Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 112

Văn bản gốc(Tây Tạng)

Trang 1 / 17 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། མ་ཧཱ་སཱུ་ཏྲ་ས་མུཙྪ་ཡ་ནཱ་མ། བོད་སྐད་དུ། མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཞི་ཆེན་པོའི་མདོ་ལས། ཡང་ཇི་ལྟར་དགེ་སློང་དག་གིས་མདོ་སྡེ་དག་ལས་དོན་ཕྱུང་ནས་གཏམ་དུ་བྱ་བ་སྦྱོར་བར་འཚལ་བར་འགྱུར་ཞིང་ཆོས་བསྟན་
པ་མཐར་གྱིས་ཡང་དག་པར་གནས་པར་འཚལ་བར་འགྱུར། ཇི་ལྟར་ན་འགྱོད་པར་མི་འགྱུར་ཞིང་མདོ་སྡེ་ཉམས་པར་མི་འགྱུར་བ་ཉིད་ལགས་ཞེས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་གནང་བར་བྱ་ཡིས། མདོ་སྡེ་དག་ལས་དོན་ཕྱུང་ནས་གཏམ་དུ་བྱ་བ་སྦྱར་བར་བྱའོ། །ཆོས་སྟོན་པའི་རིམ་པ་མཐར་གྱིས་ཡང་དག་པར་གནས་པར་བྱ།
མདོ་སྡེ་དག་ཀྱང་དེ་ཁོ་ན་ལྟར་གཞག་པར་བྱའོ། །སྐྱེ་དགུའི་བདག་མོ་ཆེན་མོས་ཁྱོད་ཀྱི་བུ་འདི་ཆོ་འཕྲུལ་ཡ་མ་ཟུང་མཛད་དེ་སྐུའི་སྨད་ནས་མེ་འབར། སྐུའི་སྟོད་ནས་ཆུའི་རྒྱུན་བསིལ་བ་འབབ། སྐུའི་

སྟོད་ནས་མེ་འབར། སྐུའི་སྨད་ནས་ཆུའི་རྒྱུན་བསིལ་བ་འབབ་པོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དགའ་མགུ་ཡི་རངས་མཆོག་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་
བདག་ཉིད་དོང་ངོ་། །དོང་ནས་ཀྱང་། དགའ་བ་དང་། གུས་པས་ཆུའི་རྒྱུན་དེ་དག་ལས་ཆུ་བླངས་ཏེ། །བདག་ཉིད་ལ་མངོན་པར་གཏོར་ཞིང་གདོང་ཡང་འཁྲུ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྐྱེ་དགུའི་བདག་མོ་གོ་ཏ་མཱི་ལ་
བྱམས་པའི་ཐུགས་ཀྱིས་ཁྱབ་པར་མཛད་དོ། །དེ་ཆུའི་རྒྱུན་དེ་དག་གིས་རེག་པས་དེའི་ལུས་བདེ་བར་གསལ་བར་གྱུར་ཏོ། །རབ་རིབ་དེ་དང་བྲལ་ཞིང་མིག་ཀྱང་སྔ་མ་བཞིན་དུ་རྣམ་པར་དག་པར་གྱུར་ཅིང་དེ་ནས་ཆེས་མཆོག་ཏུ་གྱུར་ཏོ། །
དེ་བཞིན་གཤེགས་པ་ཆོས་སྟོན་པ་ལ་གསང་བ་མི་མངའོ། །སྣོད་དུ་མ་གྱུར་པ་ནི་མ་གཏོགས་ཏེ། སེམས་ཅན་དམན་པ་དག་ལ་ཇི་ལྟ་བ་བཞིན་དུ་རྟོགས་པ་མེད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེའི་ཕྱིར་དེ་བཞིན་གཤེགས་པས་གསུངས་
