Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 120

Văn bản gốc(Tây Tạng)

Trang 16 / 20 (50.000 ký tự/trang)
ཚིགས་བཅད་འདིས་ནི་མཚན་ཉིད་གསུམ་གྱི་ཁུངས་བསྟན་ཏོ། །ཐེག་པ་གཅིག་ནི་ཡོངས་སུ་རྫོགས་པའི་
མཚན་ཉིད་ལ་བྱ་སྟེ་སྔར་བཤད་པ་བཞིན་ནོ། །ཆོས་ཀྱི་གནས་ཉིད་ནི་ཆོས་ཐམས་ཅད་ལ་ཡང་དག་པར་གནས་པས་ཆོས་ཀྱི་གནས་ཉིད་དོ། །ཆོས་ལ་ཉོན་མོངས་པ་དང་། རྣམ་པར་དག་པ་ཡོད་དེ་ཉོན་མོངས་པ་སྤངས་ནས་རྣམ་པ་ཐོབ་པ་ནི་ཆོས་མི་འགྱུར་པ་ཉིད་དོ། །ཡང་དག་པའི་མཚན་ཉིད་
རྟག་ཏུ་གནས་པས་མི་གཡོ་བར་གནས་པའོ། །སྙིང་པོ་བྱང་ཆུབ་ལ་བཞུགས་ཤིང་ཆོས་ཐམས་ཅད་ལ་ཐབས་མཁས་པས་ཤིན་ཏུ་སྟོན་ཏོ། །ཆོས་ཐམས་ཅད་ལ་རྣམ་པ་གཉིས་ཏེ་སྟོང་པ་ཉིད་དང་ཡོད་པ་ཉིད་དོ། །སྟོང་པ་ལ་ཁྱད་པར་མེད་པས་མཚན་ཉིད་གཅིག་སྟེ། ཀུན་ཏུ་རྟོག་པ་ཞེས་
བྱའོ། །ཡོད་པ་ལ་ཁྱད་པར་ཡོད་དེ་རྣམ་པ་གཉིས་སོ། །རྟག་པ་དང་མི་རྟག་པ་སྟེ་རྟག་པ་ནི་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །མི་རྟག་པ་ནི་གཞན་གྱི་དབང་ལས་ཀྱི་མཚན་ཉིད་དོ། །དེ་ལ་ཡང་གཉིས་ཏེ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །ཟག་པ་དང་བཅས་པ་ནི་གཞན་གྱི་དབང་ལས་
མཚན་ཉིད་དོ། །ཟག་པ་མེད་པ་ནི་ཡོངས་སུ་རྫོགས་པའི་མཚན་ཉིད་དེ། དེ་བས་ན་ཡོངས་སུ་རྫོགས་པའི་མཚན་ཉིད་ཀྱི་དབང་དུ་བྱས་ཏེ། དེ་ལ་ཐེག་པ་གཅིག་ཅེས་བྱའོ། །ཐེག་པ་གཅིག་གིས་ཡང་དག་པ་ཉིད་རིག་པས་ཆོས་ཀྱི་གནས་ཉིད་དང་ཆོས་མི་འགྱུར་བ་ཉིད་དེ། དེ་ལ་མི་གཡོ་བར་གནས་
ནས་སེམས་ཅན་ལ་ཐབས་མཁས་པས་ཆོས་སྟོན་ཏོ། །མདོ་ལས། ལྷ་མི་ཀུན་གྱི་མཆོད་པ་ཕྱོགས་བཅུ་ན། །ཞེས་པ་ནས། དེ་དག་རྣམས་ཀྱང་ཐེག་པ་མཆོག་འདི་འཆད། །ཅེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་ཕྱེད་དང་ལྔས་ད་ལྟར་གྱི་དོན་སྟོན་ཏོ། །མདོ་ལས། ཐབས་ལ་མཁས་
པས་རབ་ཏུ་འཆད་པ་དང་། །ཞེས་པ་ནས། དད་པ་ཞི་བའི་ས་འདི་རིག་ནས་སོ། །ཞེས་པའི་བར་དུ་ཚིགས་བཅད་འདིས་ནི་སྔར་ཐབས་ཙམ་བསྟན་པ་ལ་ཕྱིས་ཡང་དག་པར་བསྟན་པའོ། །མདོ་ལས། ལུས་ཅན་ཀུན་གྱི་སྤྱོད་པ་རིག་པ་དང་། །ཞེས་པ་ནས། སྣ་ཚོགས་མངོན་པར་བསྒྲུབ་པ་རབ་ཏུ་

བསྟན། །ཞེས་པའི་བར་དུ་ཚིགས་བཅད་འདིས་ནི་ཅིའི་ཕྱིར་སྔར་ཐབས་ཙམ་བསྟན་ལ་ཕྱིས་ཡང་དག་པ་བསྟན་པ་ཉིད་སྟོན་པ་སྟེ། ལུས་ཅན་ཀུན་གྱི་སྤྱོད་པ་ནི་སེམས་ཀྱི་སྤྱོད་པའི་མཚན་ཉིད་དོ། །ཅི་བསམས་པ་ནི་ཀུན་ཏུ་འགྲོ་བའི་མཚན་ཉིད་དོ། །མཐུ་ནི་ལས་ཀྱི་མཐུའོ། །སྟོབས་
ཞེས་ཀྱང་བྱ་སྟེ་སེམས་ཅན་གྱི་དབང་པོ་སྣ་ཚོགས་ཤེས་པའི་སྟོབས་སོ། །བརྩོན་འགྲུས་ནི་གནས་དང་གནས་མ་ཡིན་པའི་སྟོབས་སོ། །དེ་ལྟར་སེམས་ཅན་གྱི་དད་པ་རིག་ནས་དཔེ་དང་གཞི་རྣམ་པ་མང་པོ་སེམས་ཅན་གྱི་དབང་པོ་བཞིན་དུ་སྣ་ཚོགས་མངོན་པ་སྟོན་ཏེ། མ་བྱོན་པའི་སངས་རྒྱས་རྣམས་ཀྱང་
མཚན་ཉིད་གསུམ་རིག་པར་འགྱུར་རོ། །ད་ལྟར་བཞུགས་པ་ཡང་སེམས་ཅན་གྱི་དབང་པོ་མཁྱེན་པས་སྔར་ཐབས་ཙམ་བསྟན་ནས་ཕྱིས་ཡང་དག་པར་སྟོན་ཏོ། །མདོ་ལས། འདྲེན་པའི་དབང་པོ་རྒྱལ་བ་ང་ཡང་འདིར། །ཞེས་པ་ནས། དེ་ནི་ང་ཡི་རང་རིག་ཡེ་ཤེས་སྟོབས། །ཞེས་པའི་བར་དུ་
འདི་མན་ཆད་ཚིགས་བཅད་སུམ་ཅུས་ང་ཡང་དེ་བཞིན་ནོ་ཞེས་པ་བསྟན་པ་སྟེ། དེ་ལ་ཚིགས་བཅད་གཉིས་ཀྱིས་དངོས་སུ་དམིགས་ཏེ་བསྟན་ཏོ། །ཉི་ཤུ་རྩ་བརྒྱད་ཀྱིས་ནི་རྒྱས་པར་བསྟན་ཏོ། །མདོ་ལས། ང་ཡིས་མཐོང་བའི་སེམས་ཅན་དབུལ་པོ་རྣམས། །ཞེས་པ་ནས། འདོད་པས་འདི་དག་
རྟག་ཏུ་ལྡོངས་པར་བྱས། །ཞེས་པའི་བར་དུ་ཚིགས་བཅད་འདིས་ནི་རྒྱས་པར་བསྟན་པ་སྟེ། ཐོག་མའི་ཚིག་ཉི་ཤུ་རྩ་ཕྱེད་དང་གཅིག་གིས་ནི་སྔར་ཐེག་པ་གསུམ་ཐབས་ཙམ་དུ་བསྟན་པ་སྟེ། ཚིག་རྐྱང་པ་ལས་སེམས་ཅན་གྱི་མོས་པ་སྣ་ཚོགས་མཁྱེན་ནོ་ཞེས་བསྟན་པའོ། །ཚིགས་བཅད་བདུན་གྱིས་
ནི་ད་ལྟར་ཡང་དག་པ་ཉིད་དུ་བསྟན་པ་བརྗོད་དེ། སྔར་སངས་རྒྱས་ཀྱི་ཐེག་པ་གཅིག་པུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྟན་པའོ། །སྔ་མ་ལ་ཡང་རྣམ་པ་བཞི་སྟེ་ཚིགས་བཅད་ཕྱེད་དང་བཞིས་ནི་སྐྱེ་བའི་གནས་སུ་བགེགས་ལས་ཐར་བར་བྱ་བ་བསྟན་ཏོ། །ཚིགས་
གསུམ་གྱིས་ནི་གྲོལ་བར་བྱ་བར་མི་ནུས་པ་སེམས་པ་བསྟན་པའོ། །ཚིག་ཕྱེད་དང་བཅུ་གཉིས་ཀྱིས་ནི་ཐབས་ཙམ་དུ་བསྟན་པར་དགོངས་སོ། །ཚིག་ཕྱེད་དང་བཞིས་ནི་ཐེག་པ་གསུམ་སྤྲུལ་པ་བསྟན་ཏོ། །སྔ་མ་ལ་ཡང་གཉིས་ཏེ་ཚིག་གཅིག་གིས་ནི་དགེ་བ་མེད་པ་བསྟན་ཏོ། །ཚིག་ཕྱེད་དང་གསུམ་

གྱིས་ནི་སྡིག་པ་ཡོད་པར་བསྟན་ཏོ། །ང་ཡིས་མཐོང་བ་ཞེས་བྱ་བ་ནི་སྤྱན་ལྔའི་ནང་ནས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །ཤེས་རབ་དང་བསོད་ནམས་སྤོང་བ་ནི་འགྲོ་བ་དྲུག་གི་སེམས་ཅན་ཐོག་མ་མེད་པ་ནས་བསོད་ནམས་དང་ཡི་ཤེས་ཀྱི་རྒྱུར་འགྱུར་བ་མི་བྱེད་འཕགས་པའི་ནོར་བདུན་དང་མི་ལྡན་
ལྷ་དང་མིའི་ཆོས་ཀྱི་ནོར་བདུན་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཐབས་མཁས་པ་མེད་པ་ནི་ཤེས་རབ་དང་བསོད་ནམས་སྤངས་པའོ། །འདི་མན་ཆད་ཚིགས་བཅད་ཕྱེད་དང་གསུམ་གྱིས་ནི་སྡིག་པ་ཡོད་པར་བསྟན་པ་སྟེ། དེ་ལ་ཚིག་ཕྱེད་དང་གཉིས་ཀྱིས་ནི་ད་ལྟར་གྱི་དུས་ན་འཁོར་བར་ནུབ་ཅིང་
སྡུག་བསྔལ་སྐྱེ་བ་བསྟན་ཏོ། །ཚིགས་བཅད་གཅིག་གིས་ནི་གྲོལ་བར་འདོད་ཀྱང་ལོག་པར་ལྟ་བ་སྤྱོད་པ་བསྟན་ཏོ། །འཇིག་རྟེན་ན་གཡག་རྔ་མ་ལ་ཆགས་པ་བཞིན་དུ་སེམས་ཅན་དག་ཀྱང་འདོད་པ་ལྔ་ལ་ཆགས་ནས་སྡུག་བསྔལ་གྱིས་གདུངས་ཏེ་ངན་སོང་དུ་ལྷུང་བར་འགྱུར་རོ། །མདོ་ལས། སངས་རྒྱས་
མཐུ་ཆེན་རྣམས་ཀྱང་ཡོངས་མི་ཚོལ། །ཞེས་པ་ནས། ང་ཡི་སྙིང་རྗེ་སྟོབས་ཆེན་དེ་དག་ལ། །ཞེས་པའི་བར་དུ་ཚིགས་བཅད་འདིས་ནི་གྲོལ་བར་འདོད་ལ་ལོག་པར་ལྟ་བ་སྤྱོད་པ་བསྟན་པ་སྟེ། སངས་རྒྱས་ཀྱི་མཐུ་ཆེན་པོ་དང་ཡེ་ཤེས་ཀྱིས་སྡུག་བསྔལ་གཅོད་པ་ནི་མུ་སྟེགས་ཅན་གྱི་ལྟ་བ་དང་འདྲ་བར་
ངན་པ་ལྟ་བར་ལྷུང་སྟེ། ལུས་སྡུག་བསྔལ་བར་བྱས་ནས་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་འདོད་པ་ནི་མི་གཤའོ། །ལོ་དྲུག་གི་བར་དུ་ནས་འབྲུ་རེ་ལས་མ་ཟོས་ཀྱང་བྱང་ཆུབ་མ་ཐོབ་ན་ཚེར་ཕུང་གི་སྟེང་ན་ཉལ་བས་བྱང་ཆུབ་ག་ལ་ཞིག་ཐོབ་སྟེ། ཁྱི་རྡོ་ལ་བསྙེགས་པ་དང་འདྲ་བའི་སེང་གེ་ལྟར་མི་
བསྙེགས་པ་མ་ཡིན་ནོ། །འདི་མན་ཆད་ཚིག་གསུམ་གྱིས་གྲོལ་བར་བྱ་མི་ནུས་པ་སེམས་པ་བསྟན་པ་སྟེ། དེ་ལ་ཡང་གསུམ་མོ། །ཚིགས་བཅད་ཕྱེད་ཀྱིས་ནི་སྔོན་སྤྱོད་པའི་རྒྱུ་སེམས་པ་བསྟན་པ་སྟེ། ཚིག་གཅིག་གིས་ནི་འབྲས་བུ་ཐོབ་ནས་ཀྱང་སེམས་པ་བསྟན་ཏོ། །ཚིག་ཕྱེད་དང་གཉིས་ཀྱིས་ནི་མི་ནུས་པར་
སེམས་པ་བསྟན་ཏོ། །འདི་ནི་དང་པོ་སྟེ་སེམས་ཅན་དག་རྒྱུ་འདི་གཉིས་དང་ལྡན་པས་ངའི་སྙིང་རྗེ་སྟོབས་ཆེ་དེ་དག་ལའོ་ཞེས་བསྟན་ཏོ། །མདོ་ལས། དེ་དག་ངས་བསམས་བྱང་ཆུབ་སྙིང་པོ་དེར། །ཞེས་པ་ནས། དེ་ཡི་དྲུང་ན་ཕན་ཚུན་འཆག་ཅིང་གནས། ཞེས་པའི་བར་དུ་ཚིགས་བཅད་འདིས་འབྲས་བུ་ཐོབ་

ནས་དགོངས་པ་བསྟན་པ་སྟེ། མངོན་པར་སངས་རྒྱས་ནས་ཤིང་རྒྱལ་གྱི་དྲུང་དུ་ཕན་ཚུན་འཆག་ཅིང་སེམས་ཅན་གྱི་དོན་ཇི་ལྟར་བྱ་བ་དགོངས་པའོ། །གཞན་ཡང་སྡོང་པོ་བརྟག་པ་ནི་དོན་ལ་ཐུགས་བཞག་པ་བསྟན་ཏོ། །འཆག་པ་ནི་སེམས་ཅན་གྱི་དོན་མཛད་པའོ། །སྡོང་པོ་
ལ་བརྟག་པ་ནི་སྐྱེ་བ་རྣམ་བཞིའི་སྐྱབས་མཛད་པར་དགོངས་པའོ། །འཆག་པ་ནི་བསོད་ནམས་དང་ཡེ་ཤེས་སྦྱིན་པར་དགོངས་པའོ། །མདོ་ལས། ཡེ་ཤེས་འདི་ནི་དམ་པ་ངོ་མཚར་ཆེ། སེམས་ཅན་འདི་དག་མི་མཁས་གཏི་མུག་ལྡོངས། །ཞེས་བྱ་བ་ནི་ཐར་བར་བྱར་མི་རུང་བར་དགོངས་པ་སྟེ་རྒྱུ་རྣམ་བཞིའི་
ཕྱིར་རོ། །ཆོས་ཟབ་པས་ཤེས་པར་དཀའ་བ་དང་། དབང་པོ་རྟུལ་བས་ཤེས་པར་དཀའ་བ་དང་། འདོད་པ་ལ་ཆགས་པས་གཏོང་མི་ཕོད་པ་དང་། གཏི་མུག་གིས་ལྡོངས་པས་ཐར་བར་བྱར་མི་རུང་ངོ་སྙམ་དུ་དགོངས་སོ། །མདོ་ལས། དེ་ཚེ་ང་ལ་གསོལ་བ་ཚངས་པ་དང་། །ཞེས་པ་ནས། ཐམས་ཅད་ཐལ་
མོ་སྦྱར་ནས་གུས་པར་འཁོད། །ཅེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་ཕྱེད་དང་བཅུ་གཉིས་ཐབས་ཙམ་དུ་བསྟན་པར་དགོངས་པ་བསྟན་པ་སྟེ། དེ་ལ་ཡང་རྣམ་པ་བཞིའོ། །དང་པོ་ནི་ཚིག་གཉིས་ཀྱིས་ནི་ལྷ་རྣམས་ཀྱི་ཆོས་བཤད་པར་གསོལ་བ་བཏབ་པ་བསྟན་ཏོ། །ཚིག་གསུམ་གྱིས་ནི་དགོངས་པ་
བསྟན་ཏོ། །ཚིག་ཕྱེད་དང་ལྔས་ནི་སྐལ་བ་དང་ལྡན་པ་བསྟན་ཏོ། །ཚིག་གཉིས་ཀྱིས་ནི་ཐབས་ཙམ་གྱིས་བསྟན་པ་བསྟན་ཏོ། །འདི་ནི་ཚངས་པའི་རྒྱལ་པོ་ལ་སོགས་པས་གསོལ་བ་བཏབ་ནས་ཐེག་པ་གསུམ་གྱི་ཆོས་བསྟན་པ་སྟེ་ཆོས་ཉིད་ཀྱིས་གསོལ་བ་མ་བཏབ་པར་ཆོས་མི་སྟོན་ཏོ། །མདོ་ལས། དོར་
རྣམས་ཇི་ལྟར་བྱ་བར་རབ་ཏུ་བསམ། །ཞེས་པ་ནས། ང་དེང་ཞི་བར་མྱ་ངན་འདའ་བར་ཤོག །ཅེས་པའི་བར་དུ་འདི་མན་ཆད་ཚིག་གསུམ་གྱིས་དགོངས་པ་བསྟན་པ་སྟེ། འདི་ལ་ཡང་རྣམ་པ་གཉིས་སོ། །ཚིག་གཉིས་ཀྱིས་ནི་ཐེག་པ་ཆེན་པོའི་སེམས་ཅན་ལ་གནོད་པར་འགྱུར་བ་བསྟན་ཏོ། །ཚིགས་
བཅད་གཅིག་གིས་ནི་ཐེག་པ་གསུམ་གྱི་སེམས་ཅན་ལ་ཕན་པར་འགྱུར་བ་བསྟན་པ་སྟེ། སེམས་ཅན་འདི་དག་སྡུག་བསྔལ་གྱིས་མངོན་སུམ་དུ་གཟིར་བས་ཁྱིམ་ནས་བྱུང་བ་ཡང་ཆོས་མ་ཡིན་པའི་སྡུག་བསྔལ་སྤྱོད་པས་དེ་དག་ལ་ཅིག་ཅར་ཐེག་པ་ཆེན་པོའི་ཆོས་བསྟན་ན་ཡིད་ཆེས་པར་མི་འགྱུར་ཏེ། བྱིས་

