Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 120
Văn bản gốc(Tây Tạng)
Trang 11 / 20 (50.000 ký tự/trang)
འི་འབྲས་ བུའི་མཚན་ཉིད་ནི་འདི་ལྟ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཉོན་མོངས་པ་རྣམས་སྤོང་བ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་དང་། ཡོན་ཏན་མངོན་པར་བསྒྲུབ་པ་གང་ཡིན་པ་དང་། དེ་ནི་དེའི་འབྲས་བུ་ཐོབ་པའི་མཚན་ཉིད་ཅེས་བྱའོ་ཞེས་ བྱ་བ་ནི་དྲུག་པ་དེའི་འབྲས་བུའི་མཚན་ཉིད་རྣམ་པར་བཤད་པའོ། །འདི་ལྟར་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་རྣམས་ཟིལ་གྱིས་གནོན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་རྣམས་གཏན་དུ་སྤངས་པ་ཐོབ་པའི་མྱ་ངན་ལས་འདས་པ་དང་། དེ་དག་གིས་ མངོན་པར་བསྒྲུབ་པ་འདུས་བྱས་ཀྱི་ཡོན་ཏན་གང་ཡིན་པ་དེ་ནི་འབྲས་བུའི་མཚན་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་ནི་འདི་ལྟ་སྟེ། དེ་ཉིད་ལས་རྣམ་པར་གྲོལ་བའི་ཤེས་པས་སོ་སོར་ཡང་དག་པར་མྱོང་བ་གཞན་དག་ལ་རྒྱ་ཆེར་སྒྲོགས་པ་དང་། འཆད་པ་དང་། ཡང་དག་པར་སྟོན་པ་དེ་ནི་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་བདུན་པ་དེ་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་རྣམ་པར་བཤད་པའོ། །འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེས་ཉོན་མོངས་པ་སྤངས་པའི་ཤེས་པས་འདུས་བྱས་དང་འདུས་ མ་བྱས་ཀྱི་ཡོན་ཏན་མྱོང་བ་གང་ཡིན་པ་དེ་དགེ་བ་གཞན་དག་སྟོན་པར་བྱེད་པས་སོ། །དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་ལས་བར་ཆད་བྱེད་པ་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡིན་པ་དེ་ནི་དེའི་བར་དུ་གཅོད་པའི་ ཆོས་ཀྱི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་བརྒྱད་པ་དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་རྣམ་པར་བཤད་པ་སྟེ། བདག་དང་ཆོས་སུ་འཛིན་པ་ཉིད་དང་། སྒྲིབ་པ་གཉིས་པོ་དག་གོ། །དེ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། དེ་དག་ཉིད་ལ་གཅེས་སྤྲས་བྱེད་པའི་ཆོས་ གང་དག་ཡིན་པ་དེ་ནི་དེ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་དགུ་པ་དེ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་རྣམ་པར་བཤད་པ་སྟེ། རྣམ་པར་གྲོལ་བའི་ཕྱོགས་ཀྱི་དགེ་བའི་རྩ་བ་ལ་སོགས་པས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་བྱ་བ་བྱེད་པ་གང་ཡིན་པ་དེ་ དག་ནི་དེ་དང་རྗེས་སུ་མཐུན་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཉེས་དམིགས་ཀྱི་མཚན་ཉིད་ནི་བར་དུ་གཅོད་པའི་ཆོས་དེ་དག་ཉིད་ལ་ཡོད་པའི་སྐྱོན་རྣམས་གང་ཡིན་པ་དེ་ནི་དེའི་ཉེས་དམིགས་ཀྱི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་བཅུ་པ་བར་དུ་གཅོད་པའི་ཆོས་ རྣམས་ཀྱི་ཉེས་དམིགས་ཀྱི་མཚན་ཉིད་རྣམ་པར་བཤད་པ་སྟེ། འགྲོ་བ་དང་སྐྱེ་བ་ལ་སོགས་པ་མངོན་པར་འགྲུབ་པའི་ཉོན་མོངས་པ་ཞེས་བྱ་བའི་མཚན་ཉིད་ལ་སྒྲིབ་པར་བྱེད་པ་གང་ཡིན་པ་དག་གོ། །དེའི་ཕན་ཡོན་གྱི་མཚན་ཉིད་ནི་རྗེས་སུ་མཐུན་པའི་ཆོས་དེ་དག་ཉིད་ལ་ཡོད་པའི་ཡོན་ཏན་གང་ཡིན་ པ་དེ་ནི་དེའི་ཕན་ཡོན་གྱི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་བཅུ་གཅིག་པ་ཕན་ཡོན་གྱི་མཚན་ཉིད་རྣམ་པར་བཤད་པའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི། བསྔགས་པ་བརྗོད་པའི་མཚན་ཉིད་ཅེས་འབྱུང་སྟེ། འདི་ལྟར་རྗེས་སུ་མཐུན་པའི་ཆོས་ལ་ཡོན་ཏན་ཇི་སྙེད་ཡོད་ པ་གང་ཡིན་པ་དེ་ནི་བསྔགས་པ་བརྗོད་པའི་མཚན་ཉིད་ཅེས་བྱའོ་ཞེས་བཤད་དོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་མདོ་སྡེ་དང་འདུལ་བ་དང་མ་མོ་དག་འདི་ལས་སླར་ཕྱི་ རོལ་པ་རྣམས་དང་ཐུན་མོང་མ་ལགས་པ་གཟུངས་ཀྱི་དོན་མདོར་བསྡུས་ཏེ་བཤད་དུ་གསོལ་ཞེས་བྱ་བ་ནི་གོང་དུ་བཞི་པ་སྟེ། སྣོད་གསུམ་རྒྱ་ཆེར་རྣམ་པར་བཤད་པ་དང་། ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་རྣམ་པར་བཤད་པའོ་ཞེས་གཉིས་སུ་ཕྱེ་བ་ལས། དེ་ཡན་ཆོད་དུ་སྡེ་སྣོད་གསུམ་རྒྱ་ཆེར་རྣམ་པར་བཤད་ཟིན་ཏེ། འདི་མན་ཆད་ནི་གཉིས་པ་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་བཤད་པར་གསོལ་བ་དང་། ཡང་དག་པར་བཤད་པས་བསྟན་པར་བྱའོ། །བཤད་པར་གསོལ་བ་ཡང་རྣམ་པ་གཉིས་ཏེ། ཡང་དག་པར་བཤད་པར་གསོལ་བ་དང་། བཤད་པར་གསོལ་བ་བཏབ་པའི་དགོངས་པ་བསྟན་པ་སྟེ། འདི་ནི་དང་པོ་ཡང་དག་པར་བཤད་པར་གསོལ་བ་བཏབ་པའོ། །དེ་ལ་གཟུངས་ཞེས་བྱ་བ་ནི་དྲན་པ་དང་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །དེ་བཤད་པར་གསོལ་བའི་གོང་དུ་ བཅོམ་ལྡན་འདས་ཀྱིས་སྡེ་སྣོད་གསུམ་རྒྱ་ཆེར་བཤད་པས་འདིར་དེ་བཞིན་གཤེགས་པས་སྡེ་སྣོད་གསུམ་མདོར་བསྡུས་ཏེ་བཤད་དུ་གསོལ། དེས་བྱང་ཆུབ་སེམས་དཔའ་རྣམས་ཟབ་མོ་ལྡེམ་པོར་དགོངས་ཏེ་གསུངས་པ་རྣམས་བརྗེད་པར་མི་འགྱུར་ཞིང་། གནས་ངན་ལེན་གྱི་ལུས་སྤངས་ ནས་འདུས་མ་བྱས་འཐོབ་པར་འགྱུར་བར་དགོངས་པ་སྟེ། མུ་སྟེགས་ཅན་ལོག་པར་བསྟན་པའི་གཟུངས་དང་ཐུན་མོང་དུ་མ་གྱུར་པའི་ཕྱིར་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་ཅེས་བྱའོ། །བཤད་པའི་རྣམ་པ་གཞན་དུ་ན་གང་ཟག་དང་ཆོས་གཉིས་ཀྱིས་སྟོང་པའི་ཚུལ་གྱིས་གང་ ཟག་དང་ཆོས་གཉིས་སྟོང་པའོ། །ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་ཡིན་ཏེ། དེ་ཁོང་དུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་ལྡེམ་པོར་དགོངས་པའི་རྗེས་སུ་འཇུག་པར་འགྱུར་བའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ ས་ལས་ནི། དོན་རྣམ་པ་གསུམ་གྱི་ཕྱིར་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པའོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་གཞན་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་མདོར་བསྡུས་ན་མ་འདྲེས་པའི་ཡན་ལག་གསུམ་གྱི་ཕྱིར་འདི་ལས་ཕྱི་རོལ་པ་རྣམས་དང་། ཐུན་ མོང་མ་ཡིན་པར་བསྟན་ཏེ། ལེགས་པར་གསུངས་པ་ཞེས་བྱ་བའི་གྲངས་སུ་ཡང་འགྲོའོ། །དེ་ལ་ཡན་ལག་གསུམ་ནི་ཡོངས་སུ་གྲུབ་པ་དང་། མཐར་ཐུག་པ་ལས་རྣམ་པར་གྲོལ་བར་བསྟན་པའི་ཕྱིར་དང་། དེ་ཉིད་ཀྱི་ཐབས་བསྟན་པའི་ཕྱིར་དང་། དེ་ཉིད་ཀྱི་ནང་གི་སོ་སོ་རང་གི་ རིག་པ་བསྟན་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཐུན་མོང་མ་ལགས་པའི་གཟུངས་ཀྱི་དོན་དེས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་རྣམས་ཀྱི་ལྡེམ་པོར་དགོངས་པའི་རྗེས་སུ་འཇུག་པ་འཐོབ་པར་འགྱུར་ ལགས་སོ་ཞེས་བྱ་བ་ནི་གཉིས་པ་བཤད་པར་གསོལ་བའི་དགོངས་པ་བསྟན་པ་སྟེ། འདིར་མདོར་གསུངས་པའི་དབང་གིས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་བྱེད་པ་མེད་པ་ལ་སོགས་པའི་ལྡེམ་པོར་དགོངས་པ་ལ་འཇུག་པར་འགྱུར་བའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ལེགས་པར་ཉོན་ཅིག་དང་། ངས་ཁྱོད་ལ་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་མདོར་བསྡུས་ཏེ། བཤད་པས་ཞེས་བྱ་བ་འདི་མན་ཆད་བཤད། གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། ། འདི་ཡང་རྣམ་པ་གཉིས་ཏེ། མཉན་པར་བསྐུལ་ཞིང་བཀའ་བཤད་པར་སྣང་བ་བསྟན་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཞུས་པ་བཞིན་དུ་ཡང་དག་པར་བཤད་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། བཤད་པར་གནང་བ་བསྟན་པ་དང་། བཀས་བཤད་པའི་ཕན་ཡོན་བསྟན་པ་སྟེ། འདི་ནི་དང་པོའོ། །བྱང་ཆུབ་སེམས་དཔའ་རྣམས་ངས་བཤད་པའི་ལྡེམ་པོ་དག་ལ་ལེགས་པར་འཇུག་པར་འགྱུར་བའོ་ཞེས་བྱ་བ་ནི་གཉིས་པ་བཀས་བཤད་པའི་ཕན་ཡོན་བསྟན་པའོ། །རིགས་ཀྱི་བུ་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡིན་པ་དང་། རྣམ་པར་བྱང་བའི་ཆོས་གང་ཡིན་པ་དེ་དག་ནི་ ངས་ཐམས་ཅད་བྱེད་པ་མེད་པ་དང་། གང་ཟག་ཅི་ཡང་མེད་པར་བསྟན་ཏེ། རྣམ་པ་ཐམས་ཅད་དུ་བྱེད་པ་དང་བྲལ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་ཆོས་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་ལ། ཕྱིས་རྣམ་པར་བྱང་བར་འགྱུར་བ་མ་ཡིན། རྣམ་པར་བྱང་བའི་ཆོས་ཀྱང་ཕྱིས་རྣམ་པར་བྱང་ ལ། སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་མ་ཡིན་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞུས་པ་བཞིན་དུ་ཡང་དག་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཚིག་རྐྱང་པས་བསྟན་པ་དང་། ཚིགས་སུ་བཅད་པས་བཟླས་ཏེ་བསྟན་པའོ། །དང་པོ་ ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་མཇུག་བསྡུ་བའོ། །རྣམ་པར་བཤད་པ་ཡང་རྣམ་པ་གསུམ་སྟེ། ཡང་དག་པའི་དོན་ཉིད་བསྟན་པ་དང་། བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱ་བ་ཡན་ཆད་ཀྱིས་ཀུན་ཏུ་རྨོངས་པས་འཛིན་པའི་ཉེས་དམིགས་བསྟན་པ་དང་། གང་ལ་ལ་ཞེས་བྱ་བ་ མན་ཆད་ཀྱིས་ཁོང་དུ་ཆུད་པའི་ཕན་ཡོན་བསྟན་ཏེ། འདི་ནི་དང་པོ་ཡང་དག་པའི་དོན་ཉིད་བསྟན་པའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཏེ། ཁ་ཅིག་ན་རེ་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡིན་པ་ཞེས་བྱ་བ་ནས། གང་ཟག་ཅི་ཡང་མེད་ཅེས་བྱ་བའི་བར་གྱིས་ནི་སེམས་ཅན་གྱིས་སྟོང་པའི་ དོན་བསྟན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ངས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་སོ་སོ་ཐ་དད་པའི་བྱེད་པ་ཅི་ཡང་མེད་པར་བསྟན་ཏེ། ཇི་ལྟར་གཟུགས་ལ་སོགས་པ་མཐོང་བ་བཞིན་དུ་གང་ཟག་ལ་ནི་བདག་ཅི་ཡང་མེད་དོ་ཞེས་གསུངས་པས་སོ། ། ཡང་ན་བྱེད་པ་མེད་པ་ཞེས་བྱ་བ་ནི་མཆོག་ཏུ་སྨྲ་བ་ཞེས་བྱ་བའི་གཞུང་གིས་ཆོས་ལས་གུད་ན་མེད་པ་དགག་པ་ལྟ་བུ་སྟེ། དེ་ལྟ་བུ་ལ་སོགས་པའི་དོན་གང་ཡིན་པ་དེ་ནི་སེམས་ཅན་གྱི་སྟོང་པའི་དོན་ཏོ། །དེ་ལ་རྣམ་པ་ཐམས་ཅད་དུ་བྱེད་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་སྟོང་པའི་དོན་ བསྟན་ཏེ། འདི་ལྟར་ཆོས་ཐམས་ཅད་ནི་གཟུང་བ་དང་འཛིན་པ་དང་། སྤྲོས་པ་སྣ་ཚོགས་ཀྱི་བྱེད་པ་དང་བྲལ་བའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཆོས་ཀྱང་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ལ། ཕྱིས་རྣམ་པར་བྱང་བར་འགྱུར་བ་མ་ཡིན། རྣམ་པར་བྱང་བའི་ཆོས་ཀྱང་ཕྱིར་རྣམ་པར་བྱང་ལ། སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་བརྟགས་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ནི་སེམས་ཀྱི་རྗེས་སུ་ཡོད་པ་ནི་ཡིན་ལ། དོན་དམ་པར་ནི་ཡོད་པ་མ་ཡིན་པས་དེའི་ཕྱིར་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ ལ། ཕྱིས་རྣམ་པར་བྱང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མདོའི་ཚིག་འདི་ལས་ནི་བརྟགས་པའི་ངོ་བོ་ཉིད་ཅེས་བྱ་བའི་ཚིག་བསྟན་པ་མེད་ན། ཇི་ལྟར་ཀུན་ནས་བརྟགས་པའི་ངོ་བོ་ཉིད་ཁོ་ན་ཡིན་པར་ཤེས་ཤེ་ན། སྨྲས་པ། གོང་དུ་སྤྱིའི་མཚན་ཉིད་སྟོང་པ་ཉིད་དུ་བསྟན་པ་ དང་སྦྱར་ན། ཀུན་བརྟགས་པ་ཁོ་ན་བསྩལ་པ་ཡིན་གྱི། ངོ་བོ་ཉིད་གཉིས་ནི་མ་ཡིན་པས། དེའི་ཕྱིར་མདོ་འདི་ལས་ཀུན་བརྟགས་པའི་ངོ་བོ་ཉིད་བསྩལ་པར་ཤེས་སོ། །ཡང་ན་རྣམ་པ་ཐམས་ཅད་དུ་བྱེད་པ་དང་བྲལ་བའི་ཕྱིར་གོང་དུ་བསྟན་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་ བྱང་བའི་ཆོས་རྣམས་ཀྱང་བདག་དང་བདག་གིར་འཛིན་པ་ལ་སོགས་པའི་སྤྲོས་པའི་བྱེད་པ་དང་བྲལ་བའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་དེ་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡིན་པ་དང་། རྣམ་པར་བྱང་བའི་ཆོས་གང་ཡིན་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ རྣམས་སྤྱིར་སྨོས་པའོ། །ངས་ཐམས་ཅད་བྱེད་པར་བསྟན་ཏེ་ཞེས་བྱ་བ་ནི་ཆོས་བདག་མེད་པར་རབ་ཏུ་བསྟན་པའོ། །གང་ཟག་ཅི་ཡང་མེད་པར་བསྟན་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པར་བསྟན་པའོ། །རྣམ་པ་ཐམས་ཅད་དུ་བྱེད་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ནི་བདག་ མེད་པ་གཉིས་ཅིག་ཅར་བསྟན་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་གཟུང་བ་དང་འཛིན་པའི་བྱེད་པ་དང་བྲལ་བའི་ཕྱིར་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ལས་ཕྱིས་རྣམ་པར་བྱང་བར་འགྱུར་བ་མེད་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་དབུས་དང་མཐའ་ རྣམ་པར་འབྱེད་པ་ལས། སེམས་ཅན་དང་ཆོས་གཉི་ག་ཡོད་པ་མ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ངོ་བོ་ཉིད་དེ་གཉི་ག་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དོན་གཉི་ག་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བཤད་དོ། ། དེ་ལས་ཀུན་ནས་ཉོན་མོངས་པ་ནི་འདི་ལྟ་སྟེ། སྡུག་བསྔལ་བ་དང་ཀུན་འབྱུང་བའོ། །རྣམ་པར་བྱང་བ་ནི་འདི་ལྟ་སྟེ། འགོག་པ་དང་ལམ་མོ། །ཡང་ན་ཀུན་ནས་ཉོན་མོངས་པའི་ཀུན་ནས་བརྟགས་པ་དང་། ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་གཞན་གྱི་དབང་ངོ་། །རྣམ་པར་བྱང་བ་ནི་ རྣམ་པར་བྱང་བའི་ཕྱོགས་ཀྱི་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཉིད་དོ། །ཡང་ན་ཀུན་ནས་ཉོན་མོངས་པ་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་མོ་རྣམ་པར་བྱང་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་ རྣམ་པ་གཉིས་སོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་གནས་ངན་ལེན་གྱི་ལུས་ལ་ཆོས་དང་གང་ཟག་གི་ངོ་བོ་ཉིད་ཀྱི་བྱེ་བྲག་ལ་མངོན་པར་ཞེན་པའི་བག་ལ་ཉལ་ཡང་དག་པ་མ་ཡིན་པའི་ལྟ་བས་དམིགས་པར་བྱས་པའི་ཕྱིར་བདག་གམ་བདག་གིར་འཛིན་པས་ན་ཡང་དག་པ་མ་ཡིན་པས་བདག་ གིས་མཐོང་ངོ་། །བདག་གིས་ཐོས་སོ། །བདག་གིས་བསྣམས་སོ། །བདག་གིས་རེག་གོ། །བདག་གིས་རྣམ་པར་ཤེས་སོ། །བདག་གིས་ཟོས་སོ། །བདག་གིས་བྱས་སོ། །བདག་ཀུན་ནས་ཉོན་མོངས་སོ། །བདག་རྣམ་པར་བྱང་ངོ་ཞེས་འདི་ལྟ་བུ་ལ་སོགས་པ་ལོག་པའི་སྦྱོར་བ་འཇུག་ གོ་ཞེས་བྱ་བ་ནི་གཉིས་པ་ཀུན་དུ་རྨོངས་པས་འཛིན་པའི་ཉེས་དམིགས་བསྟན་པའོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱ་བས་ནི་རྨོངས་པས་འཛིན་པའི་གང་ཟག་བསྟན་ཏེ། སོ་སོའི་སྐྱེ་བོ་ཞེས་བྱ་བས་ནི་ལྟ་བ་ཐ་དད་པ་འཛིན་པ་ལས་སྐྱེས་པའི་ཕྱིར་སོ་སོའི་སྐྱེ་བོ་ཞེས་བྱའོ། །གནས་ངན་ལེན་ གྱི་ལུས་ཞེས་བྱ་བས་ནི་རྨོངས་པའི་ཡུལ་བསྟན་ཏེ། ཟག་པ་དང་བཅས་པའི་ཕུང་པོ་ལྔ་དག་སྒྲིབ་པ་གཉིས་པོ་དག་གིས་མངོན་པར་བསྒྲུབས་ཤིང་། གནས་ངན་ལེན་རྗེས་སུ་འབྲང་བས་ན་གནས་ངན་ལེན་གྱི་ལུས་ཞེས་བྱའོ། །ཆོས་དང་གང་ཟག་གི་རང་གི་ངོ་བོ་ཉིད་ཀྱི་བྱེ་བྲག་ལ་མངོན་ པར་ཞེན་པ་ཞེས་བྱ་བས་ནི་འཛིན་པ་གཉིས་བསྟན་ཏེ། འདི་ལྟར་གནས་ངན་ལེན་གྱི་ལུས་ལ་ཆོས་ཀྱི་རང་གི་ངོ་བོ་ཉིད་ཀྱི་བྱེ་བྲག་གི་མངོན་པར་ཞེན་པ་བསྐྱེད་པ་དང་། གང་ཟག་གི་རང་གི་ངོ་བོ་ཉིད་ཀྱི་བྱེ་བྲག་གི་མངོན་པར་ཞེན་པ་སྐྱེད་པ་གང་ཡིན་པ་དེ་ནི་བདག་དང་ཆོས་སུ་འཛིན་པ་གཉིས་ ཞེས་བྱའོ། །བག་ལ་ཉལ་ཡང་དག་པ་མ་ཡིན་པའི་ལྟ་བས་དམིགས་པ་བྱས་པའི་ཕྱིར་ཞེས་བྱ་བ་ལ། བག་ལ་ཉལ་ནི་ས་བོན་གྱི་རྣམ་གྲངས་ཏེ། འཛིན་པ་གཉིས་ཀྱི་ས་བོན་ལ་བག་ལ་ཉལ་ཞེས་བྱའོ། །དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། འཛིན་པ་ གཉིས་ཀྱི་བག་ཆགས་དེའི་བག་ལ་ཉལ་ཞེས་བྱ་སྟེ། སེམས་ཅན་གྱི་རྗེས་སུ་འབྲང་ཞིང་ཀུན་གཞི་རྣམ་པར་ཤེས་པ་བག་ལ་ཉལ་བ་དང་། ཉེས་པ་རྗེས་སུ་འཕེལ་བའི་ཕྱིར་བག་ལ་ཉལ་ཞེས་བྱའོ། །འདི་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པའི་ས་བོན་ཡིན་ཏེ། ཀུན་དུ་འབྱུང་བ་དེ་དག་ ལ་ལྟོས་ན་བདག་དང་། ཆོས་སུ་འཛིན་པ་གཉིས་ཡོངས་སུ་བསྒོ་བར་བྱེད་པས་སོ་ཞེས་བཤད་དོ། །བདག་གམ་བདག་གིར་འཛིན་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མའི་ཀུན་དུ་འབྱུང་བའི་ས་བོན་གྱི་སྟོབས་ཀྱིས་ཚེ་འདི་ལ་བདག་དང་བདག་གིར་འཛིན་པར་བྱེད་ལ། བདག་དང་བདག་གིར་ འཛིན་པའི་ཕྱིར་ནི་བདག་གིས་མཐོང་ངོ་ཞེས་བྱ་བ་ནས། བདག་གིས་བདག་རྣམ་པར་བྱང་ངོ་ཞེས་དེ་ལྟ་བུ་ལ་སོགས་པའི་རྣམ་པར་རྟོག་པ་སྐྱེད་པའི་བར་དུ་བྱེད་པར་འགྱུར་བའོ།། །།བམ་པོ་བདུན་ཅུ་བཞི་པ། གང་ལ་ལས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་ གནས་ངན་ལེན་གྱི་ལུས་རབ་ཏུ་སྤང་ཞིང་ཉོན་མོངས་པ་ཐམས་ཅད་ཀྱི་གནས་མ་ཡིན་པ་ཤིན་ཏུ་རྣམ་པར་དག་པ་སྤྲོས་པ་རྣམས་དང་བྲལ་བ། འདུས་མ་བྱས་གནས་སུ་གྱུར་པ། རྩོལ་བ་མེད་པ་འཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་གསུམ་པ་ཁོང་དུ་ཆུད་པའི་ཕན་ཡོན་བསྟན་པའོ། །དེ་ལ་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་གོང་དུ་བསྟན་པ་དེ་ལྟར་སེམས་ཅན་དང་། ཆོས་སྟོང་པ་ཉིད་གཉིས་རབ་ཏུ་ཤེས་པ་སྟེ། སྟོང་པ་ཉིད་གཉིས་ཀྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་ཕན་ཡོན་ཐོབ་པར་འགྱུར་བའོ། །གནས་ངན་ལེན་གྱི་ལུས་རབ་ཏུ་སྤོང་ཞིང་ ཉོན་མོངས་པ་ཐམས་ཅད་ནི་གནས་མ་ཡིན་པ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སྡུག་བསྔལ་ཉེ་བར་ཞི་བ་དང་། ཉོན་མོངས་པ་ཉེ་བར་ཞི་བར་སྦྱར་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མྱ་ངན་ལས་འདས་པ་དེའི་ངོ་བོ་ཉིད་ནི་རབ་ཏུ་ཞི་བ་ཡིན་པར་རིག་པར་བྱ་སྟེ། སྡུག་བསྔལ་མང་ པོ་ཐམས་ཅད་གཏན་དུ་ཉེ་བར་ཞི་བའི་ཕྱིར་ཉོན་མོངས་པ་ཐམས་ཅད་གཏན་དུ་ཉེ་བར་ཞི་བའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མ་འོངས་པ་ཡང་སྲིད་ཕྱི་མའི་སྡུག་བསྔལ་སྣ་ཚོགས་ཡོངས་སུ་སྤངས་ནས། མ་འོངས་པ་ནི་མི་སྐྱེ་བའི་ཆོས་ཅན་ཐོབ་པའི་ ཕྱིར་སྡུག་བསྔལ་མང་པོ་ཞི་བ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་གཏན་དུ་སྤངས་ནས་མཐར་མི་སྐྱེ་བའི་ཆོས་ཅན་ཐོབ་པའི་ཕྱིར་ཉོན་མོངས་པ་ཞི་བ་ཞེས་བྱའོ་ཞེས་བཤད་དོ། །ཤིན་ཏུ་རྣམ་པར་དག་པ་སྤྲོས་པ་རྣམས་དང་བྲལ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་ པ་གནས་འགྱུར་བའི་མཚན་ཉིད་དེ། །དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་གནས་གྱུར་པ་མཚན་ཉིད་ཅི་ལྟ་བུར་བརྗོད་པར་བྱ་ཞེ་ན། སྨྲས་པ། སྤྲོས་པ་མེད་པའི་མཚན་ཉིད་དང་། ཤིན་ ཏུ་རྣམ་པར་དག་པའི་མཚན་ཉིད་དོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མྱ་ངན་ལས་འདས་པའི་མཚན་ཉིད་ནི་འདི་ལྟ་སྟེ། ཞི་བའི་མཚན་ཉིད་དང་། སྤྲོས་པ་མེད་པའི་མཚན་ཉིད་དོ། ནང་གི་སོ་སོ་རང་གི་རིག་པའི་མཚན་ཉིད་ཁོ་ན་ཡིན་པར་རིག་པར་ བྱའོ་ཞེས་བཤད་དོ། །འདུས་མ་བྱས་གནས་སུ་གྱུར་པ་རྩོལ་བ་མེད་པ་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་འདུས་མ་བྱས་པའི་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། འདུས་མ་བྱས་པའི་ཆོས་ཀྱི་སྐུ་ལ་གནས་པ་ལས་རྩོལ་བའི་འབད་པ་མི་མངའ་ཡང་། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་དྲངས་པའི་ཕྱིར་རང་གི་ངང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་དེ། དཔེར་ན་རྣལ་འབྱོར་པ་དག་འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་བ་བཞིན་ནོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་གལ་ཏེ་ལྷག་མ་མེད་པའི་ མྱ་ངན་ལས་འདས་པའི་དབྱིངས་ལ་སྒྲིབ་པ་མེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་ལ་སྒྲིབ་པ་མི་མངའ་བ་དེ་ཁོ་ན་བཞིན་དུ། དགྲ་བཅོམ་པ་ལ་ཡང་སྒྲིབ་པ་མེད་པ་ཡིན་ན། ཅིའི་ཕྱིར་དགྲ་བཅོམ་པ་ཡང་། དེ་བཞིན་གཤེགས་པའི་མཛད་པ་མི་བྱེད་ཅེ་ན། སྨྲས་པ། སྔོན་སྨོན་ལམ་ བསྒོམས་པ་མེད་པའི་ཕྱིར་དང་། དེ་ལྟ་བུའི་རིགས་པ་ཅན་མ་ཡིན་པའི་ཕྱིར་དགྲ་བཅོམ་པ་ནི་ལྡང་བའི་བསམ་པ་མེད་པ་ཁོ་ན་ཡོངས་སུ་མྱ་ངན་ལས་འདས་པས་ན་དེའི་ཕྱིར་སངས་རྒྱས་རྣམས་ཀྱི་མཛད་པ་མི་བྱེད་དོ། །གང་གི་ཚེ་སྤྲོས་པ་མེད་པའི་དབྱིངས་དེ་གང་གི་གྲངས་སུ་ཡང་འགྲོ་ བ་ཡིན་ན་ཅི་ལྟར་མངོན་དུ་བྱེད་ཅེ་ན། སྨྲས་པ། སྔོན་ཡང་དག་པའི་སྨོན་ལམ་དང་། ལམ་དེ་ལྟ་བུ་བསྒོམས་པའི་སྟོབས་ཀྱིས་འདི་ལྟ་སྟེ། དཔེར་ན་འགོག་པའི་སྙོམས་པར་ཞུགས་པ་སྙོམས་པར་འཇུག་པ་ལས་ལྡང་བར་བྱའོ། །ལྡང་ངོ་སྙམ་དུ་དེ་ལྟར་སེམས་པ་མེད་ཀྱང་སྔོན་མངོན་པར་ འདུ་བྱས་པའི་དབང་གིས་ལངས་ནས་ཡང་སེམས་དང་བཅས་པའི་སྤྱོད་པ་ལ་སྤྱོད་པར་བྱེད་པ་བཞིན་དུ། འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ་ཞེས་འབྱུང་སྟེ། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་དོན་གྱིས་མདོ་འདི་ལས་གསུངས་པ་དང་མཐུན་པར་སྟོན་ཏོ། །རིགས་ཀྱི་ བུ་འདི་ནི་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་མདོར་བསྟན་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་སྤྱིའི་མཇུག་བསྡུ་བ་སྟེ་བརྡ་ཕྲད་པར་ཟད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགས་སུ་བཅད་པས་བཟླས་ ཏེ་བཤད་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཚིགས་སུ་བཅད་པའི་གླེང་བསླང་བ་དང་། ཚིགས་སུ་བཅད་པ་ཉིད་ཀྱིས་ཡང་དག་པར་བཤད་པ་སྟེ། འདི་ནི་དང་པོའོ། །ཀུན་ནས་ཉོན་མོངས་རྣམ་པར་བྱང་བའི་ཆོས། །ཐམས་ཅད་བྱེད་པ་མེད་ཅིང་གང་ཟག་མེད། །དེས་ ནི་ང་ཡིས་བྱེད་དང་བྲལ་བར་བཤད། །དེ་དག་ཀུན་ནས་ཉོན་མོངས་སྔ་ཕྱི་མིན། །ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཚིགས་སུ་བཅད་པ་ཉིད་ཀྱིས་ཡང་དག་པར་བཤད་པ་སྟོན་ཏོ། །འདི་ཡང་ཚིགས་སུ་བཅད་པ་གསུམ་པོ་ཡོད་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ལ་ཚིགས་སུ་བཅད་ པ་དང་པོས་ནི་ཡང་དག་པའི་རིགས་པ་རྣམས་བཟླས་སོ། །ཚིགས་སུ་བཅད་པ་བར་མས་ནི་རྨོངས་པས་འཛིན་པའི་ཉེས་དམིགས་རྣམས་ཟློས་སོ། །ཚིགས་སུ་བཅད་པ་ཐ་མས་ནི་ཁོང་དུ་ཆུད་པའི་ཡོན་ཏན་ཟློས་པ་ཡིན་ཏེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། ཚིགས་ སུ་བཅད་པ་ཕྱེད་དང་པོས་ནི། གང་ཟག་སྟོང་པ་ཉིད་ཀྱི་ཚུལ་སྟོན་ཏོ། །ཚིགས་སུ་བཅད་པ་ཕྱེད་འོག་མས་ནི་ཆོས་སྟོང་པ་ཉིད་ཀྱི་ཚུལ་སྟོན་ཏོ། །བཤད་པའི་རྣམ་གྲངས་གཞན་དུ་ན་མདོའི་ཚིག་འདི་ནི་རྣམ་པ་གསུམ་དུ་དབྱེ་སྟེ། ཚིག་དང་པོ་གཅིག་གིས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སྤྱིར་སྟོན་ཏོ། །དེའི་འོག་མ་གཅིག་གིས་ནི་སྟོང་པ་ཉིད་རྣམ་པ་གཉིས་རྣམ་པར་ཕྱེ་སྟེ་བསྟན་ཏོ། །ཚིག་ཕྱི་མ་གཉིས་ཀྱིས་ནི་སྟོང་པ་ཉིད་རྣམ་པ་གཉིས་ཅིག་ཅར་བསྟན་ཏེ། ཚིག་རྐྱང་པ་དང་སྦྱར་བ་ནི་གོང་དུ་བསྟན་པ་བཞིན་དུ་ཅི་རིགས་སུ་ བྱའོ། །གནས་ངན་ལེན་ལུས་བག་ལ་ཉལ་ལྡང་བས། །དམིགས་པ་བྱས་པས་བདག་དང་བདག་གིར་འཛིན། །དེས་ན་བརྫུན་དུ་བདག་གིས་མཐོང་སྩོགས་དང་། །བདག་ཟའོ་བྱེད་དང་ཉོན་མོངས་རྣམ་དག་སྙོམ། །ཞེས་བྱ་བ་ནི་གཉིས་པ་རྨོངས་པས་འཛིན་པའི་ཉེས་དམིགས་བསྟན་ཏོ། །གང་གིས་ ཡང་དག་ཅི་བཞིན་རབ་ཤེས་པ། །གནས་ངན་ལེན་གྱི་ལུས་ནི་སྤོང་བྱེད་ཅིང་། །ཀུན་ནས་ཉོན་མོངས་རྣམ་དག་སྤྲོས་མེད་དང་། །འདུས་མ་བྱས་རྣམས་རྩོལ་བ་མེད་པས་འཐོབ། །ཅེས་བྱ་བ་ནི་གསུམ་པ་ཁོང་དུ་ཆུད་པའི་ཕན་ཡོན་བསྟན་པ་སྟེ། ཚིག་རྐང་པ་དང་པོ་ནི་མདོ་འདི་ཉིད་ཀྱིས་བརྡ་ཕྲད་ པར་ཟད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་སེམས་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་ བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་བསྟན་ཏོ། །འདི་ཡང་རྣམ་པ་བདུན་དུ་དབྱེ་སྟེ། དེ་བཞིན་གཤེགས་པའི་ཡང་དག་པར་ལོངས་སྤྱད་པའི་སྐུའི་སེམས་འབྱུང་བའི་མཚན་ཉིད་བསྟན་པ་དང་། དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་བྱེ་བྲག་གི་མཚན་ཉིད་ བསྟན་པ་དང་། མངོན་པར་རྫོགས་པའི་བྱང་ཆུབ་པ་ལ་སོགས་པ་རྣམ་པ་གསུམ་གཉིས་སུ་མེད་པའི་མཚན་ཉིད་དུ་བསྟན་པ་དང་། དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་དམིགས་པ་མཛད་པའི་བྱེ་བྲག་བསྟན་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་། ཐེག་པ་གཉིས་ཀྱི་རྣམ་པར་ གྲོལ་བའི་ལུས་ཀྱི་བྱེ་བྲག་བསྟན་པ་དང་། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱི་མཐུས་སེམས་ཅན་གྱི་ལུས་ཡོངས་སུ་འཛིན་པར་བསྟན་པ་དང་། ཞིང་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་ན་དངོས་པོ་གང་དག་རྙེད་དཀའ་བ་དང་། གང་དག་ཡོད་པའི་མཚན་ ཉིད་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་སེམས་འབྱུང་བའི་མཚན་ཉིད་ཡང་དག་པར་བསྟན་པ་དང་། སྤྲུལ་པའི་སྐུ་ལ་སེམས་མངའ་བའམ་མི་མངའ་བ་བསྟན་པའོ། །དང་པོ་ཡང་རྣམ་པ་བཞིར་དབྱེ་སྟེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་དང་། བསྟན་པ་དང་། རྣམ་པར་བཤད་པ་སྟེ། འདི་ནི་དང་པོ་ལོངས་སྤྱོད་རྫོགས་པའི་སྐུའི་སེམས་འབྱུང་བའི་མཚན་ཉིད་ཞུས་པའོ། །འདིས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པར་ཅི་མངོན་ཞེ་ན། སྨྲས་པ། དེའི་འོག་ཏུ་སྤྲུལ་པའི་སེམས་མངའ་བ་ཡང་ཡིན་མི་མངའ་བ་ཡང་ཡིན་པར་སྟོན་པའི་ཕྱིར་ འདིར་སེམས་བསྟན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པ་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པས་རབ་ཏུ་ཕྱེ་བ་ཡིན་མོད་ཀྱི། འོན་ཀྱང་དེ་ བཞིན་གཤེགས་པ་རྣམས་ནི་རྩོལ་བ་མི་མངའ་བར་སེམས་ཀྱི་ཆོས་འབྱུང་སྟེ། དངོས་པོ་འདི་ནི་སྤྲུལ་པ་ལྟ་བུར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ལ་སེམས་དང་ ཡིད་དང་། རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་རྩོལ་བ་མི་མངའ་བར་བསྟན་པ་དང་། དེ་བཞིན་གཤེགས་པ་ལ་རྩོལ་བ་མི་མངའ་བར་ཡང་སེམས་ཀྱི་ཆོས་འབྱུང་བར་བསྟན་པའོ། །སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་དོན་དེ་ཡང་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་ཟག་ པ་མེད་པའོ། །ཟག་པ་དང་བཅས་པའི་སེམས་དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་བྱེ་བྲག་གི་མིང་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་སེམས་ཞེས་བྱའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཡིད་ཅེས་བྱའོ། །རྣམ་པར་ཤེས་པ་དྲུག་པོ་ དག་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གཉིས་པ་ནི་སྤྱིའི་མིང་དུ་རྣམ་པར་ཤེས་པ་བརྒྱད་པོ་ཐམས་ཅད་ཀྱང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། འདི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་དེ་དང་དེ་དག་ཏུ་སེམས་དང་ཡིད་ དང་རྣམ་པར་ཤེས་པ་གསུམ་པོ་དག་གི་དོན་ཐ་དད་པ་གསུངས་ཏེ། བསགས་པ་ལས་བྱུང་བས་ན་སེམས་ཞེས་བྱའོ། །སེམས་པས་ན་ཡིད་ཅེས་བྱའོ། །རྣམ་པར་རིག་པས་ན་རྣམ་པར་ཤེས་པ་ཞེས་བྱ་སྟེ། དོན་རྣམ་པ་གསུམ་པོ་དེ་དག་རྣམ་པར་ཤེས་པ་བརྒྱད་པོ་ཀུན་ལ་ཁྱབ་ པ་ཡིན་ཡང་གཙོ་བོའི་རྗེས་སུ་བྱས་ཏེ། བསྟན་ནས་ཀུན་གཞི་རྣམ་པར་ཤེས་པ་ནི་སེམས་ཞེས་བྱ་སྟེ། ས་བོན་རྣམས་བསྩགས་ནས་ཆོས་རྣམས་འབྱུང་བར་བྱེད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ཡིད་ཅེས་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་ལ་དམིགས་ཤིང་རྟག་པར་ངེས་ པར་བདག་ལ་སོགས་པར་སེམས་པའི་ཕྱིར་རོ། །གཞན་དྲུག་པོ་དག་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ། རིགས་པ་གཡོ་བ་བར་ཆད་དང་བཅས་པ་ཉིད་རྣམ་པར་རིག་པ་འཇུག་པའི་ཕྱིར་རོ་ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོའི་ཚིགས་སུ་བཅད་པ་ ལས་ཇི་སྐད་དུ། ཀུན་གཞི་ལ་ནི་སེམས་ཞེས་བྱ། །སེམས་པའི་བདག་ཉིད་ཡིད་ཅེས་བྱ། །ཡུལ་གྱི་མཚན་ཉིད་རྣམ་རིག་པ། །དེ་ནི་རྣམ་པར་ཤེས་ཞེས་བསྟན། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་བཀོད་པའི་མདོ་ལས། དེ་བཞིན་གཤེགས་ པའི་དྲི་མ་མེད་པའི་རྣམ་པར་ཤེས་པ་ཞེས་གསུངས་སོ། །ཆེད་འགའ་ནི་མདོ་ལས་འཇིག་རྟེན་ལས་འདས་པའི་ཡིད་ཅེས་གསུངས་སོ། །ཆེད་འགའ་ནི་སེམས་ཞེས་བྱ་བའི་མིང་གནས་སྐབས་ཐམས་ཅད་རྟོགས་པར་གསུངས་པས་དེའི་ཕྱིར་སངས་རྒྱས་ཀྱི་སའི་གནས་སྐབས་ཀྱང་རྣམ་ པར་ཤེས་པ་ལ་སོགས་པ་ཞེས་བྱའོ། །མདོ་འདི་ལས་ནི་ཟག་པ་དང་བཅས་པ་རྣམ་པར་རྟོག་པའི་སེམས་དང་ཡིད་དང་རྣམ་པའི་དབང་དུ་མཛད་ནས་བསྟན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པས་རབ་ཏུ་ཕྱེ་བ་མ་ཡིན་ཞེས་གསུངས་ཀྱི། ཟག་པ་མེད་པའི་ སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། ཆོས་བསྡུས་པའི་མདོ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སེམས་སོ་ཞེས་གསུངས་སོ། །གཞན་ཡང་བསྟན་བཅོས་བྱང་ཆུབ་ཀྱི་ཚོགས་བསྟན་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ ནི་མཚན་མར་འཛིན་པ་རྣམ་པར་རྟོག་པ་ཅན་ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ནི་རྩོལ་བ་མི་མངའ་བར་སེམས་ཀྱི་ཆོས་འབྱུང་སྟེ་ཞེས་བྱ་བ་འདིས་ནི་དེ་བཞིན་གཤེགས་པ་ལ་རྣམ་པར་རྟོག་པའི་ཡིད་ལ་བྱེད་པར་མི་མངའ་མོད་ཀྱི། སྔོན་གྱི་རྒྱུའི་གནས་སྐབས་ ཀྱི་ཤེས་རབ་ཀྱི་སྟོབས་ཀྱིས་རྩོལ་བ་མི་མངའ་བར་ཡང་སེམས་ཀྱི་ཆོས་འབྱུང་སྟེ། དཔེར་ན་སྤྲུལ་པ་ལྟ་བུའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཕྱིར་ནི་ཐུགས་ལ་དགོངས་པ་བཞིན་དུ་མངོན་དུ་འགྱུར་ཞིང་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའི་དབང་གིས་ནི་མ་ཡིན་པའོ། །བཤད་པའི་རྣམ་པ་གཞན་དུ་ ན་ཡང་དག་པའི་ཏིང་ངེ་འཛིན་ལ་ཞུགས་པ་ན་ཡིད་ལ་བྱེད་པ་མི་མངའ་མོད་ཀྱི། མཉམ་པར་གཞག་པའི་མདུན་རོལ་ན་ཡིད་ལ་བྱས་པའི་སྟོབས་ཀྱིས་སྤྲུལ་པ་སྟོན་པར་མཛད་དོ། །འདི་ཡང་དེ་བཞིན་ཏེ་རྒྱུའི་གནས་སྐབས་ཀྱི་ཤེས་རབ་ཀྱི་སྟོབས་ཀྱིས་སེམས་ཀྱི་ཆོས་འབྱུང་བའོ། །གཞན་ཡང་ བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། བཅོམ་ལྡན་འདས་གཞན་ལ་ཕན་འདོགས་པའི་བྱ་བ་མཛད་པར་གྱུར། མཛད་པར་འགྱུར། མཛད་མོད་ཀྱི། དུས་གསུམ་པོ་དག་ཏུ། མངོན་པར་འདུ་མཛད་པའི་དགོངས་པ་མི་མངའ་ལ། མངོན་པར་འདུ་ མཛད་པ་མི་མངའ་ཡང་ཕན་འདོགས་པའི་བྱ་བ་མངོན་པར་འགྲུབ་པར་འགྱུར་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་། ལྷའི་རྔ་ལ་ཡིད་ལ་བྱེད་པ་མེད་ཀྱང་བྱ་བའི་དངོས་པོ་རྣམས་མངོན་པར་འགྲུབ་པར་འགྱུར་བ་བཞིན་ནོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་ འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམས་པ་ལས་མངོན་པར་འགྲུབ་པའི་སངས་རྒྱས་ཀྱི་འབྲས་བུ་རྣམ་པར་མི་རྟོག་པ་ཡིན་པར་འགྱུར་ན། ཇི་ལྟར་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་མཛད་ཅེ་ན། ཡིད་བཞིན་ནོར་བུ་དང་ནི་ལྷ་ཡི་རྔ། །བསམ་ མེད་རང་གི་བྱ་བ་འགྲུབ་པ་ལྟར། །སངས་རྒྱས་མཛད་པ་སྣ་ཚོགས་གྲུབ་གྱུར་ཀྱང་། །རྟག་པར་དགོངས་པ་མི་མངའ་དེ་བཞིན་ནོ། །ཞེས་གསུངས་ཏེ། འདི་ཉིད་ཀྱི་འགྲེལ་པ་ལས། ཚིགས་སུ་བཅད་པ་འདི་ལས་ཡིད་བཞིན་ནོར་བུ་དང་། ལྷའི་རྔའི་དཔེ་རྣམ་པ་གཉིས་ཀྱིས་ནི་རྣམ་པར་མི་རྟོག་ པའི་ཡེ་ཤེས་བརྙེས་པ་ལ་རྣམ་པར་མི་རྟོག་པའི་རྩོལ་བ་མི་མངའ་ཡང་མཛད་པ་རྣམ་པ་སྣ་ཚོགས་མངོན་པར་འགྲུབ་པ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་། ལྷའི་རྔ་ལ་འདི་སྙམ་དུ། བདག་གིས་འོད་འབྱུང་བར་བྱའོ། །བདག་གིས་སྒྲ་དབྱུང་ངོ་སྙམ་པའི་བསམ་པ་མེད་ཀྱང་ སེམས་ཅན་དེ་དག་གི་བསོད་ནམས་ཀྱི་ལས་ཀྱི་མོས་པའི་མཐུ་ཅི་ལྟ་བ་དང་། བརྡུང་བ་ལ་མི་ལྟོས་པར་ཡང་འོད་སྣ་ཚོགས་གཏོང་ཞིང་སྒྲ་སྣ་ཚོགས་འབྱུང་བ་ལྟར་སངས་རྒྱས་རྣམས་ཀྱང་དེ་བཞིན་ཏེ། རྣམ་པར་རྟོག་པའི་རྩོལ་བ་དང་བྲལ་བ་ཡིན་ཡང་གདུལ་བའི་སེམས་ཅན་དེ་དག་གི་བསོད་ནམས་ ཀྱི་མོས་པའི་སྟོབས་ཇི་ལྟ་བ་བཞིན་དུ་ཕན་འདོགས་པའི་དངོས་པོ་རྣམ་པ་སྣ་ཚོགས་སྟོན་ཏོ་ཞེས་མངོན་པར་བསྒྲུབས་པ་ཡིན་ནོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང་། ལང་གི་ཚེ་བསྒྱུར་བའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །བྱང་ཆུབ་སེམས་ དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་མངོན་པར་འདུ་བགྱི་བ་ཐམས་ཅད་དང་བྲལ་ཏེ། རྩོལ་བ་མ་མཆིས་པ་ལགས་ན། འོ་ན་ཅི་ལྟར་སེམས་ཅན་གྱི་ཆོས་འབྱུང་བར་འགྱུར་ལགས་ ཞེས་བྱ་བ་ནི་གསུམ་པ་བརྟག་པའོ། །ཆོས་ཀྱི་སྐུ་ཞེས་བྱ་བ་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ལོངས་སྤྱོད་རྫོགས་པ་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། འདིས་ནི་ལོངས་སྤྱོད་རྫོགས་པའི་ཆོས་ཀྱི་སྐུ་ལ་མངོན་པར་འདུ་མཛད་པའི་དགོངས་པ་མི་མངའ་ཡང་། སེམས་འབྱུང་བ་ ཡིན་ན་ཇི་ལྟར་དེ་བཞིན་གཤེགས་པ་ལ་ཐ་དད་པའི་དགོངས་པ་མི་མངའ་བར་ཡང་ལོངས་སྤྱོད་རྫོགས་པའི་སྐུས་བསྡུས་པའི་སེམས་བསྐྱེད་པས་དེའི་ཕྱིར་ཞུ་བ་འདི་ཞུས་པ་ཡིན་ཏེ། ཇི་ལྟར་ན། ཡིད་ལ་བྱེད་པ་མེད་པ་ཡང་སེམས་སྐྱེ་བར་འགྱུར་ཞེས་ཞུ་བ་ཡིན་ནོ་ཞེའོ། །བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་ཐབས་དང་ཤེས་རབ་བསྒོམ་པ་མངོན་པར་འདུས་བྱས་པའི་དབང་གི་ཕྱིར་སེམས་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་བཞི་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་སྟེ། དོན་ཉིད་ཡང་དག་ པར་བསྟན་པ་དང་། དཔེས་ཉེ་བར་མཚོན་པ་དང་། དཔེ་དང་དོན་དུ་སྦྱར་བའོ། །འདི་ནི་དོན་ཡང་དག་པར་བསྟན་པ་སྟེ། འདི་ལྟར་ས་བཅུ་པོ་དག་ཏུ་ཤེས་རབ་དང་། མངོན་པར་འདུས་བྱས་པའི་དབང་གིས་དགོངས་པ་མི་མངའ་བར་ཡང་སེམས་སྐྱེ་བར་འགྱུར་བས་སོ། །དེ་ལ་མངོན་ པར་འདུས་བྱས་པ་ཞེས་བྱ་བ་ནི་རྒྱུའི་གནས་སྐབས་ཀྱི་སྦྱོར་བ་དང་། ཡང་དག་པའི་ཤེས་པ་དང་། རྗེས་ལས་ཐོབ་པ་གསུམ་པོ་དག་སྤྱིར་མངོན་པར་འདུས་བྱས་པ་ཞེས་བྱ་སྟེ། འབད་པའི་རྩོལ་བ་དང་བཅས་པའི་ཕྱིར་རོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། སྔོན་ཤེས་རབ་ བསྒོམས་པ་ལས་བྱུང་བའི་ཕྱིར་རོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། སྔོན་ཐབས་དང་ཤེས་རབ་བསྒོམས་པས་རང་གི་ངང་གིས་འབྱུང་བར་འགྱུར་ཏེ་ཞེས་འབྱུང་ངོ་། །རིགས་ཀྱི་བུ་དཔེར་ན་གཉིད་ལོག་པ་སེམས་མེད་པ་ལས་སད་པ་ན་མངོན་པར་འདུ་ བྱ་བ་མེད་ཀྱང་མངོན་པར་འདུས་བྱས་པའི་སྟོབས་ཀྱིས་སད་པར་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དཔེ་ཉེ་བར་མཚོན་པ་སྟོན་ཏོ། །འདི་ཡང་དཔེ་རྣམ་པ་གཉིས་ཀྱིས་བསྟན་པ་ལས་འདི་ནི་དཔེ་དང་པོ་སྟེ། འདི་ལྟར་སེམས་མེད་པའི་གཉིད་ཀྱི་གནས་སྐབས་ན་ཕྱིས་སད་པར་བྱའོ་ཞེས་མངོན་པར་འདུས་ བྱས་པ་མེད་ཀྱང་སེམས་སྔ་མའི་དབང་གི་ཕྱིར་ཏེ། གཉིད་མ་ལོག་པའི་མདུན་རོལ་དུ་བདག་ཕྱིས་ལྡང་བར་བྱའོ་ཞེས་མངོན་པར་འདུས་བྱས་པའི་དབང་གིས་སད་པའི་སེམས་སྐྱེ་བ་ལྟ་བུའོ། །འགོག་པ་ལ་སྙོམ་པར་ཞུགས་པ་ལྡང་བར་མངོན་པར་འདུ་བྱ་བ་མེད་ཀྱང་མངོན་པར་འདུས་བྱས་པའི་དབང་གི་ སྟོབས་ཀྱིས་ཏིང་ངེ་འཛིན་ལས་ལྡང་བར་འགྱུར་ཏེ་ཞེས་བྱ་བ་ནི་དཔེ་གཉིས་པ་བསྟན་པའོ། །འདི་ལྟ་སྟེ། དཔེར་ན་འགོག་པའི་སྙོམས་པར་ཞུགས་པའི་ཏིང་ངེ་འཛིན་ལས་ལྡང་ངོ་སྙམ་པའི་མངོན་པར་འདུ་བྱ་བ་མེད་ཀྱང་སེམས་སྔ་མའི་དབང་གི་ཕྱིར་ཏེ། འདི་ལྟར་འགོག་པ་ལ་མ་ཞུགས་པའི་སྔོན་རོལ་ ན་བདག་ཕྱིས་ལྡང་བར་བྱའོ་སྙམ་དུ་མངོན་པར་འདུས་བྱས་པའི་དབང་གིས་ཏིང་ངེ་འཛིན་ལས་ལྡང་བ་ལྟ་བུ་སྟེ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཇི་སྐད་དུ། འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དུས་ཇི་སྲིད་དུ་གནས་ཤེ་ན། སྨྲས་པ། འདོད་པའི་ཁམས་ཀྱི་སེམས་ཅན་གྱི་དབང་ པོ་རྣམས་ཀྱི་འབྱུང་བ་ཆེན་པོ་ནི་ཁམ་གྱི་ཟས་ཀྱི་དབང་གིས་གནས་པས་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པ་དག་གི་ཏིང་ངེ་འཛིན་ལ་གནས་པའི་ཚེ། ལུས་ལ་ཉམས་པ་མེད་ཀྱང་ཏིང་ངེ་འཛིན་ལས་ལངས་པ་ན་ལུས་འཇིག་པར་འགྱུར་ཏེ། དེའི་ཕྱིར་ཏིང་ངེ་འཛིན་འདི་ལ་གནས་པ་དུས་ཡུན་མི་ རིང་བ་ཞིག་ཏུ་གནས་པ་ཁོ་ན་ཡིན་པས་དེ་ལྟར་ཡུན་རིང་ན་ཡང་ཉིན་ཞག་བདུན་ལས་མི་འདའ་སྟེ། ཁམ་གྱི་ཟས་ཟད་པའི་ཕྱིར་རོ། །འདི་ལྟར་ཅི་མངོན་ཞེ་ན། ཀུན་དགའ་ར་བ་ཞིག་ན་དགེ་སློང་ཅིག་འགོག་པའི་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ཐོབ་པས་སྔ་དྲོའི་དུས་ཀྱི་ཆོས་གོས་བགོས་ལྷུང་བཟེད་ ཐོགས་ནས་དགེ་འདུན་གྱི་བཀད་སར་སོང་བ་ལས། དེའི་ཉིན་པར་གཎྜཱི་བརྡུང་བ་དང་སྦྱར་བ་དག་ཅུང་ཟད་ཅིག་ཐོགས་པ་དང་། དགེ་སློང་དེ་ཡང་བརྩོན་འགྲུས་ཅན་ཞིག་པས་འདི་སྙམ་དུ་བདག་གིས་ཅི་སྟེ་དགེ་བ་མི་སྤྱོད་པར་དུས་ཟད་པར་བྱེད་ཅེས་ཕྱི་མའི་མཐའ་ལ་མི་རྟོག་པར་བདག་གིས་ནམ་གཎྜཱི་ བརྡུང་བ་ན་གདོད་ལྡང་བར་བྱའོ་ཞེས་དམ་བཅས་ནས་འགོག་པ་ལ་སྙོམས་པར་ཞུགས་སོ། དེའི་ཚེ་དགེ་འདུན་གྱི་ཀུན་དགའ་ར་བ་དེར་བར་ཆད་ཀྱི་རྐྱེན་བྱུང་བས་དགེ་སློང་རྣམས་སོ་སོར་གྱེས་ནས་གནས་གཞན་དུ་དོང་ངོ་། །ཟླ་བ་གསུམ་འདས་ཏེ་བར་ཆད་ཀྱི་རྐྱེན་ཞི་ནས་དགེ་སློང་རྣམས་སླར་ ཀུན་དགའ་ར་བར་འདུས་ཏེ་གཎྜཱི་བརྡུངས་མ་ཐག་ཏུ་དགེ་སློང་དེ་ཏིང་ངེ་འཛིན་ལས་ལངས་ནས་དུས་ལས་འདས་སོ་ཞེས་གྲག་གོ། །གཞན་ཡང་དགེ་སློང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་རྟག་པར་བསོད་སྙོམས་སློང་བ་ཞིག་སྔ་དྲོའི་དུས་ཀྱི་ཚེ། ཆོས་གོས་བགོས་ལྷུང་བཟེད་ཐོགས་ནས་གྲོང་ ཁྱེར་དུ་འགྲོ་བར་བྱས་པ་ལས་ཆར་ཆེན་པོ་བབ་པས་གོས་ཀྱི་ཁ་དོག་ཉམས་པར་འགྱུར་བར་དོགས་ནས་ཅུང་ཟད་ཅིག་བསྡད་པ་ལས། དེ་འདི་སྙམ་དུ་བདག་གིས་དགེ་བ་མི་སྤྱོད་པར་ཅིའི་ཕྱིར་དུས་ཟད་པར་བྱེད་ཅེས་ཕྱི་མའི་མཐའ་ལ་མི་རྟོག་པར་ཆར་པ་མ་ཆད་ཀྱི་བར་དུ་སྙོམས་པར་ཞུགས་ལ་ནམ་ཆར་པ་ཆད་པ་ ན་གདོད་ལྡང་བར་བྱའོ་ཞེས་དམ་བཅས་ནས་འགོག་པ་ལ་སྙོམས་པར་ཞུགས་སོ། །ཁ་ཅིག་ན་རེ་ཟླ་བ་ཕྱེད་ལོན་ནས་གདོད་ཆར་པ་ཆད་དོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཟླ་བ་གཅིག་ལོན་ནས་གདོད་ཆར་པ་ཆད་དོ་ཞེས་ཟེར་ཏེ། ཏིང་ངེ་འཛིན་ལས་ལངས་མ་ཐག་ཏུ་དུས་ལས་འདས་སོ་ཞེས་གྲག་སྟེ། དེ་ ནས་འདོད་པའི་ཁམས་སུ་སྐྱེས་པའི་ཏིང་ངེ་འཛིན་ལ་གནས་པ་གང་ཡིན་པ་དེ་ཏིང་ངེ་འཛིན་ལ་གནས་པའི་ཚེ། ལུས་ལ་ཉམས་པར་འགྱུར་བའི་ཕྱིར་ཏིང་ངེ་འཛིན་འདི་ལ་གནས་པ་དེ་ནི་དུས་ཡུན་མི་རིང་བ་ཞིག་ཏུ་གནས་པས། དེ་ལྟར་ཡུན་རིང་ན་ཡང་ཉིན་ཞག་བདུན་ལས་མི་འདའ་བར་ཤེས་པར་བྱའོ། ། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་གྱི་དབང་པོ་རྣམས་ཀྱི་འབྱུང་བ་ཆེན་པོ་ནི་ཁམ་གྱི་ཟས་ཀྱི་དབང་གིས་གནས་ཤིང་གཟུང་བ་མ་ཡིན་པའི་ཕྱིར་ཏིང་ངེ་འཛིན་འདི་ལ་གནས་པ་བསྐལ་པ་ཕྱེད་དམ། བསྐལ་པ་གཅིག་གམ། ཡང་ན་དེ་ལས་ལྷག་པར་ཡང་གནས་སོ། །གལ་ཏེ་དགེ་སློང་འགའ་ཞིག་དམ་ མ་བཅས་པར་འགོག་པའི་སྙོམས་པར་ཞུགས་པ་དེ་ཅི་ལྟ་བུར་ལྡང་བར་འགྱུར་ཞེ་ན། སྨྲས་པ། ཆོས་ཉིད་ཀྱིས་ལྡང་བར་འགྱུར་ཏེ། སེམས་ཡོད་པའི་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་དགེ་སློང་དེ་བཟའ་བ་དང་། བཏུང་བ་འདོད་པའམ། བཤང་གཅིའི་ཕྱིར་འགྲོ་བར་འདོད་པ་སྟེ། འདི་ལྟར་ཏིང་ངེ་འཛིན་ ལ་གནས་པའི་ཚེ། གནོད་པ་མེད་ཀྱང་ལངས་པ་གནོད་པར་འགྱུར་བའི་ཕྱིར་རྒྱུ་དང་རྐྱེན་དེས་ན་གདོན་མི་ཟ་བར་ལྡང་བར་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་ གྱ་ནོམ་པ་ལ་ཞུགས་པར་གྱུར་པ་ན། སུ་ཞིག་སློང་བར་ནུས་ཤེ་ན། སྨྲས་པ། རྣལ་འབྱོར་པ་དག་དང་པོར་འཇུག་པ་ན་བདག་ཉིད་ཀྱིས་དུས་ཀྱི་ཚད་བྱས་ནས་དེའི་འོག་ཏུ་གདོད་ཏིང་ངེ་འཛིན་ལ་འཇུག་པས་དུས་ལ་བབ་ན་དེའི་སེམས་རང་གི་ངང་གིས་ཏིང་ངེ་འཛིན་ལས་ལྡང་བར་འགྱུར་ཏེ། ཇི་སྐད་ དུ། དགེ་སློང་ཞིག་འགོག་པ་ལ་སྙོམས་པར་འཇུག་པ་ན་བདག་གིས་གཎྜཱིའི་སྒྲ་ཐོས་པའི་ཚེ་ལྡང་བར་བྱའོ་ཞེས་དམ་བཅས་ནས་འགོག་པའི་སྙོམས་པར་ཞུགས་པ་ལས་དགེ་འདུན་གྱི་གནས་ཁང་དུ་མེ་ཤོར་བས་དགེ་སློང་རྣམས་སྐྲག་ནས་གཎྜཱི་མ་བརྡུངས་པར་དོང་ངོ་། །ལོ་བཅུ་གཅིག་འདས་ ནས་ཡོན་བདག་རྣམས་ཀྱིས་དགེ་འདུན་བསྡུས་ཏེ། གཙུག་ལག་ཁང་བརྩིག་པའི་ཕྱིར་གཎྜཱི་བརྡུངས་པ་ལས་དེས་གཎྜཱིའི་སྒྲ་ཐོས་ཏེ། ལངས་མ་ཐག་ཏུ་ལུས་ཞིག་ནས་དུས་ལས་འདས་སོ་ཞེས་བཤད་པ་ལྟ་བུའོ་ཞེས་འབྱུང་ངོ་། །གཉིད་ལོག་པ་དང་། འགོག་པ་ལ་སྙོམས་པར་ཞུགས་པའི་སེམས་ འབྱུང་བ་ཅི་ལྟ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་སྔོན་ཐབས་དང་ཤེས་རབ་བསྒོམ་པ་མངོན་པར་འདུས་བྱས་པའི་དབང་གིས་ཡང་སེམས་ཀྱི་ཆོས་འབྱུང་བར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་དཔེ་དང་དོན་དུ་སྦྱར་བ་སྟེ། ཅི་ལྟར་སེམས་མེད་པའི་གཉིས་སྔོན་མངོན་པར་ འདུ་བྱས་པའི་དབང་གིས་ཕྱིས་སེམས་འབྱུང་བ་བཞིན་དུ། དེ་བཞིན་གཤེགས་པ་ལ་ཡང་མངོན་པར་འདུ་མཛད་པ་མི་མངའ་མོད་ཀྱི། སྔོན་རྒྱུའི་གནས་སྐབས་སུ་མངོན་པར་འདུ་མཛད་པའི་དབང་གིས་སེམས་འབྱུང་བར་འགྱུར་རོ་ཞེས་བྱ་བ་སྟེ། དེའི་ཕྱིར་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ ལས་གཞན་ཡང་ཡེ་ཤེས་དང་སྤྲུལ་པ་དང་། སེམས་ཅན་གྱི་དོན་བྱ་བ་བསྒྲུབ་པ་ཐམས་ཅད་ཀྱི་གོ་འབྱེད་པས་ཀྱང་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱིས་སེམས་ཅན་གྱི་བྱ་བ་བསྒྲུབ་པའི་རྒྱུ་མཚན་ཐམས་ཅད་ཀྱི་གོ་འབྱེད་ཅེས་བྱ་བ་སྟེ་ཞེས་བྱ་བ་ ནས། གཞན་ཡང་དེ་ལས་དེའི་ཚེ། དེ་བཞིན་གཤེགས་པ་རྣམས་ལ་འདི་ནི་མཛད་དོ། །འདི་ནི་མི་མཛད་དོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་མངའ་མོད་ཀྱི། འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་བྱ་བ་ཐམས་ཅད་སྨོན་ལམ་བཞིན་དུ་འགྱུར་ཏེ། དཔེར་ན་གཉིད་ལོག་པ་དང་། འགོག་ པའི་སྙོམས་པར་འཇུག་པ་ལས་ལྡང་བ་ཡིད་ལ་བྱེད་མོད་ཀྱི། ཅི་ལྟར་དམ་བཅས་པ་བཞིན་དུ་སད་ཅིང་། ཏིང་ངེ་འཛིན་ལས་ལྡང་བར་འགྱུར་ཏེ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཇི་སྐད་དུ། དཔེར་ན་དགེ་སློང་གཎྜཱི་བརྡུངས་པ་ལ་བབ་ཀྱི་བར་དུ་བྱིན་གྱིས་བརླབས་ཏེ་འགོག་པ་ལ་ སྙོམས་པར་ཞུགས་པ་དེའི་རྣ་ལམ་དུ་གཎྜཱིའི་སྒྲ་མི་གྲག་ལ་རྣམ་པར་རྟོག་པ་མེད་མོད་ཀྱི། འོན་ཀྱང་དམ་བཅས་པའི་དབང་གིས་ལྡང་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ཁུངས་སུ་བསྟན་ པ་ནི་འཕགས་པ་འདུས་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་ལེའུ་ཞེས་བྱ་བ་ཉིད་ཡིན་ཏེ། དེའི་ཕྱིར་མདོ་དེ་ཉིད་ལས། རིགས་ཀྱི་བུ་དཔེར་ན་དགེ་སློང་འགོག་པ་ལ་སྙོམས་པར་འཇུག་པར་འདོད་པས་སྔར་བདག་གིས་གཎྜཱི་བརྡུངས་པའི་སྒྲ་ཐོས་ན་གདོད་ལྡང་བར་བྱའོ་ ཞེས་དམ་བཅས་ནས་སྙོམས་པར་ཞུགས་པའི་ཏིང་ངེ་འཛིན་ལ་གནས་པའི་ཚེ། གཎྜཱིའི་སྒྲ་མེད་མོད་ཀྱི་འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་གཎྜཱི་བརྡུངས་པས་ཏིང་ངེ་འཛིན་ལས་ལྡང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ལ་སེམས་མཆིས་ཞེས་བགྱིའམ། སེམས་མ་མཆིས་ཞེས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ལ་སེམས་མངའ་བ་སྟོན་ཏོ། །འདིར་ཡང་རྣམ་པ་བཞི་སྟེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་དང་། བརྟགས་པ་དང་རྣམ་པར་བཤད་པ་སྟེ། འདི་ནི་ཞུ་བ་གསོལ་པ་ཉིད་དོ། །དེ་ལ་སྤྲུལ་པའི་སྐུ་ཞེས་བྱ་བ་ནི་གཞན་ལོངས་སྤྱོད་པ་དང་། སྤྲུལ་པའི་སྐུ་བསྡུ་བ་སྟེ། སྤྲུལ་པ་དང་མཚུངས་པའི་ཕྱིར་རོ། །སྐུ་གཉིས་པོ་འདི་དག་སེམས་མངའ་བ་ཞེས་བགྱིའམ། འོན་ཏེ་སེམས་མི་མངའ་བ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཡོད་པ་ཡང་མ་ཡིན། སེམས་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་མདོར་གསུངས་པ་སྟེ། ཡོད་ ཅེས་བྱར་ཡང་མི་རུང་ལ། མེད་ཅེས་བྱར་ཡང་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གསུམ་པ་གཏན་ཚིགས་བརྟག་པ་སྟེ། ཡོད་པ་དང་མེད་པ་ཞེས་གསུངས་ཀྱང་གཏན་ཚིགས་མ་གསུངས་པའི་ཕྱིར་འདིར་བརྟག་པ་ཡིན་ནོ། །བདག་ཉིད་ལ་བརྟེན་པའི་སེམས་མེད་ པའི་ཕྱིར་དང་། གཞན་ལ་བརྟེན་པའི་སེམས་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་བཞི་པ་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པའོ། །དེ་ལ་བདག་ཉིད་ལ་བརྟེན་པའི་སེམས་ཞེས་བྱ་བ་ནི་ལྟ་བའི་རྣམ་པའི་སེམས་ཏེ། བདག་ཉིད་ཀྱིས་དམིགས་པའི་བྱེད་པ་ལྟ་བའི་རྣམ་པའི་ས་བོན་ལ་བརྟེན་ ནས་སྐྱེ་བའི་ཕྱིར་རོ། །གཞན་ལ་བརྟེན་པའི་སེམས་ཞེས་བྱ་བ་ནི་རྒྱུའི་མཚན་གྱི་རྣམ་པའི་སེམས་ཏེ། ལྟ་བའི་རྣམ་པའི་སེམས་ལ་བརྟེན་ནས་སྐྱེ་བ་ཡིན་གྱི། དམིགས་པར་ནི་མི་བྱེད་པའི་ཕྱིར་རོ། །འདིར་ལན་དུ་གསུངས་པའི་དགོངས་པ་ནི་འདི་ལྟ་སྟེ། ལྟ་བའི་རྣམ་པ་ཡང་དག་པའི་སེམས་མེད་ པའི་ཕྱིར་ནི་བདག་ཉིད་ལ་བརྟེན་པའི་སེམས་མེད་པ་ཞེས་བྱ་བ་གསུངས་སོ། །གཞན་དུ་བརྟེན་པའི་རྒྱུ་མཚན་གྱི་རྣམ་པའི་སེམས་ཡོད་པའི་ཕྱིར་ནི་མེད་ཅེས་བྱར་མི་རུང་ངོ་ཞེས་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། སྤྲུལ་པ་དང་གཞན་ལོངས་ སྤྱོད་རྫོགས་པའི་སྐུ་དེ་ལ་ཡང་དག་པའི་སེམས་དང་། སེམས་ལས་བྱུང་བ་མི་མངའ་ཡང་། སེམས་དང་སེམས་ལས་བྱུང་བའི་ཆོས་ལྟ་བུར་སྣང་སྟེ། བླ་ན་མེད་པའི་བྱང་ཆུབ་དེའི་རྫུ་འཕྲུལ་གྱི་མཐུ་ཤིན་ཏུ་བསམ་པར་དཀའ་བའི་ཕྱིར་གཟུགས་མེད་པའི་ཆོས་སྤྲུལ་ཅིང་སྟོན་པར་བྱེད་དོ། །གལ་ཏེ་དེ་ མ་ཡིན་ན་ཇི་ལྟར་དེ་བཞིན་གཤེགས་པའི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྟོན་པར་མཛད་དེ་སྔ་ནས་གཏན་དུ་སྤངས་པའི་ཕྱིར་རོ། །ཇི་ལྟར་ཉན་ཐོས་དང་བྱོལ་སོང་ལ་སོགས་པས་དེ་བཞིན་གཤེགས་པའི་ཡང་དག་པའི་སེམས་ཤེས་པར་ནུས་ཏེ། མཉམ་པ་ཉིད་དུ་བྱང་ཆུབ་སེམས་ དཔས་ཀྱང་ཤེས་པར་མི་ནུས་པའི་ཕྱིར། དེས་ན་མདོ་དག་ལས་རིགས་དཔག་ཏུ་མེད་པ་དག་སྤྲུལ་ནས་ཐམས་ཅད་ཀྱང་སེམས་ཡོད་པ་ལྟ་བུར་སྟོན་ཏོ་ཞེས་གསུངས་པ་ཡིན་ཏེ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །གཞན་ ཡང་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་ཡེ་ཤེས་ནི་ཕྲིན་ལས་རྣམ་པ་གསུམ་སྟོན་པར་མཛད་དོ་ཞེས་གསུངས་ཏེ། འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལ་སོགས་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །གཞན་ཡང་སྤྲུལ་པ་གཞན་ལ་བརྟེན་པའི་སེམས་ཡོད་པར་གསུངས་ཏེ། གཞན་གྱི་ཡང་དག་པའི་སེམས་ལ་བརྟེན་ནས་རྒྱུ་མཚན་གྱི་རྣམ་པར་སྣང་བའི་ཕྱིར་ཏེ། མདོ་འདི་ཉིད་ལ་སོགས་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །སྤྲུལ་པ་ལ་དབང་པོ་དང་། སེམས་ལ་སོགས་པ་མེད་པར་གསུངས་ཀྱང་། གཞན་ལས་དགོངས་ནས་བསྟན་པ་ཡིན་གྱི། དེ་བཞིན་གཤེགས་པ་ ལས་བརྩམས་པ་ནི་མ་ཡིན་ནོ། །གཞན་སྤྲུལ་པའི་དབང་པོ་གཟུགས་ཅན་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་ལ་དབང་པོ་ལ་སྩོགས་པའི་ནུས་པ་མེད་པའི་ཕྱིར་ཡོད་པ་ཉིད་དུ་མ་བསྟན་ཏོ་ཞེས་འབྱུང་སྟེ། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཕལ་ཆེར་དེ་སྐད་དུ་སྟོན་ཏོ། ། མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་སེམས་མཆིས་པ་ཞིག་ལགས་སམ། སེམས་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། སེམས་མེད་དེ་སེམས་རང་དབང་མེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །དགོངས་ པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། དེ་བཞིན་གཤེགས་པའི་སྤྲུལ་པས་སྤྲུལ་པའི་སྐུ་དེ་སེམས་མཆིས་པ་ཞེས་བགྱིའམ། སེམས་མ་མཆིས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཡོད་ཅེས་བྱ་བར་ཡང་མི་རུང་ལ། སེམས་མེད་ཅེས་བྱ་བར་ཡང་མི་ རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རང་གི་སེམས་ལ་དབང་མ་ཐོབ་པའི་ཕྱིར་སེམས་མེད་པ་ཞེས་བྱའོ། །གཞན་གྱི་སྟོབས་ཀྱི་ཕྱིར་སེམས་ཡོད་པ་ཞེས་བྱའོ་ཞེས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ བཞིན་གཤེགས་པའི་སྤྱོད་ཡུལ་གང་ལགས་པ་དང་། དེ་བཞིན་གཤེགས་པའི་ཡུལ་གང་ལགས་པ་དེ་ཉིད་ལ་བྱེ་བྲག་ཏུ་བགྱི་བ་ནི་ཅི་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་བྱེ་བྲག་གི་མཚན་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་པོ་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཞུ་བ་གསོལ་བ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་རྣམ་པ་ཐམས་ཅད་དུ་ཐུན་མོང་བ། ཡོན་ ཏན་བསམ་གྱིས་མི་ཁྱབ་པ་དང་། ཚད་མེད་པ་དག་གིས་བཀོད་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་ བསྡུ་བའོ། །རྣམ་པར་བཤད་པ་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སྤྱོད་ཡུལ་རྣམ་པར་བཤད་པ་དང་། ཡུལ་རྣམ་པར་བཤད་པའོ། །འདི་ནི་དང་པོ་སྤྱོད་ཡུལ་རྣམ་པར་བཤད་པ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཐུན་མོང་དུ་མངའ་བ་བསམ་གྱིས་མི་ཁྱབ་པ། སྟོབས་དང་། མི་ འཇིགས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དག་གིས་བརྒྱན་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱ་སྟེ། འདི་ནི་འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས། ཕུན་སུམ་ཚོགས་པ་བཅོ་བརྒྱད་ཀྱི་ བཀོད་པ་དང་ལྡན་པར་བསྟན་པ་ཉིད་དེ། དེའི་ཕྱིར་འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལ་སོགས་པ་ལས། གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་དུ་འབར་བ་བཀོད་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཡུལ་ནི་འདི་ལྟ་སྟེ། རྣམ་པ་ཐམས་ཅད་དུ་ ཁམས་ལྔ་པོ་དག་བྱེ་བྲག་ཏུ་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་བསྟན་པ་དང་། གྲངས་མདོར་སྨོས་པ་བཞིན་དུ་རྣམ་པར་ཕྱེ་སྟེ་བསྟན་པ་སྟེ། འདི་ནི་གྲངས་མདོར་བསྟན་པའོ། ། ལྔ་གང་ཞེ་ན། སེམས་ཅན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་དང་། ཆོས་ཀྱི་ཁམས་དང་། གདུལ་བའི་ཁམས་དང་། གདུལ་བའི་ཐབས་ཀྱི་ཁམས་ཏེ་ཞེས་བྱ་བ་ནི་གཉིས་པ་གྲངས་མདོར་སྨོས་པ་བཞིན་དུ་རྣམ་པར་ཕྱེ་སྟེ་བསྟན་པའོ། །དཔག་ཏུ་མེད་པ་ལྔ་པོ་འདི་དག་ནི་བསྟན་བཅོས་རྣལ་ འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དེ་ལ་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ནི་འདི་ལྟ་སྟེ། སེམས་ཅན་གྱི་རིགས་དྲུག་ཅུ་རྩ་བཞི་པོ་དེ་དག་ཡིན་པ་སྟེ། སྔར་ཡིད་ཀྱི་ས་ལས་བསྟན་པ་བཞིན་ནོ། །འཇིག་རྟེན་གྱི་ཁམས་ དཔག་ཏུ་མེད་པ་ནི་འདི་ལྟ་སྟེ། ཕྱོགས་བཅུ་དཔག་ཏུ་མེད་ཅིང་མིང་ཡང་དཔག་ཏུ་མེད་དེ། དཔེར་ན་འདི་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དེ། དེའི་མིང་ལས་མི་མཇེད་ཀྱི་བདག་པོ་ཚངས་པ་ཞེས་བྱ་བ་བཞིན་ནོ། །ཆོས་ཀྱི་ཁམས་དཔག་ཏུ་མེད་པ་ནི་འདི་ལྟ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་ མ་བསྟན་པའོ། །ཆོས་རྣམས་ཀྱི་རབ་ཏུ་དབྱེ་བའི་ཚུལ་གྱིས་དཔག་ཏུ་མེད་པར་རིག་པར་བྱའོ། །གདུལ་བའི་ཁམས་དཔག་ཏུ་མེད་པ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་གདུལ་བར་བྱ་བ་ཡིན་པའི་ཕྱིར་གདུལ་བ་ནི་གཅིག་ཏུ་འགྱུར་རོ། །གདུལ་བའི་ཁམས་རྣམ་པ་གཉིས་ཀྱང་ཡོད་དེ། འཆིང་བ་མཐའ་ དག་དང་ལྡན་པ་དང་། འཆིང་བ་མཐའ་དག་དང་མི་ལྡན་པའོ། །དེ་བཞིན་དུ་རྣམ་པ་བདུན་ཡོད་པ་ནས། རྣམ་པའི་རབ་ཏུ་དབྱེ་བས་རྣམ་པ་ལྔ་བཅུ་རྩ་ལྔ་ཡོད་པའི་བར་དུའོ། །རྒྱུད་ཀྱི་རབ་ཏུ་དབྱེ་བས་ནི་ཚད་མེད་པར་རིག་པར་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས། དེ་ ལ་སེམས་ཀྱི་ཁམས་དང་། གདུལ་བའི་ཁམས་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། སྨྲས་པ། རིགས་ལ་གནས་པ་དང་། རིགས་ལ་གནས་པ་མ་ཡིན་པའི་སེམས་ཅན་ཐམས་ཅད་ནི་སེམས་ཅན་གྱི་ཁམས་སུ་བྱེ་བྲག་མེད་དོ། །རིགས་ལ་གནས་པ་གནས་སྐབས་དེ་དང་དེ་དག་ལ་གནས་པ་གང་ཡིན་པ་དེ་ ནི་གདུལ་བའི་ཁམས་ཞེས་བྱའོ། །དེ་ལ་གདུལ་བའི་ཐབས་ཀྱི་ཁམས་དཔག་ཏུ་མེད་པ་ནི་སྔར་ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ཡང་རྣམ་པའི་དབྱེ་བས་ནི་དཔག་ཏུ་མེད་དོ། །ཅིའི་ཕྱིར་དཔག་ཏུ་མེད་པ་ལྔ་པོ་འདི་དག་ནི་གོ་རིམས་དེ་ལྟར་བསྟན་ཅེ་ན། སྨྲས་པ། འདི་ལྟར་བྱང་ཆུབ་ སེམས་དཔའ་རྣམས་ནན་ཏན་བརྩོན་འགྲུས་ཀྱིས་སེམས་ཅན་གྱི་དོན་ལ་སྤྱོད་པས་དེའི་ཕྱིར་དང་པོར་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་བསྟན་ཏོ། །སེམས་ཅན་དེ་དག་གང་ལ་གནས་པ་ཡང་དམིགས་པ་ལས་གདུལ་བར་འགྱུར་བས། དེའི་ཕྱིར་གཉིས་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་བསྟན་ ཏོ། །སེམས་ཅན་དེ་དག་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ན་ཆོས་གང་དག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེ་བྲག་ཀྱང་དམིགས་པས། དེའི་ཕྱིར་གསུམ་པ་ཆོས་ཀྱི་ཁམས་དཔག་ཏུ་མེད་པ་བསྟན་ཏོ། །སེམས་ཅན་དེ་དག་གི་ནང་ནས་སེམས་ཅན་གང་དག་སྐལ་བ་དང་ལྡན་ཞིང་། གཏན་དུ་སྡུག་བསྔལ་ལས་རྣམ་པར་ཐར་བར་བྱེད་པ་ཡང་མཐོང་བས་དེའི་ཕྱིར་བཞི་པའི་གདུལ་བའི་ཁམས་དཔག་ཏུ་མེད་པ་སྟོན་ཏོ། །ཐབས་ལ་མཁས་པ་དེ་དག་གིས་སེམས་ཅན་རྣམས་གཏན་དུ་རྣམ་པར་ཐར་པར་བྱེད་པར་འགྱུར་བས་དེའི་ཕྱིར་ལྔ་པ་གདུལ་བའི་ཐབས་ཀྱི་ཁམས་དཔག་ཏུ་མེད་པ་ སྟོན་ཏོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པ་ལྔ་པོ་དེ་དག་ནི་ཐམས་ཅད་ལ་མཁས་པ་བྱེད་པར་འགྱུར་བའི་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་དང་། མདོ་སྡེའི་རྒྱན་དང་། ས་ཡོངས་སུ་འཛིན་པ་དང་། འཕགས་པ་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། ། དེ་དག་ནི་རྣམ་པ་གཉིས་ཀྱི་བྱེ་བྲག་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུས་པའོ།། །།བམ་པོ་བདུན་ཅུ་ལྔ་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་ པར་བྱང་ཆུབ་པ་གང་ལགས་པ་དང་། ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ལགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གང་ལགས་པ་རྣམ་པ་གསུམ་པོ་དེ་དག་གི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ སོགས་པ་ལ་གསུམ་པོ་དག་གཉིས་སུ་མེད་པའི་མཚན་ཉིད་དུ་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་བཞི་སྟེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་དང་བརྟག་པ་དང་། རྣམ་པར་བཤད་པ་སྟེ། འདི་ནི་དང་པོ་རྣམ་པ་གསུམ་པོ་དེ་དག་སོ་སོ་ནས་མཚན་ཉིད་ཇི་ལྟ་བུ་ཞིག་དང་ལྡན་ཞེས་ཞུ་བའོ། །བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་གསུམ་པོ་དེ་དག་ནི་གཉིས་སུ་མེད་པའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ལན་ མདོར་བསྟན་པ་དང་། ལན་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ནི་དང་པོ་གསུམ་པོ་དེ་དག་གཉིས་སུ་མེད་པའི་མཚན་ཉིད་ཡིན་ནོ་ཞེས་ལན་མདོར་གསུངས་སོ། །འདི་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མ་ཡིན་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མ་ཡིན། ཡང་དག་པའི་ཆོས་ཀྱི་འཁོར་ལོ་མི་བསྐོར་ བ་ཡང་མ་ཡིན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་རྣམ་པར་ཕྱེ་སྟེ་བསྟན་པའོ། །རྣམ་པ་གསུམ་པོ་དག་ནི་གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མ་ཡིན། །ཆོས་ཀྱི་འཁོར་ ལོ་བསྐོར་བ་ཡང་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མ་ཡིན་ནོ། །རྣམ་པ་གསུམ་མེད་པ་ཡང་མ་ཡིན་ཏེ། ཚིག་ཐ་དད་ཀྱང་དོན་གཅིག་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། བྱང་ཆུབ་ཐོབ་པ་ཡང་མ་ཡིན། བྱང་ཆུབ་མི་ཐོབ་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་འབྱུང་ ངོ་། །དཔེ་གཞན་གཉིས་ལས་ཀྱང་མ་ཡིན་ཞེས་བྱ་བའི་ཚིག་ཏུ་འབྱུང་བས། དེའི་ཕྱིར་མ་ཡིན་ཞེས་བྱ་བའི་ཐ་ཚིག་གིས་ནི་གཉིས་སུ་མེད་པའི་མཚན་ཉིད་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གསུམ་པ་གཏན་ཚིགས་བསྟན་པ་སྟེ། གཉིས་སུ་མེད་པ་ཞེས་གསུངས་ཀྱང་། རྣམ་པར་མ་བཤད་པས། དེའི་ཕྱིར་བརྟག་ པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་གཏན་དུ་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ནི་རྟག་ཏུ་ཀུན་དུ་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་བཞི་པ་རྣམ་པར་བཤད་པ་སྟེ། འདི་ལྟར་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་མཚན་ཉིད་གསུམ་པོ་དེ་དག་ མེད་ལ། སྤྲུལ་པའི་སྐུ་ནི་དབང་པོ་ཇི་ལྟ་བ་བཞིན་དུ་ཀུན་དུ་སྟོན་པའི་ཕྱིར་མཚན་ཉིད་གསུམ་པོ་དག་མེད་པ་ཡང་མ་ཡིན་ནོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། འདི་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སྤྲུལ་པའི་སྐུ་ཀུན་དུ་སྟོན་པའི་ཕྱིར་རོ་ཞེས་ འབྱུང་བ་ནི། སྤྲུལ་པའི་སྐུ་ཉིད་ལ་སྤྲུལ་པ་ཞེས་བྱ་སྟེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། སྤྲུལ་པ་ཡང་དག་སངས་རྒྱས་མིན། །ཆོས་བསྟན་པ་ཡང་དེ་མ་ཡིན། །ཞེས་འབྱུང་བ་ཡིན་ནོ། །བདག་དང་གཞན་ལོངས་སྤྱོད་པའི་སྐུ་མཚན་ཉིད་འདི་གསུམ་དང་ལྡན་ནམ་ཞེ་ན། སྨྲས་པ། ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་ངེས་པར་མཚན་ཉིད་གཅིག་དང་ལྡན་པས། འདི་ལྟ་སྟེ། མངོན་པར་བྱང་ཆུབ་པ་ཉིད་དོ། །མཚན་ཉིད་གཞན་གཉིས་ལ་ནི་བཤད་པ་རྣམ་པ་གཉིས་ཡོད་དོ། ཁ་ཅིག་ན་རེ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད། ཡོངས་སུ་མྱ་ངན་ལས་ཀྱང་མི་འདའ་སྟེ། ས་ཆེན་ པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་གིས་མི་མཐོང་། མི་ཐོབ་པའི་ཕྱིར་དང་། སྐུ་འགགས་ནས་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མངོན་དུ་མཛད་པ་མ་ཡིན་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་མཚན་ཉིད་གཉིས་དང་ལྡན་ཏེ་མཐོང་བའི་ཆོས་དང་བདེ་བའི་ཆེད་དུ་ཆོས་སྟོན་པའི་ཕྱིར་དང་། སྐུ་འགགས་པ་མ་ ཡིན་ཡང་འགོག་པ་མངོན་དུ་མཛད་པའི་ཕྱིར་རོ་ཞེའོ། །གཞན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་མཚན་ཉིད་གསུམ་དང་ལྡན་པར་བཤད་ཀྱང་འགལ་བ་མེད་དེ། ཇི་སྐད་དུ། སངས་རྒྱས་འོད་དཔག་མེད་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་དང་། བྱང་ཆུབ་སེམས་དཔའ་ སྤྱན་རས་གཟིགས་དེའི་རྒྱལ་ཚབ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱ་ཆེར་རྣམ་པར་དབྱེ་བ་ནི་མཚན་ཉིད་རྣམ་པ་བརྒྱད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པར་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ནི་སྤྲུལ་པའི་སྐུ་ལ་ལྟ་བ་དང་། ཉན་པ་དང་། བསྙེན་བཀུར་བགྱིས་པའི་བསོད་ནམས་སྐྱེ་བར་འགྱུར་ལགས་ན། དེ་བཞིན་གཤེགས་པ་དང་དེ་དག་ཏུ་རྒྱུ་དང་རྐྱེན་ཅི་ཞིག་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་དེ་བཞིན་ གཤེགས་པ་སེམས་ཅན་རྣམས་ཀྱི་དམིགས་པ་མཛད་པའི་བྱེ་བྲག་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །ཞུ་བ་གསོལ་བའི་དངོས་པོ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་ཅིག་ན་རེ་འདིར་ནི་སྤྲུལ་པའི་སྐུའི་དེ་བཞིན་གཤེགས་པས་ གདུལ་བར་བྱ་བའི་སེམས་ཅན་དག་ལ་རྐྱེན་རྣམ་པ་བཞི་ལས་རྒྱུ་དང་རྐྱེན་གང་ཞིག་མཛད་ནས་བསོད་ནམས་སྐྱེད་པར་མཛད་པ་ལགས་ཞེས་ཞུ་བ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་འདི་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་གཉིས་ཀྱི་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་དེ་དག་གི་རྒྱུ་དང་རྐྱེན་གང་ ཞིག་མཛད་ཅེས་ཞུ་བ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་འདི་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་གཉིས་ཀྱི་དེ་བཞིན་གཤེགས་པའི་གདུལ་བར་བྱ་བའི་སེམས་ཅན་དག་ལ་རྒྱུ་དང་རྐྱེན་གང་ཞིག་མཛད་ནས་ཡོན་ཏན་རྣམས་སྐྱེད་པར་བགྱིད་ཅེས་ཞུ་བ་ཡིན་ནོ་ཞེས་ཟེར་ཏེ། འོག་ནས་ལན་དུ་གསུངས་པའི་ཚིག་དང་ སྦྱར་ན་དགོངས་པ་རྣམ་པ་འདི་གསུམ་ཡོད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་བཞི་དེ་དག་གི་ལྷག་པར་བྱ་བའི་དམིགས་པ་ཡིན་པའི་ཕྱིར་དང་། སྤྲུལ་པའི་སྐུ་དེ་ཡང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ་ཡིན་པའི་ ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟེ། ལན་དུ་གསུངས་པ་འདི་བཤད་པ་ཡང་གོང་དུ་ཞུ་བ་གསོལ་བ་ལ་རྣམ་པ་གསུམ་དུ་བཤད་པ་དང་སྦྱར་ན་གོ་རིམས་བཞིན་དུ་འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་སྤྲུལ་པའི་དེ་བཞིན་གཤེགས་པ་ནི་སེམས་ཅན་དེ་ དག་ལ་རྐྱེན་རྣམ་པ་གཉིས་པོ་བདག་པོའི་རྐྱེན་དང་། དམིགས་པའི་རྐྱེན་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ནི་སྤྲུལ་པའི་སྐུ་བདག་པོའི་རྐྱེན་དང་། དམིགས་པའི་རྐྱེན་མཛད་ནས་བསོད་ནམས་སྐྱེ་བར་འགྱུར་བས་སོ། རྒྱུའི་རྐྱེན་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ཏེ། ལུས་ཐ་དད་པ་དག་ཕན་ཚུན་ ལྟོས་ན་རྒྱུའི་རྐྱེན་མ་ཡིན་པའི་ཕྱིར་དང་། སྐལ་པ་མཚུངས་པ་རྣམས་ཀྱི་སེམས་ལ་སོགས་པ་དུས་མཚུངས་པར་སྐྱེ་བའི་ཕྱིར་མཚུངས་པ་དེ་མ་ཐག་པ་ཡང་མ་ཡིན་པའི་ཕྱིར་རོ། །སྤྲུལ་པའི་སྐུ་དེ་ཡང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྤྲུལ་པའི་སྐུ་ལ་སེམས་ཅན་གྱི་བསོད་ ནམས་བསྐྱེད་པར་བཟླས་ཏེ་བཤད་པ་སྟེ། དེས་ན་སྐུ་རྣམ་པ་གཉིས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་བསོད་ནམས་བསྐྱེད་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ལན་དུ་གསུངས་པ་འདིའི་དགོངས་པ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་པའི་སྐུ་དེ་ལ་ལྟོས་ན་ཆོས་ཀྱི་སྐུའི་དབང་དང་། ལོངས་སྤྱོད་ རྫོགས་པའི་རྐྱེན་གྱི་དབང་གིས་ཡིན་གྱི། རྐྱེན་གཉིས་པོ་དག་མ་ཡིན་ཏེ། སྤྲུལ་པ་ནི་སེམས་ཅན་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ཏེ། མདོའི་ཚིག་འདི་བཤད་དེ་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་གཉིས་ཀྱི་དེ་བཞིན་གཤེགས་པ་ནི་དེ་དག་གི་བདག་པོའི་རྐྱེན་ གྱིས་བསྡུས་པས་སྤྲུལ་པའི་རྒྱུ་དང་རྐྱེན་ཡིན་ཏེ། སྐུ་རྣམ་པ་གཉིས་པོ་དེ་དག་གི་དབང་གིས་སྤྲུལ་པའི་སྐུ་འབྱུང་བའི་ཕྱིར་དང་། གཞན་ཡང་སྤྲུལ་པའི་སྐུ་ལ་དོན་དེ་བཞིན་གཤེགས་པ་དེ་གཉིས་ཀྱི་བྱིན་གྱི་རླབས་ཡིན་པའི་ཕྱིར་སྐུ་རྣམ་པ་གཉིས་པོ་དེ་དག་ནི་སྤྲུལ་པའི་སྐུ་དེ་དག་གིས་བསྐྱེད་པའི་རྒྱུ་དང་ ཡོངས་སུ་འཛིན་པའི་རྒྱུའོ། །དེ་ལ་རྒྱུ་དང་རྐྱེན་ཞེས་བྱ་བ་ནི་ཉེ་བར་བསྐྱེད་པའི་ཕྱིར་དོན་གྱི་རྒྱུ་དང་རྐྱེན་ཞེས་གསུངས་ཀྱི་ཡང་དག་པའི་རྒྱུ་རྐྱེན་ནི་མ་ཡིན་ནོ། །ཁ་ཅིག་ན་རེ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་གཉིས་ཀྱི་དེ་བཞིན་གཤེགས་པ་ནི་གདུལ་བར་བྱ་བའི་སེམས་ཅན་དེ་དག་ནི་དབང་ པོ་དང་། དམིགས་པའི་རྐྱེན་རྣམ་པ་གཉིས་ཡིན་པའི་ཕྱིར་བསོད་ནམས་བསྐྱེད་དེ། རིང་བའི་རྐྱེན་འདིའི་དབང་གིས་དེ་བཞིན་གཤེགས་པ་རྣམ་པ་གཉིས་སེམས་ཅན་རྣམས་ཀྱི་བསོད་ནམས་བསྐྱེད་པ་ཞེས་བསྟན་ཏོ། །གཞན་ཡང་སྤྲུལ་པའི་སྐུ་དེ་དག་ནི་དེ་བཞིན་གཤེགས་པ་གཉིས་པོ་དག་གི་མཐུས་བྱིན་ གྱིས་བརླབས་པའི་ཕྱིར་རོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་གསུམ་པ་ནི་ཡང་དག་པ་ཡིན་ཏེ། མདོའི་ཚིག་དང་རྗེས་སུ་མཐུན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མངོན་ པར་འདུ་བགྱི་བ་མ་མཆིས་པར་འདྲ་ལགས་ན་རྒྱུ་དང་རྐྱེན་གང་གི་སླད་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ཁོ་ན་ལས་ནི་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འབྱུང་ཞིང་སྤྲུལ་པའི་གཟུགས་བརྙན་དཔག་ཏུ་མེད་པ་དག་ཀྱང་འབྱུང་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ལུས་ལ་ནི་དངོས་ པོ་འདི་དག་མི་འབྱུང་ལགས་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་དང་། ཐེག་པ་གཉིས་ཀྱི་རྣམ་པར་གྲོལ་བའི་ལུས་ཀྱི་བྱེ་བྲག་བསྟན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །འདི་ལྟར་སངས་རྒྱས་ལ་ཆོས་ཀྱི་སྐུ་དང་། ཐེག་པ་ གཉིས་ཀྱི་རྣམ་པར་གྲོལ་བའི་ལུས་མངོན་པར་འདུ་བགྱི་བ་དང་། རྣམ་པར་གྲོལ་བ་ཡིད་ལ་བགྱི་བ་མ་མཆིས་པ་འདྲ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ནི་ཡེ་ཤེས་བཞིའི་སྣང་བ་ཆེན་པོ་དང་། སྤྲུལ་པའི་གཟུགས་བརྙན་དག་འབྱུང་ལ། ཐེག་པ་གཉིས་ཀྱི་རྣམ་པར་གྲོལ་བའི་ལུས་ལས་ནི་དངོས་པོ་འདི་ དག་མི་འབྱུང་ལགས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་མངོན་པར་འདུ་བྱེད་པ་མེད་པར་འདྲ་ཡང་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་ཆུ་ཤེལ་དང་མེ་ཤེལ་རྣམ་པ་གཉིས་ནི་སྣང་བ་ཆེན་པོ་འབྱུང་ལ། དེ་ལས་གཞན་པའི་ཆུ་ཤེལ་དག་ལས་ནི་མ་ཡིན་ཏེ་ཞེས་བྱ་ བ་ལ་སོགས་པས་ནི། གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། དཔེས་ཉེ་བར་མཚོན་པ་དང་། དཔེ་དང་དོན་དུ་སྦྱར་བའོ། །དཔེས་ཉེ་བར་མཚོན་པ་ཡང་དཔེ་རྣམ་པ་གཉིས་ཀྱིས་བསྟན་པ་ཉིད་ལས་རྣམ་པ་གཉིས་སུ་དབྱེ་སྟེ། འདི་ནི་དཔེ་དང་པོ་བསྟན་པའོ། །དང་ པོ་ཡང་རྣམ་པ་གཉིས་ཏེ། ཉི་མ་དང་ཟླ་བ་ལས་སྣང་བ་ཆེན་པོ་འབྱུང་བར་བསྟན་པ་དང་། དེ་གཉིས་ཀྱི་རྒྱུ་བསྟན་པ་སྟེ། འདི་ནི་དང་པོའོ། །ཉི་མ་དང་ཟླ་བའི་མཚན་ཉིད་བསྟན་པ་ནི། མཛོད་ཀྱི་བསྟན་བཅོས་ལས་ཇི་སྐད་དུ། ཉི་མ་ཟླ་བ་རི་རབ་ཕྱེད། །དཔག་ཚད་ལྔ་བཅུ་ལྔ་བཅུ་གཅིག །ཅེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ཉི་ མ་དང་ཟླ་བ་ལ་དཔག་ཚད་དུ་ཡོད་ཅེ་ན། ཉི་མ་ནི་ལྔ་བཅུ་གཅིག་གོ། །ཟླ་བ་ནི་ལྔ་བཅུའོ། །ཉི་མའི་དཀྱིལ་འཁོར་གྱི་འོག་གི་ངོས་ནི་རིན་པོ་ཆེ་མེ་ཤེལ་ལས་མངོན་པར་གྲུབ་པ་སྟེ། ཚ་ཞིང་གསལ་བར་བྱེད་པའོ། །ཟླ་བའི་དཀྱིལ་འཁོར་གྱི་འོག་གི་ངོས་ནི་རིན་པོ་ཆེ་ཆུ་ཤེལ་ལས་མངོན་པར་གྲུབ་པ་སྟེ་བསིལ་ཞིང་གསལ་བར་ བྱེད་པའོ། །ཉི་མ་ལ་སོགས་པའི་གཞལ་མེད་ཁང་དེར་སེམས་ཅན་ཇི་ལྟ་བུ་དག་གནས་ཤེ་ན། རྒྱལ་པོ་ཆེན་པོ་བཞིའི་རིགས་སུ་གཏོགས་པའི་ལྷ་རྣམས་སོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུའོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ཀྱང་མཛོད་ཀྱི་བསྟན་བཅོས་ལས་ བཤད་པ་དང་མཐུན་པར་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཉི་མ་དང་ཟླ་བ་ནི་དཔག་ཚད་ལྔ་བཅུ་ལྔ་བཅུ་ཞེས་བཤད་དོ། །དེ་ནི་འདི་སྐད་དུ། རིན་པོ་ཆེ་ཆུ་ཤེལ་ལ་སོགས་པ་ལ་རྣམ་པར་རྟོག་པ་མེད་ཀྱང་། ཉི་མ་དང་ཟླ་བ་ལས་སྣང་བ་ཆེན་པོ་འབྱུང་གི །རིན་པོ་ཆེ་གཞན་ལས་ནི་ མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་སེམས་ཅན་མཐུ་ཆེན་པོའི་བྱིན་གྱི་རླབས་ཀྱི་ཕྱིར་དང་། སེམས་ཅན་གྱི་ལས་ཀྱི་དབང་གི་ཕྱིར་རོ་ཞེས་བྱ་བ་ནི། གཉིས་པ་རྣམ་པ་གཉིས་ཀྱི་རྒྱུ་བསྟན་པའོ། །འདི་ལྟར་ཉི་མ་དང་ཟླ་བའི་རིན་པོ་ཆེ་ལས་སྣང་བ་ཆེན་པོ་འབྱུང་བ་ནི་རྒྱུ་རྣམ་པ་གཉིས་ཀྱིས་ཏེ། མཐུ་ཆེན་པོ་དང་ ལྡན་པ་ལྷའི་བུ་ཉི་མ་དང་ཟླ་བས་བྱིན་གྱིས་བརླབས་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་གིས་མངོན་པར་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་སྐུ་ཡང་དེ་བཞིན་གཤེགས་པ་མཐུ་ཆེན་པོ་དང་ལྡན་པས་བྱིན་གྱིས་བརླབས་པའི་ཕྱིར་དང་། གཞན་ཡང་སེམས་ཅན་སངས་རྒྱས་མཐོང་བར་འགྱུར་བའི་ ལས་ཐུན་མོང་ལས་མངོན་པར་གྲུབ་པའི་ཕྱིར་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འབྱུང་ཞིང་སྤྲུལ་པའི་གཟུགས་བརྙན་འབྱུང་གི་རིན་པོ་ཆེ་གཞན་དག་ནི་མཐུ་ཆེན་པོ་དང་ལྡན་པ་དག་གིས་བྱིན་གྱིས་བརླབས་པ་མ་ཡིན་པའི་ཕྱིར་དང་། སེམས་ཅན་གྱི་ཐུན་མོང་གི་ལས་ཀྱི་དབང་ལས་མངོན་པར་གྲུབ་པ་མ་ཡིན་པའི་ཕྱིར་སྣང་བ་རྒྱ་ཆེན་པོ་གཏོང་ བར་མི་ནུས་སོ། །དེ་བཞིན་དུ་ཐེག་པ་གཉིས་ཀྱི་རྣམ་པར་གྲོལ་བའི་ལུས་ཀྱང་དེ་བཞིན་གཤེགས་པ་མཐུ་ཆེན་པོ་དང་ལྡན་པ་དག་གིས་བྱིན་གྱིས་བརླབས་པ་མ་ཡིན་པའི་ཕྱིར་དང་། སེམས་ཅན་གྱི་ཐུན་མོང་གི་ལས་ཀྱི་དབང་གིས་གྲུབ་པ་མ་ཡིན་པའི་ཕྱིར་སྣང་བ་ཆེན་པོ་འབྱུང་ཞིང་སྐུའི་གཟུགས་བརྙན་སྟོན་པར་མི་ནུས་སོ། །གཞན་ཡང་ ནོར་བུ་རིན་པོ་ཆེ་ལས་བྱི་དོར་ལེགས་པར་བྱས་པ་དེ་དག་ལས་ནི་རྒྱུའི་གཟུགས་བརྙན་འབྱུང་ལ། དེ་ལས་གཞན་པའི་བྱི་དོར་མ་བྱས་པ་དག་ལས་ནི་མ་ཡིན་ཞེས་བྱ་བ་ནི་དཔེ་གཉིས་པ་བསྟན་ཏེ། འདི་ལྟར་བཟོ་བོ་མཁས་པས་ནོར་བུ་རིན་པོ་ཆེ་བྱི་དོར་ལེགས་པར་བྱས་པ་ལས་ནི་རྒྱན་གྱི་གཟུགས་བརྙན་འབྱུང་གི ། དེ་ལས་གཞན་པའི་བྱི་དོར་མ་བྱས་པ་དག་ནི་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་དཔག་ཏུ་མེད་པ་ལ་དམིགས་པའི་ཐབས་དང་ཤེས་རབ་བསྒོམས་པས་ཤིན་ཏུ་སྦྱང་བ་བྱས་པ་ལས་ཡང་དག་པར་གྲུབ་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་དང་སྤྲུལ་པའི་གཟུགས་བརྙན་དཔག་ཏུ་མེད་པ་ དག་འབྱུང་གི །རྣམ་པར་གྲོལ་བའི་ལུས་འབའ་ཞིག་ལས་ནི་དངོས་པོ་དེ་དག་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་བའོ། །ཆོས་ཀྱི་དབྱིངས་དཔག་ཏུ་མེད་པ་དག་ལ་དམིགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ཆོས་དཔག་ཏུ་མེད་པའི་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱའོ། །ཐབས་དང་ཤེས་རབ་ ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་དམིགས་པའི་ཤེས་པས་དགེ་བ་བསྒོམས་ཏེ། ཉོན་མོངས་པ་རབ་ཏུ་བསལ་ནས་ཆོས་ཀྱི་སྐུ་གསལ་བར་བྱེད་པའི་ཕྱིར་ཐབས་ཞེས་བྱའོ། །དེ་ནི་འདི་སྐད་དུ་དེ་བཞིན་ཉིད་ལ་དམིགས་པའི་ཐབས་དང་། ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་ཉོན་མོངས་པ་སྦྱངས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་བརྩམས་པ་ལས་ནི་ ཆོས་ཀྱི་སྐུ་མངོན་པར་གྲུབ་ལ། ཆོས་ཀྱི་སྐུ་ལས་ནི་ཡེ་ཤེས་ཀྱི་སྣང་བ་འབྱུང་ཞིང་། སྤྲུལ་པའི་གཟུགས་བརྙན་སྟོན་པར་འགྱུར་གྱི། གང་ཟག་སྟོང་པ་ཉིད་དུ་ལྟ་བའི་ཤེས་པ་རྣམ་པར་གྲོལ་བའི་ལུས་ལས་ནི་སྣང་བ་ཆེན་པོ་གཏོང་བ་དང་། སྤྲུལ་པའི་གཟུགས་བརྙན་སྟོན་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །མཚམས་ རྣམ་པར་དགྲོལ་བའི་མདོ་ལས་ནི་རྣམ་པར་གྲོ