པའི་མདོ་སྡེ་འདི་ལྟ་བུའི་ངོ་བོ་འདི་འཁོར་བཞི་ལ་རྒྱས་པར་སྟོན་ཅིང་ཡང་དག་པར་རབ་ཏུ་གསལ་བར་གྱིས་ཤིག །ཤ་ར་དྭ་ཏིའི་བུ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དགའ་བ་དང་མཆོག་ཏུ་དགའ་བ་ཐོབ་པ་དེ་དག་ནི་བསོད་ནམས་ཀྱི་

ཕུང་པོ་གཞལ་དུ་མེད་པ་དང་ལྡན་པར་འགྱུར་རོ། །གང་དག་དེ་བཞིན་གཤེགས་པས་ལེགས་པར་གསུངས་པ་འདི་ལྟ་བུའི་ངོ་བོ་འདི་ཐོས་ནས་དགའ་བ་དང་མཆོག་ཏུ་དགའ་བ་མི་འཐོབ་ཅིང་། ཕྱི་ནས་མ་དང་བར་ཉེ་བར་སྟོན་པ་དེ་དག་ནི་འདིར་ཚུལ་ཁྲིམས་ཉམས་པའམ། ལྷག་པར་རློམ་
པའམ། ཆོས་ཡོངས་སུ་མ་དག་པ་སྟོན་པར་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་དུ་སྟེ། ཡང་དེའི་ཚེ་དགེ་སློང་རྣམས་ཀྱིས་ཁྱིམ་པའི་དྲུང་དུ་འདུལ་བ་བཤད་པ་དང་། ཁྱིམ་པ་རྣམས་ཀྱིས་གང་ལ་སློབ་པར་འགྱུར་བའི་དོན་འདི་དགེ་སྦྱོང་གཽ་ཏ་མས་ཉན་ཐོས་རྣམས་ལ་བསླབ་པ་
བཅས་མོད་ཀྱི། དེ་དག་ནི་ཕྱི་ནས་བསླབ་པ་དག་ལ་མི་སློབ་ཅིང་། དེ་བཞིན་དུ་ཁོ་བོ་ཅག་གི་དྲུང་དུ་འདུལ་བ་འཆད་དོ། །ཞེས་སྨོད་པར་བྱེད་གཞོགས་འཕྱས་བྱེད་ཁ་ཟེར་བར་བྱེད་དོ། །དགེ་སློང་རྣམས་ཀྱིས་སྨོད་པར་བྱེད་པ་དང་། གཞོགས་འཕྱས་བྱེད་པ་དང་། ཁ་ཟེར་བར་
བྱེད་པའི་མི་རྣམས་ལ་ཐོས་པར་བྱས་པ་ནས། བཅོམ་ལྡན་འདས་ལ་གསོལ་པའི་བར་དང་། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་པ་རྣམས་ཀྱི་དྲུང་དུ་འདུལ་བ་བཤད་པར་མི་བྱའོ། །གང་འཆད་པ་ལ་ནི་ལྟུང་བ་ཉེས་བྱས་སུ་འགྱུར་རོ། །
དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གུས་པ་དང་བཅས་ཞེ་ས་དང་བཅས་པས་དགེ་སློང་རྣམས་ག་ལ་བ་དེར་དོང་བར་གྱུར་ཏོ། །དོང་ནས་ཀྱང་འདི་སྐད་དུ་འཕགས་པ་རྣམས་ཀྱི་ཆོས་ཟབ་མོ་གང་ཡིན་ཞེས་སྨྲས་པ་དང་། གང་འདུལ་བ་ཞེས་བྱའོ། །འཕགས་པ་རྣམས་ལེགས་
སོ། །ཁོ་བོ་ཅག་གི་མདུན་དུ་ཤོད་ཅིག །དགེ་སློང་རྣམས་ཀྱིས་སྨྲས་པ། ཅི་ལྟར་བཅོམ་ལྡན་འདས་ཀྱིས་བཀག་པ་ལྟར་ཁྱིམ་པ་རྣམས་ཀྱི་དྲུང་དུ་འདུལ་བ་བཤད་པར་མི་བྱའོ་ཞེས་བྱ་བ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ངས་གནང་བར་བྱ་
ཡིས་དེ་ལྟ་བུའི་རང་བཞིན་ཅན་གྱི་རྒྱལ་རིགས་རྣམས་ཀྱི་མདུན་དུ་བཤད་པར་བྱའོ། །ཇི་ལྟར་དགེ་སློང་རྣམས་ལ་གཞོགས་འཕྱས་སུ་མི་འགྱུར་བ་དེ་ལྟར་བཤད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་