པའི་བློ་ཅན་དག་སྐུར་བས་ངན་སོང་དུ་ལྷུང་བར་འགྱུར་ཏེ། ཁྱིམ་པ་རྣམས་ནི་སྡུག་བསྔལ་གྱིས་གཟིར་བས་ཡིད་ཆེས་པར་མི་འགྱུར། རབ་ཏུ་བྱུང་བ་ཕྱི་རོལ་པ་རྣམས་ནི་ཆོས་བཤད་པས་ཡིད་མི་ཆེས་ཏེ། དེ་བས་ན་ཆོས་མ་བཤད་པར་མྱུར་དུ་མྱ་ངན་ལས་འདས་ཀྱང་སླའོ་སྙམ་དགོངས་སོ། །མདོ་ལས།
མངོན་པ་ན་དགའ་བ་སྔོན་གྱི་སངས་རྒྱས་དང་། །ཞེས་པ་ནས། རྣམ་པ་གསུམ་དུ་ཕྱེ་སྟེ་རབ་ཏུ་བཤད། །ཅེས་པའི་བར་དུ་ནི་ཐེག་པ་གསུམ་གྱིས་སེམས་ཅན་ལ་ཕན་པ་སྟེ། སངས་རྒྱས་རྣམས་དང་མཐུན་པའི་ཕྱིར་རོ། །མདོ་ལས། ང་ཡིས་དོན་དེ་དེ་ལྟར་བསམས་པ་ནི། །ཞེས་པ་ནས། འཇིག་རྟེན་
འདྲེན་པ་རྣམས་ཀྱི་རྗེས་ཐོབ་པ། །ཞེས་པའི་བར་དུ་འདི་མན་ཆད་ཚིག་ཕྱེད་དང་ལྔས་ནི་སྐལ་བ་དང་ལྡན་པ་ལ་འདུལ་བར་འགྱུར་བ་བསྟན་པ་སྟེ། ཚིག་ཕྱེད་དང་གཉིས་ཀྱིས་ནི་ད་ལྟར་གྱི་སངས་རྒྱས་བསྔགས་པ་བསྟན་པའོ། །ཚིག་ཕྱེད་ཀྱིས་ནི་སངས་རྒྱས་རྣམས་དང་མཐུན་པ་བསྟན་ཏོ། །ཚིག་
ཕྱེད་དང་གསུམ་གྱིས་ནི་ཕྱི་མ་བདེན་གྱི་སྔ་མ་ཐབས་ཙམ་དུ་བསྟན་ཏོ་ཞེས་དབང་དུ་གྱུར་པ་བསྟན་ཏོ། །མདོ་ལས། ངས་ཀྱང་དམ་པའི་གནས་རིག་དེ་ཡི་ཚེ། རྣམ་པ་གསུམ་དུ་ཕྱེ་སྟེ་རབ་ཏུ་བཤད། །ཅེས་པ་ནི་བདག་དཔང་དུ་འགྱུར་བ་བསྟན་ཏེ། ཐབས་ཙམ་དུ་ཐེག་པ་གསུམ་བཤད་ཅེས་པའི་དོན་ཏོ། །
མདོ་ལས། མཁས་པ་མ་ཡིན་དད་པ་ཆུང་བའི་མི། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་མང་པོ་གཟུད་པར་བྱ། །ཞེས་པའི་བར་དུ་ནི་བྱིས་པའི་བློ་ཅན་དད་པ་ཆུང་བ་དག་ཆུང་ངུ་ལ་མོས་པས་འཚང་རྒྱ་བར་འགྱུར་བའི་དོན་ཆེན་པོ་ལ་ཡིད་མི་ཆེས་པས་སྔར་ཐེག་པ་གསུམ་ཐབས་ཙམ་དུ་བསྟན་པ་
སྟེ། བྱང་ཆུབ་སེམས་དཔའ་གཟུད་པར་བྱེད་དོ། །མདོ་ལས། དེ་ཡི་སྒྲ་ཐོས་པ་ནི་དགའ་གྱུར་པ། །ཞེས་པ་ནས། དྲང་སྲོང་ཆེ་མཆོག་གདོན་མི་ཟ་བ་གསུང་། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་ཐབས་ཙམ་དུ་འདྲེན་པ་བསྟན་པ་སྟེ། སྒྲ་ཐོས་ཏེ་དགའ་བས་བསྟོད་པ་དང་དེའི་རྗེས་སུ་སྤྱོད་པ་
དགོངས་པ་བསྟན་པའོ། །མདོ་ལས། བདག་ཀྱང་དེ་བཞིན་ཀུན་ཏུ་སྤྱད་པ་ནི། །ཞེས་པ་ནས། སེམས་ཅན་རྙོག་པ་ཅན་གྱི་ནང་དུ་སྐྱེས། །ཞེས་པའི་བར་དུ་ནི་རྗེས་སུ་སྤྱོད་པ་བསྟན་བར་དགོངས་པ་སྟེ། སྐལ་བ་དང་ལྡན་པ་ལ་རྙོག་པ་ཅན་གྱི་ནང་དུ་སྐྱེས་ཀྱང་དེའི་རྗེས་སུ་སྤྱོད་པ་དགོངས་པའོ། །

མདོ་ལས་དེ་ལྟར་ང་ཞེས་པ་ནས་ནི་ཤཱ་རིའི་བུ་ཞེས་པ་ནས་ཐབས་ཀྱིས་རབ་ཏུ་ཞི་བའི་ཆོས་བཤད་ཅེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་ཕྱེད་དང་བཞིས་ཐེག་པ་གསུམ་སྤྲུལ་པར་ཡང་དག་པར་བསྟན་པ་སྟེ། དེ་ལ་རྣམ་པ་གསུམ་མོ། །ཚིག་ཕྱེད་དང་གཉིས་ཀྱིས་ནི་
ཐབས་ཙམ་དུ་བསྟན་ཏོ། །གཅིག་གིས་ནི་དཀོན་མཆོག་གསུམ་བྱུང་བ་བསྟན་ཏོ། །ཚིག་གཅིག་གིས་ནི་ད་ལྟར་དང་འདས་པ་གྲུབ་པ་བསྟན་ཏོ། །བཱ་རཱ་ཎ་སཱིར་ནི་རི་དགས་ལ་མི་འཇིགས་པ་བྱིན་པའི་གནས་སོ། །གནས་དེར་ཐོག་མར་རྟེན་ལྔ་པོ་ལ་ཆོས་བསྟན་ཏེ་ཐབས་ཀྱིས་རབ་ཏུ་ཞི་བའི་ཆོས་བསྟན་ཏོ། །
མདོ་ལས། དེ་ནས་ང་ནི་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་པ་ནས། དེར་ནི་དགེ་འདུན་སྒྲ་ཡང་དེ་བཞིན་བྱུང་། །ཞེས་པའི་བར་དུ་ནི་དཀོན་མཆོག་གསུམ་བྱུང་བ་བསྟན་པ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ལན་གསུམ་དུ་ཚུལ་བཅུ་གཉིས་ཀྱིས་བསྐོར་བའོ། །འཁོར་ལོ་ཞེས་བྱ་བ་ནི་འཁོར་ཅིང་མི་
གནས་པའི་དོན་ཏོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང་ཅི་རིགས་སུ་སྦྱར་རོ། །འཕགས་པའི་ལམ་བསྟན་པས་ཕ་རོལ་འབྲས་བུ་ཐོབ་པས་བསྐོར་བ་ཞེས་བྱའོ། །དེ་ལྟར་འཕགས་པའི་ལམ་འཇིག་རྟེན་དུ་བྱུང་བས་དཀོན་མཆོག་གསུམ་གྱི་སྒྲ་ཡང་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །སངས་རྒྱས་
ཉིད་ནི་སངས་རྒྱས་དཀོན་མཆོག་མྱ་ངན་ལས་འདས་པ་དང་། འབྲས་བུ་དང་ཆོས་བསྟན་པ་ནི་ཆོས་དཀོན་མཆོག་གོ། །རྟེན་ལྔ་ལ་སོགས་པ་ནི་དགེ་འདུན་དཀོན་མཆོག་གོ། །མདོ་ལས། ལོ་ཡི་གྲངས་ནི་མི་ཉུང་བར་ཡང་བཤད། །ཅེས་པ་ནས། དེ་བཞིན་རྟག་པར་དུས་གསུམ་ངས་སྨྲས་སོ། །ཞེས་
པའི་བར་དུ་ད་ལྟར་དང་སྔོན་ཡང་གྲུབ་པ་བསྟན་པ་སྟེ། ད་ལྟར་གྱི་དུས་འདི་འབའ་ཞིག་ཏུ་མྱ་ངན་ལས་འདའ་བ་བསྟན་པ་མ་ཡིན་གྱི་ལོའི་གྲངས་མི་ཉུང་བར་སྡུག་བསྔལ་གྱི་མཐའ་ཟད་ཀྱི་བར་དུ་བཤད་ཅིང་བསྟན་ཏོ། །མདོ་ལས། ང་ནི་དེ་ཡི་ཚེ་ན་ཤཱ་རིའི་བུ། །ཞེས་པ་ནས། ཐབས་ལ་མཁས་པ་རྣམ་པ་
མང་པོའོ། །ཞེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་བདུན་གྱིས་ཆོས་འདི་བཤད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པོ་ཞེས་བསྟན་པ་སྟེ། འདི་ལ་ཡང་རྣམ་པ་བཞིའོ། །ཐོག་མའི་ཚིག་གཉིས་ཀྱིས་ནི་དབང་པོ་སྨིན་པས་ཕྲད་པ་བསྟན་ཏོ། །ཚིག་གཅིག་གིས་ནི་དོན་བྱ་བར་དགོངས་པ་

བསྟན་ཏོ། །ཚིག་གསུམ་གྱིས་ནི་ཡང་དག་པར་བཤད་པ་བསྟན་ཏོ། །ཚིག་གཅིག་གིས་ནི་ཆོས་ཀྱི་དོན་བསྟན་ཏོ། །ངས་ཐབས་ཙམ་དུ་བསྟན་པ་ཡང་སྔོན་གྱི་རྒྱལ་བ་དག་ལས་ཐབས་ཙམ་དུ་བསྟན་པ་ཐོས་པས་དགེ་བའི་རྩ་བ་དང་ལྡན་ཞིང་ང་དང་ཕྲད་པ་ལས་ཆོས་བཤད་པར་དགོངས་པ་བསྟན་
པའོ། །མདོ་ལས། དེ་མ་ཐག་ཏུ་ངས་ནི་འདི་སྙམ་བསམ། །ཞེས་པ་ནས། བྱང་ཆུབ་མཆོག་དེ་འདིར་ནི་རབ་ཏུ་བཤད། །ཅེས་པའི་བར་དུ་དོན་བྱ་བར་དགོངས་པ་བསྟན་པ་སྟེ། དབང་པོ་སྨིན་པ་རྣམས་ལ་སངས་རྒྱས་ཡེ་ཤེས་བཤད་དེ་བྱང་ཆུབ་མཆོག་ལ་ཅི་ཕྱིར་དགོངས་པར་མི་བྱ་སྙམ་
དགོངས་ཏེ། དུས་ལ་བབ་པར་བསྟན་པའོ། །མདོ་ལས། དེ་རིང་འདི་ལ་དད་པར་དཀའ་བ་ནི། །ཞེས་པ་ནས། མི་མཁས་པ་དང་ང་རྒྱལ་ལྡན་པའོ། །ཞེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་གསུམ་གྱིས་ཡང་དག་པར་བཤད་པ་བསྟན་པ་སྟེ། དེ་ལ་ཚིག་གཅིག་གིས་ནི་མི་མཁས་པ་བྱིས་
པའི་བློ་ཅན་འཛིན་མི་ནུས་པ་བསྟན་ཏོ། །ཚིག་གཉིས་ཀྱིས་ནི་དབང་པོ་རྣོན་པོ་བློ་དང་ལྡན་པས་འཛིན་ནུས་པ་བསྟན་ཏོ། །ཆོས་འཛིན་མི་ནུས་པའི་སྐྱོན་རྣམ་པ་ལྔ་སྟེ། དབང་པོ་རྟུལ་པོས་ཆོས་ཐོས་ཀྱང་དོན་མི་གོ་བ་དང་། བྱིས་པའི་བློ་ཅན་ཤེས་པ་ཆུང་བ་དང་། མཚན་མར་འདུ་ཤེས་པ་སྟེང་པ་
དང་། ཡོད་པའི་མཚན་མ་གཉིས་སུ་འཛིན་པ་དང་། ང་རྒྱལ་ཅན་ལོངས་སྤྱོད་ཀྱིས་རྒྱགས་པ་དང་དྲེགས་པ་མི་མཁས་པས་ཉོན་མོངས་པ་དང་བཅས་པའོ། །མདོ་ལས། དེ་ལ་ང་ཡང་འཇིགས་མེད་རབ་ཏུ་དགའ། །ཞེས་པ་ནས། འདི་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །ཞེས་པའི་
བར་དུ་འཛིན་ནུས་པ་བསྟན་པ་སྟེ། དགའ་བ་ནི་དགའ་བ་ཚད་མེད་པས་སེམས་ཅན་འཚང་རྒྱ་བ་ལ་ཕྲག་དོག་མེད་པའོ། །འཇིགས་པ་མེད་པ་ནི་གདོན་མི་ཟ་བའི་དོན་ནི་སེང་གེའི་སྒྲ་སྒྲོགས་པ་ལ་གདོན་མི་ཟ་བའོ། །རྣམ་པ་ཀུན་སྤངས་པ་ནི་ཐབས་ཙམ་དུ་གསུམ་དུ་བསྟན་པའོ། །སར་མ་ཕྱིན་པའི་བྱང་ཆུབ་
སེམས་དཔའ་ནི་བདག་བྱང་ཆུབ་སེམས་དཔའ་ཐོབ་པར་འཛིན་ཏེ། ཉན་ཐོས་ལ་སྐལ་བ་མེད་པར་འཛིན་པ་དང་། རིགས་མ་ངེས་པ་དག་བདག་ཀྱང་སྐལ་བ་མེད་པར་སེམས་པས་ཆུང་ངུར་ཕྱིར་ནུར་བ་དག་གི་ཕྱིར་ཆོས་འདི་བསྟན་པས་ཐེ་ཚོམ་དང་བྲལ་བ་བསྟན་པའོ། །ཉན་ཐོས་བརྒྱ་ཕྲག་བཅུ་

གཉིས་ཀྱང་འཚང་མི་རྒྱ་བར་སེམས་པས་དེ་དག་གི་ཕྱིར་ཡང་ཆོས་བསྟན་ཏོ། །མདོ་ལས། འདི་ལྟར་སྔ་མའི་སྐྱོབ་པ་དེ་དག་དང་། །ཞེས་པ་ནས། དེ་ལྟར་ཁྱོད་ལ་དེ་རིང་ངས་བཤད་དོ། །ཞེས་པའི་བར་དུ་ནི་ཆོས་བསྡུས་པ་བསྟན་པ་སྟེ། ཐེག་པ་ཆེན་པོའི་དོན་དམ་པར་ནི་ངོ་བོ་ཉིད་
ཀྱི་རྣམ་པར་རྟོག་པ་སྤངས་ཏེ། ཐེག་པ་གསུམ་ལ་ཐ་དད་པ་མེད་པས་ཐམས་ཅད་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་ཏོ། །མདོ་ལས། རས་འགའ་གང་དུ་ཅི་ཡི་འཇིག་རྟེན་དུ། །ཞེས་པ་ནས། གང་གིས་ཆོས་མཆོག་ཐོས་ནས་དད་པའོ། །ཞེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་བདུན་གྱིས་མ་ཐོས་
པ་ཐོས་པར་བྱ་བ་བསྟན་པ་སྟེ། འདི་ལ་ཡང་རྣམ་པ་བཞིའོ། །དེ་ལ་ཚིག་གཉིས་ཀྱིས་ཤིན་ཏུ་དཀའ་བ་བཞི་བསྟན་ཏོ། །ཚིགས་བཅད་ཕྱེད་དང་གསུམ་གྱིས་ནི་དཔེ་རྣམ་པ་གཉིས་ཤིན་ཏུ་དཀའ་བ་བསྟན་ཏོ། །ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་དད་པ་བསྐྱེད་པར་བསྐུལ་བ་བསྟན་ཏོ། །ཚིགས་བཅད་
གཅིག་གིས་ནི་དོན་བསྡུས་པ་བསྟན་ཏོ། །དཀའ་བ་བཞི་ལ་སངས་རྒྱས་འབྱུང་བར་དཀའ་བ་དང་། ཆོས་བཤད་པར་དཀའ་བ་དང་། ཆོས་ཐོས་པར་དཀའ་བ་དང་ཉན་པར་དཀའ་བའོ། །དེ་ལ་སངས་རྒྱས་འབྱུང་བར་དཀའ་བ་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་འབྱུང་བ་ལྟ་བུའོ། །དེ་བཞིན་དུ་
བསྐལ་པ་དུ་མས་སངས་རྒྱས་འབྱུང་ཞིང་སངས་རྒྱས་འོད་སྲུངས་ལྟ་བུ་ཞག་བདུན་ལས་མི་བཞུགས་པས་སངས་རྒྱས་འབྱུང་བ་དེ་ལྟར་དཀའ་བའོ། །དེ་ལྟར་སངས་རྒྱས་འབྱུང་བར་དཀའ་བ་མི་ཁོམ་པ་བརྒྱད་ཀྱིས་བསྐལ་ཏེ། སངས་རྒྱས་དང་ཕྲད་པར་དཀའ་བས་ཆོས་ཐོས་པར་དཀའོ། །ཆོས་མི་
ཐོས་པས་སྤྱོད་པའང་ཤིན་ཏུ་དཀའོ། །མདོ་ལས། ཨུ་དུམ་བཱ་རའི་མེ་ཏོག་རྙེད་པར་དཀའ་བ་བཞིན། །ཞེས་པ་ནས། སངས་རྒྱས་ཐམས་ཅད་མཆོད་པ་བྱས་པར་འགྱུར། །ཞེས་པའི་བར་དུ་ཚིགས་བཅད་འདིས་ནི་དཔེ་གཉིས་ཀྱིས་རྙེད་པར་དཀའ་བ་བསྟན་པ་སྟེ། དེ་ལ་ཚིག་གཅིག་གིས་ནི་ཆོས་འབྱུང་
བར་དཀའ་བ་བསྟན། ཚིག་ཕྱེད་དང་གཉིས་ཀྱིས་ནི་ཐོས་ནས་བསྟོད་པར་དཀའ་བ་བསྟན་ཏོ། །ཆོས་འབྱུང་བ་དང་ཐོས་ནས་བསྟོད་པར་དཀའ་བ་ཡང་ཨུ་དུམ་བཱ་རའི་མེ་ཏོག་དང་འདྲའོ་ཞེས་བསྟན་ཏོ། །མདོ་ལས། འདི་ལྟར་ཐེ་ཚོམ་སོམ་ཉི་རྣམ་པར་སྤོངས། །ཞེས་པ་ནས། འདི་ནང་ལ་ཉན་ཐོས་

