Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 120
Văn bản gốc(Tây Tạng)
Trang 5 / 20 (50.000 ký tự/trang)
ུང་བ་ཁོ་ནའི་ཤེས་རབ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པར་གཏོགས་པར་རིག་པར་བྱའོ། །གལ་ཏེ་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་ མེད་པ་རྣམ་པར་ཐར་པའི་སྒོ་ཞེས་བརྗོད་ན། དེ་ནི་འཇིག་རྟེན་པ་ལས་འདས་པ་ཁོ་ན་ཡིན་པར་རིག་པར་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི། མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ངོ་བོ་ཉིད་དང་བསམ་པའི་དོན་ནི་འདི་ལྟ་སྟེ། ཀུན་ བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དང་། གསུམ་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་ཞེས་བྱ་བས་ནི་མཚན་ཉིད་གསུམ་བསྟན་ཏེ། འདི་ལྟར་མཐའ་གཉིས་སུ་ལྟ་བའི་ཤེས་རབ་དང་བྲལ་བའི་ཕྱིར་ངོ་བོ་ཉིད་གསུམ་གྱི་དོན་ཡང་དག་པ་ཇི་ལྟ་བ་ བཞིན་དུ་ཤེས་སོ། །ངོ་བོ་ཉིད་རྣམ་པ་གསུམ་གྱི་དོན་ནི་སྔར་གོང་དུ་ངོ་བོ་ཉིད་རྣམ་པ་གསུམ་བསྟན་པའི་སྐབས་སུ་བཤད་པ་བཞིན་ནོ། །ངོ་བོ་ཉིད་མེད་པའི་དོན་ནི་འདི་ལྟ་སྟེ། མཚན་ཉིད་དང་། སྐྱེ་བ་དང་། དོན་དམ་པའི་ངོ་བོ་ཉིད་མེད་པ་གསུམ་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་ཤེས་པ་ཞེས་བྱ་བ་ནི་མཚན་ཉིད་བཞི་པ་བསྟན་ཏེ། ངོ་བོ་ཉིད་མེད་པའི་དོན་རྣམ་པ་གསུམ་ཡང་སྔར་བསྟན་པ་བཞིན་ནོ། །ཀུན་རྫོབ་ཀྱི་བདེན་པའི་དོན་ནི་འདི་ལྟ་སྟེ། རིག་པའི་གནས་ལྔ་པོ་དག་ལ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བས་ནི་མཚན་ཉིད་ལྔ་པ་བསྟན་ཏེ། འདི་ལྟར་ རིག་པའི་གནས་ལྔ་དག་ཁོང་དུ་ཆུད་པའི་ཤེས་པ་ལ་ཀུན་རྫོབ་ཀྱི་ཤེས་པ་ཞེས་བྱའོ། །བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས། དེ་ལ་ཀུན་རྫོབ་གྱི་བདེན་པ་ནི་འདི་ལྟ་སྟེ། རྐྱེན་ལས་སྐྱེས་པ་དང་། བཏགས་པ་ཙམ་དུ་གྲུབ་པ་སྒྱུ་མ་རྣམས་ཀྱི་དངོས་པོ་ལྟར་རྣམ་པར་རྟོག་པ་ལས་ བྱུང་བ་རྨི་ལམ་ལྟ་བུར་མཚན་མ་ལས་ཚིག་ཏུ་བརྗོད་དུ་ཡོད་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས་ཀུན་རྫོབ་ཀྱི་བདེན་པ་ནི་འདི་ལྟ་སྟེ། མིང་དང་ཚིག་དང་ཡི་གེའི་ཚོགས་དང་། དེ་དག་གི་དོན་ལ་ བརྟེན་པའི་བརྗོད་པ་ཐམས་ཅད་དང་། བརྗོད་པ་ལ་བརྟེན་ནས་ཁོང་དུ་ཆུད་པའི་དོན་དང་། གཞན་ཡང་སྔར་འཇིག་རྟེན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་དང་། དེ་ལ་བརྟེན་པའི་དོན་ཐོབ་པའོ་ཞེས་བཤད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། འདི་ལྟར་ཇི་ཙམ་དུ་ཚིག་ གི་ལམ་གྱིས་བརྗོད་པར་བྱ་བ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བཤད་དོ། །དེ་ལ་རིག་པའི་གནས་ལྔ་ཡང་ནང་རིག་པ་ནི་འདི་ལྟ་སྟེ། ཡང་དག་པའི་རྒྱུ་དང་འབྲས་བུ་ལ་སོགས་པ་རབ་ཏུ་བསྟན་པ་གང་ཡིན་པའོ། །གཏན་ཚིགས་ཀྱི་རིག་པ་ནི་འདི་ལྟ་སྟེ། གཞན་ཡང་འགོད་པར་བྱེད་པ་ ལ་སོགས་པ་སྟོན་པ་གང་ཡིན་པའོ། །སྒྲ་རིག་པ་ནི་འདི་ལྟ་སྟེ། ངག་ལ་མཁས་པའི་མཚན་ཉིད་ལ་སོགས་པ་རབ་ཏུ་སྟོན་པ་གང་ཡིན་པའོ། །གསོ་བ་རིག་པ་ནི་འདི་ལྟ་སྟེ། ནད་ཀྱི་ངོ་བོ་ཉིད་དང་། ནད་ཀྱི་རྒྱུ་ལ་སོགས་པ་རབ་ཏུ་སྟོན་པ་གང་ཡིན་པའོ། །བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ ནི་འདི་ལྟ་སྟེ། ལས་བྱ་བ་ལ་སོགས་པ་རབ་ཏུ་སྟོན་པ་གང་ཡིན་པ་སྟེ། རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། །བྱང་ཆུབ་སེམས་དཔས་རིག་པའི་གནས་ལྔ་ཡོངས་སུ་ཚོལ་བའི་དགོངས་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་བསྟན་པ་ བཞིན་ཏེ། དེའི་ཕྱིར་དེ་ཉིད་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་ཐོས་པ་ཚོལ་བར་བྱེད་ཅེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནང་གི་རིག་པ་ཚོལ་བ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་དང་གཞན་དག་ལ་ཡང་རྒྱ་ཆེར་བསྟན་པར་ བྱ་བའི་ཕྱིར་སངས་རྒྱས་ཀྱི་བཀའ་ཡོངས་སུ་ཚོལ་བར་བྱེད་དོ། །གཏན་ཚིགས་ཀྱི་རིག་པ་ཡོངས་སུ་ཚོལ་བ་ནི། བསྟན་བཅོས་དེ་ཉིད་ལས་ཉེས་པར་བཤད་པ་དང་། ཉེས་པར་བརྗོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་དང་། ཕས་ཀྱི་རྒོལ་བ་ཚར་གཅད་པའི་ ཕྱིར་དང་། བསྟན་པ་འདི་ལ་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་རོ། སྒྲའི་རིག་པ་ཚོལ་བ་ནི་ཚིག་དང་ཡི་གེ་ངེས་པའི་ཚིག་བཟང་པོ་སྤྱོད་པས་ལེགས་པར་སྦྱར་ཏེ། བརྗོད་པ་ལ་མོས་པ་རྣམས་བདག་ལ་ཡིད་ཆེས་པ་སྐྱེད་པའི་ཕྱིར་དང་། དོན་གཅིག་པ་ལ་ངེས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱིས་རྗེས་སུ་ཐ་སྙད་གདགས་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །གསོ་བ་རིག་པ་ཚོལ་བ་ནི་སེམས་ཅན་རྣམས་ཀྱི་ནད་སྣ་ཚོགས་རྣམ་པར་ཞི་བར་བྱ་བའི་ཕྱིར་དང་། སྐྱེ་བོའི་ཚོགས་ཆེན་པོ་ལ་ཕན་གདགས་པའི་ཕྱིར་རོ། །འཇིག་རྟེན་པའི་ བཟོ་དང་ལས་ཀྱི་གནས་ཤེས་པ་རྣམས་ཚོལ་བ་ནི། སེམས་ཅན་རྣམས་ཀྱི་དོན་ཚེགས་ཆུང་ངུས་སྒྲུབ་པའི་ཕྱིར་དང་། སེམས་ཅན་རྣམས་ཀྱིས་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་དང་། བཟོ་དང་ལས་ཀྱི་གནས་ཤེས་པར་བྱ་བའི་སྦྱིན་པའི་ཕན་འདོགས་པས་བསྡུས་པའི་ ཕྱིར་རོ། །བྱང་ཆུབ་སེམས་དཔས་རིག་པའི་གནས་ལྔ་པོ་འདི་དག་ཐམས་ཅད་ཚོལ་བ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། ཐམས་ཅད་ལ་དེ་ལྟར་མ་བསླབས་ན། རིམ་གྱིས་ཐམས་ཅད་མཁྱེན་ པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་མི་འགྱུར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ཡོངས་སུ་འཛིན་པ་དང་། མདོ་སྡེའི་རྒྱན་ལས་ཀྱང་དོན་གྱིས་དེ་སྐད་དུ་སྟོན་ཏོ། །དོན་ དམ་པའི་དོན་འདི་ལྟ་སྟེ། དེ་བཞིན་ཉིད་རྣམ་པ་བདུན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་དྲུག་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཡུལ་མོས་ནས་ཤེས་པ་བསྟན་པ་དང་། རྒྱུ་རྣམ་པ་གསུམ་གྱིས་སྒྲུབ་པ་བསྟན་པ་སྟེ། འདི་ནི་དང་པོའོ། ། དེ་ལ་དམ་པ་ནི་ཡེ་ཤེས་དམ་པའོ། །དོན་ནི་ཡུལ་གྱི་དོན་ཏོ། །དེ་བཞིན་ཉིད་རྣམ་པ་བདུན་ནི་ཡེ་ཤེས་དམ་པའི་ཡུལ་གྱི་དོན་ཡིན་པའི་ཕྱིར། དོན་དམ་པའི་བདེན་པ་ཞེས་བྱ་སྟེ། འདི་ནི་བདག་པོའི་དབང་དུ་བྱ་བའི་རྣམ་པར་བཤད་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ ལས་ཀྱང་ལྷའི་རྒྱལ་པོ་ཇི་ཙམ་དུ་ཚིག་གི་བརྗོད་པ་དང་བཅས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །ཚིག་ལས་དབེན་པ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ་ཞེས་གསུངས་སོ། །བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་ པ་ལས་ཀྱང་། དོན་དམ་པའི་བདེན་པ་ནི་འཕགས་པ་དག་གིས་ཤེས་པར་བྱ་བ་རྣམ་པར་རྟོག་པར་བྱ་བའི་མིང་དང་ཚིག་གིས་ཐོག་ཏུ་མི་ཕེབས་པ་རང་གི་ནང་གི་རིག་པ་གཞན་དག་གི་རྐྱེན་ལ་མི་ལྟོས་པ་མཚན་མ་མེད་པ། ཐ་སྙད་ཆད་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ་ཞེས་ བཤད་དོ། །གཞན་ཡང་རྣམ་པར་རྟོག་པ་མེད་ཅིང་སྤྲོས་པ་མེད་ལ་ཚུལ་གཅིག་ཏུ་དེ་ལ་མང་དུ་གནས་པའི་ཕྱིར་དང་། འདྲེས་པའི་ཆོས་ཚད་མེད་པ་ལ་དམིགས་པའི་ཕྱིར་དང་། ལྷག་མཐོང་གི་ཕྱིར་ཞེས་བྱ་བ་ནི་གཉིས་པ་རྒྱུ་རྣམ་པ་གསུམ་གྱིས་བསྒྲུབས་པ་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་ པ་ཉིད་ལ་དམིགས་པའི་ཡེ་ཤེས་སོ། །གཞན་ཡང་རྣམ་པར་རྟོག་པ་མེད་ཅེས་བྱ་བ་ལ་སོགས་པས་ནི་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་བསྟན་ཏེ། རྣམ་པར་རྟོག་པ་སྣ་ཚོགས་དང་། སྤྲོས་པ་མེད་ཅིང་དེ་བཞིན་ཉིད་ཀྱི་ཚུལ་གཅིག་འབའ་ཞིག་ཡོད་པ་ལ་མང་དུ་གནས་པའོ། །ཡེ་ཤེས་ ནི་རྒྱ་ཆེར་བཤད་པ་ནི་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །འདྲེས་པའི་ཆོས་ཚད་མེད་པ་ལ་དམིགས་པ་ཞེས་བྱ་བ་ནི་འདྲེས་པའི་ཆོས་དེ་བཞིན་ཉིད་ཡང་དག་པའི་ཡེ་ཤེས་འདིའི་དམིགས་པ་ བྱེད་པས་སོ། །གཞན་ཡང་འདྲེས་པའི་ཆོས་ཚད་མེད་པ་ལ་དམིགས་པ་ཞེས་བྱ་བས་ནི། རྗེས་ལ་ཐོབ་པའི་ཡེ་ཤེས་བསྟན་པའོ། །འདི་ལྟར་འདྲེས་པའི་ཆོས་ནི་རྣམ་པ་གསུམ་སྟེ། དང་པོ་ནི་འདྲེས་པ་ཆུང་ངུའི་ཆོས་ཏེ། གསུང་རབ་ཡན་ལག་བཅུ་གཉིས་སོ་སོ་ཐ་དད་པ་ལ་དམིགས་ པའི་ཕྱིར་རོ། །གཉིས་པ་ནི་འདྲེས་པ་ཆེན་པོའི་ཆོས་ཏེ། གསུང་རབ་ཡན་ལག་བཅུ་གཉིས་བསྡུས་པ་ལ་དམིགས་པའི་ཕྱིར་རོ། །གསུམ་པ་ནི་འདྲེས་པ་ཚད་མེད་པའི་ཆོས་ཏེ། དེ་བཞིན་གཤེགས་པ་ཚད་མེད་པའི་གསུང་རབ་ཡན་ལག་བཅུ་གཉིས་པོ་དག་གཅིག་ཏུ་བསྡུས་པ་ ལ་དམིགས་པའི་ཕྱིར་རོ། །ཡེ་ཤེས་འདི་ནི་གསུམ་གསུམ་ལ་དམིགས་པའི་ཕྱིར་རོ། །དེ་ལ་ལྷག་མཐོང་གི་ཕྱིར་ཞེས་བྱ་བ་ནི་ཡེ་ཤེས་འདི་བསྒོམ་པའི་ཤེས་རབ་ཡིན་པར་བསྟན་པའི་ཕྱིར་རོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལེགས་པར་སྒྲུབ་པར་བྱེད་པ་ཞེས་བྱ་བས་ནི་བདུན་པ་ཆོས་ ཀྱི་རྗེས་སུ་འབྲང་བ་བསྟན་ཏོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས། བསྟན་བཅོས་བྱེ་བྲག་བཤད་པ་ཆེན་པོ་ལས། དེ་ལ་ཆོས་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ། །རྗེས་སུ་མཐུན་པའི་ཆོས་ནི་འདི་ལྟ་སྟེ། འཕགས་པའི་ ལམ་ཡན་ལག་བརྒྱད་པའོ། །འདིར་དོན་གྱི་སྒོར་ཞུགས་པ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཡོངས་སུ་ཉེ་བའི་ཕྱིར་རོ། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་བའོ། །འདི་ལ་གནས་པར་ནུས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ རྗེས་སུ་མཐུན་པ་ཞེས་བྱའོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་བ་ལ་ཐོབ་པར་བྱ་བ་གང་ཡིན་པ་དེ་ནི་ཆོས་ཞེས་བྱའོ། །ལམ་གང་ ཡིན་པ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་སྟེ། དེའི་རྗེས་སུ་འབྲང་བའི་ཕྱིར་རོ། །གཞན་ཡང་འཇིག་རྟེན་ལས་འདས་པའི་ལམ་གང་ཡིན་པ་དེ་ནི་ཆོས་ཞེས་བྱའོ། །འཇིག་རྟེན་པའི་ལམ་གང་ཡིན་པ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་སྟེ། རང་གི་སེམས་ཀྱི་རྒྱུན་མི་འཆད་པར་ བྱ་བའི་ཕྱིར་དང་། དེ་མངོན་སུམ་དུ་དབང་ཐོབ་པར་བྱེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། འདི་ནི་བསྒོམ་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ། །དེ་ལ་རང་གི་སེམས་རྒྱུན་མི་འཆད་པ་ཞེས་བྱ་བ་ནི། བསྒོམ་པ་ལས་བྱུང་བའི་ཤེས་རབ་དེ་ཏིང་ངེ་འཛིན་གྱི་སེམས་ཀྱི་རྒྱུད་ལ་སྤྱོད་པའི་ཕྱིར་རོ། ། འཕེལ་བར་བྱེད་པའི་ཕྱིར་ཞེས་བྱ་བས་ནི། དེ་ལ་སྤྱོད་པའི་དོན་བསྟན་ཏེ། རྣམ་པར་འཇོག་པ་འདེབས་པའི་དོན་ཏོ། །ཏིང་ངེ་འཛིན་གྱི་སེམས་དེར་བསྒོམ་པ་ལས་བྱུང་བའི་ཤེས་རབ་དེ་འཕེལ་བར་བྱེད་པའི་ཕྱིར་སྤྱོད་པ་ཞེས་བྱའོ། །དེ་མངོན་སུམ་དུ་དབང་ཐོབ་པར་བྱེད་པའི་ཕྱིར་ཞེས་བྱ་ བས་ནི་འཕལ་བར་བྱེད་པའི་དོན་བསྣན་ནས་བཤད་པ་སྟེ། འདི་ལྟར་བསྒོམ་པའི་ཤེས་རབ་ཀྱི་དབང་གིས་སེམས་ཀྱི་ཀུན་ཏུ་སྤྱོད་པ་ལ་དབང་ཐོབ་པར་བྱེད་ཅིང་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པས་ཉོན་མོངས་པ་སྤངས་ནས་འབྲས་བུ་ཐོབ་པར་འགྱུར་བའོ། །སློབ་དཔོན་དབྱིག་ གཉེན་གྱིས་མཛད་པའི་འགྲེལ་པ་ལས། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་བ་ནི་བསྟན་པ་བཞིན་དུ་སྤྱོད་པའི་ཕྱིར་རོ་ཞེས་བཤད་དོ། །དེ་ནི་ཤེས་རབ་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་ པར་ཟད་དོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚན་ཉིད་རྣམ་པ་ལྔ་པོ་དེ་དག་གི་སོ་སོའི་ལས་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་པ་མཚན་ཉིད་རྣམ་པ་ལྔ་དག་གི་ལས་ རྣམ་པ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་སྟོན་ཏོ། །འདི་ནི་གོང་དུ་བསྟན་པའི་ཆགས་པ་མེད་པ་ལ་སོགས་པའི་མཚན་ཉིད་རྣམ་པ་ལྔ་དག་གི་ལས་ཀྱི་ནུས་པ་ཞུ་བ་སྟེ། འདི་ལྟར་མཚན་ཉིད་རྣམ་པ་ལྔ་པོ་དག་རེ་རེ་ལ་ཡང་ ལས་རྣམ་པ་དུ་མཆིས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་མཚན་ཉིད་དེ་དག་གི་ལས་ནི་རྣམ་པ་ལྔར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལས་ནི་གཉིས་པ་དེ་བཞིན་གཤེགས་ པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང་། རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ནི་དང་པོ་མདོར་བསྟན་ཏེ། རེ་རེ་ལ་ཡང་ལས་རེ་རེ་ཡོད་པའི་ཕྱིར། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རྣམ་པ་ལྔ་པོ་དེ་དག་རེ་རེ་ལ་ཡང་ལས་རེ་རེ་ཡོད་པར་རིག་པར་བྱའོ་ཞེས་གསུངས་སོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་མེད་པའི་ཕྱིར། ཚེ་འདི་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་སྦྱོར་བས་བག་ཡོད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་དབྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་ལས་རྣམ་པ་ལྔ་པ་བསྟན་པ་ཉིད་ཀྱིས་རྣམ་པ་ལྔར་དབྱེ་སྟེ། འདི་ནི་དང་པོ་ཆགས་པ་མེད་པའི་མཚན་ཉིད་ཀྱི་ལས་བསྟན་པ་ སྟེ། འདི་ནི་ནན་ཏན་གྱི་སྦྱོར་བ་བག་མེད་པའི་ལས་སོ། །ཆགས་པ་མེད་པའི་མཚན་ཉིད་ནི་གོང་དུ་རྒྱ་ཆེར་བསྟན་པ་བཞིན་དུ་ཤེས་པར་བྱ་སྟེ། འདི་ལྟར་ཆགས་པ་མེད་པའི་ཕྱིར་ནི། ཚེ་འདི་ལ་ལས་རྒྱུན་ཆད་མེད་པར་གུས་པར་བྱེད་པའི་ནན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་བསྒོམ་ པས་བག་ཡོད་པ་དང་བཅས་པར་གྱུར་པའོ། །མི་ལྟ་བ་ཉིད་ཀྱི་ཕྱིར་ནི་ཕྱི་མ་ལ་བག་ཡོད་པའི་རྒྱུ་ཡོངས་སུ་འཛིན་པར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་མི་ལྟ་བ་ཉིད་ཀྱི་ལས་བསྟན་ཏོ། །ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པར་སྨིན་པའི་འབྲས་བུ་དང་། ལན་དུ་ཕན་འདོགས་པ་དང་། འབྲེལ་པ་མེད་པའི་ཕྱིར། ཕྱི་མ་ལ་བག་ཡོད་པའི་རྒྱུ་ཡོངས་སུ་འཛིན་པར་བྱེད་དེ། མ་འོངས་པ་ན་བག་ཡོད་པ་དང་བཅས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཁད་ཀྱིས་འཕེལ་བར་འགྱུར་བའོ། །ཁ་ན་མ་ཐོ་བ་མེད་པའི་ཕྱིར་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་བསྒོམ་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་བྱེད་པའོ་ཞེས་བྱ་བ་ནི་གསུམ་པ་ཁ་ན་མ་ཐོ་བ་མེད་པའི་མཚན་ཉིད་ཀྱི་ལས་བསྟན་ཏོ། །འདི་ཡང་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ནི་ལས་ཀྱི་ཚིག་བཞི་ཡོད་པར་འགྱུར་ཏེ། འདི་ལྟ་སྟེ། ཡང་དག་པར་བསྒོམ་པ་དང་། ཡོངས་སུ་ རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་བྱེད་པའོ། །གོང་དུ་བསྟན་པའི་འདྲེས་པའི་ཆོས་བཞི་པོ་འདི་ལྟ་སྟེ། སྙིང་རྗེ་མེད་པའི་ཕྱིར་དང་། ཚུལ་བཞིན་མ་ཡིན་པའི་སྦྱོར་བ་དང་། རྟག་ཏུ་མི་འབྱེད་པའི་སྦྱོར་བ་དང་། མ་གུས་པའི་སྦྱོར་བ་དག་དང་བྲལ་བའི་ཕྱིར་ཚིག་ བཞི་པོ་འདི་དག་གསུངས་པ་ཡིན་ནོ། ཁ་ཅིག་ན་རེ་ཡང་དག་པར་བསྒོམ་པ་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་གོ། །ཚིག་འོག་མ་གསུམ་པོ་དག་ནི་ཡོན་ཏན་གསུམ་གྱི་རྒྱུ་རྣམ་པར་ཕྱེ་ནས་བསྟན་པ་ཡིན་ཏེ། དེ་ལ་ཡོངས་སུ་རྫོགས་ཞེས་བྱ་བས་ནི་སྤངས་པའི་ཡོན་ཏན་གྱི་རྒྱུ་བསྟན་ཏོ། །ཡོངས་ སུ་དག་པ་ཞེས་བྱ་བས་ནི་ཡེ་ཤེས་ཀྱི་ཡོན་ཏན་གྱི་རྒྱུ་བསྟན་ཏོ། །ཡོངས་སུ་བྱང་བ་ཞེས་བྱ་བས་ནི་ལན་དུ་ཕན་འདོགས་པའི་ཡོན་ཏན་གྱི་རྒྱུ་བསྟན་ཏོ་ཞེའོ། །རྣམ་པར་རྟོག་པ་མེད་པའི་ཕྱིར་ནི་ཐབས་ལ་མཁས་པ་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བས་ ནི་བཞི་པ་རྣམ་པར་རྟོག་པ་མེད་པའི་མཚན་ཉིད་ཀྱི་ལས་བསྟན་ཏེ། འདི་ལྟར་ཇི་བཞིན་དུ་མཚན་མ་རྣམས་ཡོངས་སུ་འཛིན་པར་མི་བྱེད་པའི་ཕྱིར། ཐབས་ལ་མཁས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་པ་ལ་བྱའོ། ཕ་རོལ་ཏུ་ཕྱིན་པ་བཅུའི་ཐབས་ལ་བྱ་བ་ནི་ མ་ཡིན་ནོ། །ཡང་དག་པར་ཡོངས་སུ་བསྔོ་བ་ཉིད་ཀྱི་ཕྱིར་ནི་ཚེ་རབས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དང་། དེ་དག་གི་འདོད་པའི་རྣམ་པར་སྨིན་པའི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མི་ཟད་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བ་ལས་ལྔ་པ་ཡོངས་སུ་བསྔོ་བའི་མཚན་ཉིད་ ཀྱི་ལས་བསྟན་ཏེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་གང་གསུངས་པ་འདི་དག་ཤིན་ཏུ་རྒྱ་ཆེ་བ་ཉིད་ནི་གང་ལགས། ཀུན་ནས་ ཉོན་མོངས་པ་མཆིས་པ་ཉིད་ནི་གང་ལགས། རབ་ཏུ་སྦྱངས་པ་ཉིད་ནི་གང་ལགས། མི་གཡོ་བ་ཉིད་ནི་གང་ལགས། ཤིན་ཏུ་རྣམ་པར་དག་པ་ནི་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་གཅིག་པ་ཤིན་ཏུ་རྒྱ་ཆེ་བ་ལ་སོགས་པའི་མཚན་ཉིད་རྣམ་པ་ལྔ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ ཏོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཞུ་བ་གསོལ་བ་ཉིད་དོ། །འདི་ནི་བྱང་ཆུབ་སེམས་དཔས་སྔོན་དོན་གཞན་དག་ལས་མཚན་ཉིད་རྣམ་པ་ལྔ་པོ་འདི་དག་ཐོས་པའི་ཕྱིར། ཞུ་བ་འདི་གསོལ་བ་ཡིན་ནོ། །ཡང་ན་དེ་བཞིན་གཤེགས་པས་ བྱིན་གྱིས་བརླབས་པའི་ཕྱིར། ཞུ་བ་འདི་གསོལ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཆགས་པ་མེད་པ་ཉིད་དང་། མི་ལྟ་བ་ཉིད་དང་། ཡང་དག་པར་ཡོངས་སུ་བསྔོ་བ་ཉིད་གང་ཡིན་པ་དེ་ནི་ཤིན་ཏུ་ རྒྱ་ཆེ་བ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། མཚན་ཉིད་རྣམ་པ་ལྔ་ལས་བརྩམས་ནས་རྣམ་པ་གཉིས་སུ་དབྱེ་བ་དང་། སའི་གནས་སྐབས་ལས་བརྩམས་ནས་ མཚན་ཉིད་ཕྱི་མ་གསུམ་བསྟན་པའོ། །འདི་ནི་དང་པོ་སྟེ། མཚན་ཉིད་རྣམ་པ་ལྔ་ལས་ཆགས་པ་མེད་པ་ཉིད་དང་། མི་ལྟ་བ་ཉིད་དང་། ཡང་དག་པར་ཡོངས་སུ་བསྔོ་བ་ཉིད་རྣམ་པ་གསུམ་དག་ལ་ཤིན་ཏུ་རྒྱ་ཆེ་བའི་སྤྱོད་པ་ཞེས་བྱ་སྟེ། གནས་སྐབས་རྣམས་སུ་མི་མཐུན་པ་ མེད་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པ་ཉིད་དང་། རྣམ་པར་རྟོག་པ་མེད་པ་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱའོ་ཞེས་བྱ་བས་ནི་མཚན་ཉིད་གཉིས་པ་བསྟན་ཏེ། མཚན་ཉིད་རྣམ་པ་ལྔ་ལས་ཁ་ན་མ་ཐོ་བ་མེད་པ་ཉིད་དང་། རྣམ་པར་རྟོག་པ་ མེད་པ་ཉིད་ལ་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ན་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་རྟོག་པའི་ཡེ་ཤེས་ཀྱིས་ཀུན་ནས་ཉོན་མོངས་པ་ནི་རབ་ཏུ་སྦྱངས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་འདི་ཡང་ གནས་སྐབས་རྣམས་དང་སྦྱར་རོ། །སོ་སོར་བརྟག་ཅིང་བྱ་བ་ཉིད་གང་ཡིན་པ་དེ་ནི་རབ་ཏུ་སྦྱངས་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སའི་གནས་སྐབས་ལས་བརྩམས་ནས་མཚན་ཉིད་ཕྱི་མ་གསུམ་བསྟན་པ་སྟོན་ཏོ། །འདི་ནི་རབ་ཏུ་སྦྱངས་པའི་མཚན་ཉིད་བསྟན་ པ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལ་སོ་སོར་བརྟག་པ་ཁྱད་པར་དུ་འཕགས་པ་བརྒྱད་ཀྱིས་བྱ་བ་བྱེད་པའི་ཕྱིར་རབ་ཏུ་སྦྱངས་པ་ཞེས་བྱ་སྟེ། འདི་ནི་ས་བདུན་པ་མན་ཆད་ཀྱི་གནས་སྐབས་སུ་གཏོགས་པའོ། །ཡོངས་སུ་མི་ཉམས་པའི་ཆོས་སར་ཞུགས་པ་གང་ཡིན་པ་དེ་ ནི་མི་གཡོ་བ་ཞེས་བྱའོ་ཞེས་བྱ་བས་ནི་བཞི་པ་མི་གཡོ་བའི་མཚན་ཉིད་བསྟན་ཏོ། །འདི་ནི་ས་བརྒྱད་པ་དང་། དགུ་པ་ནས་ཏེ་མི་གཡོ་བའི་དོན་ནི་གོང་དུ་བསྟན་པ་བཞིན་ནོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། །ས་དང་པོ་ཡན་ཆད་ལ་མི་གཡོ་བ་ཞེས་བྱ་བ་ཞེས་འབྱུང་ བ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །ས་བཅུ་པར་གཏོགས་པ་དང་། སངས་རྒྱས་ཀྱི་སར་གཏོགས་པ་ཉིད་གང་ཡིན་པ་དེ་ནི་ཤིན་ཏུ་རྣམ་པར་རྟོག་པ་ཞེས་བྱའོ་ཞེས་བྱ་བ་ནི་ལྔ་པ་རྣམ་པར་དག་པའི་མཚན་ཉིད་བསྟན་ཏོ། །འདི་ལྟར་ས་བཅུ་པའི་ཚེ་ནི་ རྒྱུས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་བཞིན་གཤེགས་པའི་སར་ནི་འབྲས་བུས་ཁྱད་པར་དུ་འཕགས་ཤིང་མཐར་ཐུག་པའི་རྣམ་པར་དག་པ་ཡིན་པའི་ཕྱིར། བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས། ཡོངས་སུ་རྫོགས་པའི་ཁྱད་པར་དུ་འཕགས་པ་ནི་འདི་ལྟ་སྟེ། ས་བཅུ་པ་ དང་། དེ་བཞིན་གཤེགས་པའི་ས་ལ་མངའ་བའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་གོ་རིམས་བཞིན་དུ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །མིང་འདི་གསུམ་ལ་བྱེ་བྲག་ཡོད་པ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ ལ་རང་བཞིན་གྱིས་བརླིང་བའི་ཕྱིར་དང་། རབ་ཏུ་གསལ་བའི་ཕྱིར་དང་། འབྲས་བུ་ཆེ་བ་རྣམ་པ་ལྔ་དང་ལྡན་པའི་ཕྱིར་དང་། ཕན་ཆེ་བའི་ཕྱིར་དང་། རབ་ཏུ་སྦྱངས་པ་ཞེས་བྱའོ། །ཡོངས་སུ་མི་ཉམས་པའི་ཕྱིར་དང་། ཁྱད་པར་དུ་འགྲོ་བའི་ཕྱིར་མི་གཡོ་བ་ཞེས་བྱའོ། །བྱང་ཆུབ་ སེམས་དཔའ་སའི་ནང་ན་མཆོག་ཏུ་བླ་ན་མེད་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་རིག་པར་བྱའོ་ཞེས་འབྱུང་ངོ་།། །།བམ་པོ་དྲུག་ཅུ་གསུམ་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མཆི་བས་མ་འཚལ་བ་འཐོབ་ཅིང་ཕ་རོལ་ཏུ་ཕྱིན་པ་ཡང་མ་འཚལ་བ་དང་ལྡན་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་གཉིས་པ་ཕ་རོལ་ ཏུ་ཕྱིན་པ་དྲུག་གི་རྒྱུ་དང་འབྲས་བུ་ཟད་མི་ཤེས་པ་ཉིད་དུ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་དུ་གསུངས་པར་སྟོན་ཏེ། འདི་ནི་ཞུ་བ་གསོལ་བའོ། །འབྲས་བུ་དང་རྣམ་པར་སྨིན་པ་ལྔ་པོ་དག་ནི་མདོར་བསྡུ་ན་འབྲས་བུ་ཞེས་བྱ་སྟེ། འབྲས་ བུ་རྣམ་པ་ལྔ་རྒྱ་ཆེར་བཤད་པ་ནི་སྔར་གོང་དུ་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ཁུངས་སུ་བཞག་ནས་བསྟན་པ་ལས་བྱུང་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་ བུ་གཅིག་ལ་གཅིག་བརྟེན་ནས་བསྒོམ་པ་བསྐྱེད་པ་རྒྱུན་མི་འཆད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས་འབྲས་བུ་རྣམས་ཐོབ་པར་འགྱུར་ལ། འབྲས་བུ་ལ་མ་བརྟེན་ པའི་ཕྱིར་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་ནུས་པར་འགྱུར་བས། གཅིག་ལ་གཅིག་བརྟེན་ནས་བསྒོམ་པ་བསྐྱེད་པ་རྒྱུན་འཆད་པ་མེད་པའི་ཕྱིར། ཟད་མི་ཤེས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མ་འོངས་པ་ན་ གོང་ནས་གོང་དུ་ཁྱད་པར་དུ་འཕེལ་ཞིང་གཅིག་གིས་གཅིག་བསྐྱེད་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པའི་འབྲས་བུའོ་ཞེས་བཤད་དོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས། ཅིའི་སླད་དུ་རྟག་པར་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མཆི་ བས་མ་འཚལ་བ་དང་། ཕ་རོལ་ཏུ་ཕྱིན་པས་འཚལ་བ་ཐོབ་ལགས། བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། གཅིག་ལ་གཅིག་བརྟེན་ནས་བསྒོམ་པ་སྤང་བའི་ཕྱིར་རོ་ཞེས་འབྱུང་ངོ་། །ལོ་ཙཱ་བ་དག་གིས་ནོར་ཏོ། །དགོངས་པ་ ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། གཅིག་ལ་གཅིག་བརྟེན་པའི་རྒྱུས་འབྲས་བུ་གྱ་ནོམ་པ་བསྐྱེད་པར་རིག་པར་བྱའོ་ཞེས་འབྱུང་བ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམས་ལས་ཤིན་ཏུ་དད་པ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་འཐོབ་པའི་རྣམ་པར་སྨིན་པའི་འབྲས་བུ་ལ་ནི་མ་ལགས་ཞེས་བྱ་བ་འདི་མན་ཆད་ ནི་བཅུ་གསུམ་པ་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ལ་མི་སྲིད་པར་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །ཇི་སྐད་དུ་བྱང་ཆུབ་སེམས་དཔའ་ རྣམས་ཕ་རོལ་ཏུ་ཕྱིན་པ་ལ་སྲེད་ཅིང་ཕ་རོལ་ཏུ་ཕྱིན་པས་འཐོབ་པའི་འབྲས་བུ་ལ་སྲིད་པར་བགྱིད་པ་ལགས་ཞེས་བྱ་བའི་ཐ་ཚིག་གོ། །ཞུ་བའི་ཚིག་འདི་ཡང་མདོ་འདི་ཉིད་ཀྱི་དཔེ་མི་མཐུན་པས། མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཕ་ རོལ་ཏུ་ཕྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ཐ་དད་པར་བགྱིད་ཅེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་སྟེ། མདོ་འདི་ལས་གསུངས་པའི་གཞུང་ཚིག་དང་སྦྱར་ནས། མཚམས་རྣམ་པར་དགྲོལ་ བའི་མདོའི་ཚིག་ནི་ལོ་ཙཱ་བ་དག་གིས་བསྒྱུར་ཏེ་ནོར་བར་བསྒྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྒྱུ་དང་རྐྱེན་རྣམ་པ་ལྔའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་གྲངས་མདོར་བསྟན་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་བཤད་པས་བསྟན་ཏེ། འདི་ནི་དང་པོའོ། །ཕ་རོལ་ཏུ་ཕྱིན་པ་ནི་ཆེས་ལྷག་པར་བདེ་བ་དང་། ཡིད་བདེ་བའི་རྒྱུ་ཡིན་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པ་ནི་བདག་དང་གཞན་ ཐམས་ཅད་ལ་ཕན་འདོགས་པའི་རྒྱུ་ཡིན་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མ་ལ་དེའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པའི་རྒྱུ་ཡིན་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པ་ནི་ཀུན་ནས་ཉོན་མོངས་པའི་གནས་ཀྱི་གཞི་ཡིན་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པ་ནི་མཐར་རྣམ་པར་འགྱུར་ཞིང་ འཇིག་པའི་ཆོས་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །རྒྱུའི་མཚན་ཉིད་རྣམ་པ་ལྔ་པོ་དག་ནི་གོ་རིམས་བཞིན་དུ་གཞན་ལོངས་སྤྱོད་པ་དང་། སངས་རྒྱས་ཀྱི་སའི་ཆོས་ཀྱི་བདེ་བ་དང་། ཡིད་བདེ་བ་ལ་ལོངས་སྤྱོད་པའི་རྒྱུ་ ཡིན་པའི་ཕྱིར་དང་། རྣམ་པར་སྨིན་པ་ལྟ་བུར་མྱོང་ནས་ཟད་པ་མ་ཡིན་པའི་ཕྱིར་རོ། །དཔེ་ཉིད་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་འབྱུང་བས་འདིར་མ་བརྗོད་དོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་སོ་ སོའི་མཐུ་མཆོག་ཏུ་གྱུར་པ་དུ་ཞིག་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་བཞི་པ་ཕ་རོལ་ཏུ་ཕྱིན་པའི་མཐུའི་རྣམ་གྲངས་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ལ་ཡང་ཞུ་བ་གསོལ་བ་དང་། ལན་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བའོ། །མཚམས་རྣམ་པར་དགྲོལ་བའི་ མདོ་ལས། ཡོན་ཏན་གྱི་སྟོབས་ཞེས་འབྱུང་བ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཁྱད་པར་དུ་འཕགས་པ་གྱ་ནོམ་པའི་སྟོབས་ཞེས་འབྱུང་བ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་ཏེ། དོན་ལ་ནི་འགལ་བ་མེད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་སོ་སོའི་མཐུ་མཆོག་ཏུ་གྱུར་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་གྲངས་མདོར་ སྨོས་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་བཤད་པ་བསྟན་པའོ། །འདི་ནི་དང་པོའོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་ཡང་དག་པར་བསྒོམ་པ་ནི་མི་མཐུན་པའི་ཕྱོགས་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། ལྟ་བར་སོང་བ་ལ་རབ་ཏུ་སྤོང་ བ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་བཤད་པ་སྟོན་ཏོ། །འདི་ཡང་མཐུ་རྣམ་པ་བཞི་བསྟན་པ་ཉིད་ལས་རྣམ་པ་བཞིར་ཕྱེ་སྟེ་འདི་ནི་དང་པོའོ། །འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གི་གོ་རིམས་བཞིན་དུ་སྒྲིབ་པ་རྣམ་པ་དྲུག་པོ་དག་སེལ་བར་བྱེད་ པས་སོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། འདི་ལྟ་སྟེ། བདག་ཉིད་ཀྱིས་སྤང་བར་བྱ་བའི་ཚེ་སྒྲིབ་པ་དག་གཏན་དུ་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་བྲལ་བའི་འབྲས་བུའོ་ཞེས་འབྱུང་ངོ་། །དེ་དག་ཡང་དག་པར་ བསྒོམ་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཡང་དག་པ་ཉིད་དུ་འགྱུར་བ་ཞེས་བྱ་བ་ནི་མཐུ་གཉིས་པ་བསྟན་པ་སྟེ། བྱང་ཆུབ་ཀྱི་ཚོགས་ཡང་དག་པ་ཉིད་དུ་འགྱུར་བ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་ནི་རྟོག་པའི་རྒྱུ་བྱེད་པའི་ཕྱིར་དང་། སྐུ་གཉིས་པོ་དག་ ནི་སྐྱེད་པའི་རྒྱུ་བྱེད་པའི་ཕྱིར་དང་། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། བྱང་ཆུབ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དབང་གི་འབྲས་བུའོ་ཞེས་འབྱུང་ངོ་། །དེ་དག་རྣམ་པར་བསྒོམ་པ་ན། ཚེ་འདི་ཉིད་ལ་བདག་ཉིད་ཀྱིས་སེམས་ཅན་རྣམས་སྡུད་ཅིང་ཕན་འདོགས་ པར་འགྱུར་བ་ཞེས་བྱ་བས་ནི་མཐུ་གསུམ་པ་བསྟན་ཏེ། མཐོང་བའི་ཆོས་ལ་ཕན་འདོགས་པའི་ཕྱིར་རོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མཐོང་བའི་ཆོས་ལ་སྦྱིན་པ་ལ་སོགས་པས་བདག་དང་གཞན་བསྡུས་པ་གང་ཡིན་པ་དེ་ནི། སྐྱེས་བུ་བྱེད་པའི་འབྲས་ བུའོ་ཞེས་བཤད་དོ། །དེ་དག་ཡང་དག་པར་བསྒོམ་པ་ན། ཕྱི་མ་ལ་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་རྒྱ་ཆེན་པོ་ཐོབ་པར་འགྱུར་ཞེས་བྱ་བས་ནི་མཐུ་བཞི་པ་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་ཐོབ་པར་བྱ་བ་རྣམ་པར་སྨིན་པའི་འབྲས་བུ་དག་གོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་ བཏུས་པ་ལས། ལོངས་སྤྱོད་ཆེན་པོ་ཐོབ་པ་དང་བདེ་འགྲོར་འགྲོ་བ་དང་། ཁོན་མེད་ཅིང་དབྱེ་བ་མེད་པ་དང་། བདེ་བ་དང་ཡིད་བདེ་བ་མང་བ་དང་། སེམས་ཅན་གྱི་ནང་ན་གཙོ་བོར་གྱུར་པ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེ་བར་གྲགས་པ་ནི་གོ་རིམས་བཞིན་དུ་སྦྱིན་པ་ལ་ སོགས་པའི་རྣམ་པར་སྨིན་པའི་འབྲས་བུར་རིག་པར་བྱའོ་ཞེས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྒྱུ་ནི་གང་ལགས། འབྲས་བུ་ནི་གང་དང་ལྡན་ ལགས། ཕན་ཡོན་གྱི་དོན་ནི་གང་དང་ལྡན་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅོ་ལྔ་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་དང་། འབྲས་བུ་དང་། ཕན་ཡོན་གྱི་དོན་རབ་ཏུ་ཕྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པས་བསྟན་ཏོ། འདི་ནི་དང་པོ་དང་། རྒྱུ་དང་། འབྲས་བུ་དང་། ཕན་ཡོན་གྱི་དོན་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཐམས་ཅད་སྙིང་རྗེ་ཆེན་པོས་ནི་རྒྱུ་བྱེད་དོ། །ཤིན་ཏུ་གྱ་ནོམ་པ་ཡིད་དུ་འོང་བ་རྣམ་པར་སྨིན་པའི་འབྲས་ བུ་དང་། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པས་ནི་འབྲས་བུ་བྱེད་དོ། །ཡོངས་སུ་རྫོགས་པ་བླ་ན་མེད་པའི་བྱང་ཆུབ་རྒྱ་ཆེན་པོས་ནི་ཕན་ཡོན་དོན་ཆེན་པོ་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ རྣམས་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་ཕྱིར་ནི་རྣམ་པར་སྨིན་པའི་འབྲས་བུ་ཁྱད་པར་དུ་འཕགས་པ་མངོན་པར་འགྲུབ་ཅིང་། སེམས་ཅན་ལ་ཕན་འདོགས་པར་བྱེད་དེ། རྒྱུ་དང་རྐྱེན་དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་པར་འགྱུར་བས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་པས་མ་འཚལ་བ་དང་ལྡན་པ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་གྲུབ་པ་ལགས་ ན། ཅིའི་སླད་དུ་འཇིག་རྟེན་ན་སེམས་ཅན་དབུལ་པོ་དག་གདའ་བ་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་དྲུག་པ་སེམས་ཅན་གྱི་རིགས་ཀྱི་ལས་ཀྱི་ཉེས་པ་ཡོད་པར་བསྟན་པའི་སྒོ་ཞེས་བྱ་བ་བསྟན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་ཞུ་བ་ གསོལ་བ་ཉིད་དོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོངས་སྤྱོད་པ་དང་། སྙིང་རྗེ་ཆེན་པོའི་རྐྱེན་གཉིས་ཕུན་སུམ་ཚོགས་པ་ལགས་ན། ཅིའི་སླད་དུ་འཇིག་རྟེན་ན་སེམས་ཅན་དབུལ་བའི་སྡུག་བསྔལ་གྱིས་ཉོན་མོངས་པ་དག་གདའ་བར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་སེམས་ཅན་རྣམས་ཀྱི་རང་གི་ལས་ཀྱི་ཉེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་ པ་གསུམ་དུ་དབྱེ་སྟེ། དོན་འདི་ཡང་དག་པར་བསྟན་པ་དང་། དཔེ་ཉེ་བར་མཚོན་པ་དང་། དཔེ་དང་དོན་དུ་སྦྱར་བ་སྟེ། འདི་ནི་དང་པོའི་དོན་ཉིད་ཡང་དག་པར་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། རྗེས་སུ་མཐུན་པའི་དང་། བཟློག་སྟེ་བཤད་པའོ། ། འདི་ནི་དང་པོ་སྟེ། བྱང་ཆུབ་སེམས་དཔའ་ལོངས་སྤྱོད་དང་། སྙིང་རྗེ་ཆེན་པོ་དང་ལྡན་མོད་ཀྱི། སེམས་ཅན་རྣམས་ཀྱི་རང་གི་ལས་ཀྱིས་ཉེས་པའི་ཕྱིར། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ལ་སྤྱོད་པར་མི་ནུས་པར་གྱུར་པ་བྱང་ཆུབ་སེམས་དཔའི་ཉེས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ ཚིག་གོ། །གལ་ཏེ་དེ་ལྟ་མ་ཡིན་ན་བྱང་ཆུབ་སེམས་དཔའ་ནི་རྟག་པར་གཞན་ལ་ཕན་པར་བྱ་བའི་སེམས་དང་ལྡན་པ་དང་། གཞན་ཡང་རྟག་པར་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པས། གལ་ཏེ་སེམས་ཅན་རྣམས་རང་གི་ཉེས་པའི་ལས་གནས་སུ་གྱུར་པ་མེད་དུ་ཟིན་ན། འཇིག་ རྟེན་ན་དབུལ་བའི་སྡུག་བསྔལ་ལྟར་སྣང་བར་ག་ལ་འགྱུར་ཞེས་བྱ་བ་ནི་གཉིས་པ་བཟློག་སྟེ་བཤད་པའོ། །གལ་ཏེ་སེམས་ཅན་རྣམས་རང་གི་ལས་ཀྱི་དབང་གིས་གྱུར་པ་མ་ཡིན་པ་ལྟ་ན་འཇིག་རྟེན་ན་དབུལ་པོ་དག་སྣང་བར་ག་ལ་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ནི་འདི་ལྟར་རྟག་ཏུ་ གཞན་ལ་ཕན་འདོགས་པའི་ཕྱིར་རོ། །དེ་ལྟར་དབུལ་པོ་དག་དམིགས་པའི་ཕྱིར་རང་གི་ལས་ཡིན་པར་མངོན་ཏེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སངས་རྒྱས་འཇིག་རྟེན་ན་བཞུགས་པའི་ཚེ་ཡང་སེམས་ཅན་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་ སྡུག་བསྔལ་དང་ལྡན་ཏེ། སངས་རྒྱས་ཀྱིས་ཀྱང་བསྐྱབ་པར་མི་སྤྱོད་ན། བྱང་ཆུབ་སེམས་དཔའ་དག་གིས་ཇི་ལྟར་སྐྱོབ་པར་ནུས་ཤེ་ན། སྨྲས་པ། བྱང་ཆུབ་སེམས་དཔའི་སེམས་ཀྱང་ཚད་མེད་ལ། བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡང་ཚད་མེད་མོད་ཀྱི། སེམས་ཅན་སྐལ་བ་ ཚད་མེད་པ་ནས་བྱས་པའི་ཉེས་པ་ཤིན་ཏུ་སྟུག་པོ་དག་གིས་བསྒྲིབས་པའི་ཕྱིར་འཐོབ་པར་མི་ནུས་ཏེ། དཔེར་ན་འཕགས་པ་ཤཱ་རིའི་བུའི་སློབ་མ་དགེ་སློང་ཚུལ་ཁྲིམས་དང་ལྡན་ཞིང་བརྩོན་འགྲུས་ཅན་ཞིག་བསོད་སྙོམས་བླངས་པ་ལས། ཞག་དྲུག་གི་བར་དུ་ཅི་ཡང་མ་ཐོབ་པས། ཞག་བདུན་ ལ་སྲོག་ཆད་ལ་ཐུག་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་ཞིག་གིས་བསོད་སྙོམས་བླངས་ནས་སྦྱིན་པར་བྱ་བ་ལས། བྱས་ཕྲོགས་ཏེ་ཁྱེར་རོ། །འཕགས་པ་ཤཱ་རིའི་བུས་མཽད་གལ་གྱི་བུ་ཆེན་པོ་ལ་སྨྲས་པ། ཁྱེད་རྫུ་འཕྲུལ་ཆེན་པོ་དང་ལྡན་པས་ཟས་འདི་བསྲུངས་ལ་འདིས་ཐོབ་པར་གྱིས་ ཤིག །དེ་ནས་འཕགས་པ་མཽད་གལ་གྱི་བུས་དེ་ལ་ཟས་སྦྱིན་པ་དང་དེས་ཁར་ཟོས་པ་ལས་འཇིམ་པར་གྱུར་ཏོ། །དེ་ནས་ཡང་འཕགས་པ་ཤཱ་རིའི་བུ་ཁྱོད་ཀྱིས་བསོད་སྙོམས་བླངས་ནས་བྱིན་པ་ལས་ཀྱང་། དེ་ཁ་འཐམས་པར་གྱུར་པ་ལྟ་བུ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ ཅན་ཐམས་ཅད་ཀྱི་རེ་བ་བསྐང་བར་འདོད་ཀྱང་དེ་དག་ཉིད་ཀྱིས་ཉེས་པའི་ཕྱིར་ཐོབ་པར་མ་གྱུར་ཀྱང་བྱང་ཆུབ་སེམས་དཔའ་ལ་ནི་ཉེས་པ་མེད་དོ། །གཞན་ཡང་དཔེར་ན་ཀླུའི་རྒྱལ་པོས་ཆར་ཕབ་པ་མི་རྣམས་ལ་ནི་ཆུར་སྣང་ལ། ཡི་དྭགས་རྣམས་ཀྱིས་ནི་མེར་མཐོང་ལ། གཞན་ཡང་ འོན་པས་འབྲུག་སྒྲ་ཐོས་པར་མི་ནུས་པས་འབྲུག་ལ་ནི་ཉེས་པ་མེད་པ་ལྟ་བུའོ་ཞེས་འབྱུང་ངོ་། །གཞན་ཡང་འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས། ཉི་མ་དང་ཟླ་བ་གསལ་བ་ཡིན་མོད་ཀྱི། ལོང་བ་རྣམས་ཀྱིས་ནི་མི་མཐོང་བ་དེ་ལོང་བ་ཉིད་ཀྱིས་ཉེས་པ་ཡིན་གྱི། ཉི་མ་དང་ཟླ་བའི་ཉེས་པ་མ་ཡིན་པ་ལྟར། སེམས་ཅན་ཉེས་པ་དང་བཅས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཞིང་བཀོད་པ་ཅན་ཡོངས་སུ་དག་པ་མི་མཐོང་བ་དེ་བཞིན་གཤེགས་པའི་སྐྱོན་མ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། སེམས་ཅན་ རྣམ་པ་གསུམ་ནི་རང་གི་ལས་ཀྱི་ཉེས་པས་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་བརྙན་མཐོང་བར་མི་འགྱུར་རོ་ཞེས་བསྟན་པ་ཡང་འདིར་ཁུངས་སུ་བསྟན་པར་རིག་པར་བྱའོ། །གཞན་ཡང་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པ་ ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། སངས་རྒྱས་ཐམས་ཅད་ལ་མངའ་བརྙེས་པར་འགྱུར་མོད་ཀྱི། སྒྲིབ་པ་དང་ལྡན་པའི་གང་ཟག་དང་། རིགས་མེད་པའི་གང་ཟག་ཏུ་ངེས་པ་གཉིས་པོ་འདི་དག་ལ་སངས་རྒྱས་མངའ་མཛད་པར་མི་སྤྱོད་དོ་ཞེས་འབྱུང་བ་ཡང་འདིར་བརྗོད་ པར་བྱའོ། །དཔེར་ན་ཡི་དགས་ལུས་སྐོམ་པས་གདུངས་པ་རྣམས་ཀྱིས་རྒྱ་མཚོའི་ཆུ་སྐམས་པར་མཐོང་བ་དེ་ནི། རྒྱ་མཚོས་ཉེས་པ་མ་ཡིན་གྱི། ཡི་དགས་དེ་དག་ཉིད་ཀྱི་རང་གི་ལས་ཀྱིས་ཉེས་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་དཔེ་ཉེ་བར་མཚོན་པ་སྟེ། དཔེར་ ན་ཡི་དགས་རང་གི་ཉེས་པའི་ལས་ཀྱི་སྟོབས་ཀྱིས་རྒྱ་མཚོ་སྐམས་པར་མཐོང་བ་རྒྱ་མཚོས་ཉེས་པ་མ་ཡིན་པ་ལྟ་བུའོ། །སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་རྒྱུ་དང་། རྐྱེན་རྣམ་པ་ལྔས་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའི་སྦྱིན་པ་ཐོབ་པར་ མི་ནུས་སོ་ཞེས་འབྱུང་ངོ་། །རྒྱུ་དང་རྐྱེན་རྣམ་པ་ལྔ་པོ་དེ་དག་ཀྱང་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས་འཆད་དོ། །མདོ་ལས་གསུངས་པ་ནི་དང་པོ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ལས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ལྷག་པའི་ཚུལ་ ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། ནོར་ཐམས་ཅད་ལ་དབང་འབྱོར་པ་ཆེན་པོ་ཐོབ་པར་གྱུར་པ་ཡིན་ན། ཅིའི་ཕྱིར་སེམས་ཅན་བྲེལ་ཕོངས་པ་དག་སྣང་ཞེ་ན། སེམས་ཅན་དེ་དག་ལོངས་སྤྱོད་ལ་གེགས་སུ་གྱུར་ པའི་ལས་ལྕི་བ་མཐོང་བའི་ཕྱིར་དང་ཞེས་འབྱུང་སྟེ། འདི་ནི་རྒྱུ་དང་པོའོ། །སློབ་དཔོན་དབྱིག་གཉེན་གྱིས་འགྲེལ་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་དེ་དག་ལོངས་སྤྱོད་ལ། ལས་ཀྱི་སྒྲིབ་པ་ལྕི་བ་ཡོད་པར་མཐོང་བའི་ཕྱིར་རོ། ཟང་ཟིང་དག་སྦྱིན་པར་མི་བྱེད། སྦྱིན་པའི་འབྲས་བུ་མེད་པར་མི་འགྱུར་བར་བྱ་བ་དང་། གལ་ཏེ་བྱིན་པར་གྱུར་ན་ཡང་དེ་ལོངས་སྤྱོད་པར་མི་ནུས་པས་སྦྱིན་པ་བཏང་བས་ཅི་ཞིག་བྱ་སྙམ་པའི་ཕྱིར་ཏེ། ཚིགས་སུ་བཅད་པ་ལས་ཇི་སྐད་དུ། དཔེར་ན་མ་མས་བུ་ཆུང་ནུ་མ་བསྣུན། །ཟླ་གཅིག་ལོན་ཡང་ངལ་བ་མེད་མོད་ཀྱི། ། བུ་ཆུང་གལ་ཏེ་ལྐོག་མ་འགགས་གྱུར་ན། །མ་མས་དེ་ལ་ཅི་ཞིག་བྱ་བར་ནུས། །ཞེས་བསྟན་པ་ལྟ་བུའོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་འདི་ལྟར་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ལ་སྒྲིབ་པར་བྱེད་པའི་ལས་ངན་པ་ཡོད་ པས། ལས་ངན་པ་དེས་བྱང་ཆུབ་སེམས་དཔའི་སྒྲིབ་པ་མེད་པའི་ཡེ་ཤེས་ལ་སྒྲིབ་པར་བྱེད་པ་དེའི་ཕྱིར་ནུས་པ་དང་། དབུལ་པོ་དག་ཡོད་ཀྱང་ཡོངས་སུ་སྤོང་བར་བྱེད་དོ། །འདིར་ཡི་དགས་དང་ཀླུའི་དཔེ་ཁུངས་སུ་བསྟན་པར་བྱ་སྟེ། དཔེར་ན་ཀླུང་གི་ཆུ་སྒྲིབ་པ་མེད་ཅིང་བཏུང་བར་ བྱ་བ་ཡིན་མོད་ཀྱི། འོན་ཀྱང་ཡི་དགས་རྣམས་ཀྱི་ཉེས་པས་བཏུང་བར་མི་ནུས་སོ། །འདི་ཡང་དེ་བཞིན་ཏེ། དེ་ལ་ཀླུང་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔེའོ། །ཆུ་ནི་ལོངས་སྤྱོད་ཀྱི་དཔེའོ། །ཡི་དགས་ནི་སེམས་ཅན་གྱི་དཔེར་བསྟན་ཏེ། ཇི་ལྟར་ཡི་དགས་དེ་དག་ཀླུང་གི་ཆུ་ ཡོངས་སུ་དག་པ་ལ་བཏུང་ཞིང་སྤྱོད་པར་མི་དབང་བ་དེ་བཞིན་དུ། སེམས་ཅན་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ལ་སྤྱོད་པར་མི་དབང་ངོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་དེ་ལས་སེམས་ཅན་དེ་དག་ལ་ཟང་ཟིང་གི་སྦྱིན་པ་སྦྱིན་ན། དགེ་བའི་ཆོས་སྐྱེ་བའི་བར་དུ་ གཅོད་པ་ཉིད་དུ་མཐོང་བའི་ཕྱིར་དང་ཞེས་འབྱུང་སྟེ། འདི་ནི་རྒྱུ་གཉིས་པའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་དེ་དག་གི་ལོངས་སྤྱོད་ལ་ཉེས་པ་ལྕི་བ་མེད་པར་མཐོང་ཡང་། དེ་གལ་ཏེ་ལོངས་སྤྱོད་དག་འཐོབ་པར་ འགྱུར་ན། དེས་བག་མེད་པ་མང་ཞིང་སྡིག་པ་མི་དགེ་བའི་ཆོས་སྐྱེ་བར་མཐོང་ན། དེ་འདི་སྙམ་དུ་དེ་དག་ཚེ་འདི་ལ་ཅུང་ཟད་ཅིག་དབུལ་པོར་གྱུར་པ་ནི་བླའི། དེ་དག་མ་འོངས་པ་ན་ཚེ་རབས་མང་པོ་དབུལ་བར་མ་གྱུར་ཅིག་སྙམ་པའི་ཕྱིར། དེ་དག་ལ་ཟང་ཟིང་གི་སྦྱིན་པ་མི་བྱེད་དོ་ཞེས་ འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི། སེམས་ཅན་ཁ་ཅིག་ལ་ལས་ཀྱི་སྒྲིབ་པ་མེད་མོད་ཀྱི། བྱང་ཆུབ་སེམས་དཔའ་དེ་དག་རྒྱུན་དུ་དགེ་བའི་ཆོས་སྐྱེ་བར་མཐོང་ལ། གལ་ཏེ་ལོངས་སྤྱོད་དག་སྦྱིན་པར་གྱུར་ན། ལོངས་སྤྱོད་ཀྱི་བདེ་བ་མྱོང་ བའི་ཕྱིར་དེའི་དགེ་བའི་ཆོས་སྐྱེ་བའི་བར་དུ་གཅོད་པ་ཉིད་དུ་གྱུར་ན་འདི་སྙམ་དུ་སེམས་ཏེ། འདི་དག་དབུལ་བཞིན་དུ་དགེ་བའི་ཆོས་འཕེལ་བར་འགྱུར་བ་ནི་བླའི། འདི་དག་ལོངས་སྤྱོད་དང་ལྡན་པར་གྱུར་ནས་དགེ་བ་སྐྱེ་བའི་བར་དུ་ཆོད་པར་གྱུར་པ་ནི་མི་རུང་ངོ་སྙམ་ནས། རིགས་པ་དེས་ལོངས་སྤྱོད་དག་སྦྱིན་པར་མི་བྱེད་དོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་དེ་ལས་སེམས་ཅན་དེ་དག་དབུལ་པོར་གྱུར་ན་ཀུན་ཏུ་སྐྱོ་བ་མངོན་དུ་གྱུར་པར་མཐོང་བའི་ཕྱིར་དང་ཞེས་འབྱུང་སྟེ། འདི་ནི་རྒྱུ་གསུམ་པའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་ པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་དེ་དག་ནོར་དག་གི་ཕུང་པོར་གྱུར་ན། འཁོར་བ་ལ་ཤིན་ཏུ་སྐྱོ་བའི་སེམས་མངོན་དུ་གྱུར་ནས། ངེས་པར་འབྱུང་བ་ཚོལ་བར་འགྱུར་ལ། གལ་ཏེ་ལོངས་སྤྱོད་དག་ཐོབ་པར་གྱུར་ན་ནི་དྲེགས་པར་འགྱུར་བ་མཐོང་བའི་ཕྱིར་ཟང་ཟིང་དག་ གཏོང་བར་མི་བྱེད་དེ། དེ་འདི་སྙམ་དུ་དེ་དག་དབུལ་ཞིང་འཁོར་བ་ལས་སྐྱོ་བའི་སེམས་རྟག་པར་མངོན་དུ་གྱུར་པ་བླའི། དེ་ལོངས་སྤྱོད་ཐོབ་ནས་བདེ་བ་མྱོང་ཞིང་བག་མེད་པར་གྱུར་ཏེ། འཁོར་བ་ལས་སྐྱེ་བ་མེད་པས། སྡིག་པ་མི་དགེ་བའི་ཆོས་བསྐྱེད་པ་ནི་མི་རུང་ངོ་སྙམ་མོ་ཞེས་བཤད་དེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །གཞན་ཡང་བསྟན་བཅོས་དེ་ཉིད་ལས། སེམས་ཅན་དེ་དག་ལ་ལོངས་སྤྱོད་དག་སྦྱིན་ན་མི་དགེ་བའི་ཆོས་ལ་སོགས་པའི་རྒྱུ་ཉིད་དུ་མཐོང་བའི་ཕྱིར་དང་ཞེས་འབྱུང་སྟེ། འདི་ནི་རྒྱུ་བཞི་པའོ། །སློབ་དཔོན་ངོ་ བོ་ཉིད་མེད་ཀྱིས་འགྲེལ་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་དེ་དག་ལ་གལ་ཏེ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དག་བྱིན་ན་བག་མེད་པར་གྱུར་ཅིང་། སྡིག་པ་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དེ་དག་ལོངས་སྤྱོད་དག་སྦྱིན་པར་མི་ བྱེད་དེ། ཚིགས་སུ་བཅད་པ་ལས་ཇི་སྐད་དུ། ལོངས་སྤྱོད་དག་གིས་ཕོངས་པར་གྱུར་ནས་ནི། །ངན་འགྲོའི་ཉེས་པར་སྤྱོད་པ་སྤང་བླ་ཡི། །དེ་དག་ཕྱུག་པས་དབང་པོ་ཡེངས་གྱུར་ཏེ། །མ་འོངས་སྡུག་བསྔལ་སྣོད་གྱུར་མི་རུང་ངོ་། །ཞེས་གསུངས་པ་ལྟ་བུའོ་ཞེས་འབྱུང་སྟེ། སློབ་དཔོན་ དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །གཞན་ཡང་བསྟན་བཅོས་དེ་ཉིད་ལས། སེམས་ཅན་དེ་དག་ལ་གལ་ཏེ་ལོངས་སྤྱོད་དག་སྦྱིན་པར་གྱུར་ན། དེ་མ་ཡིན་པའི་སེམས་ཅན་ཆེས་མང་བ་དག་ལ་གནོད་པའི་རྒྱུ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེས་འབྱུང་སྟེ། འདི་ནི་ རྒྱུ་ལྔ་པའོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་དེ་དག་ལོངས་སྤྱོད་ཐོབ་པར་གྱུར་ན། དེས་སེམས་ཅན་མང་པོ་དག་ལ་གནོད་པ་ཉིད་དུ་མཐོང་བའི་ཕྱིར། དེ་དག་ལ་ལོངས་སྤྱོད་བདོག་པ་དག་སྦྱིན་པར་མི་བྱེད་དེ། དེ་ འདི་སྙམ་དུ་འདི་གཅིག་པུ་དབུལ་ཕོངས་པའི་སྡུག་བསྔལ་མྱོང་བ་ནི་བླའི། དེ་མ་ཡིན་པའི་སེམས་ཅན་ཆེས་མང་པོ་དག་ལ་གནོད་པར་གྱུར་ན་མི་རུང་ངོ་སྙམ་དུ་སེམས་སོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །གཞན་ཡང་བསྟན་ བཅོས་དེ་ལས་དེའི་ཕྱིར་སེམས་ཅན་བྲེལ་ཕོངས་པ་ཅན་དག་སྣང་ངོ་། །འདིར་ཚིགས་སུ་བཅད་པ་ཡོད་དེ། མཐོང་དང་ལས་སྒྲིབ་མངོན་གྱུར་དང་། །སོགས་གནོད་བྱེད་པ་མཐོང་བའི་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ལས་ནི། །སེམས་ཅན་ལོངས་སྤྱོད་མི་ཐོབ་བརྗོད། །ཅེས་ འབྱུང་སྟེ། འདི་ནི་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་སྤྱི་མཇུག་བསྡུ་བའོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། དོན་དེ་དག་ཡང་བསྟན་པའི་ཕྱིར། ཡང་ཚིགས་སུ་བཅད་པ་བསྟན་པ་ཡིན་ཏེ། སེམས་ཅན་དེ་དག་ལ་ལས་ཀྱི་སྒྲིབ་པ་ཡོད་པར་མཐོང་བའི་ ཕྱིར་དང་། དགེ་བ་སྐྱེ་བ་ལ་སྒྲིབ་པའི་ཕྱིར་དང་། ཀུན་དུ་སྐྱོ་བ་མངོན་དུ་གྱུར་པའི་ཕྱིར་དང་། སྡིག་པ་ལ་སོགས་པའི་ཕྱིར་དང་། གཞན་དག་ལ་གནོད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་གཏོང་བ་དག་འཐོབ་པར་མི་འགྱུར་བས། དེའི་ཕྱིར་སེམས་ཅན་བྲེལ་ཕོངས་དག་སྣང་ངོ་ ཞེས་བཤད་དོ། །ལང་གི་ཚེ་བསྒྱུར་བའི་འགྲེལ་པ་ལས་རྒྱུ་རྣམ་པ་བསྟན་པ་ཡང་དོན་ཕལ་ཆེར་མཐུན་པའི་ཕྱིར་འདིར་མ་བརྗོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ནོར་རིན་པོ་ཆེ་གཏོང་བ་ཡང་རྒྱ་མཚོ་ལྟ་བུར་གྱུར་པ་ཡིན་པས་ཉེས་པ་མེད་པ་ཡིན་གྱི། དེ་ནི་སེམས་ཅན་ རྣམས་ཀྱི་རང་གི་ལས་ཀྱི་ཉེས་པས་ན། ཡི་དྭགས་བཞིན་དུ་རང་གི་ལས་ཀྱི་སྟོབས་ཀྱིས་འབྲས་བུ་མེད་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་གསུམ་པ་དཔེ་དང་དོན་དུ་སྦྱར་བ་སྟེ། མདོ་དེ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཡི་དྭགས་ནི་ རྣམ་པ་གཉིས་ཏེ། ཟིལ་གྱིས་གནོན་པའི་ཡི་དྭགས་དང་། ཡི་དྭགས་ལྟོགས་པའོ། །ཟིལ་གྱིས་གནོན་པའི་ཡི་དགས་ནི། ལྷ་དག་དང་དབང་འདྲ་བ་བདེ་བ་མྱོང་བ་སྟེ། ཡི་དགས་ལྟོགས་པ་དང་ལྷན་ཅིག་གནས་ཏེ། དེ་དག་གི་བདག་པོ་བྱེད་དོ། །ཡི་དྭགས་ལྟོགས་ པའི་ལྟོ་ནི་རི་རབ་ཙམ་མོ། །མིད་པ་ནི་ཁབ་མིག་ཙམ་མོ། །ལུས་ཀྱི་པགས་པ་དང་། རྩ་རྒྱུས་དང་། རུས་པ་ནི་རྣག་གོ། །ལོ་བརྒྱད་སྟོང་གྲངས་མེད་པ་དག་ཏུ་ཟས་དང་། སྐོམ་གྱི་མིང་ཡང་ཐོས་པར་མི་འགྱུར་ན། མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། ཡི་དགས་ཁ་ཅིག་ནི་ཁ་ནས་མེ་འབར་ཞིང་ཕྱེ་མ་ལེབ་མེར་ མཆོངས་པ་དག་ཟ་བ་ཡང་ཡོད་དོ། །ཁ་ཅིག་ནི་ཕྱི་ས་དང་། མཆིལ་མ་དང་། སྣབས་དང་། རྣག་ཁྲག་དག་ཟ་ཞིང་འཐུང་བ་ཡང་ཡོད་དོ། །ཁ་ཅིག་ནི་གཏོར་མ་དང་བཅས་པའི་མི་གཙང་བ་སྣ་ཚོགས་ཟ་བ་ཡང་ཡོད་དོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཡི་དགས་མདོར་བསྡུ་ ན་རྣམ་པ་གཉིས་ཏེ། ཟས་དང་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ་ཡོད་པ་དང་། ཟས་དང་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་དང་། ཟས་དང་སྐོམ་ལ་སྒྲིབ་པ་མེད་པའོ། །དེ་ལ་ཟས་དང་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ་ཡོད་པ་གང་ཞེ་ན། འདི་ལྟ་སྟེ་སེམས་ཅན་གང་དག་སེར་སྣ་ཤས་ཆེར་བསྟེན་པའི་ཕྱིར། ཡི་དགས་ཀྱི་གནས་ སུ་སྐྱེས་པ་དེ་དག་ཀྱང་བཀྲེས་ཤིང་སྐོམ་པ་དང་ལྡན་པས་པགས་པ་དང་། ཤ་དང་ཁྲག་ཀུན་སྐམས་ནས་སྡོང་དུམ་ཚིག་པ་ལྟ་བུར་འདུག་ལ། གདོང་སྐྲས་ཁེབས་པ་དང་། བཀྲེས་ཤིང་སྐོམ་པ་དང་ལྡན་པའི་བཞིན་དང་། ཁ་ཤིན་ཏུ་སྐམས་ལྕེས་བླངས་པ་དང་། བཞིན་གྱུར་པས་ཆུ་མིག་དང་། མཚོ་དང་། མཚེའུ་རྣམས་སུ་དེ་དང་། དེར་ཀུན་ཏུ་རྒྱུ་བར་བྱེད་དེ། དེ་དག་ཏུ་ཡང་སེམས་ཅན་ལག་ན་རལ་གྲི་ཐོགས་པ་དང་། ལག་ན་མདུང་ཐོགས་པ་དང་། གཞན་དག་གིས་ཆུ་མིག་དང་། མཚེའུ་དང་། མཚོ་དེ་དག་ལས་ཕྱིར་འགོག་པར་བྱེད་ལ། ཆུ་དེ་ཡང་རྣག་དང་ཁྲག་ཏུ་མཐོང་སྟེ། དེ་ན་དེ་དག་བདག་ཉིད་ ཀྱང་འཐུང་མི་འདོད་པར་འདུག་སྟེ། དེ་ལྟ་བུ་དེ་དག་ནི་ཟས་དང་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ་ཡོད་པའི་ཡི་དགས་ཞེས་བྱའོ། །ཟས་དང་སྐོམ་ལ་ནི་ནང་གི་སྒྲིབ་པ་ཡོད་པ་གང་ཞེ་ན། འདི་ལྟ་སྟེ། ཁ་ཁབ་ལ་ཁ་འབར་བ་དང་། ལྦ་བ་ཅན་དང་། གསུས་པོ་ཆེ་སྟེ། འདི་ལྟར་དེ་དག་གཞན་གྱིས་གེགས་མ་བྱས་པར་བདག་ ཉིད་ཀྱིས་ཟས་དང་སྐོམ་རྙེད་དུ་ཟིན་ཀྱང་། བཟའ་བར་མི་ནུས་པ་དེ་ལྟ་བུ་དེ་དག་ནི། ཟས་དང་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པའི་ཡི་དགས་རྣམས་ཞེས་བྱའོ། །ཟས་དང་སྐོམ་ལ་སྒྲིབ་པ་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཡི་དགས་མེ་ལྕེའི་ཕྲེང་བ་ཅན་ཞེས་བྱ་བ་ཡོད་དེ། དེ་དག་གིས་ཟོས་སོ་ཅོག་དང་། འཐུངས་ སོ་ཅོག་ཐམས་ཅད་ཚིག་པར་འགྱུར་ཏེ། དེས་ན་དེ་དག་གི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་ནམ་ཡང་མེད་པར་མི་འགྱུར་རོ། །ཡི་དགས་ལྗན་ལྗིན་ཟ་བ་དག་ཀྱང་ཡོད་དེ། དེ་དག་ཁ་ཅིག་གིས་ཕྱི་ས་ཟ་ཞིང་གཅིན་འཐུངས་ཏེ་གང་མི་གཙང་ཞིང་མནམ་ལ་དྲི་ང་བ་དང་། གནོད་པ་དང་སྨད་པར་བྱ་བ་དེ་ནི་ཟ་ བའམ་འཐུང་བར་ནུས་སོ། །ཡང་ཁ་ཅིག་ནི་རང་གི་ཤ་རྣམས་ཀྱང་བཅད་དེ་ཟ་ལ། གཙང་བའམ་བསོད་པ་གང་ཡིན་པ་དེ་ནི་བཟའ་བ་དང་བཏུང་བར་མི་ནུས་ཏེ། དེ་ལྟ་བུ་དེ་དག་ནི་ཟས་དང་སྐོམ་ལ་སྒྲིབ་པ་མེད་པའི་ཡི་དྭགས་རྣམས་ཞེས་བྱ་བ་ཞེས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དག་གིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་འཛིན་པར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་བདུན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་རྣམས་ཀྱི་ངོ་བོ་ཉིད་ མེད་པ་ཡོངས་སུ་འཛིན་པ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་ལྔས་བསྟན་ཏེ། ཞུ་བ་གསོལ་བ་དང་། ལན་གསུངས་པ་དང་། གལ་དུ་གསོལ་བ་དང་། རུང་བ་ཉིད་དུ་སྒྲུབ་པ་དང་། མཇུག་བསྡུ་བའོ། །འདི་ནི་དང་པོ་བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་སྟེ། ཕ་རོལ་ཏུ་ ཕྱིན་པ་དྲུག་པོ་དག་ལས་ཕ་རོལ་ཏུ་ཕྱིན་པ་གང་གིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་འཛིན་པར་བགྱིད་ཅེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་རྣམས་ཀྱི་ ངོ་བོ་ཉིད་མེད་པ་འཛིན་པར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་དུ་འཛིན་པར་ བྱེད་དེ། འདིར་གསུངས་པའི་ངོ་བོ་ཉིད་མེད་པ་ཉིད་ནི། དེ་བཞིན་ངོ་བོ་ཉིད་མེད་པ་ཉིད་དོ། །ཡང་ན་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་མོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་འཛིན་པ་ལགས་ན། ཅིའི་སླད་དུ་ ངོ་བོ་ཉིད་དང་བཅས་པ་ཉིད་དུ་འཛིན་པར་མི་བགྱིད་ལགས་ཞེས་བྱ་བ་ནི་གསུམ་པ་བྱང་ཆུབ་སེམས་དཔའ་གལ་གསོལ་བ་ཉིད་དེ། དེ་ནི་འདི་སྐད་དུ་གལ་ཏེ་ངོ་བོ་ཉིད་མ་མཆིས་པ་ཉིད་ཀྱང་འཛིན་པར་བྱེད་ན། འོ་ན་ནི་མངོན་པར་ཞེན་པ་ཉིད་དུ་གྱུར་པས། མངོན་པར་ཞེན་པ་ཡང་འཛིན་པར་རིགས་ན་ཅིའི་ སླད་དུ་ངོ་བོ་ཉིད་མེད་པ་ཉིད་དང་བཅས་པ་ཉིད་འཛིན་པར་མི་བགྱིད་ཅེས་བསྟན་པར་འགྱུར་རོ། །བཤད་པའི་རྣམ་པ་གཞན་དུ་ན། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་འཛིན་པར་བྱེད་ན་ནི། ངོ་བོ་ཉིད་དང་བཅས་པ་ཉིད་ཀྱང་འཛིན་པར་འགྱུར་བའི་རིགས་ཏེ། འདི་ ལྟར་དེ་བཞིན་ཉིད་ཀྱི་རྣམ་པ་གཅིག་ལ་ངོ་བོ་ཉིད་དང་བཅས་པ་དང་། ངོ་བོ་ཉིད་མེད་པའི་དོན་ཚང་བར་ཡོད་པའི་ཕྱིར་རོ། །ཡང་ན་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་དག་ལ་ཡང་ངོ་བོ་ཉིད་མེད་པ་དང་། ངོ་བོ་ཉིད་དང་བཅས་པའི་དོན་ཡང་རྣམ་པ་གཉིས་ཀྱང་ཡོད་ན་ཅིའི་ཕྱིར་ངོ་བོ་ཉིད་དང་བཅས་པའི་དོན་ འཛིན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རིགས་ཀྱི་བུ་ང་ནི་ནམ་ཡང་ངོ་བོ་ཉིད་མེད་པ་ཉིད་ཀྱིས། ངོ་བོ་ཉིད་མེད་པ་ཉིད་འཛིན་པར་མི་སྨྲ་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་བཞི་པ། དེ་བཞིན་གཤེགས་པས་རུང་བ་ཉིད་དུ་སྒྲུབ་པ་བསྟན་ཏོ། །འདི་ཡང་རྣམ་པ་གསུམ་སྟེ། བཟློག་པའི་རྣམ་པར་བཤད་པ་དང་། རྗེས་སུ་མཐུན་པའི་རྣམ་པར་བཤད་པ་དང་། རྒོལ་བའི་ལན་བསྟན་པའོ། །འདི་ནི་བཟློག་པའི་རྣམ་པར་བཤད་པས་ཕ་རོལ་གྱིས་བརྒལ་བའི་ལན་བཏབ་པའོ། །འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ང་ནི་ནམ་ཡང་ངོ་བོ་ཉིད་མེད་པ་ཉིད་ལ་མངོན་པར་ཞེན་པ་ངོ་བོ་ཉིད་མེད་པ་ཉིད་ འཛིན་པར་མི་སྨྲ་བའི་ཕྱིར། ངས་ངོ་བོ་ཉིད་དང་བཅས་པ་ཉིད་འཛིན་པ་མི་གསུང་ངོ་ཞེས་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ང་ནི་ནམ་ཡང་ངོ་བོ་ཉིད་མེད་པ་ཉིད་འཛིན་པར་ང་མི་སྨྲ་སྟེ། འདི་ལྟར་ངོ་བོ་ཉིད་མེད་པ་ཉིད་ནི་མིང་ཚིག་དང་བྲལ་བའི་ཕྱིར་ཏེ། དེའི་ཕྱིར་ངོ་བོ་ཉིད་དང་བཅས་པ་ཉིད་འཛིན་པར་བྱེད་དོ་ ཞེས་བརྗོད་པར་མི་བྱའོ་ཞེས་བསྟན་པ་ཡིན་ནོ་ཞེའོ། །འོན་ཀྱང་ངོ་བོ་ཉིད་མེད་པ་ཉིད་ཡི་གེ་རྣམས་དང་བྲལ་ན་ནང་གི་སོ་སོ་རང་གིས་རིག་པ་ཞེས་བྱ་བས་ནི་གཉིས་པ་རྗེས་སུ་མཐུན་པའི་རྣམ་པར་བཤད་པས་ངོ་བོ་ཉིད་མེད་པ་ནི་ཚིག་བྲལ་བའི་ཕྱིར་ཏེ། དེའི་ཕྱིར་ངོ་བོ་ཉིད་དང་བཅས་པ་ཉིད་འཛིན་ན་ནང་གི་སོ་སོ་ རང་གིས་རིག་པ་ཉིད་དུ་བསྟན་པའོ། །འདི་ནི་གོང་དུ་མདོ་དེ་ཉིད་ལས་ངས་དོན་དམ་པ་ནི་བརྗོད་དུ་མེད་པ་ཡིན་པར་བཤད་ལ། རྟོག་པ་དང་དཔྱོད་པ་ནི་བརྗོད་པའི་སྤྱོད་ཡུལ་ལ་སྤྱོད་པས་ཞེས་གསུངས་པ་དང་། གཞན་ཡང་དོན་དམ་པ་ནི་འཕགས་པ་རྣམས་ཀྱི་ནང་གི་སོ་སོ་རང་གིས་རིག་པ་ཡིན་པར་བཤད་ ལ། རྟོག་པ་དཔྱོད་པའི་སྤྱོད་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་རིག་པར་བྱ་བ་ཡིན་པས་ཞེས་གསུངས་པ་ཉིད་དོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་ནི་ཆོས་བདག་མེད་པའི་ཡེ་ཤེས་ལ་རིང་དུ་ཞུགས་པ་དེས་ཆོས་ཐམས་ཅད་ཀྱི་བརྗོད་ དུ་མེད་པའི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པས་དངོས་པོ་ཙམ་མམ་དེ་བཞིན་ཉིད་ཙམ་དུ་འཛིན་པ་མ་གཏོགས་པར་ཆོས་གང་ལ་ཡང་རུང་སྟེ། ཇི་ལྟ་བུར་ཡང་རྣམ་པར་རྟོག་པར་མི་བྱེད་དོ། །འོན་ཀྱང་དེ་འདི་སྙམ་དུ་འདི་ནི་དངོས་པོ་ཙམ་མོ། །འདི་ནི་དེ་བཞིན་ཉིད་ཙམ་མོ་སྙམ་དུ་ ཡང་མི་སེམས་པར་དོན་སྤྱོད་པར་བྱེད་དོ་ཞེས་འབྱུང་ངོ་། །བརྗོད་པ་དང་ཡི་གེ་སྤངས་པས་ཀྱང་བསྟན་པར་མི་ནུས་པས་ཞེས་བྱ་བ་ནི་གསུམ་པ་རྒོལ་བའི་ལན་བསྟན་པའོ། །ཁ་ཅིག་འདི་སྐད་དུ་གལ་ཏེ་དེ་ལྟ་ན། ཅིའི་ཕྱིར་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངོ་བོ་ཉིད་མེད་པ་ཉིད་ཡིན་ན་འཛིན་པར་ བྱེད་ཅེས་བསྟན་སྙམ་པ་ལ། དེའི་ཕྱིར་འདིར་བརྗོད་པ་སྤངས་པས་ཀྱང་བསྟན་པར་མི་ནུས་པས་ཞེས་བྱ་བ་གསུངས་ཏེ། འདིས་དྲིས་པ་དང་ལན་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་དེ་ཉིད་ལས་གལ་ཏེ་ཆོས་ཐམས་ཅད་བརྗོད་དུ་མེད་ པའི་ངོ་བོ་ཉིད་ཡིན་ན། ཅིའི་ཕྱིར་སྦྱོར་བར་བྱེད་ཅེ་ན། སྨྲས་པ། འདི་ལྟར་བརྗོད་པ་མེད་ན་ཡང་། བརྗོད་དུ་མེད་པའི་ཆོས་ཉིད་དེ་གཞན་དག་ལ་བསྙད་པ་དང་། ཐོས་པར་བྱེད་ཀྱང་མི་ནུས་ལ། ཚིག་དང་ཐོས་པ་མེད་ན་ཡང་བརྗོད་དུ་མེད་པའི་ངོ་བོ་ཉིད་དེ་ཤེས་པར་མི་ནུས་སོ། །དེ་བས་ན་ཐོས་པ་ དང་། ཤེས་པར་བྱ་བའི་ཕྱིར་བརྗོད་པ་ཡང་སྦྱོར་བར་བྱེད་དོ་ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་དེ་ཉིད་ལས་ཆོས་ཐམས་ཅད་ཀྱང་བརྗོད་དུ་མེད་པའི་བདག་ཉིད་དང་། སྤྲོས་པ་ཆད་པ་དང་། ཚིག་གི་སྤྱོད་ཡུལ་ལས་འདས་པའི་ངོ་བོ་ཉིད་ཡིན་པས་དེ་དག་ནི་བརྗོད་པ་ལ་ བརྟེན་ནས་གཟུང་བར་བྱ་བ་དང་། བལྟ་བར་བྱ་བ་དང་། རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་ཟབ་མོ་མཐོང་བར་དཀའ་བ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་ངོ་། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་འཛིན་པར་བྱེད་དོ་ཞེས་བརྗོད་དོ་ཞེས་བྱ་བ་ནི་ལྔ་པ་མཇུག་ བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་དང་ཉེ་བའི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་གང་གསུངས་ པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་ནི་གང་ལགས། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལགས། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ནི་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅོ་བརྒྱད་པ་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་གསུངས་པས་བསྟན་ཏེ། འདི་ནི་ཞུ་ བ་གསོལ་བ་ཉིད་དོ། །མདོའི་ཞུ་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སྔར་གསུངས་པ་ཉིད་གསུངས་པ་དང་། སྨོས་པ་དང་། གང་ཞུ་བའི་དངོས་པོ་ཉིད་སྨོས་པའོ། །དཔེ་ཁ་ཅིག་ལས་ནི་གང་ཞུ་བའི་དངོས་པོ་སྨོས་པ་ལས་ནི་གསུམ་འབྱུང་ལ། གང་ཞུ་བའི་དངོས་པོ་སྨོས་པའི་སྐབས་ ནས་ནི་གཉིས་འབྱུང་བས། ཞུ་ཚིག་དང་པོ་མ་ཚང་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། མཚམས་རྣམ་པར་དགྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ཞུ་ཚིག་གསུམ་འབྱུང་བའི་ཕྱིར་མ་ཚང་བར་མངོན་ནོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་དུས་དཔག་ཏུ་མེད་པ་ནས་སྦྱིན་པ་ལ་སོགས་པས་ཡོངས་སུ་བསྒོམས་པས་དགེ་བའི་ཆོས་དང་ལྡན་པ་ཡིན་ཡང་། ཉོན་མོངས་པ་རྣམས་ཀུན་ཏུ་འབྱུང་ཞིང་ས་དེ་ཟིལ་གྱིས་ གནོན་པར་མི་ནུས་ཀྱི་དེ་ཟིལ་གྱིས་གནོན་པར་འགྱུར་བ་འདི་ལྟ་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པ་ཆུང་ངུ་དང་། འབྲིང་ལ་ཞུགས་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་ པ་གསུམ་དུ་བསྟན་པ་ཉིད་ལས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་ཞུས་པ་དང་པོའི་ལན་དུ་གསུངས་པའོ། །འདི་དག་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་སྦྱིན་པ་ལ་སོགས་པ་བསྒོམས་པའི་མིང་རྣམ་པ་གསུམ་གྱི་བྱེ་བྲག་ཡིན་ཏེ། འདི་ལྟར་བསྐལ་པ་གྲངས་མེད་པ་དང་པོ་སྦྱིན་པ་ལ་སོགས་པ་མངོན་ པར་བསྒྲུབས་ན་མི་མཐུན་པའི་ཕྱོགས་དྲུག་ཀུན་དུ་འབྱུང་བས་དེ་དག་ཟིལ་གྱིས་གནོན་པར་མི་ནུས་ཀྱི་མི་མཐུན་པའི་ཕྱོགས་དྲུག་པོ་དག་གིས་ཟིལ་གྱིས་གནོན་པར་འགྱུར་བའོ། །འདི་ལྟ་སྟེ། མོས་པའི་ས་ལ་ཞེས་བྱ་བས་ནི་སའི་གནས་སྐབས་བསྟན་ཏོ། །མོས་པ་ཆུང་ངུ་དང་། འབྲིང་ལ་ཞུགས་ པ་ཞེས་བྱ་བས་ནི་བསྒོམས་པའི་དུས་བསྟན་ཏེ། ས་མདུན་རོལ་པའི་བསྒོམས་པ་དག་ནི་ད་དུང་ཆེན་པོ་ཉིད་དུ་མི་འགྱུར་གྱི། མོས་པ་ཆུང་ངུ་དང་། འབྲིང་ཁོ་ན་ལ་འཇུག་པའི་དུས་ཡིན་པའི་ཕྱིར་རོ། །དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ་ཞེས་བྱ་བ་ནི་མིང་བསྟན་པའི་མཇུག་བསྡུ་བའོ། །ཡང་དུས་དཔག་ཏུ་ མེད་པ་ནས་ཡོངས་སུ་བསྒོམས་པའི་སྦྱིན་པ་ལ་སོགས་པ་ཁད་ཀྱིས་དབང་དུ་གྱུར་ཅིང་དགེ་བའི་ཆོས་དང་ལྡན་པས་ཉོན་མོངས་པ་རྣམས་ཀུན་དུ་འབྱུང་ཡང་། དེ་ཟིལ་གྱིས་གནོན་ཅིང་དེས་ཟིལ་གྱིས་གནོན་པར་མི་འགྱུར་བ་འདི་ལྟ་སྟེ། ས་དང་པོ་ནས་བཟུང་བ་འདི་ལྟ་སྟེ། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ ཞེས་བྱ་བ་ནི་ཞུས་པ་གཉིས་པའི་ལན་དུ་གསུངས་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རྣམ་པར་བཤད་པ་དང་། སའི་གནས་སྐབས་བསྟན་པ་དང་། མཇུག་བསྡུ་བའོ། །འདི་ལྟར་ས་དང་པོ་ཡན་ཆད་ཀྱིས་བསྐལ་པ་གྲངས་མེད་པ་གཉིས་པ་དག་ཏུ་ཡོངས་སུ་བསྒོམས་པའི་སྦྱིན་ པ་ལ་སོགས་པ་ཁད་ཀྱིས་དབང་དུ་གྱུར་པའི་ཕྱིར། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཀུན་དུ་འབྱུང་བར་འགྱུར་མོད་ཀྱི། འོན་ཀྱང་དེ་དག་ཟིལ་གྱིས་གནོན་ཅིང་། དེ་དག་གིས་ཟིལ་གྱིས་གནོན་པར་མི་འགྱུར་བ་གང་ཡིན་པ་དེ་ནི་ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དཔག་ ཏུ་མེད་པ་ནས་ཡོངས་སུ་བསྒོམས་པའི་སྦྱིན་པ་ལ་སོགས་པ་ཆེས་དབང་དུ་གྱུར་ཅིང་། དགེ་བའི་ཆོས་དང་ལྡན་པས་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་མི་འབྱུང་བ་འདི་ལྟ་སྟེ། ས་བརྒྱད་པ་ནས་བཟུང་བ་དེ་ནི། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་ཞུས་པ་གསུམ་པའི་ལན་ གསུངས་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ་གོང་མ་བཞིན་དུ་རིག་པར་བྱའོ། །འདི་ལྟར་བརྒྱད་པ་ཡན་ཆད་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་པ་དག་ཏུ་ཡོངས་སུ་བསྒོམས་པ་ལ་སོགས་པ་ཆེས་དབང་དུ་གྱུར་པའི་ཕྱིར་དང་། རྟག་ཏུ་རྣལ་འབྱོར་ལ་ཞུགས་པའི་ཕྱིར་ཉོན་མོངས་པ་ ཐམས་ཅད་ཀུན་ཏུ་མི་འབྱུང་བའོ། །ས་བརྒྱད་པ་ཡན་ཆད་རྩོལ་བ་མེད་པར་སྤྱོད་པ་རེ་རེ་བསྐོམས་པ་ལ་སོགས་པ་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་ཆེན་པོ་ཞེས་བྱའོ་ཞེས་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང་། མདོ་འདི་ལས་གསུངས་པ་དང་དོན་མཐུན་པར་སྟོན་ཏོ། །དེའི་ཕྱིར་དེ་ཉིད་ལས་ རྒྱུའི་གནས་སྐབས་རྣམ་པ་བཅུ་པོ་འདི་དག་ལ་མིང་རྣམ་པ་གསུམ་ཡོད་དེ། དང་པོ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བསྐལ་པ་གྲངས་མེད་པ་དང་པོ་ལ་དེའི་ཚེ། སྦྱིན་པ་ལ་སོགས་པ་མཐུ་ཆུང་བས་ཉོན་མོངས་པ་དག་གིས་ཟིལ་གྱིས་གནོན་ཅིང་དེ་དག་ཟིལ་གྱིས་གནོན་པར་མི་ནུས་པ་དེས་ནི་ཉོན་ མོངས་པ་ལ་ཀུན་ཏུ་འབྱུང་བར་མི་གཏོགས་སོ། །གཉིས་པ་ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བསྐལ་པ་གྲངས་མེད་པ་གཉིས་པ་ལ་དེའི་ཚེ་སྦྱིན་པ་ལ་སོགས་པའི་མཐུ་སྟོབས་ཁད་ཀྱིས་འཕེལ་བར་གྱུར་པས་ཉོན་མོངས་པས་ཟིལ་གྱིས་གནོན་པར་འགྱུར་བ་མ་ཡིན་ནོ། །དེ་དག་ཟིལ་གྱིས་ གནོན་པར་གྱུར་པ་དེས་ན་ཉོན་མོངས་པ་ལ་ཆེད་དུ་ཀུན་ཏུ་སྤྱོད་དོ། །གསུམ་པ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བསྐལ་པ་གྲངས་མེད་པ་གསུམ་ལ་དེའི་སྦྱིན་པ་ལ་སོགས་པའི་མཐུ་སྟོབས་ཆེས་འཕེལ་བར་འགྱུར་བས་ཉོན་མོངས་པ་ཐམས་ཅད་གཏན་དུ་ཟིལ་གྱིས་གནོན་པར་ནུས་པ་དེས་ན་ཉོན་ མོངས་པ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ཏུ་མི་འབྱུང་སྟེ། འོན་ཀྱང་ཤེས་བྱ་ཕྲ་མོ་ཀུན་ཏུ་འབྱུང་བའི་ས་བོན་དང་། ཉེ་བའི་ཉོན་མོངས་པའི་ས་བོན་དང་ལྡན་པའི་ཕྱིར་དང་། མཐར་ཕྱིན་པ་མ་ཡིན་ནོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཞེས་ བཤད་དེ། དེའི་ཕྱིར་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་ཡང་། བསྐལ་པ་ཆེན་པོ་གྲངས་མེད་པ་དང་པོ་ལ་ནི་ཆུང་བར་རིག་པར་བྱའོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གཉིས་པ་ལ་ནི་འབྲིང་ཞེས་བྱའོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་ལ་ནི་ཆེ་བར་ རིག་པར་བྱའོ་ཞེས་འབྱུང་སྟེ། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངས་སུ་འཛིན་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ ནི་མདོ་འདི་དང་ཅུང་ཟད་ཐ་དད་དེ། འདི་ལྟར་མདོ་སྡེ་ལས། ཕ་རོལ་ཏུ་ཕྱིན་པ་དང་། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ནི་སའི་མདུན་རོལ་པ་དང་སྦྱར་ཞིང་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ནི་ས་དང་པོ་ཡན་ཆད་ས་བཅུ་པ་མན་ཆད་དང་སྦྱར་བར་སྟོན་པས་སོ། །གཞན་ཡང་དེ་ལས་སའི་མདུན་རོལ་གྱི་བྱང་ཆུབ་སེམས་དཔའ་ཡང་ ཉོན་མོངས་པ་ཟིལ་གྱིས་གནོན་པར་བྱེད་ཀྱི། ཉོན་མོངས་པས་ཟིལ་གྱིས་གནོན་པ་ནི་མ་ཡིན་ནོ་ཞེས་འབྱུང་བ་ནི་ལོ་ཙཱ་བ་དག་གིས་ནོར་ཏོ།། །།བམ་པོ་དྲུག་ཅུ་བཞི་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་དེ་དག་ལ་ཉོན་མོངས་པའི་བག་ལ་ཉལ་དུ་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་རྣམས་ལ་བརྟེན་ནས། ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་དང་། མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པ་བག་ལ་ཉལ་ལ་སོགས་པ་རབ་ཏུ་དབྱེ་བ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། བག་ལ་ཉལ་བའི་གྲངས་ མང་ཉུང་རབ་ཏུ་དབྱེ་བ་དང་། གནས་ངན་ལེན་སྤངས་པས་རབ་ཏུ་དབྱེ་བ་དང་། གནས་ངན་ལེན་སྤངས་པའི་དུས་རབ་ཏུ་དབྱེ་བ་དང་། བྱང་ཆུབ་སེམས་དཔའི་ཉོན་མོངས་པ་དང་། སྐྱོན་དང་ཡོན་ཏན་རབ་ཏུ་དབྱེ་བ་སྟེ། འདི་ནི་དང་པོའི་བག་ལ་ཉལ་གྱི་རྣམ་པའི་གྲངས་མང་ཉུང་རབ་ཏུ་དབྱེ་བའོ། །འདི་ཡང་ཞུ་བ་ གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བའོ། །རྗེས་སུ་འབྲང་བའི་བག་ལ་ཉལ་རྣལ་འབྱོར་པའི་རྗེས་སུ་ཉལ་ཞིང་མི་ལྡན་པའི་ཕྱིར་བག་ལ་ཉལ་ཞེས་བྱའོ། །ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཡུལ་གྱི་རྗེས་སུ་ འཕེལ་བར་བྱེད་པའི་ཕྱིར་བག་ལ་ཉལ་ཞེས་བྱའོ་ཞེས་བཤད་དོ། །ཕལ་ཆེན་པའི་སྡེ་པ་དག་ནི་མངོན་དུ་སྤྱོད་པ་ནི་ཀུན་ནས་དཀྲིས་པ་ཞེས་བྱའོ། །མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ནི་བག་ལ་ཉལ་ཞེས་བྱའོ་ཞེས་བཤད་དེ། གཞུང་ལུགས་ཀྱི་འཁོར་ལོའི་བསྟན་བཅོས་ ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་སྐད་ཅེས་སྟོན་པ་དེ་དག་ནི་རིགས་པ་དང་མཐུན་པ་མ་ཡིན་ཏེ། བག་ལ་ཉལ་གྱི་མིང་གི་དོན་དང་མཐུན་པ་མ་ཡིན་པའི་ཕྱིར་ཏེ་དེའི་ཕྱིར་མདོ་སྡེ་དང་ཐེག་པ་ཆེན་པོའི་གཞུང་གིས་ནི་ས་བོན་ལ་བག་ལ་ཉལ་ཞེས་བྱའོ་ཞེས་བཤད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་མདོར་བསྡུ་ན་རྣམ་པ་གསུམ་ཡོད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གྲངས་སྨོས་ནས་ལན་མདོར་གསུངས་པ་ དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཉོན་མོངས་པའི་ས་བོན་ནི་རྣམ་པ་མང་མོད་ཀྱི། མདོར་བསྟན་ན་རྣམ་པ་གསུམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །གྲོགས་ཡང་དག་པར་བཅོམ་པའི་བག་ལ་ཉལ་འདི་ལྟ་སྟེ། སྔ་མའི་ས་ལྔ་པོ་དག་གོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཀུན་དུ་འབྱུང་བའི་ཉོན་མོངས་པ་རྣམས་ནི་ལྷན་ཅིག་སྐྱེས་པའི་ཉོན་མོངས་པ་ཀུན་དུ་འབྱུང་བའི་གྲོགས་ཡིན་ཏེ། དེ་དེའི་ཚེ་བསྟན་དུ་མེད་ཅིང་ཡང་ཡོད་པར་མི་འགྱུར་བས། དེའི་ཕྱིར་གྲོགས་ཡང་དག་པར་བཅོམ་པའི་བག་ལ་ཉལ་ཞེས་བྱའོ་ཞེས་བྱ་བ་ལ་ སོགས་པས་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་བག་ལ་ཉལ་རྣམ་པ་གསུམ་རྣམ་པར་ཕྱེ་སྟེ་བཤད་པ་ཉིད་ཀྱིས་རྣམ་པ་གསུམ་དུ་ཕྱེ་སྟེ། འདི་ནི་དང་པོ་གྲོགས་ཡང་དག་པར་བཅོམ་པའི་བག་ལ་ཉལ་རྣམ་པར་བཤད་པའོ། །མདོའི་ཚིག་འདི་ཡང་རྣམ་པ་ལྔར་ དབྱེ་སྟེ། མིང་མདོར་བསྟན་པ་དང་། གནས་སྐབས་བསྟན་པ་དང་། བརྟགས་པ་དང་། ཡང་དག་པར་རྣམ་པར་བཤད་པ་དང་། མཇུག་བསྡུ་བ་བསྟན་པའོ། །དེ་ལ་གྲོགས་ཡང་དག་པར་བཅོམ་པའི་བག་ལ་ཉལ་ཞེས་བྱ་བ་ནི་མིང་མདོར་བསྟན་པའོ། །འདི་ལྟ་སྟེ། སྔ་མའི་ས་ལྔ་པོ་དག་གོ་ཞེས་ བྱ་བ་ནི་གནས་སྐབས་བསྟན་པའོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་བརྟགས་པའོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་མིང་གི་དོན་ཡང་དག་པར་རྣམ་པར་བཤད་པའོ། །ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན། ཉོན་མོངས་པ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་འགྱུར་ཏེ། ལྷན་ཅིག་ སྐྱེས་པ་དང་ཀུན་བརྟགས་པ་ལས་འབྱུང་བའོ། །དེ་ལ་ཀུན་བརྟགས་པ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའོ། །ལྷན་ཅིག་སྐྱེས་པ་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བདག་ཏུ་འཛིན་པ་རྣམས་ ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང་ཀུན་དུ་བརྟགས་པའོ། །དེ་ལ་ལྷན་ཅིག་སྐྱེས་པའི་བདག་ཏུ་འཛིན་པ་ནི་ཐོག་མ་མེད་པའི་དུས་ན་ཡང་དག་པ་མ་ཡིན་པས་ཡོངས་སུ་བསྒོས་པའི་བག་ཆགས་ཀྱི་རྒྱུའི་སྟོབས་ཀྱི་ཕྱིར། རྒྱུན་དུ་ལུས་དང་ལྷན་ཅིག་པ་ལོག་པའི་བསྟན་པ་དང་། ལོག་ པར་རྟོག་པ་ལ་མི་ལྟོས་པར་རང་གི་ངང་གིས་འཇུག་པའི་ཕྱིར་ལྷན་ཅིག་སྐྱེས་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས་ཀུན་དུ་བརྟགས་པའི་བདག་ཏུ་འཛིན་པ་ནི་ད་ལྟར་གྱི་ཕྱི་རོལ་གྱི་རྐྱེན་གྱི་སྟོབས་ཀྱིས་ལུས་དང་ལྷན་ཅིག་མ་ཡིན་པ་ལོག་ པའི་བསྟན་པ་དང་། ལོག་པར་རྟོག་པ་ལ་ལྟོས་ནས་གདོད་འབྱུང་བའི་ཕྱིར་ཀུན་དུ་བརྟགས་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཀུན་དུ་འབྱུང་བའི་ཉོན་མོངས་པ་རྣམས་ཞེས་གསུངས་པ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཀུན་དུ་ བརྟགས་པའི་ཉོན་མོངས་པ་ལ་བྱའོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དྲུག་པོ་དག་དང་མཚུངས་པར་ལྡན་པ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྟེ། མཐོང་བའི་ལམ་གྱི་གནས་སྐབས་ཀྱི་མདུན་རོལ་དུ་ནི་གཅིག་ལ་གཅིག་ཕན་ཚུན་གྲོགས་བྱས་ནས་ཀུན་དུ་འབྱུང་ལ་ འདིར་ལམ་མཐོང་བའི་འོག་ཏུ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལྷན་ཅིག་སྐྱེས་པ་མ་ཡིན་པའི་གྲོགས་ཡང་དག་པར་བཅོམ་པའི་ཕྱིར་གྲོགས་ཡང་དག་པར་བཅོམ་པ་ཞེས་བྱའོ། །ཡང་