ཁྱིམ་པ་འདུལ་བ་འཛིན་པ་ལ་བརྟེན་ཏེ། ལྟུང་བ་འདུལ་བ་དང་ཉོན་མོངས་པ་འདུལ་བ་ལ་བརྩོན་པར་བྱའོ། །མ་མོ་འཛིན་པ་ལ་བརྟེན་ཏེ། ལུས་དང་ངག་དང་ཡིད་སྡོམ་པ་ལ་བརྩོན་པར་བྱའོ་ཞེས་གསུངས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་
མདོ་ལས་ཀྱང་། འདུས་མ་བྱས་པའི་དགེ་འདུན་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་གསང་བའི་ཆོས་བསྟན་པ་ག་ལ་ཡོད། གསང་བ་གང་ཡིན་པ་དེ་ནི་ཡོངས་སུ་བསགས་པའོ། །དེ་བཞིན་གཤེགས་པའི་དགེ་འདུན་འདུས་མ་བྱས་པའི་དེ་བཞིན་གཤེགས་
པ་འདི་ག་ལས་འགྱུར་ཞེ་ན། གསང་བའི་ཆོས་བསྟན་པ་ལས་ཏེ། འདའ་བར་བྱ་བ་མ་ཡིན་པ་གང་གསང་བ་ནི་དམ་ཚིག་དང་བསགས་པའོ་ཞེས་གསུངས་སོ། །རབ་ཏུ་བྱུང་བར་གྱུར་པའི་སྦྱིན་པ་བསྟན་པ་ལ། ཉན་ཐོས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་ཇི་
ལྟར་དད་པས་སྦྱིན་པར་བྱ་བ་ཟ་བར་འགྱུར། གང་ཆུད་ཟ་བར་མི་འགྱུར་བར་རོ། །ཇི་ལྟར་ཡོངས་སུ་གཏོང་། དེ་ཡང་གང་ཆུད་ཟ་བར་མི་འགྱུར་བར་རོ། །བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་གནས་པའི་
བྱང་ཆུབ་སེམས་དཔའ་རྣམས་ནི་བསླབ་པ་ལས་འདས་ན་ཇི་ལྟར་ཡང་སྦྱིན་པ་མི་གཏོང་ངོ་ཞེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང་། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་དད་པས་
སྦྱིན་པ་གནང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྦྱོར་བ་དང་གྲོལ་བ་ལ་ངས་དད་པས་སྦྱིན་པ་གནང་ངོ་ཞེས་གསུངས་སོ། །ཚངས་པས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང་། མི་སྦྱོར་བ་ལའང་རྟག་ཏུ་འགལ་འགྱུར་ཏེ། །ཇི་ལྟར་རྒྱ་མཚོ་ཆེ་དང་རོ་བཞིན་
ནོ། །ཇི་ལྟར་སྐྱེ་བོ་བྱ་དང་འཕྲད་པ་བཞིན། །དེ་ནི་མཁས་པ་རྣམས་དང་ཤིན་ཏུ་རིང་། །དད་མེད་དེ་ནི་འཁྲུལ་པ་ཚོལ་བར་བྱེད། །བྲེ་མོ་གཏམ་སྨྲའི་སྤྱོད་ཡུལ་ཚོགས་ལ་དགའ། །རྒྱལ་བ་རྣམས་ཀྱི་བསྟན་ལ་མ་གུས་འགྱུར། །འདི་ནས་ཤི་འཕོས་མྱུར་དུ་ངན་འགྲོར་འགྲོ། །

མི་སྦྱོར་བ་ལ་དྲན་མེད་ཤེས་རབ་མེད། །མྱ་ངན་མི་འདའ་མི་འགྲོལ་ཚུལ་ཁྲིམས་མེད། །ད་ནི་དམུས་ལོང་ལམ་དང་རིང་བ་བཞིན། །འཕགས་པའི་ལམ་དང་ཤིན་ཏུ་རིང་བས་རིང་། །གང་ཟག་མི་སྦྱོར་དེ་ནི་སྨྲ་བ་མང་། །རྒོད་ལ་དགའ་ཞིང་རྟག་ཏུ་དབང་པོ་གཡེངས། །དེ་ནི་