གང་ཡང་མེད། །ཞེས་པའི་བར་དུ་ནི་དད་པ་བསྐྱེད་པར་བསྐུལ་ཏེ། ཐེ་ཚོམ་སྤོངས་ཤིག་པར་བསྟན་པའོ། །མདོ་ལས། ཤཱ་རིའི་བུ་ཁྱོད་འདི་ཡང་གསང་བར་གྱིས། །ཞེས་པ་ནས། ང་ཡི་གསང་བ་འདི་རྣམས་ཐུབ་པར་གྱིས། །ཞེས་པའི་བར་དུ་ནི་སངས་རྒྱས་རྣམས་ཀྱི་གསང་བར་བསྔགས་པ་བསྟན་
པའོ། །མདོ་ལས། ཇི་ལྟ་ཞེ་ན་རྙོག་པ་ལྔ་ཡི་ཚེ། །ཞེས་པ་ནས། དེ་དག་རྣམས་ཀྱང་བྱང་ཆུབ་སེམས་མི་སྐྱེ། །ཞེས་པའི་བར་དུ་འདི་མན་ཆད་སྤྱིར་ཚིགས་བཅད་གསུམ་གྱིས་ཐེ་ཚོམ་བཞི་བསལ་བ་བསྟན་ཏེ། དེ་ལ་ཡང་རྣམ་པ་གསུམ་མོ། །ཐོག་མ་ཚིགས་བཅད་གཅིག་གིས་སངས་རྒྱས་ནས་འཇིག་རྟེན་དུ་
འབྱུང་ཞིང་ཐེག་པ་གསུམ་གྱིས་རྙོག་པ་ལྔའི་ཚེ་འབྱུང་བར་འགྱུར་བ་བསྟན་ཏོ། །ཚིགས་བཅད་གཅིག་གིས་ནི་ཇི་ལྟར་ན་ང་རྒྱལ་གྱི་དབང་དུ་གྱུར་པ་དགྲ་བཅོམ་པའོ་ཞེས་བརྗོད་ཅིང་ཆོས་འདི་ལ་ཡིད་ཆེས་པའི་ཆོས་མེད་པར་བསྟན་ཏོ། །ཚིགས་བཅད་གཅིག་གིས་ནི་ཇི་ལྟར་སྟོན་པར་འགྱུར་སྙམ་པ་སྟོན་ཏོ། །
མདོ་ལས། །ང་ཡི་ཐེག་པ་གཅིག་པོ་འདི་ཐོས་པ། །ཞེས་པ་ནས། མདོ་སྡེ་སྐུར་པས་སེམས་ཅན་དམྱལ་བར་འགྲོ། །ཞེས་པའི་བར་དུ་ཚིགས་བཅད་འདིས་ནི་མ་འོངས་པའི་དུས་ན་སེམས་ཅན་སྡིག་པ་ཅན་ང་རྒྱལ་གྱི་དབང་དུ་གྱུར་པ་སེམས་ཅན་དམྱལ་བར་འགྲོ་བར་བསྟན་ཏོ། །མདོ་ལས། མཛེས་
ཤིང་གཙང་བར་འགྱུར་བའི་སེམས་ཅན་དག །ཞེས་པ་ནས། ཐེག་པ་གཅིག་གིས་བསྔགས་པ་མཐའ་ཡས་སོ། །ཞེས་པའི་བར་དུ་ཚིགས་བཅད་འདིས་ནི་ཇི་ལྟར་བསྟན་པར་འགྱུར་བ་བསྟན་ཏེ། འཛེམ་པ་ནི་ཁྲེལ་བ་དང་ངོ་ཚ་དང་ལྡན་པའི་དོན་ཏོ། །མདོ་ལས། འདྲེན་པ་རྣམས་ཀྱིས་བཤད་པ་དེ་
ལྟ་བུ། །ཞེས་པ་ནས། སངས་རྒྱས་འགྱུར་གྱིས་དགའ་བ་རབ་ཏུ་སྐྱེད། །ཅེས་པའི་བར་དུ་ཚིགས་བཅད་འདི་གསུམ་གྱིས་ནི་དགའ་བའི་སེམས་དང་ལྡན་པ་ངེས་པར་འཚང་རྒྱ་བར་བསྟན་པ་སྟེ། ཚིག་ཕྱེད་དང་གཉིས་ཀྱིས་ནི་སངས་རྒྱས་ཀྱི་ཆོས་རྣམས་མི་མཐུན་ཏེ་མ་བསླབས་ན་མི་རྟོགས་པར་བསྟན་ཏོ། །
ཚིག་ཕྱེད་དང་གཉིས་ཀྱིས་ནི་དགའ་བའི་སེམས་བསྐྱེད་པས་འཚང་རྒྱ་བར་འགྱུར་བར་བསྟན་ཏོ།། །།དམ་པའི་ཆོས་པུཎྜ་རཱི་ཀའི་འགྲེལ་པ། བམ་པོ་ལྔ་པ། འདི་མན་ཆད་དཔེའི་ལེའུ་སྟེ་རྣམ་པ་གསུམ་དུ་དབྱེའོ། །ཅིའི་ཕྱིར་བསྟན་པ་དང་། ལེའུའི་མིང་བསྟན་པ་དང་། དོགས་པ་

བསལ་བའོ། །ཅིའི་ཕྱིར་བསྟན་པ་ལ་ཡང་གཉིས་ཏེ། ཤཱ་རིའི་བུ་དབང་པོ་རྣོན་པོས་ཐོས་པ་ཙམ་གྱིས་རྟོགས་པ་དང་། གང་ཟག་བཞི་པོ་དབང་པོ་འབྲིང་པོས་དཔེ་བསྟན་པས་ཤེས་པར་འགྱུར་བ་སྟེ། དབང་པོ་འབྲིང་པོའི་ཕྱིར་དཔེའི་ལེའུ་འདི་བསྟན་ཏོ། །འགྲེལ་པ་ལས་
འདི་མན་ཆད་ཉོན་མོངས་པ་དང་བཅས་པའི་སྐྱེ་བོ་བདུན་པོའི་ཕྱིར་དཔེ་རྣམ་པ་བདུན་གྱིས་ང་རྒྱལ་རྣམ་པ་བདུན་དང་ཉོན་མོངས་པ་གསུམ་གྱི་གཉེན་པོར་བསྟན་ཏོ། །དེ་ལེའུའི་མིང་བསྟན་པ་ནི་དཔེའི་ལེའུ་སྟེ། དཔེ་ཞེས་བྱ་བ་ནི་འཇིག་རྟེན་གྱི་མངོན་སུམ་གྱིས་འཇིག་རྟེན་ལས་འདས་པའི་དོན་ཟབ་མོ་རྟོགས་
པར་བྱེད་པའི་དོན་ཏོ། །དེ་ལ་དོགས་པ་བསལ་བ་ནི་དྲིས་པ་ལས་འདིར་ནི་དཔེས་དོན་བསྟན་པས་ལེའུ་ཡང་དཔེའི་ལེའུ་ཞེས་གདགས་སུ་རུང་ན་ལེའུ་སྔ་མ་ལས་ཆོས་འབའ་ཞིག་སྟོན་ན་དེ་ལ་ཆོས་ཀྱི་ལེའུ་ཞེས་གདགས་སམ། ལན་བཏབ་པ་སྔ་ཕྱི་འབྲེལ་བས་གཞུང་གིས་དེ་ལྟ་བུ་ཡིན་ཡང་མིང་གདགས་
པ་ལ་སོ་སོ་སྟེ། ཐབས་ཞེས་བྱ་བ་ནི་བྱེ་བྲག་ཏུ་དབྱེའོ། །དཔེ་ནི་སྤྱིར་སྙེགས་ཏེ་ཐ་དད་པ་མེད་དོ། །མདོ་ལས་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས་དགའ་བ་ཐོབ་ཞེས་པའི་བར་དུ་འདི་མན་ཆད་ལེའུ་འདི་ལ་སྤྱིར་རྣམ་པ་གཉིས་དབྱེ་སྟེ། ཤཱ་རིའི་བུ་ཆོས་ཐོས་ནས་དགའ་རངས་ཏེ་ལུང་བསྟན་པ་ཐོབ་པ་
དང་དཔེས་དབང་པོ་འབྲིང་པོ་ལ་ཆོས་བསྟན་པའོ། །འདི་མན་ཆད་ཤཱ་རིའི་བུ་ཆོས་ཐོས་ནས་དགའ་རངས་པ་ལ་རྣམ་པ་གཉིས་ཏེ། ཚིག་རྐྱང་པ་ལ་སྨོས་པ་དང་། ཚིགས་སུ་བཅད་དེ་བཟླས་པའོ། །ཇི་ལྟར་རེ་བ་བཞིན་དུ་ཡིད་དང་མི་འགལ་བ་ཐོས་པས་དགའ་བ་དང་སྤྲོ་བའོ། །བཤད་པར་གསོལ་
པ་གདབ་པས་ཐལ་མོ་སྦྱར་རོ། །བཤད་པའི་ལན་འདོད་པས་བཅོམ་ལྡན་འདས་ལ་བལྟའོ། །འདི་ལྟ་བུའི་སྒྲ་ཞེས་པ་ནི་ཐེག་པ་ཆེན་པོའི་གསུང་རབ་པོ། །སྔོན་མ་ཐོས་པ་ཐོས་པས་ངོ་མཚར་རྨད་དུ་གྱུར་ཏོ། །གཞན་ཡང་དོན་རྣམ་པ་གསུམ་གྱིས་དགའ་བ་ཐོབ་པོ། །སངས་རྒྱས་ལས་ཐོས་
ནས་སེམས་རབ་ཏུ་བདེ་ཞིང་བདུད་མ་ཡིན་པར་རྟོགས་པ་དགའ་བ་དང་། ཡང་དག་པ་གཅིག་ཐོབ་པས་སྔ་མ་གསུམ་པོ་ཐབས་ཙམ་དུ་བསྟན་པར་ཤེས་པས་དགའ་བ་དང་། སངས་རྒྱས་ཀྱིས་དགྲ་བཅོམ་པ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཡང་སངས་རྒྱས་སུ་ལུང་བསྟན་པ་ཐོས་པས་དགའ་

བ་ཐོབ་པས། མདོ་ལས་དེ་ཅིའི་སླད་དུ་ཞེས་པ་ནས་ཡོངས་སུ་གདུང་བར་གྱུར་ཏོ་ཞེས་པའི་བར་དུ་འདི་མན་ཆད་ནི་ཅིའི་ཕྱིར་དགའ་བ་བསྟན་ཏེ། དེ་ལ་ཡང་རྣམ་པ་བཞིའོ། །ཆོས་ཆེན་པོ་ལས་ཉམས་པས་གདུང་བར་གྱུར་པ་དང་། ཐེག་པ་ཆུང་ངུས་བཏོན་པས་འགྱོད་པ་དང་། ཐོས་པས་མྱ་ངན་
ཟད་པས་དགའ་བ་དང་སངས་རྒྱས་ཀྱི་སྲས་རྣམས་བྱང་ཆུབ་ཐོབ་པར་རྟོགས་པའོ། །འདི་ནི་ཆོས་ཆེན་པོ་ཉམས་པས་གདུང་བར་གྱུར་པ་བསྟན་པ་སྟེ། བདག་ཅག་གིས་སྔོན་བྱང་ཆུབ་སེམས་དཔའ་ལ་ལུང་བསྟན་པ་ཐོས་ཀྱང་ལུང་བསྟན་པ་མ་ཐོབ་པོ་སྙམ་ནས་གདུང་བར་གྱུར་པ་དང་། དེ་བཞིན་
གཤེགས་པའི་ཡེ་ཤེས་དང་གཟིགས་པ་ལས་ཉམས་པས་གདུང་བར་གྱུར་ཏོ། །མདོ་ལས་བཅོམ་ལྡན་འདས་ཞེས་པ་ནས་ཤེ་དག་གིས་སྤྱོད་དོ་ཞེས་པའི་བར་དུ་ནི་ཐེག་པ་ཆུང་ངུས་བཏོན་པས་འགྱོད་པ་བསྟན་པ་སྟེ། འདི་ལ་ཡང་རྣམ་པ་གཉིས་སོ། །ཆུང་ངུས་གནས་པས་འགྱོད་པ་དང་། ལོག་པར་
གྱུར་པས་འགྱོད་པའོ། །ཆོས་ཀྱི་དབྱིངས་ནི་གང་ཟག་ལ་བདག་མེད་པ་ཡང་དག་པ་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་དང་བདག་ཅག་ཞུགས་པར་མཚུངས་ན་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ཅག་ཐེག་པ་ཆུང་ངུས་བཏོན་སྙམ་དུ་འགྱོད་དོ། །མདོ་ལས་བཅོམ་ལྡན་འདས་ཞེས་པ་
ནས་དེ་སྙམ་དུ་སེམས་སོ་ཞེས་པའི་བར་དུ་ནི་འདིར་བདག་འགྱོད་པ་བསྟན་ཏེ། ནོངས་ཞེས་བྱ་བ་ནི་སྡིག་པ་ལ་བྱའོ། །མདོ་ལས་ཅིའི་སླད་དུ་ཞེས་པ་ནས་བཏོན་པར་འགྱུར་ཞིག་ན་ཞེས་པའི་བར་དུ་ནི་ཅིའི་ཕྱིར་ཞེས་བྱ་བ་བསྟན་ཏེ། དེ་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་བརྩམས་པའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་དང་
ཕ་རོལ་ཏུ་ཕྱིན་པ་དང་མངོན་པར་ཤེས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །བསྡད་པ་ནི་རེ་བའི་དོན་ཏེ་དེ་བས་ན་བདག་ཅག་གིས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པ་རེ་བའི་སེམས་ཀྱིས་བསྡད་ན་ནི་ཐེག་པ་ཆེན་པོའི་ཆོས་ལ་བཏོན་པར་འགྱུར་བ་ཞིག་ན་བདག་ཅག་ལ་རེ་བ་མེད་པས་ན་ཐེག་པ་ཆེན་
པོ་ལ་དགོད་པར་མ་གྱུར་ཏོ་སྙམ་དུ་འགྱོད་དོ། །བྱང་ཆུབ་ཀྱི་སེམས་ལ་རྣམ་པ་གསུམ་སྟེ། འདུས་བྱས་ལས་སྐྱེ་བ་དང་། བྱང་ཆུབ་ཚོལ་བ་དང་སེམས་ཅན་ལ་ཤིན་ཏུ་དགོངས་པའོ། །མདོ་ལས་བཅོམ་ལྡན་འདས་ཞེས་པ་ནས་དགྲ་བཅོམ་པ་ཐོབ་པོ་ཞེས་པའི་བར་དུ་ནི་ཤིན་ཏུ་འགྱོད་པ་བསྟན་ཏེ།

བཅོམ་ལྡན་འདས་ཀྱིས་ལྡེམ་པོ་ངག་ཏུ་གསུངས་པ་ན་མ་རིག་པ་ནས་ཐབས་ཙམ་དུ་བསྟན་པ་ཐོས་མ་ཐག་ཏུ་གཟུང་བ་དང་། བསྒོམས་པ་དང་། བསམས་པ་དང་། ཡིད་ལ་བྱས་པས་ཐེག་པ་ཆེན་པོ་ལ་མ་བཀོད་པ་ནི་བདག་ཅག་གིས་ནོངས་སོ་སྙམ་དུ་འགྱོད་པར་གྱུར་ཏོ། །དེ་ལ་
ཐོས་ནས་མྱ་ངན་ཟད་པས་དགའ་བ་ནི་སྔོན་ཐེག་པ་ཆེན་པོའི་རྣམ་པར་གྲོལ་བ་ལ་སྐལ་བ་མེད་སྙམ་དུ་འཛིན་ཏེ། དེ་བཅོམ་ལྡན་འདས་ལ་ཐེག་པ་ཆུང་ངུ་གཉིས་ངེས་པའི་དོན་མ་ཡིན་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལ་སྐལ་བ་ཡོད་པར་རྟོགས་པས་མྱ་ངན་ཟད་ནས་དགའ་བ་དང་བསིལ་བ་ཐོབ་པ་གྱུར་ཏོ། །
དེ་ལྟར་ཐེ་ཚོམ་མེད་པས་བདེ་བ་དང་བསིལ་བར་གྱུར་ཏོ། །མདོ་ལས་བཅོམ་ལྡན་འདས་ཀྱི་སྲས་ཐུ་བོ་ཞེས་པ་ནས་ཡོངས་སུ་གདུང་བ་དང་བྲལ་ལོ་ཞེས་པའི་བར་དུ་ནི་སངས་རྒྱས་ཀྱི་སྲས་རྣམས་བྱང་ཆུབ་ཐོབ་པར་རྟོགས་པ་བསྟན་པ་སྟེ། འཕགས་པའི་ཡེ་ཤེས་ཐོབ་ཅིང་སངས་རྒྱས་ཀྱི་ཐུགས་
ལས་བྱུང་བས་སྲས་ཐུ་བོའོ། །སོ་སོའི་སྐྱེ་བོ་ལས་གཞན་པ་ནི་ཐུགས་ལས་བྱུང་བའོ། །ཆོས་ཀྱི་གསུང་རབ་ལས་བྱུང་བས་ཞལ་ནས་སྐྱེས་པའོ། །ཆོས་ཀྱི་རྗེས་སུ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཆོས་ལས་སྐྱེས་པའོ། །ཆོས་ཀྱི་སྐུའི་རྗེས་སུ་དེ་དང་འདྲ་བའི་ཆོས་ཐོབ་པ་ནི་ཆོས་ཀྱི་སྤྲུལ་པའོ། །ཆོས་
ཀྱི་ཉེ་མཚམས་ཆོས་ཀྱིས་གྲུབ་པ་ནི་ཟག་པ་མེད་པའི་ཆོས་རིན་པོ་ཆེ་ལ་ལོངས་སྤྱོད་པ་སྟེ། ཆོས་ནི་ཆོས་དཀོན་མཆོག་དང་འཕགས་པའི་ནོར་བདུན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་ཆོས་ལ་ལོངས་སྤྱོད་པ་དང་འདྲ་བར་བདག་ཀྱང་ཆོས་ཀྱི་ནོར་ལ་ལོངས་སྤྱོད་པར་བྱའོ་
ཞེས་པའི་དོན་ཏོ། །སངས་རྒྱས་ཀྱི་སྲས་ཞེས་བྱ་བ་ནི་འཇིག་རྟེན་གྱི་སྐྱོན་དང་བཅས་པ་མི་གཙང་བའི་མངལ་ནས་སྐྱེས་པ་ལས་བཟློག་པའོ། །ཐུགས་ལས་བྱུང་བ་ནི་ཕ་མའི་ཁུ་བ་མི་གཙང་བ་ལས་འབྱུང་བ་མ་ཡིན་པར་བསྟན་པའོ། །ཞལ་ནས་སྐྱེས་པ་ནི་ཆོས་མ་ཡིན་པའི་འདོད་ཆགས་ལས་འབྱུང་བ་མ་
ཡིན་པར་བསྟན་པའོ། །ཆོས་ལས་སྐྱེས་པ་ནི་ཆོས་ཀྱི་སྐུའི་རིགས་འཚོབ་པ་བསྟན་པ་སྟེ། ཇི་ལྟར་བྲམ་ཟེ་དག་རིགས་འཚོབ་པ་བཞིན་ནོ། །ཆོས་ཀྱི་སྤྲུལ་པ་ནི་ཆོས་ཀྱི་ནོར་ལ་ལོངས་སྤྱོད་པ་སྟེ་ཇི་ལྟར་འཇིག་རྟེན་ན་ཕའི་ནོར་ལ་བུ་དག་སྤྱོད་པ་བཞིན་ནོ། །མདོ་ལས་དེ་ནས་ཚེ་དང་ལྡན་པ་ཞེས་པ་ནས།

