་ བ་མེད་དོ། །གཞན་ཡང་བཤད་པ་འདི་དག་དང་སྦྱར་ན། དེ་བཞིན་གཤེགས་པས་སྐད་ཅིག་མ་གཅིག་ལ་རང་གི་ངོ་བོ་ཉིད་དང་མཚུངས་པར་ལྡན་པའི་ཆོས་ལ་སོགས་པ་ཐུགས་སུ་ཆུད་པར་འདོད་པ་ཡང་། ཕལ་ཆེར་དགེ་འདུན་ཕལ་ཆེན་པའི་སྡེ་པ་དག་དང་མཐུན་ནོ། །དེ་ལ་བྱེ་བྲག་ཡོད་པ་དེའི་ གཞུང་གིས་ཆ་བཞིའི་དོན་རྣམ་པར་མི་འཇོག་པས་འདིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ལྟ་བའི་རྣམ་པ་མ་གཏོགས་པ་ནི་རྒྱུ་མཚན་ལ་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་རྣམས་ཀྱང་བརྗོད་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་ སློབ་དཔོན་གཉིས་ཀྱིས་བཤད་པ་འབྱུང་སྟེ། ཁ་ཅིག་ན་རེ་ཡེ་ཤེས་གཉིས་ལ་བྱེ་བྲག་མེད་དོ་ཞེས་ཟེར། ཁ་ཅིག་ན་རེ་བྱེ་བྲག་ཡོད་དོ་ཞེས་ཟེར་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། ཁ་ཅིག་ན་རེ་བྱེ་བྲག་ མེད་པས། རེས་འགའ་ནི་ཐམས་ཅད་མཁྱེན་པ་ཞེས་གསུངས་སོ། །རེས་འགའ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་གསུངས་སོ་ཞེའོ། །ཁ་ཅིག་ན་རེ་སྤྱིའི་མཚན་ཉིད་དུ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །བྱེ་བྲག་གི་མཚན་ཉིད་དུ་ནི་རྣམ་པ་ཐམས་ཅད་མཁྱེན་པའོ། །རྒྱུ་གང་ཡིན་པ་དེ་ནི་ ཐམས་ཅད་མཁྱེན་པ་ཞེས་བྱའོ། །འབྲས་བུ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །མདོར་བསྟན་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །རྒྱ་ཆེར་སྟོན་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་བས་ནི་ཆོས་ ཐམས་ཅད་ལ་ཀུན་དུ་རྨོངས་པའི་མ་རིག་པ་འཇིག་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བས་ནི་ཆོས་རྣམ་པ་སྣ་ཚོགས་ལ་སོ་སོར་རྟོག་པའི་མ་རིག་པ་འཇིག་པར་བྱེད་དོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །གཞན་ཡང་ལེའུ་ཕྱི་མ་ལས། བཅོམ་ལྡན་འདས་ཉིད་ཀྱིས་ཐམས་ཅད་ ཤེས་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་དངོས་པོའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའི་དངོས་པོའོ། །རྣམ་པ་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་ཀྱི་དངོས་པོའོ། །ཉན་ཐོས་དང་རང་སངས་རྒྱས་ལ་ནི་ཐམས་ཅད་མཁྱེན་པ་ཁོ་ན་ཡོད་ཀྱི། རྣམ་ པ་ཐམས་ཅད་ཤེས་པ་ཉིད་ནི་མེད་དོ། །གཞན་ཡང་ཉན་ཐོས་དང་རང་སངས་རྒྱས་ནི་བྱེ་བྲག་གི་མཚན་ཉིད་ལ་རྣམ་པར་རྟོག་པའི་སྤྱོད་པ་དང་ལྡན་ཡང་། ཟད་པར་ཤེས་པར་མི་ནུས་པས་སྤྱིའི་མཚན་ཉིད་ཀྱི་མིང་ཐོབ་པ་ཡིན་ནོ། །སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ནི་ཡང་དག་པ་ཉིད་ཡིན་ལ། ཐེག་པ་གཉིས་ཀྱིས་ནི་གདགས་པའི་མིང་ཅན་ནོ། །ཐམས་ཅད་མཁྱེན་པས་མཁྱེན་པར་མཛད་པའི་ཆོས་གང་ཡིན་ཞེ་ན། སྨྲས་པ། སྐྱེ་མཆེད་བཅུ་གཉིས་སོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ ཉིད་ལས་བཅོམ་ལྡན་འདས་ཀྱིས་ལམ་བརྙེས་པ་ན། ལམ་གྱི་མཁྱེན་པས་ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་བརྙེས་པ་ཡིན་ན། འདིར་ཅིའི་ཕྱིར་ཐམས་ཅད་མཁྱེན་པ་དང་ལྡན་པར་བསྟན་པར་བསྟན་ཞེ་ན། སྨྲས་པ། བཅོམ་ལྡན་འདས་ཀྱིས་ལམ་བརྙེས་པ་ན། འདི་ནས་ལམ་གྱི་མཁྱེན་ པས་ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཕུན་སུམ་ཚོགས་པར་བརྙེས་པ་ཡིན་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྤྱོད་པར་མི་མཛད་དེ། དཔེར་ན་རྒྱལ་པོ་ཆེན་པོར་དབང་བསྐུར་བ་ཐོབ་ན། རིན་པོ་ཆེའི་བང་མཛོད་ལ་སོགས་པ་ལ་དབང་ཐོབ་པ་ཡིན་ཡང་། ད་དུང་མ་ཕྱེ་མ་སྤྱད་པ་ དང་འདྲ་བར་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཉོན་མོངས་པའི་བག་ཆགས་སྤངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ཉིད་དུ་བསྟན་པར་བཞེད་པའི་ཕྱིར་རོ། །སེམས་གཅིག་གིས་ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ནས་ཉོན་མོངས་པའི་བག་ཆགས་ སྤངས་པ་ཡིན་ན། འདིར་ཅིའི་ཕྱིར་ཐམས་ཅད་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ནས་ཉོན་མོངས་པའི་བག་ཆགས་སྤོང་བར་བསྟན་ཞེ་ན། དུས་གཅིག་ཏུ་བརྙེས་པ་ཡིན་མོད་ཀྱི་འདིར་གཞན་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཡིད་ཆེས་པར་མཛད་པའི་ཕྱིར་དང་། རིམ་ གྱིས་བྱེ་བྲག་གི་རྣམ་པས་བསྟན་ནས། སེམས་ཅན་རྣམས་ཡོངས་སུ་དག་པའི་སེམས་འཐོབ་པར་འགྱུར་བའི་ཕྱིར་དེ་སྐད་དུ་བསྟན་ཏོ། །གཞན་ཡང་སེམས་གཅིག་གིས་བརྙེས་པ་ཡིན་ཡང་། དང་པོ་དང་། བར་མ་དང་། ཐ་མའི་གོ་རིམས་ཀྱང་ཡོད་པས། དཔེར་ན་སེམས་གཅིག་ལ་མཚན་ཉིད་གཉིས་པ་ རྒྱུ་དང་རྐྱེན་ལ་གནས་པ་དང་། རྒྱུ་དང་རྐྱེན་འགག་པ་ལ་གནས་པ་སྐྱེ་བ་ལྟ་བུའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བསྟན་པ་ལས་ཕན་ཚུན་བཟློག་པ་ཡིན་པར་རིག་པར་བྱའོ། །འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཁོ་ན་ལས་ བརྩམས་ནས་ཐམས་ཅད་མཁྱེན་པ་ཉིད་དུ་སྟོན་ཏེ། དུས་ཐམས་ཅད་དུ་རྟག་པར་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ་ཞེས་བཤད་དེ། དེའི་ ཕྱིར་དེ་ཉིད་ལས་ཁམས་ཐམས་ཅད་དང་། དངོས་པོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་དང་། དུས་ཐམས་ཅད་དུ་མཁྱེན་པ་ཐོགས་པ་མེད་པར་འཇུག་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་ཁམས་ནི་གཉིས་ཏེ། འཇིག་རྟེན་གྱི་ཁམས་དང་སེམས་ཅན་གྱི་ཁམས་སོ། །དངོས་པོ་ རྣམ་པ་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱས་སོ། །འདུས་བྱས་དང་འདུས་མ་བྱས་པའི་དངོས་པོ་དེ་ཉིད་ལ་ཡང་། རང་གི་མཚན་ཉིད་ཀྱི་ཕྱི་མ་ཕྱི་མའི་རྣམ་པ་རབ་ཏུ་དབྱེ་བའི་ཕྱིར་དང་། སྤྱིའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བའི་ཕྱིར་དང་། རྒྱུ་དང་འབྲས་བུའི་རབ་ཏུ་དབྱེ་བའི་ཕྱིར་དང་། ཁམས་དང་ འགྲོ་བ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་སོགས་པའི་རབ་ཏུ་དབྱེ་བའི་ཕྱིར་རྣམ་པའི་རབ་ཏུ་དབྱེ་བ་ཚད་མེད་དོ། །དེ་ལ་དུས་ནི་རྣམ་པ་གསུམ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའོ། །དེ་ལྟར་ཁམས་ཐམས་ཅད་དང་། དངོས་པོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་དང་། དུས་ཐམས་ཅད་མཁྱེན་པ་ནི་ཐམས་ཅད་མཁྱེན་པའོ་ཞེས་འབྱུང་སྟེ། འཕགས་པ་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངས་སུ་འཛིན་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །འདིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། ལུང་གཅིག་ ལས་འཕྲོས་པ་དང་། ལུང་སྣ་ཚོགས་ལས་བ་གླང་སྐྱོང་བའི་ཆོས་རྣམ་པ་བཅུ་གཅིག་གིས་ཐམས་ཅད་མཁྱེན་པའི་མཚན་ཉིད་བསྟན་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཕུག་རོན་ཤིན་ཏུ་ཡུན་རིང་པོའི་དུས་སུ་སངས་རྒྱས་སུ་འགྲུབ་པར་ འགྱུར་རོ་ཞེས་བསྟན་པ་ལ་སོགས་པའི་བསྟན་པ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྲུབ་པ་ཡིན་པས་ཁུངས་སུ་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་མདོར་བསྡུ་ན་རྣམ་པ་ལྔ་སྟེ་ཞེས་བྱ་བ་འདི་མན་ཆད་ནི་དེ་ བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བ་བསྟན་ཏེ། འདི་ནི་དང་པོ་གྲངས་མདོར་སྨོས་ནས་ལན་མདོར་གསུངས་པའོ། །གང་སུ་ཡང་རུང་བ་ཞིག་བྱུང་ན། འཇིག་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་ སྒྲ་རྣམ་པར་གྲགས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་བཤད་པའོ། །འདི་ཡང་མཚན་ཉིད་རྣམ་པ་ལྔ་རྣམ་པར་ཕྱེ་སྟེ། བཤད་པ་འདི་ཉིད་ཀྱིས་རྣམ་པ་ལྔར་དབྱེ་སྟེ། འདི་ནི་དང་པོ་ཀུན་དུ་གྲགས་པའི་མཚན་ཉིད་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་ བཤད་པ་ལས། སངས་རྒྱས་འཇིག་རྟེན་དུ་བྱུང་ནས་ཐམས་ཅད་མཁྱེན་པའི་སྒྲ་ཡང་དག་པ་ཉིད་འཇིག་རྟེན་ཀུན་དུ་ཁྱབ་པར་གྱུར་པ་ཞེས་བསྟན་ཏོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞེས་བྱ་བ་ནི་གཉིས་པ་སྐྱེས་བུ་ཆེན་པོ་གྱ་ནོམ་པའི་མཚན་ཉིད་བསྟན་པ་སྟེ། བསྟན་བཅོས་བྱེ་བྲག་ ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ། མཚན་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། སྨྲས་པ། རྟགས་བསྟན་པའི་དོན་གང་ཡིན་པ་དེ་ནི་མཚན་གྱི་དོན་ཏོ། །ཁྱད་པར་དུ་འཕགས་པའི་དོན་གང་ཡིན་པ་དེ་ནི་མཚན་གྱི་དོན་ཏོ། །བཀྲ་ཤིས་ཀྱི་རྟགས་ཀྱི་དོན་གང་ཡིན་པ་དེ་ནི་མཚན་གྱི་དོན་ཏོ། །ཅིའི་ཕྱིར་སྐྱེས་བུ་ཆེན་ པོའི་མཚན་སུམ་ཅུ་རྩ་གཉིས་ཁོ་ན་ཡིན་ལ། མི་མང་མི་ཉུང་ཞེ་ན། སྨྲས་པ། གལ་ཏེ་མཚན་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱི་སྐུ་བརྒྱན་པར་གྱུར་ན་ནི་འཇིག་རྟེན་ན་དཔེ་ཟླ་མེད་པར་འགྱུར་ལ། གལ་ཏེ་དེ་ལས་ཉུང་ན་ནི་མ་ཚང་བ་ཉིད་དུ་གྱུར་པས་སོ། །དེ་ལས་མང་ན་ནི་འདྲེས་ཤིང་འཁྲུགས་ པས་ཁྱད་པར་དུ་འཕགས་པ་མ་ཡིན་པ་ཉིད་དུ་གྱུར་པའི་ཕྱིར་དེ་ལྟར་ངེས་པ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ལ། ལྷག་པ་དང་ཉུང་བ་མེད་པ་ལྟར་སངས་རྒྱས་ཀྱི་མཚན་ཡང་དེ་བཞིན་ཏེ། མ་ཚང་བ་ཅི་ཡང་མེད་པས་བསྐྱེད་དུ་མེད་ལ། ལྷག་པ་ཅི་ཡང་མེད་པས་དབྲིར་མེད་པའི་ ཕྱིར་རོ། །བྱང་ཆུབ་སེམས་དཔས་འཐོབ་པའི་མཚན་སུམ་ཅུ་རྩ་གཉིས་གང་ཡིན་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོས་འཐོབ་པའི་མཚན་ལ་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་དངོས་པོ་རྣམ་པ་བཞིས་ཁྱད་པར་འཕགས་པ་ཡིན་ཏེ། རབ་ཏུ་སྦྱངས་པ་དང་། གསལ་ བ་དང་། ཡོངས་སུ་རྫོགས་པ་དང་། གནས་ཐོབ་པའོ། །གཞན་ཡང་དངོས་པོ་རྣམ་པ་ལྔས་ཁྱད་པར་དུ་འཕགས་ཏེ། གནས་ཐོབ་པ་དང་། ཤིན་ཏུ་མཛེས་པ་དང་། རི་མོ་ཤིན་ཏུ་ཟབ་པ་དང་། ཡེ་ཤེས་དམ་པའི་རྗེས་སུ་འབྲང་བ་དང་། ཀུན་ནས་ཉོན་མོངས་པའི་རྗེས་སུ་མི་འབྲང་བའོ། །ཅིའི་ཕྱིར་ བྱང་ཆུབ་སེམས་དཔས་མཚན་གྱིས་ལུས་བརྒྱན་པར་བྱེད་ཅེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་དང་སྣོད་དུ་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་ཁྱད་པར་དུ་འཕགས་པ་དག་ནི་ངེས་པར་ལུས་ཁྱད་དུ་འཕགས་པ་ལ་གནས་པས་དེ་ལ་མ་འོངས་པ་ན་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དོན་གྱིས་བྱང་ཆུབ་སེམས་དཔའ་ལ་ཁྱོད་ཀྱིས་བདག་ལུས་ལ་གནས་པར་འདོད་ན་སྔར་ཁྱོད་ཀྱི་ལུས་ཡོངས་སུ་དག་ཅིང་ཁྱད་པར་དུ་འཕགས་པ་དང་། མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པར་བྱའོ། །གལ་ཏེ་དེ་ལྟ་མ་ཡིན་ན་ནི་ བདག་ནི་ཁྱེད་ཀྱི་ལུས་ལ་སྐྱེ་བར་མི་ནུས་སོ་ཞེས་ཟེར་བས། དཔེར་ན་ལ་ལ་ཞིག་བུད་མེད་རིན་པོ་ཆེ་ཆུང་མར་བླངས་ནས་ཁྱིམ་དུ་བསྡུ་བར་འདོད་པ་ལ་དེས་གསང་ཐབས་སུ་ཕོ་ཉ་བཏང་ནས་འདི་སྐད་དུ། ཁྱོད་ཀྱིས་བདག་ཁྱིམ་དུ་འོངས་པར་འདོད་ན་སྔར་ཆག་ཆག་ཐོབ། ཕྱག་དར་བྱོས་ལ། མི་གཙང་བ་དག་ བསལ་ནས་དར་གྱི་ལྡ་ལྡི་བྲེས་ཤིང་། སྤོས་ཀྱིས་བདུགས་ལ་མེ་ཏོག་གཏོར་ཅིག །བཀོད་པ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པར་གྱིས་ཤིག་དང་། གདོད་བདག་འོང་ངོ་། །དེ་ལྟ་མ་ཡིན་ན་ནི་བདག་ཁྱོད་ཀྱི་ཁྱིམ་དུ་འོང་མི་ནུས་སོ་ཞེས་ཟེར་བ་དང་འདྲ་བས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལུས་བརྒྱན་པར་ བྱེད་དོ་ཞེས་འབྱུང་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་ཕལ་ཆེར་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འབྱུང་བ་དང་མཐུན་པར་བཤད་དོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མཚན་གྱི་དགོངས་པ་སྟོན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ཕྱོགས་བཅུའི་སངས་རྒྱས་རྣམས་དང་། དུས་གསུམ་གྱི་ཆོས་ནི་མཚན་མ་ཡོད་པ་མ་ཡིན་ན། འདི་ཅིའི་ཕྱིར་མཚན་སུམ་ཅུ་རྩ་གཉིས་བསྟན། མཚན་གཅིག་ཀྱང་ཡང་དག་པར་ཡོད་པ་མ་ཡིན་ན། སུམ་ཅུ་རྩ་གཉིས་ལྟ་སྨོས་ཀྱང་ཅི་དགོས་ཤེ་ན། སྨྲས་པ། སངས་ རྒྱས་ཀྱི་ཆོས་ལ་བདེན་པ་གཉིས་ཡོད་དོ། །ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །ཀུན་རྫོབ་ཀྱི་བདེན་པའི་ཕྱིར་ནི་མཚན་སུམ་ཅུ་རྩ་གཉིས་བསྟན་ཏོ། །དོན་དམ་པའི་བདེན་པའི་ཕྱིར་ནི་མཚན་མེད་པར་བསྟན་ཏོ། །གཞན་ཡང་ལམ་གཉིས་ཏེ། སེམས་ཅན་བསོད་ནམས་སྤེལ་བའི་ལམ་ དང་། སེམས་ཅན་ཤེས་རབ་སྒོམ་པར་བྱེད་པའི་ལམ་མོ། །བསོད་ནམས་ཀྱི་ལམ་གྱི་ཕྱིར་ནི་མཚན་སུམ་ཅུ་རྩ་གཉིས་བསྟན་ཏོ། །ཤེས་རབ་ཀྱི་ལམ་གྱི་ཕྱིར་ནི་མཚན་མེད་པར་བསྟན་ཏོ། །སྐྱེ་བའི་ལུས་ཀྱི་ཕྱིར་ནི་མཚན་སུམ་ཅུ་རྩ་གཉིས་བསྟན་ཏོ། །ཆོས་ཀྱི་སྐུའི་ཕྱིར་ནི་མཚན་མེད་པར་བསྟན་ཏེ། འདི་ལྟར་ སྐྱེ་བའི་ལུས་གང་ཡིན་པ་དེ་ནི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོས་བདག་ཉིད་བརྒྱན་པ་ཡིན་ལ། ཆོས་ཀྱི་སྐུ་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པས་བདག་ཉིད་བརྒྱན་པས་སོ། ། སེམས་ཅན་རྣམས་ལ་རྒྱུ་དང་རྐྱེན་རྣམ་པ་གཉིས་ཡོད་དེ། བསོད་ནམས་ཀྱི་རྒྱུ་དང་རྐྱེན་དང་། ཤེས་རབ་ཀྱི་རྒྱུ་དང་རྐྱེན་ནོ། །བསོད་ནམས་ཀྱི་རྒྱུ་དང་རྐྱེན་ཅན་གྱི་སེམས་ཅན་རབ་ཏུ་འདྲེན་པར་བཞེད་པའི་ཕྱིར་ནི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐུ་སྤྱོད་པར་མཛད་དོ། །ཤེས་རབ་ཀྱི་རྒྱུ་དང་རྐྱེན་ཅན་གྱི་སེམས་ ཅན་རབ་ཏུ་འདྲེན་པའི་ཕྱིར། ཆོས་ཀྱི་སྐུ་སྤྱོད་པར་མཛད་དོ། །སེམས་ཅན་ནི་རྣམ་པ་གཉིས་ཏེ། ཆོས་རྣམས་ལ་བཏགས་པ་ཙམ་གྱི་མིང་ཅན་དང་། མིང་ལ་མངོན་པར་ཞེན་པའོ། །མིང་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཕྱིར་ནི་མཚན་མེད་པར་བསྟན་ཏོ། །ཆོས་རྣམས་ལ་བཏགས་པ་ཙམ་དུ་ཤེས་པའི་ སེམས་ཅན་གྱི་ཕྱིར་མཚན་སུམ་ཅུ་རྩ་གཉིས་བསྟན་ཏོ། །གཞན་ཡང་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་མཚན་སུམ་ཅུ་རྩ་གཉིས་བསྟན་ནས། མཚན་མེད་པའི་ཆོས་འཇིག་པར་མི་མཛད་དོ་ཞེས་འབྱུང་སྟེ། མཚན་སུམ་ཅུ་རྩ་གཉིས་རྒྱ་ཆེར་རྣམ་པར་ བཤད་པ་ནི། མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །སྟོབས་བཅུ་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་ཞེས་བྱ་བ་ནི་གསུམ་པ་སྟོབས་བཅུ་དང་ལྡན་པའི་མཚན་ཉིད་བསྟན་པའོ། །མི་འཇིགས་པ་བཞི་དང་ལྡན་ཞིང་ཆོས་ཡང་དག་པར་སྟོན་པ་ཕས་ཀྱི་ རྒོལ་བ་ཐམས་ཅད་ཀྱིས་བརྒལ་དུ་མེད་ཅིང་། ལོག་པར་སྨྲ་བ་ཐམས་ཅད་ཚར་གཅོད་པ་ཞེས་བྱ་བ་ནི་གཞིའི་མཚན་ཉིད་བསྟན་པའོ། །མདོ་འདི་ཉིད་ལས་མདོར་བསྡུས་ནས་དེ་བཞིན་གཤེགས་པའི་ཡོན་ཏན་རྣམ་པ་བཞི་བཅུ་རྩ་དྲུག་བསྟན་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ ལས་ནི། དེ་བཞིན་གཤེགས་པའི་ཡོན་ཏན་བརྒྱ་བཞི་བཅུ་སྟོན་ཏོ། །བླ་ན་མེད་པའི་གནས་པའི་མདོ་ལས་ནི་ཡོན་ཏན་རྣམ་པ་བརྒྱ་བརྒྱད་ཅུ་སྟོན་ཏེ། ཞིབ་ཏུ་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་ དང་། དགེ་སྦྱོང་བཞི་སྣང་བ་ཡིན་ཏེ་ཞེས་བྱ་བ་ནི་ལྔ་པ་ལམ་དང་འབྲས་བུ་སྣང་བའི་མཚན་ཉིད་བསྟན་པའོ། །འདི་ལྟར་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་ཆོས་ལེགས་པར་གསུངས་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་དང་། དེས་མངོན་དུ་བྱས་པའི་དགེ་སྦྱོང་གི་འབྲས་བུ་བཞི་དང་། འཕགས་པ་ཉི་ཤུ་རྩ་བདུན་ལ་སོགས་པ་འབྲས་བུ་སྣ་ཚོགས་སྣང་བར་འགྱུར་བ་ཡིན་ལ། གལ་ཏེ་སངས་རྒྱས་བྱུང་བར་མ་གྱུར་ན། ཐམས་ཅད་མི་སྣང་བས་དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་མི་ནི་བསོད་ནམས་དང་ཤེས་རབ་དང་ལྡན་མོད་ཀྱི། གལ་ཏེ་སངས་རྒྱས་འཇིག་ རྟེན་དུ་མ་བྱུང་ན་རྣམ་པར་སྨིན་པ་མྱོང་བ་དང་། ལམ་འཐོབ་པར་མི་འགྱུར་ལ་གལ་ཏེ་སངས་རྒྱས་འཇིག་རྟེན་དུ་བྱུང་བར་གྱུར་ན་ནི། གདོད་ལམ་ཐོབ་པར་འགྱུར་ཏེ། དཔེར་ན་མིའི་མིག་དང་ལྡན་ཡང་། ཉི་མ་མ་ཤར་ན་ཅི་ཡང་མཐོང་བར་མི་འགྱུར་གྱི། ཉི་མ་ཤར་ནས་གདོད་མཐོང་བར་འགྱུར་བས་བདག་ལ་ མིག་ཡོད་པས་ཉི་མ་ཅི་དགོས་ཞེས་བྱ་བར་མི་རུང་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཕྱི་ནང་གི་རྒྱུ་དང་རྐྱེན་གྱིས་ཡང་དག་པའི་ལྟ་བ་སྐྱེད་དེ། གཞན་ལས་ཆོས་ཐོས་པ་དང་། བདག་ཉིད་ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། བསོད་ནམས་ཀྱི་དངོས་པོ་བསྐྱེད་པའི་ཕྱིར་ དང་། དགེ་བའི་སེམས་ཀྱི་དངོས་པོ་དང་། ཤེས་རབ་བསྐྱེད་པའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པས། དེའི་ཕྱིར་སངས་རྒྱས་ལས་ཐོས་པ་ཡིན་ནོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །དགེ་སྦྱོང་གི་འབྲས་བུ་བཞི་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་ནོ། །དེ་ལྟར་སྐྱེ་བའི་ཕྱིར་དང་། མཚན་དང་ལྡན་པའི་ཕྱིར་དང་། ཐེ་ཚོམ་གྱི་དྲ་བ་གཅོད་པའི་ཕྱིར་དང་། གཞན་དག་གིས་བརྒལ་དུ་མེད་ཅིང་གཞན་དག་ཟིལ་གྱིས་གནོན་པའི་ཕྱིར་དང་། འཕགས་པའི་ལམ་དང་། དགེ་སྦྱོང་དམིགས་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་མཚན་ཉིད་ལྔ་བཤད་པའི་མཇུག་བསྡུ་བའོ། ། འདི་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་རྣམ་པ་ལྔ་རྣམ་པར་ཕྱེ་ནས་བསྟན་པས་མཇུག་བསྡུ་བ་དང་། མཚན་ཉིད་ལྔ་པོ་སྤྱིའི་མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། གོ་རིམས་བཞིན་དུ་མཚན་ཉིད་ལྔ་པོ་དག་དང་སྦྱར་བར་བྱའོ། །དེ་ལྟར་སྐྱེ་བ་ཞེས་བྱ་བ་ནི་གང་སུ་ཡང་རུང་བ་ཞིག་བྱུང་ན་འཇིག་རྟེན་དུ་ཞེས་ གསུངས་པའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་དེ་ལྟར་འབྱུང་བའི་ཕྱིར་ཞེས་འབྱུང་སྟེ། གཞན་ནི་མདོ་འདི་ལས་གསུངས་པ་དང་མཐུན་ནོ། །དེ་ལྟར་རྣམ་པ་ལྔ་པོ་དག་གིས་ཐམས་ཅད་མཁྱེན་པའི་མཚན་ཉིད་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་མཚན་ཉིད་ལྔ་བཤད་པའི་སྤྱིའི་མཇུག་བསྡུ་བའོ། ། རིགས་ཀྱི་བུ་དེ་ལྟ་ན་འཐད་པས་སྒྲུབ་པའི་རིགས་པ་ནི་མངོན་སུམ་གྱི་ཚད་མའི་ཕྱིར་དང་། རྗེས་སུ་དཔག་པའི་ཚད་མའི་ཕྱིར་དང་། འཕགས་པའི་ལུང་གི་ཚད་མའི་ཕྱིར་དང་། མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་ཚད་མ་གསུམ་ལས་བརྩམས་ནས་མཚན་ཉིད་ སྔ་མ་ལྔ་པོ་དག་ཡོངས་སུ་དག་པའི་མཚན་ཉིད་དུ་བསྟན་པའོ། །འདི་ལྟར་བསྟན་པའི་འཐད་པས་སྒྲུབ་པའི་རིགས་པ་ལས་མཚན་ཉིད་ལྔར་བསྟན་པ་དེ་ཡང་ཚད་མ་གསུམ་གྱིས་བསྡུས་པ་ཡིན་ཏེ། མཚན་ཉིད་དང་པོ་གཅིག་ནི་མངོན་སུམ་གྱི་ཚད་མས་བསྡུས་སོ། །མཚན་ཉིད་བར་མ་གསུམ་ནི་རྗེས་སུ་དཔག་ པའི་ཚད་མས་བསྡུས་སོ། །མཚན་ཉིད་ཕྱི་མ་གཅིག་ནི་འཕགས་པའི་ལུང་གི་ཚད་མས་བསྡུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། མཚམས་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། མདོ་ལས་གསུངས་པ་དང་མཐུན་པར་འབྱུང་བའོ། །བསྟན་བཅོས་རྣམ་པར་ བཤད་པ་ལས་ནི། མཚན་ཉིད་སྔ་མ་ལྔ་པོ་དག་སོ་སོར་སྦྱར་བར་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དེ་ལྟར་ན་འཐད་པས་སྒྲུབ་པའི་རིགས་པ་ནི། མངོན་སུམ་གྱི་ཚད་མའི་ཕྱིར་དང་། རྗེས་སུ་དཔག་པའི་ཚད་མའི་ཕྱིར་དང་། དཔེའི་ཕྱིར་དང་། ཡོངས་སུ་གྲགས་པའི་ཕྱིར་དང་། ལུང་གི་ ཚད་མའི་ཕྱིར་མཚན་ཉིད་ལྔ་པོ་དག་ཡོངས་སུ་དག་པའོ་ཞེས་འབྱུང་སྟེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །དེ་ལ་མཚན་ཉིད་རྣམ་པ་བདུན་གྱིས་ཡོངས་སུ་དག་པར་མི་འགྱུར་བ་གང་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཚན་ཉིད་ཡོངས་སུ་མ་དག་པ་ བདུན་རྣམ་པར་ཕྱེ་སྟེ་བཤད་པ་བསྟན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །དེ་ལས་གཞན་པ་མཐུན་པར་དམིགས་པའི་མཚན་ཉིད་དང་། དེ་ལས་གཞན་པ་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མཐུན་ པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། གཞན་གྱི་རིགས་ཀྱི་དཔེ་ཉེ་བར་བསྒྲུབ་པའི་མཚན་ཉིད་དང་། ཡོངས་སུ་གྲགས་པ་མ་ཡིན་པའི་མཚན་ཉིད་དང་། ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལུང་གི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་ ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་མདོར་བཀོད་པ་དང་། རྣམ་པར་བཤད་པས་བསྟན་ཏེ། འདི་ནི་མདོར་བཀོད་པའོ། །མཚན་ཉིད་བདུན་པོ་འདི་དག་སྐྱོན་དང་བཅས་པའི་ཕྱིར་ཡོངས་སུ་མ་དག་པ་ཞེས་བྱའོ། །བསྟན་བཅོས་ཡང་དག་པའི་རིགས་པ་ ལ་འཇུག་པ་ལས། སྐྱོན་དང་བཅས་པའི་རྒྱུ་རྣམས་ནི་མདོར་བསྡུ་ན་རྣམ་པ་བཅུ་བཞི་ཡོད་པས་རྒྱུ་འདྲ་བ་ཞེས་བཤད་དེ། འདི་ལྟ་སྟེ། ཡོངས་སུ་མ་གྲགས་པ་ནི་རྣམ་པ་གཉིས་ཡོད་པས་འདི་ལྟ་སྟེ། གང་ཡང་རུང་བ་ཅིག་ཡོངས་སུ་གྲགས་པ་ལ་སོགས་པའོ། །མ་ངེས་པ་ནི་རྣམ་པ་དྲུག་ཡོད་དེ། འདི་ལྟ་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སོགས་པའོ། །ཕན་ཚུན་འགལ་བ་ནི་རྣམ་པ་བཞི་ཡོད་དོ། །འདི་ལྟ་སྟེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཕན་ཚུན་འགལ་བའི་རྒྱུ་ལ་སོགས་པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །འདིར་བསྟན་ པའི་མཚན་ཉིད་བདུན་ལས། མཚན་ཉིད་སྔ་མ་བཞི་ནི་བསྟན་བཅོས་གཏན་ཚིགས་ཀྱི་རིགས་པ་ལས་བསྟན་པའི་མ་ངེས་པ་དྲུག་ལས། སྔ་མ་ལྔ་པོ་དག་ཡིན་ཏེ། དྲུག་པ་ཕན་ཚུན་འགལ་བར་ངེས་པ་ཉིད་ཅེས་བྱ་བ་མ་རྟོགས་པའི་ཕྱིར་རོ། །འདི་ནི་སྔར་བསྟན་བཅོས་ཡང་དག་པའི་རིགས་པ་ལ་འཇུག་ པ་ལས་བསྟན་པའི་མ་ངེས་པའི་མཚན་ཉིད་དྲུག་བཀོད་ནས། དེའི་འོག་ཏུ་བསྟན་བཅོས་དེ་དང་། མདོའི་ཚིག་འདི་དང་སྦྱར་བར་བྱའོ། །བསྟན་བཅོས་ཡང་དག་པའི་རིགས་པ་ལ་འཇུག་པ་ལས། མ་ངེས་པ་ནི་དྲུག་སྟེ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། ཕྱོགས་མཚུངས་པ་ཆ་གཅིག་འཇུག་ལ། ཕྱོགས་ཐ་དད་པ་ཀུན་འཇུག་པ་དང་། ཕྱོགས་ཐ་དད་པ་ཆ་གཅིག་འཇུག་ལ། ཕྱོགས་མཚུངས་པ་ཀུན་འཇུག་པ་དང་། གཉི་གའི་ཕྱོགས་ཀྱི་ཆ་གཅིག་ཏུ་འཇུག་པ་དང་། ཕན་ཚུན་འགལ་བར་ངེས་པའོ། །དེ་ལ་ཐུན་མོང་བ་ནི་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ། གཞལ་བར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ ཞེས་ཟེར་བ་ལྟ་བུ་ནི་རྟག་པ་དང་མི་རྟག་པའི་ཕྱོགས་ཀུན་ཀྱང་གཏན་ཚིགས་འདི་ཐུན་མོང་དུ་གྱུར་པས་དེའི་ཕྱིར་མ་ངེས་པ་ཡིན་ཏེ། བུམ་པ་ལ་སོགས་པ་ལྟར་གཞལ་བར་བྱ་བའི་ངོ་བོ་ཉིད་ཀྱི་ཕྱིར་སྒྲ་ནི་མི་རྟག་པའོ། །དཔེར་ན་ནམ་མཁའ་ལ་སོགས་པ་ལྟ་བུར་གཞལ་བར་བྱ་བའི་ངོ་བོ་ཉིད་ཀྱི་ཕྱིར་སྒྲ་ནི་རྟག་པ་ཡིན་ ནོ། །དེ་ལ་ཐུན་མོང་མ་ཡིན་པ་ནི་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ་ཐོས་པར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུ་ནི་རྟག་པ་དང་མི་རྟག་པའི་ཕྱོགས་ཀྱི་གཏན་ཚིགས་འདི་སྤངས་ནས་རྟག་པ་དང་མི་རྟག་པ་ལས་གུད་ན་ཡོད་པ་མ་ཡིན་པའི་ཕྱིར་སོམ་ཉིའི་རྒྱུ་ཡིན་ཏེ། ཐོས་པར་བྱ་བའི་ངོ་བོ་ཉིད་ཅི་འདྲ་བ་ཞིག་ ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་ཕྱོགས་མཚུངས་པ་ཆ་གཅིག་འཇུག་ལ། ཕྱོགས་ཐ་དད་པ་ཀུན་འཇུག་པ་ནི་དཔེར་ན་སྒྲ་ནི་རྩོལ་བ་མ་ཡིན་པའོ་ཞེས་ཟེར་བ་ལྟ་བུ་སྟེ། བར་ཆད་མེད་པས་བསྐྱེད་པའི་མི་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་རྩོལ་བ་དང་། བར་ཆད་མེད་པས་བསྐྱེད་པ་མ་ཡིན་པར་དམ་ བཅའ་བ་ནི་འདི་ལྟར་གློག་དང་། ནམ་མཁའ་ལ་སོགས་པ་ནི་ཕྱོགས་མཚུངས་པ་ཡིན་པས་མི་རྟག་པ་ཉིད་དེ་གློག་ལ་སོགས་པ་ལ་ནི་ཡོད་ལ། ནམ་མཁའ་ལ་སོགས་པ་ལ་མེད་པ་ལྟ་བུའོ། །རྩོལ་བ་མ་ཡིན་པ་བར་ཆད་མེད་པས་བསྐྱེད་པར་དམ་བཅའ་བ་ནི། འདི་ལྟར་བུམ་པ་ལ་སོགས་པ་གང་ཡིན་ པ་དེ་ནི་ཕྱོགས་ཐ་དད་པ་ཡིན་ཏེ། དེ་ལ་གཏན་ཚིགས་འདི་ཚང་བར་ཡོད་པས་གློག་དང་བུམ་པ་ནི་ཆོས་མཚུངས་པ་ཡིན་པའི་ཕྱིར་མ་ངེས་པའང་ཡིན་ནོ། །བུམ་པ་ལ་སོགས་པ་ལྟར་མི་རྟག་པ་ཉིད་ཡིན་པའི་ཕྱིར་དེ་རྩོལ་བ་དང་བར་ཆད་མེད་པས་བསྐྱེད་པའོ། །གློག་ལ་སོགས་པ་ལྟ་བུར་མི་རྟག་པ་ཉིད་ཡིན་པའི་ ཕྱིར་དེ་རྩོལ་བ་མ་ཡིན་པ་བར་ཆད་མེད་པས་བསྐྱེད་པའོ། །དེ་ལ་ཕྱོགས་ཐ་དད་པའི་ཆ་གཅིག་ལ་འཇུག་ལ། ཕྱོགས་མཚུངས་པ་ཀུན་འཇུག་པ་ནི། དཔེར་ན་སྒྲ་ནི་རྩོལ་བ་དང་བཅས་པ་བར་ཆད་མེད་པས་སྐྱེད་པའོ་ཞེས་དམ་བཅའ་བ་ལྟ་བུ་སྟེ། མི་རྟག་པ་ཉིད་ཀྱི་ཕྱིར་རོ། །རྩོལ་བ་དང་བཅས་པ་བར་ ཆད་མེད་པས་བསྐྱེད་པར་དམ་བཅའ་བ་ནི་འདི་ལྟར་བུམ་པ་ལ་སོགས་པ་ནི་ཕྱོགས་མཚུངས་པ་ཡིན་པས་མི་རྟག་པ་ཉིད་དེ་འདི་དག་ལ་ཚང་བར་ཡོད་པས་སོ། །གློག་དང་ནམ་མཁའ་ལ་སོགས་པ་ནི་ཕྱོགས་ཐ་དད་མ་ཡིན་ཏེ། དེའི་ཕྱོགས་གཅིག་གློག་ནི་ཡོད་པ་ཡིན་ལ། ནམ་མཁའ་ལ་སོགས་པ་ནི་མེད་ པས་དེའི་ཕྱིར་སྔ་མ་བཞིན་དུ་མ་ངེས་པ་ཡིན་ནོ། །དེ་ལ་གཉིས་ཀའི་ཕྱོགས་ཀྱི་ཆ་གཅིག་འཇུག་པ་ནི་སྒྲ་རྟག་ཅེས་ཟེར་བ་ལྟ་བུ་སྟེ། གཟུགས་དང་ཐོགས་པ་མེད་པའི་ཕྱིར་རོ། །དེ་ལ་རྟག་པར་དམ་བཅའ་བ་ནི་ནམ་མཁའ་ལྟ་བུའོ། །རྡུལ་ཕྲ་མོ་ལ་སོགས་པ་ནི་ཕྱོགས་མཚུངས་པ་ཡིན་ཏེ། ཐོགས་པ་ མེད་པའི་ཕྱིར་ནམ་མཁའ་ལ་སོགས་པ་ལ་ནི་ཡོད་ལ། རྡུལ་ཕྲ་མོ་ལ་སོགས་པ་ནི་མེད་པའོ། །བུམ་པ་དང་བདེ་བ་ལ་སོགས་པ་ནི་ཕྱོགས་ཐ་དད་པ་ཡིན་ཏེ། བདེ་བ་ལ་སོགས་པ་ནི་ཡོད་ལ། བུམ་པ་ལ་སོགས་པ་ནི་མེད་པས་དེའི་ཕྱིར་གཏན་ཚིགས་འདི་ནི་བདེ་བ་དང་། ནམ་མཁའ་ཆོས་མཚུངས་པ་མེད་པའི་ཕྱིར་མ་ངེས་ པ་ཞེས་བྱའོ། །དེ་ལ་ཕན་ཚུན་འགལ་བར་ངེས་པ་ནི་དཔེར་ན་སྒྲ་ནི་མི་རྟག་པའོ་ཞེས་དམ་བཅའ་བ་ལྟ་བུ་སྟེ། བྱས་པའི་རང་བཞིན་གྱི་ཕྱིར་རོ། །དཔེར་ན་བུམ་པ་ལ་སོགས་པ་ལ་རྟག་པའི་སྒྲར་རྣམ་པར་གཞག་པ་ལྟ་བུ་སྟེ། ཐོས་པར་བྱ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དཔེར་ན་སྒྲའི་ངོ་བོ་ཉིད་ལྟ་བུ་སྟེ་འདི་གཉི་ག་ཡང་ཡིད་ གཉིས་ཟ་བའི་རྒྱུ་ཡིན་པའི་ཕྱིར་གཉི་ག་མ་ངེས་པ་ཞེས་བྱའོ་ཞེས་འབྱུང་སྟེ། དེ་ཡན་ཆད་དུ་བསྟན་བཅོས་ཡང་དག་པའི་རིགས་པ་ལས་འཇུག་པ་ལས་འབྱུང་བའི་དོན་བཤད་དེ། གཞན་ནི་མ་ངས་པས་འདིར་མ་བརྗོད་དོ། །དེ་ལ་བསྟན་བཅོས་དེ་ལས་བྱུང་བ་དང་། མདོ་འདིའི་ ཚིག་སྦྱར་བར་བྱ་བ་ཡང་འདི་ལ་བཤད་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདི་ལས་གསུངས་པའི་གཉིས་ཀྱིས་ནི་བསྟན་བཅོས་ལས་འབྱུང་བ་གསུམ་པོ་དག་བསྡུས་ཏེ། འདི་ལྟར་དེ་ལས་གཞན་པ་དང་མཐུན་པར་དམིགས་པའི་མཚན་ཉིད་ཀྱིས་ནི་བསྟན་བཅོས་ལས་འབྱུང་བའི་གསུམ་པ་ཕྱོགས་ མཚུངས་པ་ཆ་གཅིག་འཇུག་ལ། ཕྱོགས་ཐ་དད་པ་ལ་ཀུན་འཇུག་པ་དང་། ལྔ་པ་གཉི་གའི་ཕྱོགས་ཀྱི་ཆ་གཅིག་གིས་འཇུག་པ་ལས་ཕྱོགས་མཚུངས་པ་ཆ་གཅིག་འཇུག་པ་བསྡུས་སོ། །དེ་ལས་གཞན་པ་དང་མི་མཐུན་པར་དམིགས་པའི་མཚན་ཉིད་ཀྱིས་ནི་བསྟན་བཅོས་ལས་འབྱུང་བའི་བཞི་པ་ཐ་ དད་པ་ཆ་གཅིག་འཇུག་ལ། ཕྱོགས་མཚུངས་པ་ཀུན་འཇུག་པ་དང་། ལྔ་པ་གཉི་གའི་ཕྱོགས་ཀྱི་ཆ་གཅིག་འཇུག་པ་ལས་ཕྱོགས་ཐ་དད་པ་ཆ་གཅིག་འཇུག་པ་གསུངས་སོ། །ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཀྱིས། བསྟན་བཅོས་ལས་བྱུང་བ་དང་པོ་ཐུན་མོང་གི་མ་ངེས་པ་ གསུངས་སོ། །ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཀྱིས་ནི་བསྟན་བཅོས་ལས་འབྱུང་བའི་གཉིས་པ་ཐུན་མོང་མ་ཡིན་པའི་མ་ངེས་པ་བསྡུས་སོ་ཞེའོ། །བཤད་པ་འདི་དང་སྦྱར་ན་གཞན་གྱི་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་པ་དམིགས་པའི་མཚན་ཉིད་ལ་བཤད་པ་རྣམ་པ་གཉིས་ཡོད་ དེ། ཁ་ཅིག་ན་རེ་མི་མཚུངས་པའི་དཔེ་ཁོ་ན་ཡོད་པར་ཟད་ཀྱི། མཚུངས་པའི་དཔེ་ནི་མེད་ཀྱི། དཔེར་ན་སྒྲ་ནི་རྟག་པ་ཉིད་དུ་བསྒྲུབས་ན་བྱས་པའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུའོ་ཞེའོ། །ཁ་ཅིག་ན་རེ་འདི་ནི་དཔེ་ལ་སྐྱོན་རྣམ་པ་བཅུ་ཡོད་པ་ཉིད་དོ་ཞེའོ། །ཡོངས་སུ་གྲགས་པ་མ་ཡིན་པའི་མཚན་ཉིད་ གོང་དུ་སྐྱོན་རྣམ་པར་གཞག་པ་ཉིད་ཀྱིས་དམ་བཅའ་བའི་དོན་ཡོངས་སུ་མ་གྲུབ་པའོ། །ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལུང་གི་མཚན་ཉིད་ནི་འདི་ལྟ་སྟེ། འཕགས་པ་མ་ཡིན་པའི་ལུང་གིས་མངོན་པར་བསྒྲུབས་པ་གང་ཡིན་པའོ་ཞེའོ། །ཁ་ཅིག་ན་རེ་མདོ་ལས་གསུངས་པའི་མཚན་ཉིད་རྣམ་པ་ལྔ་ ལས། དང་པོ་ནི་བསྟན་བཅོས་ལས་འབྱུང་བའི་གསུམ་པ་ཕྱོགས་མཚུངས་པ་གཅིག་འཇུག་ལ་ཕྱོགས་ཐ་དད་པ་ཀུན་འཇུག་པ་བསྡུས་སོ། །མདོ་ལས་གསུངས་པའི་མཚན་ཉིད་གཉིས་པས་ནི་བསྟན་བཅོས་ལས་འབྱུང་བའི་བཞི་པ་ཕྱོགས་ཐ་དད་པ་ཆ་གཅིག་འཇུག་ལ། ཕྱོགས་ མཚུངས་པ་ཀུན་འཇུག་པ་བསྡུས་པས་སོ། །མདོ་ལས་གསུངས་པའི་མཚན་ཉིད་གསུམ་པས་ནི་བསྟན་བཅོས་ལས་འབྱུང་བའི་དང་པོ་ཐུན་མོང་པའི་ངེས་པ་བསྡུས་སོ། །མདོ་ལས་གསུངས་པའི་མཚན་ཉིད་བཞི་པས་ནི་བསྟན་བཅོས་ལས་འབྱུང་བ་གཉིས་པ་ཐུན་མོང་མ་ཡིན་པའི་མ་ ངེས་པས་གསུངས་སོ། །མདོ་ལས་གསུངས་པའི་མཚན་ཉིད་ལྔ་པས་ནི། བསྟན་བཅོས་ལས་འབྱུང་བའི་ལྔ་པ་གཉི་གའི་ཕྱོགས་ཀྱི་ཆ་གཅིག་འཇུག་པ་བསྡུས་སོ་ཞེས་ཟེར་ཏེ། སློབ་དཔོན་འདིའི་བཤད་པ་ནི་འདི་ལྟར་གཞན་གྱི་རིགས་ཀྱི་དཔེའི་ཆོས་ལ་རྒྱུའི་ཆོས་ཀྱི་ཆ་ཅུང་ཟད་ཅིག་དམིགས་པས་ ཚང་བར་བྱ་ན། འདི་སྐད་དུ་མཚུངས་པ་དང་ཐ་དད་པའི་དཔེའི་ཆོས་ལ་སོ་སོ་ནས། རྒྱུའི་ཆོས་ཆ་གཅིག་དམིགས་སོ་ཞེས་བརྗོད་པའི་རིགས་པ་ལས། མདོ་འདི་ལས་མདོར་བསྡུ་བར་དགོངས་པའི་ཕྱིར་གཞན་གྱི་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་པ་དམིགས་པའི་མཚན་ཉིད་འབའ་ཞིག་བསྟན་ཏོ། ། མཚན་ཉིད་གཞན་གཉིས་ནི་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལས་གཞན་པ་དང་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་ལ། དེ་ཞེས་བྱ་བ་ནི་གཞུང་དེའོ། །གཞན་པ་ཞེས་བྱ་བ་ནི་རིགས་མཚུངས་པ་སྟེ། འདི་ལྟར་གཞུང་དེ་དང་རིགས་མཚུངས་པའི་ཆོས་ལས་གཏན་ཚིགས་ཀྱི་ ཆོས་ཀྱི་ཆ་ཅུང་ཟད་དམིགས་པས་ཚིག་ཚང་བར་བསྟན་ན། འདི་སྐད་དུ་ཕྱོགས་མཚུངས་པ་ཆ་གཅིག་འཇུག་པ་དང་། ཕྱོགས་ཐ་དད་པ་ཀུན་འཇུག་པ་ཞེས་བརྗོད་པའི་རིགས་པ་ལས། མདོ་ལས་མདོར་བསྡུ་བར་དགོས་པའི་ཕྱིར་ཕྱོགས་མཚུངས་པ་ཆ་གཅིག་འཇུག་པ་འབའ་ཞིག་བསྟན་ཏོ། །དེ་ལས་ གཞན་པ་དང་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་ལ་དེ་ཞེས་བྱ་བ་དེ་ནི་གཞུང་དེའོ། །གཞན་ཞེས་བྱ་བ་ནི་རིགས་མཚུངས་པ་སྟེ། འདི་ལྟར་གཞུང་དེ་དང་རིགས་མཚུངས་པའི་ཆོས་ལས་གཏན་ཚིགས་ཀྱི་ཆོས་ཀྱི་ཆ་ཅུང་ཟད་ཅིག་དམིགས་པས་ཚིག་ཚང་བར་བསྟན་ན་འདི་སྐད་དུ། ཕྱོགས་ ཐ་དད་པ་ཆ་གཅིག་འཇུག་པ་དང་། ཕྱོགས་མཚུངས་པ་ཀུན་འཇུག་པ་ཞེས་བརྗོད་པའི་རིགས་པ་ལས། མདོའི་ཚིག་བསྡུས་པའི་ཕྱིར། ཕྱོགས་ཐ་དད་པའི་ཆ་གཅིག་འཇུག་པ་ཞེས་བྱ་བ་འབའ་ཞིག་བསྟན་ཏོ། །མཚན་ཉིད་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། །། བམ་པོ་བདུན་ཅུ་གསུམ་པ། དེ་ལ་ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཚན་ཉིད་གོང་མ་བདུན་པོ་དག་རྣམ་པར་བཤད་དེ། འདི་ཡང་བཤད་པ་སོ་སོ་ནས་མི་ མཐུན་པ། ཁ་ཅིག་ན་རེ་འདི་ཡང་རྣམ་པ་བཞི་སྟེ། གསུམ་པ་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་བསྟན་པ་དང་། ཆོས་ཐམས་ཅད་རྟག་ཅེས་བྱ་བ་མན་ཆད་ཀྱིས་བཞི་པ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་བསྟན་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་མཚན་ ཉིད་དང་པོ་དང་གཉིས་པ་དང་། དྲུག་པ་ཡོངས་སུ་འདྲེས་པ་མ་ཡིན་པའི་མཚན་ཉིད་སྤྱིར་བསྟན་པ་དང་། ཡང་དེ་ལས་གཞན་པ་ཞེས་བྱ་བ་མན་ཆད་ཀྱིས་ལྔ་པ་གཞན་གྱི་རིགས་ཀྱི་དཔེར་ཉེ་བར་བསྒྲུབ་པའི་མཚན་ཉིད་དང་། བདུན་པ་ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལུང་གི་མཚན་ཉིད་བསྟན་པ་སྟེ། འདི་ནི་དང་པོ་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་བསྟན་པའོ། །དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་དམ་བཅས་པའི་ཆོས་ལས་གཞན་པ་དཔེ་ཆོས་ཐམས་ཅད་དོ། །ཚད་མའི་དོན་ནི་འདི་སྐད་དུ་རེ་ཞིག་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཉིད་ ཡིན་པའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་ནོ་ཞེས་དམ་བཅའ་བ་ལྟ་བུ་སྟེ། རྟག་པ་དང་མི་རྟག་པའི་ཕྱོགས་གཉི་ག་ཡང་རྒྱུ་འདི་ཐུན་མོང་དུ་གྱུར་པས་དེའི་ཕྱིར་མ་ངེས་པའོ། །བུམ་པ་ལ་སོགས་པ་བཞིན་དུ་ཤེས་པར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྒྲ་ནི་མི་རྟག་པའོ། །ནམ་མཁའ་ལ་སོགས་པ་བཞིན་ དུ་ཤེས་པར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྒྲ་ནི་རྟག་པའོ། །དམ་བཅས་པའི་ཚོགས་ལས་གཞན་པ་རྣམས་ནི་རྒྱུའི་ཕྱོགས་མཚུངས་པ་ཡིན་པའི་ཕྱིར་དེ་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱའོ། །འདི་ནི་བསྟན་བཅོས་ཡང་དག་པའི་རིགས་པ་ལ་འཇུག་པ་ལས། ཐུན་མོང་བའི་མ་ངེས་ པ་ཞེས་བསྟན་པ་ཉིད་དོ། །བསྟན་བཅོས་ལས་གཞལ་བར་བྱ་བ་ཞེས་འབྱུང་བ་དང་། འདིར་མདོ་ལས་ཤེས་པར་བྱ་ཞེས་གསུངས་པ་ཚིག་མི་མཐུན་ཡང་དོན་ནི་གཅིག་གོ། །ཆོས་ཐམས་ཅད་རྟགས་དང་ངོ་བོ་ཉིད་དང་། ལས་དང་ཆོས་དང་རྒྱུ་དང་འབྲས་བུའི་མཚན་ཉིད་མི་མཐུན་པ་རྣམས་ཀྱི་མཚན་ཉིད་ མི་མཐུན་པ་གང་ཡང་རུང་བས་ངེས་པར་ཕན་ཚུན་སོ་སོ་ནས་མཚན་ཉིད་མི་མཐུན་པ་གང་ཡིན་པ་དེ་ནི་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་གཉིས་པ་མཚན་ཉིད་བཞི་པ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །མདོའི་ཚིག་འདི་ ཡང་ཁོང་དུ་ཆུད་པར་དཀའ་བས་སྔར་རྟགས་དང་ངོ་བོ་ཉིད་ལ་སོགས་པར་རྣམ་པར་ཕྱེ་ནས། དེའི་འོག་ཏུ་དོན་ཉིད་བསྟན་པར་བྱའོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། དབྱིངས་དང་། རང་བཞིན་དང་། ལས་དང་། ཆོས་དང་། རྒྱུ་དང་། འབྲས་བུར་རྣམ་པར་སྨིན་པ་ཞེས་འབྱུང་ངོ་། ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། ཆོས་ཐམས་ཅད་རྟགས་དང་། ངོ་བོ་ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་། རྣམ་པར་སྨིན་པའི་འབྲས་བུའི་མཚན་ཉིད་ཅེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། མཚན་ཉིད་རྣམ་པ་ལྔར་བསྡུས་ནས་བསྟན་ཏོ། །དེའི་ཕྱིར་དེ་ཉིད་ལས་རྗེས་སུ་དཔག་པ་ནི་འདི་ལྟ་སྟེ། མངོན་པར་བརྟགས་པ་དང་བཅས་པས་མངོན་པར་བརྟགས་པ་དང་། མངོན་པར་བརྟག་པར་བྱ་བའི་ཡུལ་ལོ། །དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། རྟགས་དང་། ངོ་བོ་ཉིད་དང་། ལས་ དང་། ཆོས་དང་། རྒྱུ་དང་། འབྲས་བུའོ། །རྟགས་ལས་རྗེས་སུ་དཔག་པ་ནི་འདི་ལྟ་སྟེ། ད་ལྟར་རམ། སྔར་མཐོང་བའི་མངོན་མཚན་དང་། མཚན་མ་འགའ་ཞིག་གིས་འགྲེལ་པ་ལས་ཡུལ་མངོན་པར་བརྟགས་པ་གང་ཡིན་པ་སྟེ། དཔེར་ན་རུ་མཚོན་ལས་ཤིང་རྟ་རྗེས་སུ་དཔག་པ་དང་། དུད་ པ་ལས་མེ་དང་། རྒྱལ་པོ་ལས་ཡུལ་འཁོར་དང་། ཁྱིམ་ཐབ་ལས་བུད་མེད་དང་། ནོག་དང་རྭ་ལས་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །ངོ་བོ་ཉིད་ལས་རྗེས་སུ་དཔག་པ་ནི་འདི་ལྟ་སྟེ། མངོན་སུམ་གྱི་ངོ་བོ་ཉིད་ཀྱི་ལྐོག་ན་འདུག་པའི་ངོ་བོ་ཉིད་བརྟག་པའམ། ངོ་བོ་ཉིད་ལས་ཕྱོགས་ གཅིག་ལས་ཕྱོགས་གཅིག་བརྟག་པ་གང་ཡིན་པ་སྟེ། དཔེར་ན་ད་ལྟ་ལས་འདས་པ་རྗེས་སུ་དཔག་པ་དང་། འདས་པ་ལས་མ་འོངས་པ་དང་། ད་ལྟར་བྱུང་བ་ཉེ་བ་ལས་ཐག་རིང་བ་དང་། ད་ལྟར་བྱུང་བ་ལས་མ་འོངས་པ་རྗེས་སུ་དཔག་པ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་ དུའོ། །ལས་རྗེས་སུ་དཔག་པ་ནི་འདི་ལྟ་སྟེ། བྱེད་པས་ལས་ཀྱི་རྟེན་བརྟག་པ་གང་ཡིན་པ་སྟེ། དཔེར་ན་མི་འགུལ་བ་དང་། བྱ་ཚང་གནས་པ་ལ་སོགས་པ་ལས། སྡོང་དུམ་དུ་རྗེས་སུ་དཔག་པ་དང་། འགུལ་བ་དང་། ཡན་ལག་བསྐྱོད་པ་ལ་སོགས་པ་ལས་མི་རྗེས་སུ་དཔག་པ་དང་། རྐང་ ལག་གི་རྗེས་ལས་གླང་པོ་ཆེ་དང་། ལུས་ཀྱིས་འགྲོ་བའི་རྗེས་ལས་སྦྲུལ་དང་། སྐད་ཙེ་རེ་རེ་ཟེར་བ་ལས་རྟ་དང་། ང་རོ་སྒྲོགས་པ་ལས་སེང་གེ་དང་། འབུའུ་ཞེས་ཟེར་བ་ལས་ཁྱུ་བ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །ཆོས་ལས་རྗེས་སུ་དཔག་པ་འདི་ལྟ་སྟེ། མ་འབྲེལ་པའི་ཆོས་དང་། འབྲེལ་པ་ལས་དེ་དང་འབྲེལ་བའི་ཆོས་ཉིད་རྟག་པ་གང་ཡིན་པ་དེ། དཔེར་ན་མི་རྟག་པ་དང་། འབྲེལ་པ་ལས་སྡུག་བསྔལ་རྗེས་སུ་དཔག་པ་དང་། སྡུག་བསྔལ་དང་འབྲེལ་པ་ལས་སྟོང་པ་དང་། བདག་མེད་པ་དང་། སྐྱེ་བ་དང་། འབྲེལ་པ་ལས་དགའ་བའི་ཆོས་ཉིད་ཅེས་བྱ་བ་ནས་རྒྱ་ཆེར་བཤད་ པའི་བར་དུའོ། །རྒྱུ་དང་འབྲས་བུ་ལས་རྗེས་སུ་དཔག་པ་ནི་འདི་ལྟ་སྟེ། རྒྱུ་ལས་འབྲས་བུའམ། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པ་གང་ཡིན་པ་སྟེ། དཔེར་ན་འགྲོ་བ་ལས་ཡུལ་གཞན་དུ་ཕྱིན་པ་རྗེས་སུ་དཔག་པ་དང་། ཡུལ་གཞན་དུ་ཕྱིན་པ་ལས་འགྲོ་བ་རྗེས་སུ་དཔག་པ་དང་། རྒྱལ་པོ་མཉེས་པར་བྱས་ པ་ལས་བྱ་དགའ་ཆེན་པོ་ཐོབ་པ་དང་། བྱ་དགའ་ཆེན་པོ་ཐོབ་པ་ལས་རྒྱལ་པོ་མཉེས་པར་བྱ་བ་རྗེས་སུ་དཔག་པ་ནས། ལམ་ལས་དགེ་སྦྱོང་གི་འབྲས་བུ་དང་། དགེ་སྦྱོང་གི་འབྲས་བུ་ལས་ལམ་རྗེས་སུ་དཔག་པའི་བར་དུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། བསྟན་བཅོས་ རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །དེ་ལས་དེའི་འོག་ཏུ་དོན་ཉིད་བསྟན་པ་ཡང་ཆོས་ཐམས་ཅད་བརྟགས་པ་དང་། ངོ་བོ་ཉིད་དང་། ལས་ལ་སོགས་པ་གཅིག་ལ་གཅིག་ལྟོས་ནས་ཕན་ཚུན་མི་འདྲ་བས་ཐམས་ཅད་མི་མཐུན་པ་ཞེས་བྱ་སྟེ། དེ་ལ་རེ་ཞིག་དཔེར་ན་སྒྲ་ལ་ཡོད་པའི་ ཐོས་པའི་ངོ་བོ་ཉིད་ལ་སོགས་པ་གང་ཡིན་པ་དེ་ནི་སྒྲ་ཁོ་ན་ལ་ཡོད་ཀྱི། ཆོས་ལ་ཡོད་པ་མ་ཡིན་པས་དེའི་ཕྱིར་འདི་ལ་རྒྱུ་ཞེས་བྱར་མི་རུང་ངོ་། །ཐོས་པར་བྱ་བའི་སྒྲ་དེ་ནི་དམ་བཅས་པའི་ཆོས་ཁོ་ན་ལ་ཡོད་ཀྱི་དཔེར་མཚུངས་པ་ནི་མེད་དོ། །རྒྱུའི་རྣམ་པ་ཐ་དད་པ་ཡོད་ཀྱི། ཐོས་པར་རྗེས་སུ་བྱ་བའི་ མཚན་ཉིད་ཀྱི་མ་ཡིན་པས་དེའི་ཕྱིར་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱའོ། །འདི་ནི་བསྟན་བཅོས་ཡང་དག་པའི་རིགས་པ་ལ་འཇུག་པ་ལས་ཐུན་མོང་མ་ཡིན་པའི་ངེས་པ་ཞེས་བསྟན་པ་ཉིད་དེ། དེའི་ཕྱིར་ཡང་དག་པའི་རིགས་པ་ལ་འཇུག་པ་ལས་ཐུན་མོང་མ་ཡིན་པ་ ཞེས་བྱ་བ་ནི་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ། ཐོས་པར་བྱ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་ཟེར་བ་ལྟ་བུའོ། །རྟག་པ་དང་མི་རྟག་པའི་ཕྱོགས་ནི་རྒྱུ་འདི་དང་བྲལ་བ་ཡིན་ཏེ། རྟག་པ་དང་མི་རྟག་པ་ལས་གུད་ན་གཞན་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །རིགས་ཀྱི་བུ་དེ་ལ་དེ་ལས་གཞན་ པ་དང་མཐུན་པས་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པ་མཚན་ཉིད་དང་གཉིས་པ་དང་དྲུག་པ་ཡོངས་སུ་གྲེགས་པ་མ་ཡིན་པའི་མཚན་ཉིད་དུ་བསྡུས་ཏེ་རྣམ་པར་བཤད་པ་དང་། བསྟན་ བཅོས་ལས་གཉིས་ཀའི་ཕྱོགས་ཀྱི་ཆ་གཅིག་དང་། འཇུག་པ་ཞེས་བསྟན་པ་བསྡུ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་རྣམ་པ་གསུམ་གཅིག་ཏུ་བསྡུས་ཏེ་བསྟན་པ་དང་། ཡོངས་སུ་མ་གྲེགས་པའི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་བསྟེན་པར་མི་བྱ་བར་བསྐུལ་བའོ། །དང་པོ་ཡང་རྣམ་ པ་གཉིས་ཏེ། མཚན་ཉིད་དང་པོ་དང་། ཡོངས་སུ་གྲེགས་པ་མ་ཡིན་པའི་མཚན་ཉིད་རྣམ་པར་བཤད་པ་དང་། མཚན་ཉིད་གཉིས་པ་དང་། ཡོངས་སུ་གྲེགས་པ་མ་ཡིན་པའི་མཚན་ཉིད་རྣམ་པར་བཤད་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་དང་པོ་རྣམ་པར་བཤད་པ་དང་ཡོངས་སུ་ གྲེགས་པ་མ་ཡིན་པའི་རྣམ་པར་བཤད་པའོ། །འདི་ནི་མཚན་ཉིད་དང་པོ་ལས་གཞན་པ་དང་མཐུན་པར་དམིགས་པའི་མཚན་ཉིད་རྣམ་པར་བཤད་པ་སྟེ། དེ་ལས་གཞན་པ་དང་མཐུན་པར་དམིགས་པའི་མཚན་ཉིད་འདི་ཡང་ཚིག་ཚང་བར་བྱ་སྟེ། བརྗོད་ན་འདི་སྐད་དུ། ཕྱོགས་མཚུངས་པའི་ཆ་གཅིག་ འཇུག་པ་དང་། ཕྱོགས་ཐ་དད་པའི་ཕྱིར་འདིར་དེ་ལས་གཞན་པ་དང་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཕྱོགས་མཚུངས་པའི་ཆ་གཅིག་འཇུག་པའི་དོན་ཏོ། །དེ་ལ་དཔེ་དང་བཅས་པ་ལས་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པ་ ཞེས་བྱ་བ་ནི་ཕྱོགས་ཐ་དད་པ་ཀུན་འཇུག་པའི་དོན་ཏོ་ཞེས་བརྗོད་པར་བྱ་སྟེ། དོན་དེའི་ཕྱིར་མདོའི་ཚིག་འདིས་བསྟན་བཅོས་ཡང་དག་པའི་རིགས་པ་ལ་འཇུག་པ་ལས་ཕྱོགས་མཚུངས་པའི་ཆ་གཅིག་འཇུག་པ་དང་། ཕྱོགས་ཐ་དད་པ་ཀུན་འཇུག་པ་དང་། གཉི་གའི་ཕྱོགས་ཀྱི་ཆ་ གཅིག་འཇུག་པ་ལས་ཕྱོགས་མཚུངས་པའི་ཆ་གཅིག་འཇུག་པའི་དོན་བསྡུས་པ་ཡིན་ནོ། །དེ་བཞིན་དུ་འོག་མ་དེ་ལས་གཞན་པ་དང་མི་མཐུན་པར་དམིགས་པའི་མཚན་ཉིད་རྣམ་པར་བཤད་པ་ཡང་གོང་མ་ལས་བཟློག་པ་ལས་རིག་པར་བྱའོ། །རྒྱུ་དང་རྐྱེན་དེས་ན་དེ་གྲུབ་པར་བྱ་བ་ལ་ གཅིག་ཏུ་ངེས་པ་མ་ཡིན་པའི་ཕྱིར་དེའི་ཡོངས་སུ་གྲེགས་པ་མ་ཡིན་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་གཉིས་པ་ཡོངས་སུ་གྲེགས་པ་མ་ཡིན་པའི་མཚན་ཉིད་རྣམ་པར་བཤད་པའོ། །འདི་ལྟར་དེ་ལས་གཞན་པ་དང་མཐུན་པར་དམིགས་པའི་མཚན་ཉིད་ཀྱི་གང་ཡིན་པ་དེ་ཉིད་ཡོངས་ སུ་གྲེགས་པ་མ་ཡིན་པའི་མཚན་ཉིད་དེ། ངེས་པར་དམ་བཅས་པའི་དོན་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །ཡང་དེ་ལས་གཞན་པ་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལས་ཡང་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་ཞེས་བྱ་བ་ལ་ སོགས་པས་ནི་གཉིས་པ་མཚན་ཉིད་དེ་ལས་གཞན་པ་དང་ནི་མཐུན་པར་དམིགས་པའི་མཚན་ཉིད་དང་། ཡོངས་སུ་གྲེགས་པ་མ་ཡིན་པའི་མཚན་ཉིད་རྣམ་པར་བཤད་པ་སྟེ། འདི་ནི་དེ་ལས་གཞན་པ་དང་མི་མཐུན་པར་དམིགས་པའི་མཚན་ཉིད་རྣམ་པར་བཤད་པའོ། །འདི་ཡང་ཚིག་ ཚང་བར་བྱས་ཏེ་བརྗོད་ན་འདི་སྐད་དུ་ཕྱོགས་ཐ་དད་པ་ཆ་གཅིག་འཇུག་པ་དང་། ཕྱོགས་མཚུངས་པ་ཀུན་འཇུག་པ་དང་། གཉི་གའི་ཕྱོགས་ཀྱི་ཆ་གཅིག་འཇུག་པའི་དོན་བསྡུས་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། གོང་མ་བཞིན་དུ་རིག་པར་བྱའོ། །རྒྱུ་དང་རྐྱེན་དེས་ན་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་ མ་ངེས་པའི་ཕྱིར་ཡོངས་སུ་གྲེགས་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་གཉིས་པ་ཡོངས་སུ་གྲེགས་པའི་མཚན་ཉིད་རྣམ་པར་བཤད་པ་སྟེ། གོང་མ་བཞིན་དུ་རིག་པར་བྱའོ། །ཡོངས་སུ་མ་གྲེགས་པའི་ཕྱིར་ལེགས་པར་སོ་སོར་བརྟགས་པའི་རིགས་པ་མ་ཡིན་ཏེ། ཡོངས་སུ་མ་དག་པའི་ ཕྱིར་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི་གཉིས་པ་མི་བརྟེན་པར་བསྐུལ་བའོ། །གོང་དུ་བསྟན་པའི་རིགས་པ་དང་སྦྱར་ན་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཀྱང་ཡོངས་སུ་གྲེགས་པ་མ་ཡིན་ན་ཅིའི་ཕྱིར་མདོ་ལས་དེ་སྐད་དུ་ མ་གསུངས་ཤེ་ན། སྨྲས་པ། ངེས་པའི་རིགས་པ་ལས་མ་བསྟན་པ་ནི་མདོར་བསྡུས་པའི་ཕྱིར་མ་གསུངས་སོ། །གཞན་ཡང་མདོའི་ཚིག་འདིས་སྔ་མ་ལྔ་པོ་དག་ཚང་བར་བསྡུས་ནས་ཡོངས་སུ་གྲེགས་པ་ཡིན་པ་ཉིད་དུ་རབ་ཏུ་བསྟེན་ཏེ། དེ་ལས་གཞན་པ་དང་མཐུན་པར་དམིགས་པའི་ མཚན་ཉིད་བཞི་པ་བསྟན་ཏོ། །དཔེ་དང་བཅས་པས་ཞེས་བྱ་བ་མཚན་ཉིད་ལྔ་པ་བསྟན་ཏོ། །ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པ་ཞེས་བྱ་བས་ནི་མཚན་ཉིད་བཞི་པ་བསྟན་ཏོ། །ཡང་དེ་ལས་གཞན་པ་དང་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བས་ནི་མཚན་ཉིད་ གཉིས་པ་བསྟན་ཏོ། །དཔེ་དང་བཅས་པ་ཞེས་བྱ་བས་ནི་མཚན་ཉིད་ལྔ་པ་ཡང་བཟླས་ཏེ་བསྟན་ཏོ། །ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པ་ཞེས་བྱ་བས་ནི་མཚན་ཉིད་གསུམ་པ་བསྟན་ཏེ། རིགས་པ་དེས་ན་སྔ་མ་ལྔ་པོ་དག་ལས་བརྩམས་ནས་ཡོངས་སུ་གྲེགས་པ་མ་ཡིན་པ་ ཉིད་དུ་རབ་ཏུ་བསྟན་པ་ཡིན་ནོ། །དེ་ལྟར་བཤད་ན་ནི་སྔར་ཡོངས་སུ་དག་པའི་མཚན་ཉིད་བསྟན་པའི་སྐབས་ནས་མངོན་སུམ་དུ་དམིགས་པ་ལ་སོགས་པ་གསུམ་པོ་དག་གིས་ཡོངས་སུ་གྲེགས་པ་ཉིད་དུ་བསྟན་པ་དག་དང་ཡང་རྗེས་སུ་མཐུན་པར་འགྱུར་རོ། །གཞན་གྱི་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་ པ་གང་ཡིན་པ་དང་། ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལུང་གི་མཚན་ཉིད་དེ་ནི་རང་བཞིན་ཉིད་ཀྱིས་ཡོངས་སུ་དག་པ་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་འདི་ནི་བཞི་པ་མཚན་ཉིད་ལྔ་པ་དང་། བདུན་པ་གཅིག་ཏུ་བསྡུས་ཏེ་རྣམ་པར་བཤད་པ་སྟོན་ཏོ། །དེ་ལ་གཞན་གྱི་རིགས་ཀྱི་དཔེས་ཉེ་བར་ བསྒྲུབ་པའི་མཚན་ཉིད་ཅེས་བྱ་བ་ནི་མི་མཐུན་པའི་རྒྱུ་ཡིན་ཏེ། དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ་ཞེས་དམ་བཅས་པ་དག་གིས་བྱས་པའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུ་སྟེ། དེ་ལ་ནམ་མཁའ་ལ་སོགས་པ་ནི་ཆ་མཚུངས་པ་ཡིན་ལ། བུམ་པ་ལ་སོགས་པ་ནི་ཆ་མི་མཚུངས་པ་ ཡིན་པས་གཏན་ཚིགས་འདི་ནི་ཆ་མི་མཚུངས་པ་ཁོ་ན་ལ་ཡོད་པས་དེའི་ཕྱིར་གཞན་གྱི་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་པའི་མཚན་ཉིད་ཅེས་བྱའོ། །ཡང་དཔེའི་སྐྱོན་རྣམ་པ་བཅུ་དང་ལྡན་པའོ། །དེ་ལ་ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལུང་གི་མཚན་ཉིད་ཅེས་བྱ་བ་ནི་ཕྱི་རོལ་པའི་ ལོག་པར་བསྟན་པ་རྣམས་སོ། །ཡང་ན་དམ་བཅས་པ་དང་གཏན་ཚིགས་དང་། དཔེ་སྐྱོན་དང་བཅས་པ་རྣམས་སོ། །ཁ་ཅིག་ན་རེ་བཞི་པོ་འདི་དག་ནི་ཕལ་ཆེར་སྔར་བཤད་པ་དག་དང་མཐུན་ཏེ། དེ་ལ་བྱེ་བྲག་ཡོད་པ་ཡང་། མཚན་ཉིད་བཞི་པས་ནི་གཉི་གའི་ཕྱོགས་ཀྱི་ཆ་གཅིག་ འཇུག་པ་ཞེས་བྱ་བ་མ་བསྡུས་སོ། །མཚན་ཉིད་བཞི་པ་ལས་གཞན་གྱི་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་པའི་མཚན་ཉིད་ཅེས་བྱ་བ་ཉིད་ནི་གཉི་གའི་ཕྱོགས་ཀྱི་ཆ་གཅིག་འཇུག་པ་ཞེས་བྱ་བ་ཡིན་ཏེ། གཞན་ནི་སྔར་བསྟན་པ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་བཞི་པོ་འདི་དག་ནི་སྔ་མའི་ བཤད་པ་དང་འདྲ་སྟེ། དེ་ལ་བྱེ་བྲག་ཡོད་པ་གཞན་གྱི་རིགས་ཀྱིས་ཉེ་བར་བསྒྲུབ་པའི་མཚན་ཉིད་ནི་གསུམ་པ་དང་། བཞི་པར་རྟོགས་པ་ཡིན་ཏེ། གཞན་ནི་སྔ་མ་བཞིན་ནོ་ཞེའོ། །དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་། བསྟན་བཅོས་རྣམ་པར་བཤད་པ་དང་། མདོའི་དཔེ་ རྣམ་པ་གཉིས་ལས་བསྟན་པ་དག་དང་སྦྱར་ན་གཞན་གྱི་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་པའི་མཚན་ཉིད་ནི་གསུམ་པ་དང་བཞི་པ་ལས་གཞན་གྱི་རིགས་ཀྱིས་དཔེ་ཞེས་བྱ་བའི་ཚིག་སྤྱིར་མེད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། རྣམ་པར་བཤད་པ་ལས་མིང་བཀོད་པ་ནི་ མཐུན་ལ། བཤད་པ་ནི་ཅུང་ཟད་ཐ་དད་དེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཆོས་ཐམས་ཅད་རྟགས་དང་། ངོ་བོ་ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་། འབྲས་བུ་ལ་སོགས་པའི་མཐུན་པ་དང་། མི་མཐུན་པའི་མཚན་ཉིད་གང་ཡང་རུང་བའི་ཆ་གཅིག་ཕན་ཚུན་ མཐུན་པ་དང་། མི་མཐུན་པའི་མཚན་ཉིད་གང་ཡིན་པ་དེ་ནི་དེ་ལས་གཞན་པ་དང་མཐུན་པ་དང་། མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱའོ། །ངེས་པར་ཕན་ཚུན་སོ་སོ་ཐ་དད་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱའོ་ཞེས་ བཤད་དེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །དེ་ལས་གཞན་པའི་མཚན་ཉིད་རྣམས་ནི་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །བཤད་པ་འདི་དང་སྦྱར་ན་རྟགས་དང་ངོ་བོ་ཉིད་ལ་སོགས་པ་ལྔ་པོ་དག་ནི་མཐུན་པ་དང་མི་མཐུན་པའི་མཚན་ཉིད་ དང་གཅིག་ཐ་དད་པའི་མཚན་ཉིད་དུ་ཡང་རྟོགས་སོ། །དེ་ལ་ཆོས་ཉིད་ཀྱི་རིགས་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལྔ་འཇིག་རྟེན་དུ་བྱུང་ཡང་རུང་། འཇིག་རྟེན་དུ་མ་བྱུང་ཡང་རུང་སྟེ། ཆོས་ཉིད་གནས་པ་དང་ཆོས་ཀྱི་དབྱིངས་གནས་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་རིགས་པ་ཞེས་བྱའོ་ ཞེས་བྱ་བ་ནི་བཞི་པ་ཆོས་ཉིད་ཀྱི་རིགས་པ་རྣམ་པར་ཕྱེ་སྟེ་བཤད་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ལས་བརྩམས་ནས་མདོའི་ཚིག་གསུམ་པོ་ཆོས་ཉིད་གནས་པ་དང་། ཆོས་གནས་པ་དང་ཆོས་ཀྱི་དབྱིངས་ཀྱི་དོན་སྟོན་ཏེ། དེའི་ཕྱིར་བསྟན་ བཅོས་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ངས་བྱས་པའང་མ་ཡིན། གཞན་དག་གིས་བྱས་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་། འཇིག་རྟེན་དུ་མ་བྱུང་ཡང་རུང་སྟེ། ཆོས་ཉིད་དང་། ཆོས་གནས་པ་ དང་། ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དོ་ཞེས་གང་གསུངས་པ་ལ་ཆོས་ཉིད་ནི་གང་། ཆོས་གནས་པ་ནི་གང་། ཆོས་ཀྱི་དབྱིངས་ནི་གང་ཞེ་ན། ཐོག་མ་མེད་པའི་དུས་ནས་གྲགས་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཅེས་བྱའོ། །ཇི་ལྟར་གྲགས་པ་དེ་རིགས་པའི་ཚིག་དང་། ཡི་གེ་རྣམས་ཀྱི་ རྣམ་པར་གཞག་པ་དེ་ནི་ཆོས་གནས་པ་ཞེས་བྱའོ། །གནས་པ་དེའི་རྒྱུ་ཆོས་ཉིད་དེ་ཡིན་པས་ན་དེའི་ཕྱིར་དབྱིངས་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས་ཉན་ཐོས་ཀྱི་ས་ལ་སོགས་པའི་ཆོས་ཉིད་ཀྱི་རིགས་པ་ནི་འདི་ལྟ་སྟེ། ཅིའི་ཕྱིར་ཕུང་པོ་ རྣམས་དེ་ལྟ་བུར་གྱུར་པ་ཡིན། འཇིག་རྟེན་གནས་པ་དེ་ལྟ་བུར་གྱུར་པ་ཡིན། ཅིའི་ཕྱིར་སའི་མཚན་ཉིད་སྲ་བ་ཡིན། ཆུའི་མཚན་ཉིད་གཤེར་བ་ཡིན། མེའི་མཚན་ཉིད་ཚ་བ་ཡིན། རླུང་གི་མཚན་ཉིད་གཡོ་བ་ཡིན། ཅིའི་ཕྱིར་ཕུང་པོ་རྣམས་མི་རྟག་པ་ཡིན། ཅིའི་ ཕྱིར་མྱ་ངན་ལས་འདས་པ་ཞི་བ་ཡིན། དེ་བཞིན་དུ་ཅིའི་ཕྱིར་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ཡིན། ཚོར་བའི་མཚན་ཉིད་མྱོང་བ་ཡིན། འདུ་ཤེས་ཀྱི་མཚན་ཉིད་ཀུན་དུ་ཤེས་པ་ཡིན། འདུ་བྱེད་རྣམས་ཀྱི་མཚན་ཉིད་མངོན་པར་འདུ་བྱེད་པ་ཡིན། རྣམ་པར་ཤེས་པའི་མཚན་ཉིད་ རྣམ་པར་ཤེས་པར་བྱེད་པ་ཡིན་ཞེ་ན། དེ་ནི་ཆོས་ཉིད་ཡིན་ཏེ། ཆོས་དེ་དག་གི་རང་བཞིན་དེ་ཡིན་ཞིང་། དེ་དག་གི་ངོ་བོ་ཉིད་ལྟ་བུ་ཡིན་པས་ཆོས་ཉིད་དེ་གང་ཁོ་ན་ཡིན་པ་དེ་ཉིད་འདིར་རིགས་པ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་ བཏུས་པ་ལས་ཆོས་ལ་བརྩོན་པ་ཆོས་རྣམ་པར་དཔྱད་པ་ནི་རིགས་པ་དུ་ཞིག་གིས་རྣམ་པར་དཔྱོད་ཅེ་ན། སྨྲས་པ། རིགས་པ་རྣམ་པ་བཞིས་དཔྱད་དེ། འདི་ལྟ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། གཏན་ཚིགས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་ རིགས་པའོ། །དེ་ལ་ལྟོས་པའི་རིགས་པ་ནི་འདི་ལྟ་སྟེ། གང་འདུ་བྱེད་རྣམས་སྐྱེ་བ་རྐྱེན་ལ་ལྟོས་པ་གང་ཡིན་པ་སྟེ། དཔེར་ན་མྱུ་གུ་འབྱུང་བ་ན་ས་བོན་དང་། དུས་དང་། ཆུ་དང་། ཞིང་རྣམས་ལ་ལྟོས་པ་དང་། རྣམ་པར་ཤེས་པ་སྐྱེ་བ་ན་དབང་པོ་དང་དོན་དང་ཡིད་ལ་བྱེད་པ་ཞེས་བྱ་བའི་ རྐྱེན་ལ་སོགས་པ་ལ་ལྟོས་པ་ལྟ་བུའོ། །བྱ་བ་བྱེད་པའི་རིགས་པ་ནི་འདི་ལྟ་སྟེ། གང་ཟག་གི་མཚན་ཉིད་ཐ་དད་པའི་ཆོས་རྣམས་སོ་སོ་རང་གི་བྱ་བ་བྱེད་པ་གང་ཡིན་པ་སྟེ། དཔེར་ན་མིག་གི་དབང་པོ་ལ་སོགས་པས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་ཀྱི་དངོས་པོའོ། །མིག་གི་ རྣམ་པར་ཤེས་པ་ལ་སོགས་པ་ནི་གཟུགས་ལ་སོགས་པ་སོ་སོ་རྣམ་པར་རིག་པར་བྱེད་པའོ། །གསེར་མགར་ལ་སོགས་པ་ལ་བཟོ་རྣམས་ནི་གསེར་ལ་སོགས་པའི་ལས་བྱེད་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །གཏན་ཚིགས་སྒྲུབ་པའི་རིགས་པ་ནི་འདི་ལྟ་སྟེ། གང་བསྒྲུབ་པའི་དོན་ཚད་མ་ དང་མི་འགལ་བར་སྟོན་པ་གང་ཡིན་པ་སྟེ། གང་བསྒྲུབ་པའི་དོན་ངོ་བོ་ཉིད་དང་། ཁྱད་པར་གྱིས་བསྡུས་པ་མངོན་སུམ་ལ་སོགས་པའི་ཚད་མ་དང་མི་འགལ་བར་དམ་བཅས་པ་ལ་སོགས་པ་བསྟན་པའོ། །ཆོས་ཉིད་ཀྱི་རིགས་པ་ནི་འདི་ལྟ་སྟེ་ཐོག་མ་མེད་པའི་དུས་ན། རང་དང་སྤྱིའི་ མཚན་ཉིད་གནས་པའི་ཆོས་རྣམས་ལ་ཆོས་ཉིད་དུ་གྲགས་པ་གང་ཡིན་པ་སྟེ། དཔེར་ན་མེས་ནི་ཚིག་པར་བྱེད་དོ། །ཆུས་ནི་འགུལ་བར་བྱེད་ཅེས་བྱ་བ་ལ་སོགས་པར་གྲགས་པའི་ཆོས་རྣམས་ཀྱི་ཆོས་ཉིད་དེ། མདོ་ལས་ཇི་སྐད་དུ། མིག་ནི་ཡོངས་སུ་དག་པ་ཡིན་ཡང་། རྟག་པ་མེད་པ་ནས་ བདག་མེད་པའི་བར་གྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདིའི་རང་བཞིན་ནི་ཆོས་ཉིད་ཀྱིས་དེ་ཡིན་པས་སོ་ཞེས་གསུངས་པ་ལྟ་བུའོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣལ་འབྱོར་སྤྱོད་པའི་ས་དང་། མདོ་ སྡེའི་རྒྱན་དང་། རྣམ་པར་བཤད་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་སྤྱི་དང་བྱེ་བྲག་ལྔ་ནི་འདི་ལྟ་སྟེ། སྔར་མདོར་བསྟན་ནས་ཚིག་གིས་བསྟན་པའི་ཆོས་ཕྱི་མ་ཕྱི་མའི་ཚིག་གི་བྱེ་བྲག་ཏུ་རྣམ་པར་ཕྱེ་ནས་མཐར་ཐུག་པར་སྟོན་པ་གང་ཡིན་པའོ་ཞེས་བྱ་བས་ནི་བརྒྱད་པ་སྤྱི་དང་ བྱེ་བྲག་གི་མཚན་ཉིད་སྟོན་ཏོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་བསྡུས་པ་དང་། རྒྱས་པ་ཞེས་འབྱུང་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་བསྡུས་པ་དང་རྒྱས་པ་ནི་འདི་ལྟ་སྟེ། སྔར་ཆོས་ཚིག་གཅིག་བསྟན་པའི་ཚིག་ཕྱི་མ་ཕྱི་མའི་དཔག་ཏུ་མེད་པ་དག་གིས་ཕན་ཚུན་རྣམ་པར་ཕྱེ་ནས་མཐར་ ཐུག་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་སྤྱི་དང་བྱེ་བྲག་གི་སྒོ་ནི་སྔར་ཚིག་གཅིག་མདོར་བསྟན་ནས་ཚིག་ཕྱི་མ་གཞན་གྱིས་རྣམ་པར་ཕྱེ་སྟེ་བཤད་པའོ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ འགྲེལ་པ་ལས། དེ་ལ་སྤྱིའི་མཚན་ཉིད་ནི་མི་རྟག་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །བྱེ་བྲག་གི་མཚན་ཉིད་ནི་ཆོས་རྣམས་མི་རྟག་པ་ཡིན་ཡང་སོ་སོའི་བྱེ་བྲག་གི་མཚན་ཉིད་ནི་ཐ་དད་དེ། སའི་མཚན་ཉིད་ནི་སྲ་བའོ། །ཆུའི་མཚན་ཉིད་ནི་གཤེར་བའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་ རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། ངས་རྣམ་པ་དང་བཅས་པ་དམིགས་པ་དང་བཅས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལེན་པར་བྱེད་པ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྟན་པ་གང་ཡིན་པ་དེ་ནི་དེ་དག་གི་རང་གི་ངོ་བོའི་མཚན་ཉིད་ ཅེས་བྱའོ་ཞེས་བྱ་བ་ནི་མ་མོ་བསྟན་པ་ལ་མཚན་ཉིད་ནི་རྣམ་པ་བཅུ་གཅིག་ཏུ་ཕྱེ་བ་ལས་མཚན་ཉིད་བཞི་པའི་སྒོ་ནས་བསྟན་ནས། འདི་ནི་མཚན་ཉིད་ལྔ་པ་རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་བྱ་བ་སྟོན་ཏོ། །འདི་ལྟར་གོང་དུ་བསྟན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ཉེ་བར་ གཞག་པ་ལ་སོགས་པ་དེ་དག་གི་བདག་ཉིད་ནི་འཛིན་པར་བྱེད་པ་ཡིན་པས། ཡུལ་ལ་དམིགས་པའི་རྣམ་པ་དང་བཅས་པ་དམིགས་པའི་བདག་ཉིད་དང་བཅས་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལེན་པར་བྱེད་པའི་རང་གི་ངོ་བོ་ཉིད་དོ། །དེ་ལ་དེ