བསྟན་ལ་ཆུ་རའི་ཆུ་བོས་མིན། །དེ་ནི་གྲོང་ཟས་ལྕགས་ཀྱི་ཐུ་ལུམ་ཟ། །སྦྱིན་པ་པོ་ཡིས་དད་པས་བྱིན་པ་ནི། །སྦྱོར་དང་གྲོལ་ལ་ང་ཡིས་གནང་བ་ཡིན། །མི་སྦྱོར་བས་ནི་ཁམ་གཅིག་ཟོས་ན་ཡང་། །ངོ་ལོན་རི་རབ་ཙམ་ཡང་བྱ་བ་ཡིན། །སྦྱོར་བ་གང་ཡིན་རྣམས་ཀྱང་འདི་ལ་འཛེམ། །
མི་སྦྱོར་དེ་ཡིས་རྒོད་ཅིང་ཟོས་ན་ནི། །གླང་ཆེན་བ་ལང་རྟ་བོང་མངལ་དུ་སྐྱེ། །དེ་དག་དེ་ཟོས་བརྙས་པའི་གཟུགས་སུ་འགྱུར། །དེ་དག་མདོག་ངན་ཉམ་ཆུང་སྨད་པར་འགྱུར། །ཟས་བླངས་ཟོས་པ་མི་གཙང་དྲི་ངར་འགྱུར། །དེ་དག་དབྱུག་པས་བསྣུན་པས་སྦྱོང་བར་འགྱུར། །སེམས་ཀྱང་
གཡེང་ཞིང་དྲན་པ་རྣམ་པར་ཉམས། །སློང་མོ་བྱེད་ཅིང་སྨྱོན་པ་དག་ཏུ་འགྱུར། །བསྟན་པ་བསོད་ནམས་སྟེགས་འདི་ཐོབ་ནས་ཀྱང་། །བག་མེད་གྱུར་ཏེ་ངན་འགྲོར་ལྷུང་བར་འགྱུར། །ལོ་ནི་བྱེ་བ་ཁྲག་ཁྲིག་མཐའ་ཡས་པར། །ངན་སོང་སྡུག་བསྔལ་མང་པོ་དེས་མྱོང་ནས། །མི་
ཁོམ་མི་ཡི་འཇིག་རྟེན་སླར་ཐོབ་ནས། །སྡིག་བྱས་ཕྱིར་ཡང་ངན་འགྲོར་ལྟུང་བར་འགྱུར། །ལྕགས་ཀྱི་ཐུ་ལུམ་རྒྱ་མཚོ་ཆེན་པོ་ཡི། །ནང་དུ་ལྟུང་བར་གྱུར་ན་གནས་མེད་དེ། །ལོ་ནི་བྱེ་བ་ཕྲག་སྟོང་སྙེད་དུ་ཡང་། །རྒྱ་མཚོ་ཆེ་ལས་སླར་ཡང་དབྱུང་མི་ནུས། །དེ་བཞིན་བྱིས་པ་ངན་
འགྲོར་ལྟུང་བ་ཡང་། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྙེད་དུ། །དེ་དག་མིར་སྐྱེ་བ་ཡང་ཐེ་ཚོམ་ཟ། །དེ་དག་མཐོ་རིས་བྱང་ཆུབ་ག་ལ་ཐོབ། །བསམ་པ་དག་ཅིང་བྱང་ཆུབ་བརྩོན་པ་དང་། །ལེགས་པར་བསྡམས་ཤིང་གཡོ་སྒྱུ་མེད་པ་དང་། །མཉམ་པའི་སེམས་ཀྱིས་བྱང་ཆུབ་
ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་མཁྱེན་ཉིད་དཀའ་བ་མེད། །ཅེས་གསུངས་སོ། །ཟས་ཀྱི་ཕུང་པོ་སྤྱོད་པའི་ཚུལ་ལས་ཀྱང་། ཁྱོད་ཀྱི་ཟས་གཏོང་བ་ལ་བསླབ་པར་བྱའོ། །དགེ་སློང་གིས་བཟའ་བ་ལྔ་བླངས་ནས་མ་འབགས་པར་སྦྱིན་པར་བྱ་སྦྱིན་པར་བྱེད་པས་འགའ་ཞིག་

ལ་སྦྱིན་པར་བྱ་སྟེ། ཕ་དང་མ་ལ་སྦྱིན་པར་བྱ། ཁྱིམ་པ་ནད་པ་སྐྱེད་མོས་ཚལ་ན་འདུག་པ་ལ་སྦྱིན་པར་བྱ། ལས་བྱེད་པ་ལ་སྦྱིན་པར་བྱ། ཕན་འདོགས་པ་ལ་སྦྱིན་པར་བྱ། འཆིང་བས་བཅིངས་པ་ལ་སྦྱིན་པར་བྱ། བུད་མེད་སྦྲུམ་མ་འོངས་པ་གལ་ཏེ་རེ་བ་ན་དྲན་པ་