ཐེག་པ་མཆོག་འདིར་བདག་ནི་ཡོངས་སྨིན་མཛད། །ཅེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་ཀྱིས་བསྟན་ཏེ། ཚིགས་བཅད་ཉི་ཤུ་རྩ་ཕྱེད་དང་དྲུག་ལ་རྣམ་པ་གཉིས་ཏེ། ཐོག་མའི་ཚིག་ཕྱེད་དང་གསུམ་གྱིས་ནི་གླེང་བ་བསྟན་ཏོ། །ཚིགས་བཅད་ཉི་ཤུ་རྩ་གསུམ་གྱིས་ནི་བཤད་པ་བསྟན་ཏོ། །གླེང་
པ་བསྟན་པ་ལ་ཡང་གཉིས་ཏེ། ཐོག་མའི་ཚིག་གཅིག་གིས་ནི་ཐེ་ཙོམ་མེད་པས་རབ་ཏུ་དགའ་བ་བསྟན་ཏོ། །ཚིག་ཕྱེད་དང་གཉིས་ཀྱིས་ནི་ཐེ་ཙོམ་དང་མྱ་ངན་ཟད་པས་ངོ་མཚར་དུ་གྱུར་པ་བསྟན་ཏོ། །མདོ་ལས། བདེ་བར་གཤེགས་པའི་གསུང་དེ་ངོ་མཚར་གྱུར། །ཞེས་པ་ནས། གསུང་
ཐོས་པ་ཡིས་ཐམས་ཅད་མེད་པར་གྱུར། །ཞེས་པའི་བར་དུ་ཐེ་ཙོམ་དང་མྱ་ངན་ཟད་པས་ངོ་མཚར་དུ་གྱུར་པ་བསྟན་ཏོ། །སྔོན་ཐེག་པ་ཆེན་པོ་མ་ཐོས་པ་ཐེ་ཚོམ་དང་མྱ་ངན་དུ་འགྱུར་བ་ལས་ད་ཐེག་པ་ཆེན་པོ་ཐོས་པས་ཐེ་ཙོམ་དང་མྱ་ངན་སློས་པ་བསལ་ཞེས་སྨོས་སོ། །མྱ་ངན་སློས་པ་ཞེས་བྱ་བ་ནི་
སངས་རྒྱས་སུ་མི་འགྱུར་དུ་དོགས་པའོ། །མདོ་ལས། གདུགས་ལ་སྤྱོད་ཅིང་ཕན་ཚུན་འཆི་བ་དང་། །ཞེས་པ་ནས། ཀྱེ་མ་སྡིག་གི་སེམས་ཀྱིས་བདག་བསླུས་པས། །ཞེས་པའི་བར་དུ་འདི་མན་ཆད་ནི་འགྱོད་པ་བསྟན་པ་སྟེ། ཀྱེ་མ་ཞེས་བྱ་བ་ནི་ཤིན་ཏུ་འགྱོད་པའི་ཐ་ཚིག་སྟེ། སྔར་ཐེག་པ་ཆུང་ངུ་ལ་གནས་
པས་ཐེག་པ་ཆེན་པོ་ལ་སྐལ་བ་མེད་པ་ཙམ་དུ་འཛིན་པས་སྡིག་པའི་སེམས་ཀྱིས་བསླུས་པ་ཞེས་བྱའོ། །མདོ་ལས། ཟག་པ་མེད་པའི་ཆོས་སུ་འདྲ་བ་ལ། །ཞེས་པ་ནས་འཆད་པར་མི་འགྱུར་རོ་ཞེས་པའི་བར་དུ་ཚིག་འདི་ནི་ཅིས་འགྱོད་པ་བསྟན་པ་སྟེ། ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ཡང་དག་པ་ཉིད་དེ།
ཤེས་པ་མེད་པ་དག་ནི་མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་ཞིང་ཆོས་འཆད་པར་མི་འགྱུར་རོ་ཞེས་བསྟན་ཏོ། །མདོ་ལས། བདག་ནི་སུམ་ཅུ་རྩ་གཉིས་མཚན་ལས་ཉམས། །ཞེས་པ་ནས་བདག་རྨོངས་སོ་ཞེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་ཕྱེད་དང་དྲུག་གིས་ཆོས་ཆེན་པོ་ལས་ཉམས་པས་འགྱོད་
པ་བསྟན་པ་སྟེ་འདི་ལ་ཡང་རྣམ་པ་གཉིས་སུ་དབྱེའོ། །དེ་ལ་ཡང་ཚིག་ཕྱེད་དང་བཞིས་ནི་ཆོས་ཆེན་པོ་གང་ཉམས་པ་བསྟན་ཏེ། ཚིགས་བཅད་གཉིས་ཀྱིས་ནི་བདག་འགྱོད་པ་བསྟན་ཏོ། །ཆོས་གང་ཉམས་པ་བསྟན་པ་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཐོག་མའི་ཚིགས་བཅད་གཉིས་ཀྱིས་ནི་ཕྱི་ནང་གི་

མཚན་གྱིས་བརྒྱན་པའི་ཡོན་ཏན་བསྟན་ཏོ། །ཚིག་ཕྱེད་དང་གཉིས་ཀྱིས་ནི་གྲགས་པ་དང་རྙེད་པའི་ཡོན་ཏན་བསྟན་ཏོ། །མཚན་གྱིས་བརྒྱན་པ་ལ་ཡང་རྣམ་པ་གཉིས་ཏེ། ཚིགས་བཅད་གཅིག་གིས་ནི་མཚན་རྫོགས་པས་བདུད་བཏུལ་བའི་ཡོན་ཏན་བསྟན་ཏོ། །ཚིགས་བཅད་
གཅིག་གིས་ནི་དཔེ་བྱད་རྫོགས་པས་མ་འདྲེས་པའི་ཡོན་ཏན་བསྟན་པ་སྟེ། འདིར་ནི་མཚན་རྫོགས་པའི་ཡོན་ཏན་ནོ། །མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་རྒྱས་པར་བཤད་པ་བཞིན་ནོ། །མདོ་ལས། ཐུབ་པ་ཆེན་པོའི་དཔེ་བྱད་བཟང་པོ་གང་། །ཞེས་པ་
ནས། དེ་ལས་བདག་ཅག་ཉམས་ཤིང་ཆེས་བསླུས་སོ། །ཞེས་པའི་བར་དུ་ནི་དཔེ་བྱད་བཟང་པོ་རྫོགས་པས་མ་འདྲེས་པའི་ཡོན་ཏན་བསྟན་པ་སྟེ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་རྒྱས་པར་བཤད་པ་བཞིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་
བརྒྱད་ཀྱང་འགྲེལ་པ་ལས་རྒྱས་པར་བཤད་པ་བཞིན་ཏེ། ཐེག་པ་ཆུང་ངུ་གཉིས་ལ་མེད་པས་མ་འདྲེས་པ་ཞེས་བྱའོ། །མདོ་ལས། འཇིག་རྟེན་ཕན་པ་ཐུགས་བརྩེ་ཁྱོད་མཐོང་ནས། །ཞེས་པ་ནས། ཀྱེ་མ་བདག་ནི་བསླུས་ཞེས་རྣམ་པར་སེམས། །ཞེས་པའི་བར་དུ་ནི་གྲགས་པ་དང་རྙེད་པའི་ཡོན་
ཏན་བསྟན་ཏོ། །དེ་ལྟར་བདག་བསླུས་པས་སངས་རྒྱས་ཀྱི་ཡོན་ཏན་ལས་ཉམས་ཏེ་ཆུང་ངུས་ཆོག་པར་འཛིན་ཏོ། །མདོ་ལས། མ་ཆགས་ཡེ་ཤེས་བསམ་གྱིས་མི་ཁྱབ་ལས། །ཞེས་པ་ནས། །རྣམ་པར་འདྲེས་པས་བསྟན་པའོ། །ཞེས་པའི་བར་དུ་ནི་བདག་འགྱོད་པ་བསྟན་པ་སྟེ། དེ་ལ་ཚིགས་བཅད་
གཅིག་གིས་ནི་ཐེག་པ་ཆེན་པོ་ལས་ཉམས་མ་ཉམས་ཞེས་དྲིས་པའོ། །ཚིགས་བཅད་གཅིག་གིས་ནི་བདག་རྟག་ཏུ་སངས་རྒྱས་མཐོང་ཡང་བྱང་ཆུབ་སེམས་དཔའ་ལ་ནི་བསྔགས་ཤིང་བསྟོད་ཀྱི་བདག་ཅག་ལ་མ་བསྟོད་དོ་སྙམ་སེམས་པའོ། །མདོ་ལས། སངས་རྒྱས་གསུང་འདི་བདག་གིས་ཐོས་པ་ནི། །
ཞེས་པ་ནས། བྱང་ཆུབ་སྙིང་པོར་གསུང་ཞེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་བཅུ་བཞིས་ནི་ཐོས་ནས་དགའ་བས་མྱ་ངན་ཟད་པ་བསྟན་ཏེ། དེ་ལ་གཉིས་སུ་དབྱེའོ། །ཚིག་ཕྱེད་དང་བཅུ་གསུམ་གྱིས་ནི་ཐེ་ཙོམ་དང་མྱ་ངན་བསལ་བ་བསྟན་ཏོ། །ཚིག་ཕྱེད་དང་གཉིས་ཀྱིས་ཤིན་ཏུ་བདེ་བ་ཐོབ་པ་བསྟན་

ཏོ། །སྔ་མ་ལ་གཉིས་ཏེ། ཚིག་ལྔས་ནི་སྔོན་གྱི་མྱ་ངན་ཟད་པ་བསྟན་ཏོ། །ཚིག་ཕྱེད་དང་བརྒྱད་ཀྱིས་ནི་ད་ལྟར་གྱི་ཐེ་ཚོམ་དུ་གྱུར་པ་བསྟན་ཏོ། །སྔ་མ་ལ་ཡང་གཉིས་ཏེ་ཚིག་གཅིག་གིས་ནི་ཅིའི་ཕྱིར་ཐེ་ཚོམ་བསལ་བ་བསྟན་ཏོ། །ཚིག་བཞིས་ནི་ཐེ་ཚོམ་བསལ་བ་དངོས་བསྟན་ཏོ། །འདིར་ནི་ཆོས་ཐོས་པས་མྱ་
ངན་ཟད་པ་བསྟན་ཏོ། །སངས་རྒྱས་ཀྱིས་གསུངས་པ་འདི་ཐོས་པས་ཟག་པ་མེད་པའི་ཡེ་ཤེས་དཔག་དཀའ་བ་བྱང་ཆུབ་ཀྱི་སྙིང་པོར་འགྱུར་བ་ཐོས་པས་མྱ་ངན་དང་བྲལ་ཏེ། མྱ་ངན་དང་བྲལ་བས་ཟག་པ་མེད་པ་ཞེས་བྱའོ། །མདོ་ལས། སྔོན་ཆད་བདག་ནི་ལྟ་ལ་ཆགས་གྱུར་པ། །ཞེས་པ་ནས།
བདག་གིས་སྟོང་པ་ཉིད་ཀྱི་ཆོས་ཐོབ་སྟེ། །ཞེས་པའི་བར་འདི་མན་ཆད་ཚིག་བཞིས་མྱ་ངན་བསལ་བ་བསྟན་ཏེ། དེ་ལ་ཡང་གཉིས་སུ་དབྱེའོ། །ཚིག་ཕྱེད་དང་གཉིས་ཀྱིས་ནི་སྔོན་ངན་པར་ལྟ་བ་ལས་ཕྱིས་ཡང་དག་པར་གྱུར་པ་བསྟན་ཏོ། །ཚིག་ཕྱེད་དང་གསུམ་གྱིས་ནི་ད་ཐེག་པ་ཆུང་ངུར་རྟོགས་ནས་ཐེག་པ་
ཆེན་པོ་ལ་འཇུག་པ་བསྟན་ཏོ། །འདིར་ནི་ངན་པར་ལྟ་བ་ལས་ཡང་དག་པར་ལྟ་བ་བསྟན་པ་སྟེ། སྔོན་མུ་སྟེགས་ཅན་གྱིས་སྟོན་པ་ལས་འཁོར་བརྒྱ་དང་བཅས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་གང་ཟག་ལ་བདག་མེད་པར་ཆུད་དེ་དགྲ་བཅོམ་པར་གྱུར་པས་སྟོང་པ་ཉིད་ཀྱི་ཆོས་ཐོབ་ཅེས་བྱའོ། །མདོ་
ལས། དེ་ཕྱིར་བདག་ནི་མྱ་ངན་འདས་སྙམ་བགྱིད། །མྱ་ངན་འདས་ཞེས་བྱ་བ་དེ་མ་ལགས། །ཞེས་བྱ་བ་ནི་ཐེག་པ་ཆུང་ངུར་རྟོགས་ནས་ཐེག་པ་ཆེན་པོ་ལ་འཇུག་པ་བསྟན་པ་སྟེ། དེ་ལ་ཡང་གཉིས་སོ། །ཚིག་གཅིག་ནི་ཐེག་པ་ཆུང་ངུར་རྟོགས་པ་དང་ཚིག་གཅིག་ནི་ཆེན་པོ་ལས་ཉམས་པ་ཞེས་བྱའོ། །མདོ་
ལས། ནམ་ཞིག་སངས་རྒྱས་སེམས་ཅན་གཙོར་གྱུར་ཏེ། །ཞེས་པ་ནས། གསུང་ཐོས་དེ་རིང་བདག་ནི་མྱ་ངན་འདས། །ཞེས་པའི་བར་དུ་ནི་ཡང་དག་པའི་འགོག་པ་རྟོགས་ཤིང་མངོན་པར་བྱང་ཆུབ་པ་བསྟན་ཏེ། མཚན་དམ་པས་སྐུ་བརྒྱན་པས་སེམས་ཅན་མང་པོ་འདུ་བའི་གནས་སུ་གྱུར་པ་ཉིད་སྐྱེ་བ་
རྣམ་པ་གཉིས་སྤངས་ཤིང་ཟག་པ་མེད་པ་བརྙེས་པའི་ཕྱིར་ཐེག་པ་ཆེན་པོ་མྱ་ངན་ལས་འདས་པ་ཐོབ་པོ། །མདོ་ལས། གང་ཚེ་བདག་ནི་བྱང་ཆུབ་མཆོག་ལུང་བསྟན། །ཞེས་པ་ནས། བདག་ནི་བག་ཚ་བ་ཡི་མཐུ་སྐྱེས་པ། །ཞེས་པའི་བར་དུ་ནི་འདི་མན་ཆད་ཚིགས་སུ་བཅད་པ་ཕྱེད་དང་བརྒྱད་ལ་

བག་ཚ་བའི་ཐེ་ཚོམ་བསལ་བ་བསྟན་ཏེ། སྔར་ཚིགས་བཅད་གཅིག་གིས་ཐེ་ཚོམ་གྱི་གཞི་གླེང་པ་བསྟན། དེའི་འོག་མས་ནི་ཐེ་ཚོམ་བསལ་བའི་གཏན་ཚིགས་བསྟན། དེའི་འོག་མ་གཞན་གྱིས་ནི་དངོས་སུ་ཐེ་ཙོམ་བསལ་བ་བསྟན་ཏེ་འདི་ནི་དང་པོའོ། །མདོ་ལས། ཐོག་
མར་རྣམ་པར་འདྲེན་གྱི་གསུང་ཐོས་ནས། །ཞེས་པ་ནས། གང་ཚེ་རྒྱུ་དང་གཞི་ཡི་རྣམ་པ་དང་། །ཞེས་པའི་བར་དུ་ནི་ཐེ་ཚོམ་དངོས་སུ་བསལ་བ་བསྟན་ཏེ། དེ་ལ་ཡང་དང་པོའི་ཚིགས་བཅད་འདིས་ནི་ཐེ་ཙོམ་སྐྱེ་བའི་གཏན་ཚིགས་བསྟན། འོག་མ་ཕྱེད་དང་དྲུག་གིས་ནི་ཐེ་ཙོམ་དངོས་སུ་བསལ་བ་བསྟན་
ཏོ། །སྔོན་བཅོམ་ལྡན་འདས་ཀྱིས་ཐེག་པ་རྣམ་པ་གསུམ་བཤད་དེ། དེ་སོ་སོའི་འབྲས་བུ་ཡང་ཐོབ་པའི་རྗེས་ལ་ད་ཐེག་པ་གཅིག་གོ་ཞེས་གསུངས་པ་འདི་སྔར་གསུངས་པ་དང་མི་འགལ་བའི་ཕྱིར་གཞུང་ལ་ཐེ་ཚོམ་མེད་ཀྱང་སྨྲ་བའི་ཚིག་འདི་བདུད་ཀྱིས་བཤད་པ་མ་ཡིན་ནམ་ཞེས་ཐེ་ཚོམ་
དུ་གྱུར་པའོ། །མདོ་ལས། དཔེ་རྣམས་བྱེ་བ་ཁྲག་ཁྲིག་སྙེད་ཀྱིས་བསྟན། །ཞེས་པ་ནས། དེ་ནས་བདག་ནི་ཆོས་ཐོས་ཐེ་ཚོམ་བྲལ། །ཞེས་པའི་བར་དུ་ནི་ཐེ་ཚོམ་དང་བྲལ་བ་དང་དངོས་སུ་བསྟན་པ་སྟེ། འདི་མན་ཆད་ཐབས་མཁས་པས་དཔེ་དང་དོན་གསལ་བའི་ཕྱིར་ཐེ་ཚོམ་དང་
བྲལ་བ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐབས་མཁས་པ་སྟོན་པ་མཐུན་པའི་ཕྱིར་ཐེ་ཚོམ་དང་བྲལ་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་དང་། བདུད་ཀྱི་ཚིག་དང་མི་མཐུན་པའི་ཕྱིར་ཐེ་ཚོམ་དང་བྲལ་བ་སྟེ། འདི་ནི་དང་པོའོ། །བཅོམ་ལྡན་འདས་ཆོས་སྟོན་པ་ཡང་དཔེའི་
སྒོ་ནས་ཆོས་སྟོན་པ་དང་། དོན་དངོས་སུ་བསྟན་པའི་ཕྱིར་ཆོས་སྟོན་པ་ལ་དཔེ་དང་དོན་དུ་སྦྱར་བ་ལ་མི་འགལ་བའི་ཕྱིར་ཐེ་ཚོམ་དང་བྲལ་བའོ། །མདོ་ལས། དེ་ལྟར་བདག་ལ་སངས་རྒྱས་བྱེ་བ་སྟོང་། །ཞེས་པ་ནས། ཤིན་ཏུ་སྟོན་པར་འགྱུར་ཞིང་ད་ལྟར་འཆད། །ཞེས་པའི་བར་དུ་ནི་
འདིས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐབས་མཁས་པས་ཆོས་སྟོན་པ་ལ་ལུགས་མཐུན་པ་སྟོན་ཏེ། ཚིག་དང་པོ་ནི་འདས་པ་དང་སྦྱར། དེའི་འོག་མ་ནི་མ་འོངས་པ་དང་ད་ལྟར་གྱི་དང་སྦྱར་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཆོས་སྟོན་པ་ལ་དྲང་བ་དང་ངེས་པའི་དོན་སྟོན་པ་གཞུང་

ལུགས་མཐུན་པའི་ཕྱིར་ཐེ་ཚོམ་དང་བྲལ་བའོ། །མདོ་ལས། དེ་ལྟར་ཁྱོད་ནི་སྤྱོད་པ་ཅི་འདྲ་བ། །ཞེས་པ་ནས། ཆོས་ཀྱི་འཁོར་ལོ་ཅི་འདྲ་ཁྱོད་ཀྱིས་མཁྱེན། །ཞེས་པའི་བར་དུ་ནི་དུས་གསུམ་གྱི་སངས་རྒྱས་ཀྱང་མཚུངས་པའི་སྒོ་ནས་ཐེ་ཚོམ་བྲལ་བ་སྟོན་ཏེ། དང་པོ་བལྟམས་པ་དང་ཁབ་ནས་བྱུང་
བའི་བར་དུ་ནི་སྐུའི་སྤྱོད་པ་བསྟན་ཏོ། །འཕགས་པའི་ལམ་བརྙེས་པས་ནི་ཐུགས་ཀྱི་སྤྱོད་པ་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་བསྐོར་བས་ནི་གསུང་གི་སྤྱོད་པ་བསྟན་ཏོ། །དེ་ལྟར་སྟོན་པ་ལ་འཁྲུལ་པ་དང་འགལ་བ་མེད་པའི་ཕྱིར་ཐེ་ཚོམ་བསལ་ཏོ། །མདོ་ལས། ཇི་ལྟར་ཁྱོད་ཀྱིས་ཆོས་བཤད་
གནས་པ་ལས། །ཞེས་པ་ནས། བདག་ཉིད་དེ་ལྟར་སེམས་ལ་ཐེ་ཚོམ་སྐྱེས། །ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པའི་གསུང་རབ་དང་། བདུད་ཀྱི་ཚིག་མི་འདུ་བ་ལས་ཐེ་ཚོམ་དང་བྲལ་བ་བསྟན་ཏོ། །མདོ་ལས། གང་ཚེ་འཇམ་ཞིང་ཟབ་མོ་སྙན་པ་ཡི། །ཞེས་པ་ནས། ཐེ་ཚོམ་དང་བྲལ་
ཡེ་ཤེས་གནས། །ཞེས་པའི་བར་དུ་ནི་འདིས་ཉོན་མོངས་པ་ཟད་པས་དགའ་བ་སྐྱེ་བ་བསྟན་ཏེ། ཐུགས་རྗེས་འདྲེན་པའི་གསུང་ནི་འཇམ་པའོ། །འབྲུག་སྒྲ་ལྟ་བུས་རྒྱང་དུ་ཐོས་པར་བྱེད་པ་ནི་ཟབ་པའོ། །ཀ་ལ་པིང་ཀའི་སྒྲ་ལྟ་བུ་ཡིད་དུ་འོང་བ་ནི་སྙན་པའོ། །དྲང་བའི་དོན་བསལ་ཏེ་ངེས་པའི་དོན་ལ་
གནས་པ་ནི་ཡེ་ཤེས་ལ་གནས་པའོ། །མདོ་ལས། དེ་བཞིན་གཤེགས་པར་བདག་འགྱུར་ཐེ་ཚོམ་མེད། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །ཞེས་པའི་བར་དུ་ཐེག་པ་ཆེན་པོ་ལ་ཕྱོགས་པའི་རྒྱུ་ཆེན་པོ་བསྐྱེད་པས་སངས་རྒྱས་སུ་འགྲུབ་ཅིང་ལྷ་དང་མི་ལ་སོགས་པས་མཆོད་པ་
དང་། བྱང་ཆུབ་སེམས་དཔའ་མང་པོ་བླ་ན་མེད་པའི་གནས་སུ་འཇོག་པར་འགྱུར་བ་བསྟན་པའོ། །མདོ་ལས་དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནས་ངའི་རྗེས་སུ་སློབ་པར་གྱུར་ཏོ་ཞེས་པའི་བར་དུ་འདི་མན་ཆད་
འཕགས་པ་ཤཱ་རིའི་བུའི་སྔོན་གྱི་སྤྱོད་པ་བསྟན་པ་དང་ད་ལྟར་དེ་བཞིན་གཤེགས་པ་དང་ཕྲད་པ་དང་། ཕྱིས་ཀྱང་ཡང་དག་པ་ཉིད་ལ་གནས་པར་འགྱུར་བ་སྟོན་པ་ལ་འདི་ནི་དང་པོའོ། །ཤཱ་རིའི་བུ་སྔོན་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོའི་ཐད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ལས་བྲམ་ཟེས་མིག་

བསླངས་ཏེ། མིག་བྱིན་པ་དང་། མིག་ས་ལ་བརྫིས་ཏེ་དོན་མེད་པར་བྱས་པ་དང་། སེམས་ཆེན་པོ་ལས་ནུར་ཏེ་ཐེག་པ་ཆུང་ངུ་ལ་ཞུགས་པ་སྔོན་གྱི་སྤྱོད་པ་བསྟན་པའོ། །མདོ་ལས་ཤཱ་རིའི་བུ་ཁྱོད་བྱང་ཆུབ་སེམས་དཔའི་མན་ངག་དང་ཞེས་པ་ནས་ངའི་གསུང་རབ་འདི་
ལས་སྐྱེས་པར་གྱུར་ཏོ་ཞེས་པའི་བར་དུ་ནི་ད་ལྟར་གྱི་དུས་ནས་སངས་རྒྱས་དང་ཕྲད་པ་བསྟན་ཏེ། སྔོན་སྤྱོད་པ་ཆེན་པོ་ལས་ཉམས་པ་དང་ཐབས་ཀྱིས་བསྒྱུར་ཏེ་སྟོང་པ་ཟག་པ་མེད་པའི་ཡེ་ཤེས་རྟོགས་ཤིང་ཐེག་པ་ཆེན་པོའི་ཆོས་ལ་གནས་པར་གྱུར་པ་འདི་ཉིད་དེ་བཞིན་གཤེགས་པའི་གསུང་ལས་སྐྱེས་
པའོ། །མདོ་ལས་ཤཱ་རིའི་བུ་ཁྱོད་འདི་ལྟར་ཞེས་པ་ནས་མྱ་ངན་ལས་འདས་སོ་སྙམ་དུ་སེམས་ཏེ་ཞེས་པའི་བར་དུ་ནི་ཕྱིས་ཡང་དག་པ་ཉིད་ལ་གནས་པར་འགྱུར་བ་བསྟན་ཏེ། མི་དྲན་ནས་ཞེས་པ་ནི་དྲང་བའི་དོན་ལ་བརྟེན་ཅིང་ངེས་པའི་དོན་བརྗོད་པའོ། །འཕགས་པ་ཉན་ཐོས་པའི་ཡེ་ཤེས་དང་མྱ་
ངན་ལས་འདས་པ་ཉིད་མཐར་ཕྱིན་པའི་གནས་ཙམ་དུ་གནས་ཤིང་ཐེག་པ་ཆེན་པོའི་ཡེ་ཤེས་དང་མྱ་ངན་ལས་འདས་པ་མི་འགྲུབ་པའོ། །མདོ་ལས་ཤཱ་རིའི་བུ་ངས་ཁྱོད་ཀྱི་སྤྱོད་པ་དང་ཞེས་པ་ནས་ཉན་ཐོས་པ་རྣམས་ལ་ཡང་དག་པར་བསྟན་ཏོ་ཞེས་པའི་བར་དུ་སྔོན་ཐེག་པ་ཆེན་པོ་སྤྱོད་པའི་སེམས་
དྲན་པ་དང་བསྐུལ་བ་སྟེ། དམ་པའི་ཆོས་དང་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་སེམས་དཔའ་ལ་གདམས་པ་དང་། སངས་རྒྱས་ཀྱིས་ཡོངས་སུ་གཟུང་བ་ནི་མདོ་སྡེ་འདི་ཉིད་ཀྱི་རྣམ་གྲངས་ཏེ། འདི་ཐེག་པ་ཆེན་པོ་ལ་འཇུག་པའི་ཐབས་དང་སྤྱོད་པ་ཐོབ་པར་འགྱུར་བ་བསྟན་ཏོ། །མདོ་ལས་
ཤཱ་རིའི་བུ་ཁྱོད་ནི་འདི་ལྟར་མ་འོངས་པའི་དུས་ཞེས་པ་ནས་འདི་དག་ཡོངས་སུ་རྫོགས་པར་བྱས་ནས་ཞེས་པའི་བར་དུ་ནི་འདི་མན་ཆད་དུམ་བུ་བཞིར་དབྱེ་སྟེ། སྔར་ལུང་བསྟན་པ་དང་། ལྷ་དང་མིས་མཆོད་ཅིང་བསྟོད་པའོ། །དང་པོ་ལ་ཡང་གཉིས་ཏེ། རྒྱུའི་སྒོ་ནས་ལུང་བསྟན་པ་དང་། འབྲས་བུའི་སྒོ་
ནས་ལུང་བསྟན་པའོ། །དེའི་དང་པོ་ལ་ཡང་བཞི་སྟེ། བསྐལ་པ་ཚད་མེད་ཅེས་པ་ནི་དུས་བསྟན་པའོ། །དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་ཅེས་པ་ནི་བཤེས་གཉེན་དམ་པ་བསྟན་པའོ། །དམ་པའི་ཆོས་འཛིན་པ་དང་། སེམས་ཅན་མང་པོ་ལ་ཕན་པ་སྣ་ཚོགས་བྱས་ནས་བླ་ན་མེད་པའི་

སངས་རྒྱས་སུ་འགྲུབ་ཅེས་པའོ། །མདོ་ལས་པད་མོའི་འོད་ཅེས་བྱ་བ་ཞེས་པ་ནས་འཇིག་རྟེན་དུ་འབྱུང་ངོ་ཞེས་པའི་བར་དུ་ནི་འབྲས་བུ་དངོས་སུ་ལུང་བསྟན་པ་སྟེ། དེ་ཡང་ཚིག་རྐྱང་པ་དང་ཚིགས་སུ་བཅད་པ་དབྱེའོ། །ཚིག་རྐྱང་པ་ལ་ཡང་རྣམ་པ་དྲུག་སྟེ། ནང་གི་ཡོན་ཏན་ཕུན་སུམ་ཚོགས་པ་
དང་། ཕྱིའི་ཞིང་རྒྱན་དམ་པ་དང་ལྡན་པ་དང་། ཆོས་སྟོན་པའི་ལུགས་གཅིག་པ་དང་བསྐལ་བའི་མིང་མི་མཐུན་པ་དང་། འཁོར་བཟང་ངན་དང་ཆོས་གནས་པའི་ཡུན་རིང་ཐུང་དང་དྲུག་ལས་འདི་ནི་དང་པོའོ། །སངས་རྒྱས་ཀྱི་མཚན་འདོགས་པ་ཡང་ལ་ལ་ནི་སྔོན་གྱི་སངས་རྒྱས་མཐོང་བ་ལས་དྲས་ཏེ་
མཚན་བཏགས་པ་དང་སེམས་བསྐྱེད་པའི་སྒོ་དང་། མཚན་མ་ལས་མཚན་འདོགས་པ་དང་། ཡུལ་དང་སེམས་ཅན་གྱི་དོན་མཛད་པ་ལས་མཚན་འདོགས་པ་སྟེ། འཕགས་པ་ཤཱ་རིའི་བུ་མངོན་པར་བྱང་ཆུབ་པའི་མཚན་པདྨོའི་འོད་ཅེས་བཏགས་པ་ནི་མེ་ཏོག་གི་ཆར་བབ་ཅིང་འོད་ཀྱིས་སྣང་བར་མཛད་པས་
དེ་བཞིན་གཤེགས་པ་པདྨོའི་ཡེ་ཤེས་འོད་ཀྱིས་སྣང་བར་མཛད་པ་ལས་པདྨོའི་འོད་ཅེས་གདགས་པ་དང་། དམ་པའི་ཆོས་ཀྱི་རོ་མྱོང་བས་ཡེ་ཤེས་ཀྱི་འོད་ཤར་ཏེ། ཐེག་པ་རྣམ་པ་གཉིས་ལ་སྣང་བར་མཛད་པའི་པདྨོའི་འོད་ཅེས་བཏགས་སོ། །དེ་ལ་ལུང་སྟོན་པ་ཡང་རྣམ་པ་བཞི་སྟེ། ཅིའི་ཕྱིར་
ལུང་སྟོན་པ་དང་། སུས་ལུང་སྟོན་པ་དང་། དོགས་པ་བསལ་བ་དང་བཞིའོ། །ཅིའི་ཕྱིར་ལུང་བསྟན་པ་ཡང་རྣམ་པ་ལྔ་སྟེ། འཕགས་པ་ཉན་ཐོས་པའི་རྣམས་ངེས་པའི་སེམས་བསྐྱེད་པ་སྟེ། ཉན་ཐོས་པའི་ཆོས་ཉིད་མ་ཡིན་པ་དང་། བདག་མེད་པ་དང་རྣམ་གཉིས་ཉན་ཐོས་པས་ཆུད་པར་
བྱ་བ་མ་ཡིན་པར་སེམས་པ་དག་སེམས་ངེས་པས་ཐེག་པ་ཆེན་པོ་ལ་བཞུགས་པའི་ཕྱིར་ལུང་བསྟན་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མཉམ་པ་ཉིད་འདུས་བྱས་ཀྱི་དབྱེ་བ་ཙམ་དུ་ཟད་ཀྱི་ཐེག་པ་རྣམ་གསུམ་ཡང་དག་པའི་གཞུང་མི་མཐུན་པ་མེད་པར་ལུང་བསྟན་པ་དང་། བྱང་ཆུབ་སེམས་
དཔའ་འཕགས་པ་ཉན་ཐོས་པ་རྣམས་ཐེག་པ་ཆེན་པོའི་མྱ་ངན་ལས་འདས་པ་གཏན་མི་འཐོག་པ་ཙམ་དུ་སེམས་པའི་ཐེ་ཚོམ་བཅད་པའི་ཕྱིར་ལུང་བསྟན་པ་དང་། ལུང་བསྟན་པ་འདིས་ཀུན་ལ་སངས་རྒྱས་སུ་འགྲུབ་པའི་རྒྱུ་ཡོད་པར་བསྟན་པས་སངས་རྒྱས་ཀྱི་སྤྱོད་པ་ལ་མང་པོ་གཟུད་པའི་ཕྱིར་ལུང་བསྟན་