ཉེ་བར་གཞག་སྟེ་སྦྱིན་པར་བྱ། རབ་ཏུ་འབྱུང་བར་འདོད་པ་ལ་སྦྱིན་པར་བྱའོ། །སྟེར་བ་ན་དད་པས་སྦྱིན་པ་ལ་ཆུད་ཟོས་པ་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ་དད་པས་བྱིན་པ་ཆུད་ཟ་བ་ལས། ཡང་དེ་དག་དུ་ཞིག་ཅེ་ན། ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་པ་ཚུལ་ཁྲིམས་འཆལ་པ་ལ་སྦྱིན་ན་
དད་པས་སྦྱིན་པ་ཆུད་ཟ་བར་བརྗོད་པར་བྱའོ། །ཡང་དག་པར་ལྟ་བ་ལ་བྱིན་པ་ལོག་པར་ལྟ་བ་ལ་སྦྱིན་ན་དད་པས་སྦྱིན་པར་བྱ་བ་ཆུད་ཟ་བར་འགྱུར་རོ། །ཡང་དག་པར་ཞུགས་པ་ལ་བྱིན་པ་ལོག་པར་ཞུགས་པ་ལ་སྦྱིན་ན་དད་པས་སྦྱིན་པར་བྱ་བ་ཆུད་ཟ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །
བཅོམ་ལྡན་འདས་ཀྱིས་དད་པས་སྦྱིན་པ་ཕ་དང་མ་ལ་སྦྱིན་པར་བྱའོ། །གང་དག་འབྱོར་པ་དང་ལྡན་པར་འགྱུར་བ་དེ་དག་ལ་ནི་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱ། གང་དག་སྡུག་བསྔལ་བ་ཉིད་དུ་འགྱུར་བ་དེ་དག་ལ་ནི་སྦྱིན་པར་བྱ་ཞིང་གསུམ་ལ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་དག་ལ་ཡང་དག་
པར་གཞུག་པར་བྱའོ། །ཚུལ་ཁྲིམས་དང་ཐོས་པ་དང་བསམ་གཏན་ཏེ། གནས་གསུམ་པོ་དག་ལ་མངོན་པར་མི་བརྩོན་པར་ཟ་ན་དད་པས་སྦྱིན་པ་ཆུད་ཟ་བར་འགྱུར་རོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱི་ཐད་ནས་དད་པས་སྦྱིན་པ་བླངས་ཏེ་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་གཞན་
དག་ལ་རྗེས་སུ་བྱིན་ན། དད་པས་སྦྱིན་པ་ཆུད་ཟ་བར་འགྱུར་རོ། །མི་བཀྲེས་པར་ཟ་ན་དད་པས་སྦྱིན་པ་ཆུད་ཟ་བར་འགྱུར་རོ། །ཚོད་ཤེས་པ་མེད་པར་ཟ་ན་དད་པས་སྦྱིན་པ་ཆུད་ཟ་བར་འགྱུར་རོ། །དེ་ཇི་ཙམ་གྱིས་ཆོག་པར་འགྱུར་བཞིན་དུ་དེ་ལས་ལྷག་པར་ཁམ་གཅིག་ཀྱང་ཟ་ན་
དད་པས་སྦྱིན་པ་ཆུད་ཟ་བར་འགྱུར་ཏེ། དེའི་ཕྱིར་ཁྱོད་ཀྱིས་ཆུད་མི་ཟ་བར་བྱའོ་ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པ་བྱང་ཆུབ་སེམས་དཔའི་ས་ལས་ཀྱང་། བྱང་ཆུབ་སེམས་དཔའི་ཡང་དག་པར་སློང་བ་པོ་གང་ཞེ་ན། སྡུག་བསྔལ་ཅན་ཉིད་དང་མགོན་མེད་པ་དང་འཇུངས་པ་