པ་དང་། ཐེག་པ་གཅིག་པོ་འདི་རྟོགས་པས་ལུང་བསྟན་པ་དང་ལྔའོ། །སུས་ལུང་སྟོན་པ་ནི་རྣམ་པ་གསུམ་དུ་དབྱེ་སྟེ། ཅི་ལ་གནས་པ་དང་ལུང་སྟོན་པའི་རང་བཞིན་དང་། ལུང་སྟོན་པའི་ལས་སོ། །ཅི་ལ་གནས་ཏེ་ལུང་སྟོན་པ་ནི་ལུང་སྟོན་པ་རྣམ་པ་དྲུག་ལས། ལྔ་ནི་བཅོམ་
ལྡན་འདས་ཉག་གཅིག་གིས་མཁྱེན་ཅིང་ལུང་སྟོན། གཅིག་ནི་བྱང་ཆུབ་སེམས་དཔས་ལུང་སྟོན་ཏེ། དེ་བཞིན་གཤེགས་པས་ལུང་སྟོན་པ་ལྔ་ནི་བྱེ་བྲག་ཏུ་ལུང་སྟོན་པ་དང་། མཐུན་པར་ལུང་སྟོན་པ་དང་། ཕྱིས་ལུང་སྟོན་པ་དང་། བཀོལ་བ་མེད་པའི་ལུང་སྟོན་པ་དང་། སྤྱོད་པ་ལས་ལུང་སྟོན་པའོ། །
བྱང་ཆུབ་སེམས་དཔས་ནི་རྒྱུ་དང་ལྡན་པ་ཙམ་ལ་ལུང་སྟོན་ཏེ། །ཇི་ལྟར་རྟག་ཏུ་མི་བརྙས་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་རང་བཞིན་ཅན་ནོ་ཞེས་ལུང་སྟོན་པ་སྟེ། ལུང་སྟོན་པར་ནུས་པ་དེ་གཉིས་ལས་གཞན་མེད་དོ་ཞེས་པའོ། །ལུང་སྟོན་པའི་རང་བཞིན་ནི་
ཕྱིས་ཐོབ་པའི་ཡེ་ཤེས་དང་། ཀུན་རྫོབ་ཀྱི་ཡེ་ཤེས་སོ། །ལུང་སྟོན་པའི་ལས་ནི་ཚིག་གིས་སྤྱོད་པ་སྟེ། སྤྲུལ་པའི་སྐུ་ལ་སོགས་པ་ལ་ལྡན་པ་དང་བཅས་པའོ། །སུས་ལུང་སྟོན་པ་ནི་གང་ལ་བརྟེན་པ་དང་རང་བཞིན་ནོ། །གང་ལུང་བསྟན་པར་བྱ་བ་ཉིད་གང་ལ་བརྟེན་པ་སྟེ། ལུང་བསྟན་པར་བྱ་བ་
རྣམ་པ་དྲུག་ལ། འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་བཞི་སོ་སོར་ཕྱེ་སྟེ་ལུང་བསྟན་པ་དང་། འཕགས་པ་གང་པོ་ལ་སོགས་པ་དགེ་སློང་ལྔ་བརྒྱ་མཚན་གཅིག་པ་ལ་སོགས་པ་སྤྱིར་མཐུན་པར་ལུང་བསྟན་པ་དང་། སློབ་པ་དང་མི་སློབ་པ་ལ་སོགས་པ་དབང་པོ་ཞན་པ་རྣམས་ཕྱིས་
ལུང་བསྟན་པ་དང་། ལྷས་བྱིན་ལྟ་བུ་ལུང་བསྟན་པས་བཀོལ་བ་མེད་པར་ལུང་བསྟན་པ་དང་། སྤྱོད་པ་ལས་ལུང་བསྟན་པ་སྟེ། དགེ་སློང་མ་དང་ལྷའི་བུ་མོ་ལ་སོགས་པ་ལུང་བསྟན་པ་དང་། རྒྱུ་དང་ལྡན་པ་ཙམ་ལས་ལུང་བསྟན་པ་སྟེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་
པར་ལུང་བསྟན་པ་སྟེ། ཞིབ་ཏུ་མདོ་འདི་ཉིད་ཀྱི་སོ་སོའི་ལེའུ་ལས་འབྱུང་བ་བཞིན་དུ་སྦྱར་རོ། །དོགས་པ་བསལ་བ་ནི་འཕགས་པ་ཉན་ཐོས་པ་རྣམས་ལུང་བསྟན་པ་ངེས་པར་སངས་རྒྱས་སུ་འགྲུབ་པ་ཡིན་ནམ། ཐབས་ཀྱིས་བསྟན། དེ་སྟེ་ངེས་པར་འགྲུབ་པ་ཡིན་ན་ནི་བྱང་ཆུབ་སེམས་དཔའི་

སྤྱོད་པ་རླབས་པོ་ཆེ་དེ་སྙེད་སྤྱད་ཀྱང་ཅི་དགོས། དེ་སྟེ་ངེས་པར་འགྲུབ་པ་མ་ཡིན་ན་ནི་འགྲུབ་པར་ཅིའི་ཕྱིར་ལུང་བསྟན། དེ་ནི་འཕགས་པ་ཉན་ཐོས་པ་རྣམས་ཐེག་པ་ཆེན་པོར་ངེས་པའི་སེམས་བསྐྱེད་པ་ལ་དགོངས་ཏེ་ལུང་བསྟན་གྱི་གྲུབ་ཟིན་པའི་རང་བཞིན་ལས་ལུང་བསྟན་པ་མ་ཡིན་པ་དང་། ཡང་དེ་
བཞིན་གཤེགས་པས་ཐེག་པ་གསུམ་མཉམ་པ་སྟེ། ཐེག་པ་གཅིག་པོར་བསྡུ་ཞིང་ཆོས་ཀྱི་སྐུ་དང་། འཕགས་པ་ཉན་ཐོས་པས་ལུས་སུ་ཡང་མཉམ་པ་ཉིད་པས་ལུང་བསྟན་པ་ཡིན་གྱི། སྤྱོད་པ་དང་ཡོན་ཏན་ཐམས་ཅད་རྫོགས་པའི་སྒོ་ནས་ལུང་བསྟན་པ་མ་ཡིན་ནོ། །མདོ་ལས་ཤཱ་རིའི་བུ་དེའི་ཚེ་ན་ཞེས་པ་ནས་
ལྷ་དང་མི་མང་པོས་རབ་ཏུ་གང་ཞེས་པའི་བར་དུ་ནི་ཕྱིའི་ཞིང་རྒྱན་དམ་པ་དང་ལྡན་པ་སྟེ། ཞིང་རྣམ་པར་དག་པའོ། །དེ་ལ་ཡང་དགའ་བ་འབའ་ཞིག་གིས་བསྐྱེད་པའི་ཕྱིར་རྡུལ་མེད་པའི་ཕྱིར་ཞིང་ཞེས་བྱ་སྟེ། དྲི་མའི་སྐྱོན་མེད་པའོ། །ང་རྒྱལ་གྱི་སེམས་སྤངས་པས་ན་མཉམ་ཞིང་མཐོ་དམན་མེད་པ་དང་།
སེམས་ཅན་གྱི་སེམས་རྣམ་པར་དག་པ་ཕྱིར་ཞིང་རྣམ་པར་དག་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དང་། གསོད་པ་དང་འཕྲོག་པའི་སེམས་དང་བྲལ་བའི་ཕྱིར་བདེ་བ་སྐྱིད་པ་ནད་དང་མུ་གེ་མེད་པའི་ཞིང་དང་། སྡིག་པའི་བཤེས་གཉེན་དང་བྲལ་བའི་ཕྱིར་ལྷ་དང་མིས་ཡོངས་སུ་རྒྱས་པའོ། །མདོ་ལས་བཻ་ཌཱུརྱ་
ལས་བྱས་པ་ཞེས་བྱ་བ་ནས་མེ་ཏོག་འབྲས་བུར་ལྡན་ནོ་ཞེས་པའི་བར་དུ་ནི་སེམས་ཀྱི་སྐྱོན་དང་བྲལ་བའི་ཕྱིར་ཞིང་བཻ་ཌཱུརྱ་ལྟར་རྣམ་པར་དག་པ་སྟོང་པ་བརྒྱད་ལ་གནས་ཤིང་འཕགས་པའི་ལམ་བརྒྱད་སྒྲུབ་པའི་ཕྱིར་གསེར་གྱི་ཐིག་གིས་ཕྱོགས་བརྒྱད་དུ་རེའུ་མིག་བྲིས་པའོ། །གཟུངས་གཞི་ལ་གནས་
པའི་ཕྱིར་སྐྱེད་མོས་ཚལ་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་བདུན་སྤྱོད་པའི་ཕྱིར་རིན་པོ་ཆེའི་ཤིང་མེ་ཏོག་དང་། འབྲས་བུར་ལྡན་པའོ། །མདོ་ལས་ཤཱ་རིའི་བུ་པདྨོའི་འོད་དེ་བཞིན་གཤེགས་པ་ཞེས་པ་ནས་ཐེག་པ་གསུམ་ཉིད་བརྩམས་ཏེ་ཆོས་སྟོན་ཞེས་པའི་བར་དུ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དང་ཆོས་
སྟོན་པའི་ལུགས་མཐུན་པ་བསྟན་པ་སྟེ། དེ་ལ་སྔར་ནི་ལུགས་མཐུན་པ་བསྟན། དེའི་འོག་ཏུ་ནི་དེའི་གཏན་ཚིགས་བསྟན་ཏེ། ཞིང་རྣམ་པར་དག་པ་ཞེས་སྨོས་པ་ཉིད་སྤྲུལ་པའི་ཞིང་དུ་ལྟའོ། །མདོ་ལས་གཞན་ཡང་ཤཱ་རིའི་བུ་ཞེས་པ་ནས་སྨོན་ལམ་གྱི་དབང་གིས་ཆོས་སྟོན་པར་འགྱུར་རོ་ཞེས་པའི་བར་དུ་ནི་

དེའི་གཏན་ཚིགས་བསྟན་ཏེ། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ཡང་ཐབས་ལ་མཁས་པའི་སྨོན་ལམ་གྱི་དབང་གིས་འཇིག་རྟེན་རྙོག་པའི་དུས་སུ་བྱུང་ཞིང་ཆོས་སྟོན་པ་བཞིན་པདྨོའི་དེ་བཞིན་གཤེགས་པ་ཡང་སྔོན་གྱི་སྨོན་ལམ་གྱི་མཐུ་བཞིན་དྲང་བ་དང་ངེས་པའི་དོན་གྱི་སེམས་
ཅན་རྣམས་ལ་ཆོས་སྟོན་ཏོ། །མདོ་ལས་ཤཱ་རིའི་བུ་བསྐལ་པ་དེའི་མིང་ཞེས་པ་ནས་བྱང་ཆུབ་སེམས་དཔའ་རྣམས་ནི་རིན་པོ་ཆེ་ཞེས་བྱ་སྟེ་ཞེས་པའི་བར་དུ་ནི་བསྐལ་པ་མི་མཐུན་པ་བསྟན་པའོ། །མདོ་ལས་དེའི་ཚེ་དེའི་དུས་ཞེས་པ་ནས་མང་པོར་བྱུང་སྟེ་ཞེས་པའི་བར་དུ་ནི་འཁོར་གྱི་ཁྱད་པར་བསྟན་ཏེ། དེ་ཡང་
སོ་སོར་སྨོས་པ་དང་། སྤྱིར་བསྡུ་བ་ལ། དང་པོ་ལ་རྣམ་པ་བཅུ་སྟེ། འདི་ནི་གྲངས་དཔག་ཏུ་མེད་པ་ཇི་ལྟར་ཙན་དན་གྱི་ཚལ་ཙན་དན་གྱིས་བསྐོར་བ་བཞིན་ནོ། །མདོ་ལས་དེ་བཞིན་གཤེགས་པས་བགྲངས་བ་ནི་ཞེས་པ་ནས་རིན་པོ་ཆེའི་པདྨོའི་སྟེང་ནས་འགྲོ་བ་ཞེས་པའི་བར་དུ་ནི་རིན་པོ་ཆེ་པདྨོའི་སྟེང་ནས་
འགྲོ་བ་སྟོན་ཏེ། དེ་ཡང་སེམས་རྣམ་པར་དག་པ་དགུ་ལ་རྟག་ཏུ་གནས་པའི་ཕྱིར་ཏེ་རྣམ་པར་དག་པ་དགུ་ནི་ཚུལ་ཁྲིམས་དང་སེམས་དང་ལྡན་པ་དང་ཐེ་ཚོམ་དང་བྲལ་བ་དང་ལམ་ཤེས་པ་དང་སྤྱོད་པ་ཤེས་པ་དང་སྨོན་ལམ་ཤེས་པ་དང་། མི་དམིགས་པར་འགོག་པ་དང་ཞིང་རྣམ་པར་དག་པ་སྟེ་དགུ་དང་ལྡན་
པའི་ཕྱིར་རོ། །དགེ་བའི་རྩ་བ་དམན་པ་ཤེ་དག་པ་ལས་ཐོབ་པ་མ་ཡིན་པའོ། །མདོ་ལས་དགེ་བའི་རྩ་བ་ཡུན་རིང་པོ་ནས་སྤྱད་པ་ཞེས་པ་ནས་དེ་བཞིན་གཤེགས་པས་ཡོངས་སུ་བསྟོད་པ་ཞེས་པའི་བར་དུ་ནི་དེ་ཡང་ཡོན་ཏན་གཉིས་ཏེ། ཡུན་རིང་པོ་ནས་སྨོན་ལམ་ཆེན་པོ་བཏབ་པའི་དབང་གིས་ཐོས་པ་ཕུན་སུམ་
ཚོགས་ཤིང་མང་པོ་ཀུན་གྱིས་ཤེས་པའི་ཕྱིར་སྟོན་པའོ། །མདོ་ལས་སངས་རྒྱས་ཀྱི་ཡེ་ཤེས་ལ་བརྩོན་པ་ཞེས་པ་ནས་ཞིང་དེ་ཡོངས་སུ་གང་བར་འགྱུར་ཞེས་པའི་བར་དུ་ནི་བླ་ན་མེད་པའི་མོས་པ་དང་ལྡན་པ། སྙིང་རྗེ་ཆེན་པོས་འགྲོ་བ་འདྲེན་པར་སེམས་པ་བསམ་པ་དག་པས་གཡོ་དང་སྒྱུ་མེད་པ། སེམས་སྤྱོད་པ་
ཕྱིར་མ་ནུར་པ་ཉོན་མོངས་པ་མི་བསྐྱོད་པའི་ཕྱིར་དྲན་པ་དང་ལྡན་པ་དག་གིས་ཞིང་དེ་ཡོངས་སུ་གང་ཞེས་སྦྱར་རོ། །མདོ་ལས་ཤཱ་རིའི་བུ་འདི་ལྟར་ཡང་ཞེས་པ་ནས་བསྐལ་པ་བརྒྱད་དུ་འགྱུར་རོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་དེའི་བསྟན་པ་གནས་པའི་ཡུན་རིང་ཐུང་ཡོད་པར་བསྟན་ཏེ། དེ་བཞིན་གཤེགས་

པའི་སྐུ་ཚེའི་ཚད་དང་སྐྱེ་བ་དང་སངས་རྒྱས་སུ་གྲུབ་པ་ལུང་བསྟན་པ་དང་། བསྟན་པ་ཇི་སྲིད་དུ་གནས་པ་བསྟན་པ་ལ་འདི་ནི་དང་པོའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་སེམས་ཅན་བསོད་ནམས་དང་ཤེས་རབ་ཆུང་བས་བཅོམ་ལྡན་འདས་ཀྱི་སྐུ་ཚེ་ཡང་ཐུང་བར་བསྟན་པདྨོའི་འོད་དེ་བཞིན་
གཤེགས་པའི་ཞིང་ན་སེམས་ཅན་བཅོམ་ལྡན་འདས་ཀྱིས་མ་བསྟན་མ་བཤད་ཀྱང་དགེ་བ་ལ་རབ་ཏུ་རྩོལ་ཞིང་བསོད་ནམས་ཤེས་རབ་ཆེ་བ་ཤ་དག་པས་སྐུ་ཚེ་ཡང་རིང་བ་བསྟན་ཏོ། །མདོ་ལས་ཤཱ་རིའི་བུ་པདྨོའི་འོད་ཅེས་པ་ནས། བྱང་ཆུབ་ཏུ་ལུང་བསྟན་ནས་ཞེས་པའི་བར་དུ་ནི་མ་འོངས་པ་ན་སངས་
རྒྱས་སུ་འགྲུབ་པ་བསྟན་པ་སྟེ། དེ་ཡང་དང་པོར་དུས་བསྟན། དེའི་འོག་ཏུ་དངོས་སུ་ལུང་བསྟན། དེའི་འོག་ཏུ་ཞིང་བསྟན་པའོ། །མདོ་ལས་ཡོངས་སུ་མྱ་ངན་ལས་འདས་ཏེ་ཞེས་པ་ནས་འཇིག་རྟེན་དུ་འབྱུང་ངོ་ཞེས་པའི་བར་དུ་དངོས་སུ་ལུང་བསྟན་ཏེ། དམ་པའི་ཆོས་འདི་ཐོས་པས་མངོན་པར་བྱང་ཆུབ་
པའི་ཕྱིར་སྟོབས་བརྗིད་པ་པདྨ་འདོར་བ་ཉིད་དུ་ཁྱུ་མཆོག་གི་འགྲོས་ལྟ་བུར་དེ་བཞིན་གཤེགས་པར་འགྱུར་རོ། །མདོ་ལས་ཤཱ་རིའི་བུ་ཞེས་པ་ནས་དེ་དག་འདྲ་བ་ཉིད་དུ་འགྱུར་རོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པ་དེའི་ཞིང་པདྨོའི་དེ་བཞིན་གཤེགས་པའི་ཞིང་དང་འདྲ་བར་རྒྱུ་དམ་པ་ཉིད་
ཀྱིས་བསྐྱེད་པའོ། །མདོ་ལས་ཡང་ཤཱ་རིའི་བུ་ཞེས་པ་ནས་གཟུགས་བརྙན་གནས་པར་འགྱུར་རོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་དེའི་བསྟན་པ་ཡུན་ཇི་སྲིད་དུ་གནས་པ་སྟོན་ཏེ། ཡང་དག་པའི་བསྟན་པ་ནི་ལུང་དང་སྤྱོད་པ་དང་མངོན་པར་གྲུབ་པ་དང་བཅས་པའོ། །
ཆོས་ཀྱི་གཟུགས་བརྙན་ནི་མངོན་པར་གྲུབ་པ་མེད་དེ། ལུང་དང་སྤྱོད་པ་ཙམ་དུ་ཟད་པ་ལ་བསྟན་པ་དེ་ཡང་མེད་པར་གྱུར་པའི་དུས་ན་ལུང་ཉི་ཚེ་བཞུགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ཡང་དག་པ་ནི་ཡུན་ཐུང་། ཆོས་ཀྱི་གཟུགས་བརྙན་རིང་སྟེ། བུད་མེད་རབ་ཏུ་བྱུང་བ་ལས་ཡང་
དག་པའི་བསྟན་པ་ལོ་ལྔ་བརྒྱས་ཐུང་བར་འགྱུར་རོ། །པདྨོའི་འོད་དེ་བཞིན་གཤེགས་པའི་ཡང་དག་པའི་བསྟན་པ་དང་། ཆོས་ཀྱི་གཟུགས་བརྙན་དུས་མཉམ་པར་གནས་སོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་སྲོག་ཆགས་བྱེ་བ་ཕྲག་སྟོང་རྣམ་པར་འདུལ་ཞེས་པའི་བར་དུ་

འདི་མན་ཆད་ཚིགས་བཅད་ཕྱེད་དང་བཅུ་གཅིག་ལ་ཚིགས་བཅད་བཅུས་ནི་གོང་དུ་ལུང་བསྟན་པ་ལ་བཟླས་ཚིག་གཅིག་གིས་ནི་བསྡུས་ཏེ་དབྱེ་བའི་ཚུལ་གོང་མ་དག་དང་འདྲ་བར་སྦྱར་རོ། །ཀུན་དུ་སྤྱན་ཞེས་པ་ནི་ཐམས་ཅད་མཁྱེན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་
གཉིས་དང་ལྡན་པའོ། །མདོ་ལས། སངས་རྒྱས་བྱེ་བ་མང་ལ་བཀུར་སྟི་བྱས། །ཞེས་པ་ནས། བྱང་ཆུབ་དམ་པའི་མཆོག་ཀྱང་ཐོབ་པར་འོང་། །ཞེས་པའི་བར་དུ་ནི་རྒྱུའི་སྒོ་ནས་ལུང་བསྟན་པ་ལ་སྔོན་བཤེས་གཉེན་དམ་པ་ལ་བརྟེན་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པར་བྱས་པ་བསྟན་
ཏོ། །མདོ་ལས། ཚད་མེད་བསམ་གྱིས་མི་ཁྱབ་བསྐལ་པ་ན། །ཞེས་པ་ནས། །བལྟ་ན་སྡུག་པ་མེ་ཏོག་འབྲས་བུས་བརྒྱན། །ཞེས་པའི་བར་དུ་ནི་སངས་རྒྱས་སུ་འགྲུབ་པ་ཉིད་བསྟན་ཏེ། འདི་མན་ཆད་བསྐལ་པའི་མིང་བསྟན་པ་དང་། ཞིང་གི་རྒྱན་བསྟན་པ་དང་། འཁོར་བཟང་ངན་བསྟན་པ་དང་།
སྐུ་ཚེའི་ཚད་བསྟན་པ་ལ་འདི་ནི་དང་པོའི་གཉིས་སོ། །ཕྱིའི་ཞིང་གི་རྒྱན་བསྟན་པ་ཡང་མིང་དང་དག་པའི་མཚན་ཉིད་དང་། ས་གཞི་དང་ལམ་དང་རིན་པོ་ཆེའི་ཤིང་དང་། མེ་ཏོག་དང་འབྲས་བུ་ལ་སོགས་པ་བསྟན་པའོ། །མདོ་ལས། དྲན་ལྡན་བྱང་ཆུབ་སེམས་དཔའ་དེ་མ་མང་། །ཞེས་
པ་ནས། དེ་དག་སངས་རྒྱས་ཞིང་དེར་སྐྱེ་བར་འགྱུར། །ཞེས་པའི་བར་དུ་ནི་འཁོར་གྱི་ཁྱད་པར་བསྟན་ཏེ་ཕྱིར་མི་ལྡོག་པ་སྤྲུལ་ཏེ་འོང་བ་དགེ་བའི་བཤེས་གཉེན་དང་བསྟེན་པ་རྒྱུ་དམ་པ་བསྐྱེད་པ་ཤ་སྟག་ཅེས་སྦྱར་རོ། །མདོ་ལས། རྒྱལ་བ་དེ་ཡི་ཐ་མའི་ལུས་ཀྱི་ཚེ། །ཞེས་པ་ནས། དེ་དག་
དེ་ན་ཚེ་ཡི་ཚད་དུ་གྱུར། །ཞེས་པའི་བར་དུ་ནི་སྐུ་ཚེའི་ཚད་དང་འཁོར་རྣམས་ཀྱི་ཚེའི་ཚད་དང་ཡང་དག་པ་དང་གཟུགས་བརྙན་གྱི་བསྟན་པ་ཡུན་ཇི་སྲིད་དུ་གནས་པ་རྣམས་སྟོན་ཏེ། སྐྱེ་བ་ཐམས་ཅད་ཀྱི་ཐ་མ་རྒྱལ་བུར་གྱུར་ཅིང་ཁྱིམ་ནས་བྱུང་བ་ཉིད་བླ་ན་མེད་པའི་བྱང་ཆུབ་འགྲུབ་པའི་དུས་བསྟན་ཏོ། །
མདོ་ལས། རྒྱལ་བ་དེ་ནི་མྱ་ངན་འདས་ནས་ཀྱང་། །ཞེས་པ་ནས། ཟིལ་གྱིས་མི་ནོན་རྐང་གཉིས་གཙོ་བོ་སྟེ། །ཞེས་པའི་བར་དུ་ནི་དམ་པའི་ཆོས་དང་གཟུགས་བརྙན་གྱི་བསྟན་པ་ཇི་སྲིད་དུ་གནས་པ་དང་། བསྡུས་པ་བསྟན་ཏོ། །མདོ་ལས་དེ་ནས་འཁོར་བཞིའི་དགེ་སློང་དང་ཞེས་པ་ནས་རང་རང་

གི་གོས་བཅོམ་ལྡན་འདས་ལ་མངོན་དུ་གསོལ་ཏོ་ཞེས་པའི་བར་དུ་ནི་ལུང་བསྟན་པའི་ཚེ་ལྷ་རྣམས་ཀྱིས་མཆོད་པ་དང་བསྟོད་པ་བསྟན་ཏོ། །སྔར་ནི་འཁོར་བཞི་དང་བརྒྱད་ཀྱིས་མཆོད། དེའི་འོག་ཏུ་ནི་ལྷ་རྣམས་ཀྱིས་མཆོད་པ་ལ་འདི་ནི་དང་པོའོ། །གོས་ནི་འགེབས་པའི་དོན་ཏེ་བླ་ན་
མེད་པའི་འབྲས་བུ་ཆེན་པོ་བརྙེས་པ་འགྲོ་བ་མང་པོ་ལ་ཐུགས་རྗེས་འགེབས་པའི་དོན་ཏམ། དམ་པའི་ཆོས་འདི་འཛིན་པ་དེ་བཞིན་གཤེགས་པའི་ན་བཟས་གཡོགས་པའོ་ཞེས་འབྱུང་བ་ཉིད་དང་ཡང་སྦྱར་རོ། །མདོ་ལས་ལྷའི་དབང་པོ་བརྒྱ་བྱིན་དང་ཞེས་པ་ནས་འཕྲུལ་གྱི་གོས་མངོན་དུ་གསོལ་ཏོ་
ཞེས་པའི་བར་དུ་ནི་ལྷ་རྣམས་ཀྱིས་མཆོད་པ་དང་བསྟོད་པ་བསྟན་ཏེ་མེ་ཏོག་མང་པོར་འཐོར་བ་ནི་དམ་པའི་ཆོས་འདི་དོན་རྟོགས་པར་སྟོན་པའོ། །མདོ་ལས་འཕྲུལ་གྱི་མེ་ཏོག་དང་ཞེས་པ་ནས་བར་སྣང་ལ་བུན་ལོང་དུ་གྱུར་ཏོ་ཞེས་པའི་བར་དུ་ནི་ངོ་མཚར་དུ་གྱུར་པ་བསྟན་ཏེ་བར་སྣང་ལ་གནས་པས་ཆོས་
འདི་ཐོས་པས་འགྲོ་བ་རྣམ་བཞི་ལས་ཁྱད་པར་དུ་གྱུར་པ་བསྟན་ཏོ། །མདོ་ལས་ལྷ་རྫས་ཀྱི་སིལ་སྙན་བརྒྱ་སྟོང་དང་ཞེས་པ་ནས་མངོན་པར་ཕབ་ནས་ཞེས་པའི་བར་དུ་ནི་ལྷའི་རོལ་མོས་མཆོད་པ་བསྟན་ཏེ་ཆོས་ཀྱི་སྒྲ་ཐོས་པས་དོན་རྟོགས་པའི་ཕྱིར་རོལ་མོ་སིལ་སྙན་གྱི་མཆོད་པ་བསྟན་ཏོ། །མདོ་ལས་འདི་
སྐད་སྨྲའོ་ཞེས་པ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་པའི་བར་དུ་ནི་མངོན་པར་བསྟོད་པ་ཡང་ཚིག་རྐྱང་པ་དང་ཚིགས་སུ་བཅད་པ་དབྱེ་སྟེ་བསྟན་པ་གཞན་དག་ལ་ལྟོས་ནས་དྲང་བ་དང་ངེས་པའི་དོན་དུ་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ཉིད་བླ་ན་མེད་པའོ། །མདོ་ལས། ལྷ་ཡི་སྲས་པོ་དེ་རྣམས་
ཀྱི། །ཞེས་པ་ནས། འདི་ལ་གཞན་གྱིས་དད་པར་དཀའ། །ཞེས་པའི་བར་དུ་ནི་ཚིགས་སུ་བཅད་པ་ཕྱེད་དང་བདུན་ལ་བཞིར་དབྱེ་སྟེ་ཚིགས་བཅད་དང་པོ་གཉིས་ཀྱིས་སྔོན་བཤད་པའི་དོན་ཆུང་། ད་འདིར་བཤད་པ་ནི་དོན་ཆེ་བར་བསྟན་པ་དང་། དེའི་འོག་ཏུ་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་དོན་
དམ་པའི་ཆོས་ལ་རྗེས་སུ་ཡི་རང་བར་བསྟོད་པ་དང་། ཚིགས་བཅད་གཉིས་ཀྱིས་ནི་གཞན་རྟོགས་པ་བསྐྱེད་པས་བདག་ཉིད་ཀྱང་སངས་རྒྱས་སུ་འགྲུབ་པར་བསྟན་པ་དང་། ཚིགས་བཅད་གཅིག་གིས་ནི་བསྔོ་བ་སྟོན་ཏེ་འདི་ནི་དང་པོའོ། །ཕུང་པོ་ལྔའི་སྐྱེ་བ་དང་འཇིག་པ་སྨོས་པས་བདེན་པ་བཞིའི་

དོན་སྟོན་ཏེ། དྲང་བའི་དོན་སྤང་ཞིང་ངེས་པའི་དོན་ལ་འཇུག་པ་བསྟན་པའོ། །མདོ་ལས། རྣམ་པར་འདྲེན་པས་དེང་བཤད་དོ། །ཞེས་པ་ནས། དཔའ་བོ་བདག་ཅག་རྗེས་ཡི་རང་། །ཞེས་པའི་བར་དུ་ནི་ཆོས་དམ་པ་ལ་རྗེས་སུ་ཡི་རང་ཞིང་སྤྱོད་པ་ཆེན་པོ་ལ་གཞོལ་བ་
བསྟན་ཏོ། །མདོ་ལས། ལྡེམ་ངག་དྲང་སྲོང་ཞེས་གསུངས་ཏེ། །ཞེས་པ་ནས། བྱང་ཆུབ་ཏུ་ཡང་སྨོན་པར་ཤོག །ཅེས་པའི་བར་དུ་ནི་གཞན་རྟོགས་པ་བསྐྱེད་པའི་སྒོ་ནས་བདག་ཉིད་བྱང་ཆུབ་པ་དང་བསྔོ་བ་བསྟན་ཏོ། །མདོ་ལས་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས་སོམ་ཉི་དང་བྲལ་བར་གྱུར་
ཏོ་ཞེས་པའི་བར་དུ་ནི་སྔར་དབང་པོ་རྣོན་པོ་ལ་དྲང་བ་དང་ངེས་པའི་དོན་བསྟན་ཏེ། དོན་དུ་གྱུར་པས་དབང་པོ་བར་མ་ལ་དཔེའི་སྒོ་ནས་བསྟན་པའི་ཕྱིར་འདི་སྟོན་ཏེ། འཕགས་པ་ཤཱ་རིའི་བུ་དོན་རྟོགས་ཏེ་ལུང་བསྟན་པ་ཐོས་པས་ཡང་བཅོམ་ལྡན་འདས་ལ་གསོལ་བ་ནི་བདག་དང་གཞན་ལ་ཕན་གདགས་པ་
དང་། དེ་བཞིན་གཤེགས་པའི་དགོངས་པ་དང་མཐུན་པར་བྱ་བའི་ཕྱིར་ཤཱ་རིའི་བུས་གསོལ་ཏེ། མདོ་ལས་བཅོམ་ལྡན་འདས་གང་འདི་དག་ཅེས་པ་ནས་ཐེ་ཚོམ་འཚལ་བར་གྱུར་ན་ཞེས་པའི་བར་དུ་ནི་གཞན་གྱི་དོགས་པ་གླེང་བ་སྟེ། འབྱུང་བར་ལྟ་བ་དང་། འཇིག་པར་ལྟ་བ་ཞེས་པ་ནི་ཡོད་
མེད་དུ་ལྟ་བའི་མཐའོ། །བདག་ཏུ་ལྟ་བ་ནི་ལོག་པར་ལྟ་བའོ། །ལྟ་བ་དེ་དག་གི་མུ་སྟེགས་ཅན་གྱི་ལྟ་བ་དྲུག་ཅུ་རྩ་གཉིས་དེར་འདུས་ཏེ་དེ་ལས་འཕེལ་བའོ། །ལྟ་བ་དེ་དག་གི་སྐྱོན་དང་བྲལ་བའི་ཕྱིར་འདི་ལྟར་བསྟན་ཏོ། །ཡང་ན་ལྟ་བ་དེ་གསུམ་གྱི་ཉོན་མོངས་པ་ཐམས་ཅད་བསྐྱེད་པའི་ཕྱིར་བཅོམ་
ལྡན་འདས་ཀྱིས་ལྟ་བ་དེ་དག་དང་བྲལ་བའི་ཕྱིར་ཉོན་མོངས་པའི་རྒྱུ་བཀག་ན་འབྲས་བུ་ཡང་མི་སྐྱེ་བར་འགྱུར་རོ། །དེ་ལྟར་ཐེག་པ་ཆུང་ངུའི་མྱ་ངན་ལས་འདས་པའི་མཐར་ཕྱིན་པ་དག་ཡང་ངེས་པ་དང་དྲང་བའི་དོན་འདི་བསྟན་པས་ཐེ་ཚོམ་དུ་གྱུར་བའོ། །མདོ་ལས་བཅོམ་ལྡན་འདས་ཅི་ནས་འཁོར་བཞི་པོ་འདི་
དག་ཅེས་པ་ནས་བདེ་བར་གཤེགས་པ་བཀའ་སྩལ་དུ་གསོལ་ཞེས་པའི་བར་དུ་ནི་ཐེ་ཚོམ་བསལ་བར་གླེང་པ་ལ་སྔར་ནི་གཏན་ཚིགས་གསོལ་དེའི་འོག་ཏུ་ནི་རིགས་པར་ཞི་བའོ། །མདོ་ལས་དེ་སྐད་ཅེས་གསོལ་བ་དང་ཞེས་པ་ནས་བྱང་ཆུབ་སེམས་དཔའི་ཐེག་པ་ཉིད་ལ་འཛུད་དོ་ཞེས་པའི་བར་དུ་ནི་བཅོམ་

ལྡན་འདས་ཀྱིས་དོན་ཆེན་པོ་སྟོན་པར་བཞེད་པ་ལ་མདོར་བསྡུས་ཏེ་གླེངས་པའི་ལན་བཏབ་པ་དང་། གྲོང་ཁྱེར་གྱི་དཔེ་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་བ་དང་གསུམ་མོ། །དེ་ཡང་འཕགས་པ་ཉན་ཐོས་པ་རྣམས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གཟུད་ཅིང་སོ་སོའི་དད་པ་བཞིན་སྟོན་པའི་
ཕྱིར་རྒྱུ་དང་དཔེ་སྣ་ཚོགས་ཀྱིས་སྔར་ནི་དྲང་བའི་དོན་བསྟན། ཕྱིས་འདིར་ནི་ངེས་པའི་དོན་སྟོན་པ་ཉིད་དུ་ཤེས་པར་བྱའོ། །མདོ་ལས་འདི་ལྟར་ཡང་ཤཱ་རིའི་བུ་ཞེས་པ་ནས་དཔེས་དོན་ཤེས་པར་འགྱུར་རོ་ཞེས་པའི་བར་དུ་བཅོམ་ལྡན་འདས་ཀྱིས་ཐེ་ཚོམ་དགྲོལ་བར་དགོས་པའི་དཔེར་གླེང་པའོ། །
མདོ་ལས་ཤཱ་རིའི་བུ་འདི་ལྟ་སྟེ་ཞེས་པ་ནས་དགོག་ཏུ་ཕྱིན་པ་ཞེས་པའི་བར་དུ་ནི་དཔེ་འདི་ལ་ཚིག་རྐྱང་པ་དང་ཚིགས་སུ་བཅད་པ་གཉིས་སུ་དབྱེའོ། །ཚིག་རྐྱང་པ་ལ་སྔར་དཔེ་བསྟན། དེའི་འོག་ཏུ་དོན་སྟོན་ཏོ། །དཔེ་ཡང་སྔར་ནི་དྲང་བའི་དོན་གྱི་དཔེ། ཕྱིས་ནི་ངེས་པའི་དོན་གྱི་དཔེའོ། །དྲང་བའི་
དོན་གྱི་དཔེ་ལ་ཡང་ཁམས་གསུམ་ན་སངས་རྒྱས་བཞུགས་པའི་དཔེ་དང་། འགྲོ་བ་རྣམ་ལྔ་ཡང་ཟ་བའི་དཔེ་དང་། ཁྱིམ་བདག་ཕྱུག་པོས་མེ་འབར་བ་ཆེན་པོ་མཐོང་བས་ཐབས་ཀྱིས་འདྲེན་པའི་དཔེ་དང་། བུ་རྣམས་ཀྱིས་ཁྱིམ་བདག་དེའི་ཚིག་མཉན་པས་སྡུག་བསྔལ་དེ་ལས་ཐར་བའི་དཔེའོ། །
དཔེ་དང་པོ་ལ་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། དེའི་གནས་དང་དེའི་བདག་པོ་དང་། དེའི་རྒན་གཞོན་དང་། དེའི་འབྱོར་པ་དང་། དེའི་ཁང་ཁྱིམ་དང་། དེའི་སྐར་ཁུང་དང་། དྲུག་ཏུ་དབྱེའོ། །གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་ཞེས་པ་ནི་གནས་སོ། །ཐེག་པ་རྣམ་གསུམ་སྟོང་པ་ཉིད་སྤྲུལ་པའི་སངས་
རྒྱས་སུ་མངོན་ཏེ། དེ་ཉིད་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ན་མངའ་མཛད་པའི་བདག་པོ་སྟེ། དེད་དཔོན་ཕྱུག་པོ་གྲོང་ཁྱེར་གྱི་བདག་པོ་བྱེད་པ་བཞིན་ནོ། །དགོག་ཏུ་ཕྱིན་པ་ཞེས་པ་ནི་རྒན་གཞོན་བསྟན་པ་སྟེ། བཅོམ་ལྡན་འདས་མཁྱེན་པ་སྣ་ཚོགས་ཀྱིས་བགྲེས་ཤིང་མཐར་ཕྱིན་པ་ཞེས་པའོ། །མདོ་
ལས་ཕྱུག་པོ་རིན་པོ་ཆེ་ཞེས་པ་ནས་སྒོ་གཅིག་པ་ཞེས་པའི་བར་དུ་ནི་འབྱོར་པ་བསྟན་ཏེ། ཕྱུག་ཅིང་རིན་པོ་ཆེ་མང་བ་ནི་འཕགས་པའི་ནོར་བདུན་དང་ལྡན་པའོ། །ཁང་པ་ཞེས་པ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཉིད་ཁང་ཁྱིམ་ལྟ་བུར་བལྟའོ། །ཡང་ན་འཇིག་རྟེན་གྱི་རྒྱལ་པོ་ཆེན་པོ་ངོས་བཞི་ལ་དབང་