དང་། རྟེན་མེད་པ་རྣམས་ནི། གང་ལ་སྦྱིན་པ་བཏང་བ་བྱང་ཆུབ་སེམས་དཔའི་ཞིང་ངོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་ལས་ཀྱང་། བསོད་སྙོམས་པའི་དབང་དུ་བྱས་ནས། ཆ་གཅིག་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གཞག་པར་བྱའོ། །གཉིས་པ་ནི་སེམས་
ཅན་སྡུག་བསྔལ་བར་གྱུར་པ་རྣམས་ལའོ། །གསུམ་པ་ནི་སེམས་ཅན་ལོག་པར་ལྟུང་བ་རྣམས་ལའོ། །བཞི་པ་ནི་བདག་ཉིད་ཀྱིས་བཟའ་བར་བྱའོ་ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པ་ལས་ཀྱང་། དགེ་སློང་དགོན་པ་པའི་དབང་དུ་བྱས་ཏེ། ཆ་གཅིག་གྲོང་ཁྱེར་ཐམས་
ཅད་ཀྱི་དབུལ་པོ་ལ་སྦྱིན་པར་བྱའོ། །གཉིས་པ་ནི་དགོན་པ་ན་གནས་པའི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་ལ་སྦྱིན་པར་བྱའོ་ཞེས་གསུངས་སོ། །བདེན་པའི་རྣམ་པའི་མདོ་ལས་ཀྱང་། གང་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ།
བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་དེས་ཇི་ལྟར་སྦྱིན་པ་སྦྱིན་པར་བྱ། ཅི་ཞིག་སྦྱིན་པ་སྦྱིན་པར་བྱ། སྦྱིན་པའི་ངོ་བོ་ཇི་ཙམ་ཞིག་སྦྱིན་པར་བྱ་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་
པ་དེས་སོ་སོར་ཐར་པའི་སྡོམ་པས་ཡང་དག་པར་བསྡམ་པར་བྱའོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་བྱ། ཁ་ན་མ་ཐོ་བ་རྡུལ་ཕྲན་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པ་དང་། འཚོ་བ་ཡོངས་སུ་དག་པ་
དང་། ཡང་དག་པར་བླངས་ནས་བསླབ་པ་ལ་བསླབ་པར་བྱའོ། །དེས་བསྟན་པ་ལ་བླ་མར་བྱ། ཁ་ཏོན་ལ་བླ་མར་བྱ། ཚུལ་ཁྲིམས་ལ་བླ་མར་བྱ། དགོན་པར་གནས་པ་ལ་བླ་མར་བྱའོ། །ཆོས་ཇི་སྐད་ཐོས་པ་དང་ཇི་ལྟར་ཁོང་དུ་ཆུད་པ་རྣམས་རྒྱས་པར་གཞན་དག་ལ་
བསྟན་པར་བྱ། ཆོས་སྦྱིན་པ་པོར་འགྱུར་བར་བྱ། ཆོས་ཀྱི་སྦྱིན་བདག་ཏུ་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་ཞིག་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་ལ། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་གང་ཞིག་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་སྟོན་པར་བྱེད་ན། འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །ཤཱ་རིའི་བུ་དེ་
བཞིན་གཤེགས་པས། རབ་ཏུ་བྱུང་བ་ལ་ནི་ཟང་ཟིང་གི་སྦྱིན་པ་མ་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་རབ་ཏུ་བྱུང་བར་གྱུར་པས་རིམ་གྲོ་དང་བཅས་པས་བསྐལ་པ་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པར་ཁྱིམ་པའམ། རབ་ཏུ་བྱུང་བ་ལ་ཆོས་གོས་དང་བསོད་སྙོམས་ཀྱིས་
མགྲོན་དུ་གཉེར་བ་མ་གནང་སྟེ། ཆོས་ཉིད་ལ་གུས་པ་དང་བླ་མ་དང་རི་མོར་བྱས་ནས་ཉེ་བར་བསྟེན་ཏེ་གནས་པ་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངའི་ཉན་ཐོས་རྣམས་ནི་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ཀྱི། ཟང་ཟིང་གི་སྦྱིན་པ་སྦྱིན་པ་ནི་མ་ཡིན་ནོ། །ཤཱ་རིའི་བུ་གང་གི་
རྙེད་པ་ལྷུང་བཟེད་དུ་ལྷུང་ཞིང་ལྷུང་བཟེད་དུ་ཆུད་པ་ཆོས་དང་ལྡན་པ་ཆོས་ཀྱིས་རྙེད་པ། དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་ཐུན་མོང་དུ་བཟའ་བར་བྱའོ་ཞེས་གསུངས་སོ། །ཉི་མའི་སྙིང་པོའི་མདོ་ལས་ཀྱང་། དེ་ལ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཅང་ཤེས་
ཀཽཎྜི་ནྱ་ལ་བཀའ་སྩལ་པ། ཀཽཎྜི་ནྱ་སེམས་ཅན་རྣམས་ཀྱིས་རང་སླུ་བ་ལ་ལྟོས། སེམས་ཅན་དབུལ་བའི་འཇིགས་པས་འཇིགས་པ་རྣམས་ཀྱིས། ཆོས་ལ་གནས་པའི་དགེ་སློང་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། རང་གི་ཡོ་བྱད་ཀྱི་དངོས་པོ་སྣ་ཚོགས་པ་གང་དག་ཕུལ་བ་
ལས། ལ་ལ་ནི་རང་ཉིད་ཀྱིས་ཡོངས་སུ་སྤྱད། ལ་ལ་ནི་ཡོངས་སུ་ལོངས་སྤྱད་པའི་ཕྱིར་གཞན་དག་ལ་བྱིན། ལ་ལ་ནི་ནན་གྱིས་ཕྲོགས་ཤིང་ཡོངས་སུ་སྤྱད་ལ། དེ་ལྟར་ངན་སོང་གསུམ་དུ་སྡུག་བསྔལ་བསྟེན་ཏོ། །ཡང་སེམས་ཅན་དབུལ་བའི་འཇིགས་པས་འཇིགས་པ་གང་དག་
འཁོར་བའི་བཙོན་ར་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར། སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེ་ལྟར་རབ་ཏུ་བྱུང་མ་ཐག་ཏུ། རྣལ་འབྱོར་ཡིད་ལ་བྱེད་པ་དོར་ཞིང་ཆོས་དང་ལྡན་པའི་ཁ་ཏོན་དོར་ནས། ཆོས་ལ་གནས་པའི་དགེ་སློང་

རྣམས་ལ་དངོས་པོ་སྣ་ཚོགས་པ་ཕུལ་བ་དེ་དག །ཁ་ཅིག་གིས་ནི་རང་གིས་ཡོངས་སུ་སྤྱད། ཁ་ཅིག་གིས་ནི་ཁྱིམ་ན་གནས་པ་རྣམས་ལ་བྱིན་ཏེ། དེ་གཉིས་ཀ་ངན་སོང་གི་སྡུག་བསྔལ་གྱིས་བཅོམ་པར་གྱུར་ཏོ། །ཉེས་དམིགས་འདི་གཟིགས་པས་ན་བདག་གིས་ཉན་ཐོས་རྣམས་ལ་དྲན་