བྱེད་པ་བཞིན་བཅོམ་ལྡན་འདས་ཀྱང་སེམས་ཅན་མང་པོའི་གནས་དང་བདག་པོར་གྱུར་པའོ། །སྒོ་གཅིག་པ་ཞེས་པ་སྒོ་ནི་འབྱུང་བ་དང་འཇུག་པའི་དགོས་པ་བྱེད་པ་བཞིན་ཐེག་པ་གཅིག་པོའི་བསྟན་པ་འདིས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་གནས་སུ་འདིས་
འཇུག་པའི་ཕྱིར་སྒོ་ཞེས་བྱའོ། །མདོ་ལས་ཞིག་ལ་ཐུག་པ་རྩྭས་གཡོགས་པ་ཞེས་པ་ནས་སྲོག་ཆགས་བརྒྱ་ཕྲག་གཅིག་གམ་གཉིས་སམ་ལྔའི་བར་དུ་དེ་ན་གནས་ཞེས་པའི་བར་དུ་ནི་འགྲོ་བ་རྣམ་ལྔ་གཡང་ཟ་བའི་དཔེ་སྟེ། འདི་མན་ཆད་སྲོག་ཆགས་མང་དུ་གནས་པ་དང་ཁང་ཁྱིམ་རྙིངས་པ་དང་ཕྱོགས་
བཞི་ནས་མེ་འབར་བ་དང་། བུ་མང་པོ་དེ་ན་གནས་པའི་དཔེ་སྟོན་པ་ལ་འདི་ནི་དང་པོའོ། །མདོ་ལས་ཁྱིམས་རྣམས་ཀྱང་འདྲུམས་པ་ཞེས་པ་ནས་གོགས་པར་གྱུར་པའི་ཁང་པ་དེ་ལ་ཞེས་པའི་བར་དུ་ནི་གནས་རྙིང་པ་བསྟན་ཏེ། དཔེ་རྣམ་པ་བཞི་ཞིང་སྟོན་ཏོ། །ཁང་པའི་དཔེ་ནི་གཟུགས་ཀྱི་དཔེའོ། །
རྩིག་པ་ནི་འདུ་ཤེས་ཀྱི་དཔེའོ། །ཀ་བའི་རྩ་བ་རུལ་པ་ནི་འདུ་བྱེད་ཀྱི་དཔེའོ། །གདུང་མ་གཡོ་བ་ནི་ཚོར་བའི་དཔེའོ། །སྤྱིར་ཁང་པ་གཡོ་བ་ནི་རྣམ་པར་ཤེས་པའི་དཔེ་སྟེ། ཕུང་པོ་བཞི་རྣམ་པར་ཤེས་པ་ལ་བརྟེན་ཞེས་པའི་དོན་ཏོ། །མདོ་ལས་གློ་བུར་དུ་མེའི་ཕུང་པོ་ཆེན་པོ་ངོས་ཐམས་ཅད་ནས་
རབ་ཏུ་འབར་བར་གྱུར་ལ་ཞེས་པ་ལ་མེ་ཀུན་ནས་འབར་ཞེས་པ་ནི་སྐྱེ་བ་དང་འཇིག་པའི་མཚན་ཉིད་བཞི་པོ་དག་གིས་ཕུང་པོ་ལྔ་འཇོམས་ཞེས་པའི་དོན་ཏོ། །གློ་བུར་ཞེས་པ་ནི་ལུགས་དང་རྒྱུ་མེད་པར་ཉོན་མོངས་པའི་མཚན་ཉིད་སྐད་ཅིག་གཅིག་ལ་སྐྱེ་ཞིང་འབྱུང་ཞེས་པའི་དོན་ཏོ། །ཀུན་ནས་ཞེས་
པ་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་ཤི་བས་འཇོམས་པའོ། །མདོ་ལས་སྐྱེས་བུ་དེ་ལ་ཡང་ཞེས་པ་ནས་ཕྱི་རོལ་ཏུ་བྱུང་བར་གྱུར་ན་ཞེས་པའི་བར་དུ་ནི་འགྲོ་བ་རྣམ་ལྔའི་སེམས་ཅན་ཐམས་ཅད་ལ་བཅོམ་ལྡན་འདས་སྲས་དང་འདྲ་བའི་ཕྱིར་བུ་ཞེས་བཀའ་སྩལ་ཏོ། །མདོ་དག་ལས་ཐེག་པ་རྣམ་པ་གསུམ་
སོ་སོའི་སྤྱོད་པ་དང་། རིགས་ལས་བྱང་ཆུབ་སེམས་དཔའ་ནི་གྲངས་བཅུ་དང་སྦྱར། རང་སངས་རྒྱས་ནི་གྲངས་ཉི་ཤུ་དང་སྦྱར། ཉན་ཐོས་ནི་གྲངས་སུམ་ཅུ་དང་སྦྱར་ཞེས་འབྱུང་ངོ་། །མདོ་ལས་དེ་ནས་ཤཱ་རིའི་བུ་སྐྱེས་བུ་དེ་ཞེས་པ་ནས་སེམས་མི་དགའ་བར་གྱུར་ཏོ་ཞེས་པའི་བར་དུ་ནི་དྲང་བའི་ཐབས་

སྦྱོར་བའི་དཔེ་སྟོན་ཏེ། །འདིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་དགོངས་ཤིང་འདྲེན་པའི་དཔེ་སྟོན་པ་ལ་མེ་དང་ཀུན་ལས་འབར་བའི་དོན་ནི་གོང་དུ་བསྟན་པ་ཡིན་ནོ། །མདོ་ལས་འདི་ལྟར་བདག་ནི་མེའི་ཕུང་པོ་འདི་ཞེས་པ་ནས་ཕྱིར་འབྱུང་བར་ཡང་ཡིད་ལ་བྱ་བ་མི་
བསྐྱེད་དོ་སྙམ་དུ་སེམས་སོ་ཞེས་པའི་བར་དུ་ནི་འདིས་བཅོམ་ལྡན་འདས་ཐུགས་རྗེས་སེམས་ཅན་རྣམས་ལ་ཕན་འདོགས་པར་དགོངས་པའི་དཔེ་སྟེ། འབར་བའི་སྒོ་ཞེས་པ་ནི་ཐེག་པ་གཅིག་པུ་སྟོན་པ་དམ་པའི་ཆོས་ལ་སྐུར་བ་འདེབས་ཤིང་མ་དད་པ་རྣམས་ཉོན་མོངས་པ་ཕྲག་དོག་གི་
སེམས་ཀྱིས་མདོ་སྡེ་འདི་ལ་འཇུག་པ་སྟོང་པ་རྣམ་པ་གཉིས་དང་ཕན་པ་རྣམ་གཉིས་ཀྱི་སྤྱོད་པ་སྲེག་ཅེས་པའི་དོན་ཏོ། །རྩེ་དགའ་ཞེས་པ་ནི་གནས་དང་ཁམས་དང་ཐེག་པ་ལ་སོགས་པ་ལ་ཆགས་ཤིང་བག་མེད་པར་སྤྱོད་པའི་དོན་ཏོ། །མི་ཤེས་ཁོང་དུ་མི་ཆུད་པ་ནི་མངོན་སུམ་དང་རྗེས་སུ་
དཔོག་པའི་སྒོ་ནས་མི་འཇུག་པའོ། །ཡང་ན་མི་དང་མི་འཇིགས་སྐྱེ་ཞིང་སྤོང་བར་མི་བྱེད་ཅེས་པའི་དོན་ཏོ། །ཕྱིར་འབྱུང་བར་ཡིད་ལ་མི་བྱེད་པ་ནི་ཐེག་པ་ཆེན་པོའི་མྱ་ངན་ལས་འདའ་བ་མི་ཚོལ་བའོ། །མདོ་ལས་ཤཱ་རིའི་བུ་སྐྱེས་བུ་དེ་ཞེས་པ་ནས་འབྱུང་ངོ་སྙམ་དུ་བསམས་པ་དང་ཞེས་པའི་བར་
དུ་ནི་ཐེག་པ་ཆེན་པོ་འདིར་གཟུད་པ་ཡང་ཐེག་པ་ཆེན་པོའི་འབྲས་བུ་བསྟན་ཏེ། གཟུད་པ་དང་རྒྱུ་བསྟན་ཏེ་གཟུད་པ་དང་། ཐེག་པ་ཆེན་པོའི་སྤྱོད་པ་བསྟན་ཏེ་གཟུད་པ་དང་། ཆེན་པོ་ལ་རེག་པ་བསྐྱེད་དེ་གཟུད་པ་ལ་འདི་ནི་དང་པོའོ། །ཐེག་པ་ཆེན་པོའི་འབྲས་བུ་ནི་ཡེ་ཤེས་རྣམ་གཉིས་དང་ལྡན་
པའོ། །སྟོབས་དང་ལྡན་པ་ནི་ཡང་དག་པའི་ཡེ་ཤེས་རྣམ་གཉིས་སྐུ་ལྟ་བུར་ལྟ་བ་དེ་དང་ལྡན་པའོ། །སྟོབས་ཆེ་བ་ཞེས་པ་ནི་མངོན་པར་ཤེས་པ་དྲུག་དང་ལྡན་པའི་སྐུའི་ཡན་ལག་ལྟ་བུར་བལྟ་བས་དེ་གཉིས་དང་ལྡན་པའི་ཕྱིར་ཐེག་པ་རྣམ་གཉིས་པ་ཐེག་པ་ཆེན་པོ་ལ་མངོན་དུ་དད་པ་མེད་
ཀྱིས་ཀྱང་ཡོན་ཏན་དེ་གཉིས་ཀྱི་མཐུས་བསྒྱུར་ཞིང་ཐེག་པ་ཆེན་པོ་ལ་འཛུད་ཅེས་པའོ། །ཐེག་པ་བར་མ་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྣམ་གཉིས་ཀྱི་མཐུས་འཛུད་དོ། །ཉན་ཐོས་པ་རྣམས་ནི་བུས་པ་མང་དུ་བླངས་ཏེ་སྒོར་འབྱིན་པ་བཞིན་མངོན་པར་ཤེས་པའི་མཐུས་ཐེག་པ་ཆེན་པོ་ལ་

འཛུད་དོ། །མདོ་ལས་དེ་ཡང་འདི་སྙམ་དུ་སེམས་ཏེ་ཁང་པ་འདི་སྲང་གཅིག་ལ་སྒོ་ཡང་དོག་ཅེས་པ་ནི་ཐེག་པ་ཆེན་པོའི་རྒྱུད་བསྟན་ཏེ་འཛུད་པ་སྟེ། དེ་ལས་རྒྱུ་བསྟན་པ་ཡང་ཐེག་པ་ཆེན་པོའི་སྤྱོད་པ་ཆེན་པོ་ལ་བརྟེན་པ་དང་། སྐུར་བའི་སེམས་སྐྱེས་ན་ངན་སོང་དུ་
ལྟུང་བར་བསྟན་པ་དང་། དཀའ་བ་སྣ་ཚོགས་སྟོན་ཅིང་ཐེག་པ་ཆེན་པོ་ཉིད་གསངས་ཏེ་སྨོན་པ་དང་གསུམ་ལས་འདི་ནི་དང་པོའོ། །ཁམས་གསུམ་ནས་འབྱུང་བའི་སྲང་ཐེག་པ་ཆེན་པོ་གཅིག་ཡིན་པའི་ཕྱིར་སྲང་གཅིག་ཅེས་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཉན་ཐོས་པའི་སྤྱོད་པས་
མི་ཆུད་པའི་ཕྱིར་སྒོ་ཡང་དོག་པ་ཞེས་སྨོས་ཏེ། རྒྱ་མཚོ་ཤིན་ཏུ་ཡངས་ཀྱང་མི་རོ་ཞག་ཏུ་མི་འཇོག་པ་བཞིན་ནོ། །མདོ་ལས་ཁྱེའུ་འདི་དག་ཀྱང་ཞེས་པ་ནས་བྱིས་པ་དེ་དག་ལ་འབོད་དེ་ཞེས་པའི་བར་དུ་ནི་གང་འདི་ལ་མ་དད་པ་རྣམས་ངན་སོང་དུ་ལྟུང་བ་བསྟན་པ་སྟེ། སེམས་ཅན་རྣམས་འཇིག་
རྟེན་ལས་འབྱུང་བའི་རྒྱུད་ཡོད་དུ་ཟིན་གྱིས་ཀྱང་འབྱུང་བར་རྩོལ་བ་མེད་པས་ན་བྱིས་པ་ཞེས་བྱའོ། །ཇི་ལྟར་བྱིས་པ་ལེགས་ཉེས་ཀྱི་བྱེ་བྲག་མི་ཤེས་པ་བཞིན་ཐེག་པ་ཆེན་པོ་འདིའི་ཡོན་ཏན་མ་རྟོགས་ཤིང་། སྐུར་པའི་སེམས་བསྐྱེད་པ་རྣམས་སྡུག་བསྔལ་སྣ་ཚོགས་མྱོང་བ་ཡང་ཇི་ལྟར་མེའི་ཕུང་
པོ་ལས་བྱོལ་བར་མི་སེམས་པའི་བྱིས་པ་བཞིན་ནོ། །མདོ་ལས་ཁྱིམ་འདི་ལ་ཞེས་པ་ནས་ཚུར་ཤེག་ཕྱིར་འབྱུང་ཞེས་པའི་བར་དུ་ནི་སེམས་ཅན་རྣམས་ལ་ཐེག་པ་ཆེན་པོ་གསངས་ཏེ་བསྟན་པའི་དཔེ་དང་། ཐེག་པ་ཆེན་པོའི་སྤྱོད་པ་བསྟན་ཏེ་འཛུད་པ་སྟོན་པ་ལ་དེ་ཡན་ཆད་རྒྱུ་དང་འབྲས་བུ་
དང་སྤྱོད་པ་ལ་གཟུད་པའི་དཔེ་བསྟན་ཏོ། །མདོ་ལས་དེ་ལྟར་ཕན་པར་འདོད་པའི་སྐྱེས་བུ་དེས་ཞེས་པ་ནས་ཁྱིམ་འདི་ནས་གདོན་ཏོ་སྙམ་ཞེས་པའི་བར་དུ་ནི་ཕུང་པོ་ལྔ་ལ་ཆགས་ཤིང་ཉོན་མོངས་པ་སྣ་ཚོགས་ཀྱི་མེས་གདུང་བར་བྱེད་པའི་ཕྱིར་ཚུལ་བཞིན་མ་ཡིན་པའི་མེས་ཚིག་ཅེས་པའི་དོན་ཏོ། །སྙམ་
པ་ནི་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་པའི་བདེ་བ་བརྙེས་པའི་ས་ན་བཞུགས་པ་བཞིན་སེམས་ཅན་ཐམས་ཅད་ཀྱང་ས་དེར་གདོན་ཅིང་འཇོག་ཅེས་པའི་དོན་ཏོ། །མདོ་ལས་སྐྱེས་བུ་དེས་བྱིས་པ་དེ་དག་གི་བསམ་པ་ཤེས་ཞེས་པ་ནས་རྣམ་པ་དུ་མ་ཡིན་ན་ཞེས་པའི་བར་དུ་ནི་

ཐེག་པ་རྣམ་གསུམ་དངོས་སུ་བཤད་པའི་དཔེ་སྟོན་པར་གླེང་པ་ལ་སྔར་སོ་སོའི་དབང་པོ་ཤེས་པ་དང་། ཕྱིས་དངོས་སུ་སྟོན་པ་ལ་འདི་ནི་དང་པོའོ། །བྱིས་པ་དེ་དག་གི་བསམ་པ་དང་དད་པ་རིག་ནས་ཞེས་པ་ནི་ཐེག་པ་རྣམ་གསུམ་གྱི་རིགས་ཤེས་པ་སྟེ། དབང་པོ་མཐོ་དམན་ཤེས་པའོ། །མཛེས་
པ་དང་སྡུག་པ་དང་ཡིད་དུ་འོང་བ་དང་ཞེས་པ་ནི་ཐེག་པ་རྣམ་གསུམ་གྱི་དོན་ཏོ། །མདོ་ལས་དེ་དག་དཀོན་པར་གྱུར་ཏེ་ཞེས་པ་ནས་མྱུར་དུ་བརྒྱུགས་ཏེ་ཤོག་ཤིག་ཅེས་པའི་བར་དུ་ཐེག་པ་རྣམ་གསུམ་གྱི་དཔེ་ཤིང་རྟ་རྣམ་གསུམ་དང་སྦྱར་ཏེ་སྟོན་ལ་སྔར་སྦྱིན་ནོ་བྱ་བར་གླེང་པ་དང་། རྣམ་གསུམ་གྱི་མིང་བསྟན་པ་
དང་། དངོས་སུ་བྱིན་པ་དང་གསུམ་དུ་བགོ་སྟེ། འདི་ནི་དང་པོའོ། །ཐེག་པ་རྣམ་པ་གསུམ་གྱི་མཐུ་དང་སྤྱོད་རླབས་ཁྱད་པར་ཡོད་པའི་ཕྱིར་དཔེ་ཡང་བཟང་ངན་གསུམ་དུ་བཀོད་དོ། །ཕྱི་སྒོར་བཀོད་ཅེས་པ་ནི་འཇིག་རྟེན་གྱི་དགེ་བའི་རྩ་བ་སྣ་ཚོགས་དང་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཐེག་
པ་དེ་གསུམ་གྱི་སྒོ་ནས་འཇུག་ཅིང་འཐོབ་པའི་ཕྱིར་སྒོ་ཞེས་བྱའོ། །བསྟན