པ་བསྐྱེད་པའི་ཕྱིར་རབ་ཏུ་བསྟན་པར་བྱའོ། །ངའི་ཉན་ཐོས་སུས་ཀྱང་དགེ་སློང་ལ་ཕུལ་བ་དང་། དགེ་སློང་གི་དགེ་འདུན་ལ་ཕུལ་བའི་མེ་ཏོག་དང་འབྲས་བུ་དང་། ལོ་མ་དང་བཅུད་ཁྱིམ་ན་གནས་པ་རྣམས་ལ་སྦྱིན་པར་མི་བྱ་ཞིང་། ཡང་གང་ཟག་གི་འདུ་ཤེས་ཀྱིས་ཀྱང་ཡོངས་སུ་སྤྱད་པར་
མི་བྱའོ། །དགེ་སློང་གཞན་ལ་ཉོ་ཚོང་མི་བྱའོ། །སེམས་ཅན་གྱིས་ཟང་ཟིང་ཡོངས་སུ་བཟུང་བའི་རྐྱེན་བསྒྱུར་བཟློག་དང་གསེར་སྒྲུབ་པས་ངན་སོང་གི་སྡུག་བསྔལ་དུ་ལྟུང་བར་མི་བྱའི་ཆོས་ཀྱི་བསྡུ་བས་སེམས་ཅན་རྣམས་བསྡུ་བར་བྱ། མི་ཕྱེད་པའི་དད་པ་བཞི་དང་ཐེག་པ་གསུམ་དང་
རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ལ་རྣམ་པར་གནས་པར་བྱའོ་ཞེས་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་། ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པ་རབ་ཏུ་བྱུང་བ་ལ་གཞོལ་བར་བྱའོ། །དེས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། གལ་
ཏེ་བདག་གིས་ཉི་མ་གཅིག་ལ་མཆོད་སྦྱིན་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་སྦྱིན་པར་བྱེད། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱེད་ན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་བའི་སེམས་ཀྱི་ཟིལ་གྱིས་
གནོན་ཏོ། །བདག་གིས་སྦྱིན་པ་ལ་སྙིང་པོར་དགའ་བར་རིག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་སྦྱིན་པ་ནི་དམན་ཏེ། ཅི་དད་པ་མེད་པ་དང་བྱས་པ་མི་ཤེས་པ་དང་། ཆོམ་རྐུན་པ་དང་གདོལ་པ་དང་། རྒྱལ་པོས་བཀྲབས་པ་དང་། བློན་པོ་རྣམས་ཀྱང་སྦྱིན་པ་སྦྱིན་པར་
མི་བྱེད་དམ། ཁྱིམ་བདག་ཡང་བདག་གིས་སྦྱིན་པ་ལ་སྙིང་པོར་དགའ་བར་རིག་པར་མི་བྱའི་བདག་གིས་ཚུལ་ཁྲིམས་དང་ཐོས་པ་ལ་སྙིང་པོ་ཅན་དུ་འགྱུར་བར་བྱའོ་ཞེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང་། བྱམས་པ་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་

ལ། དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཆོས་གོས་དང་བསོད་སྙོམས་ཀྱི་ཆེད་དུ། མེ་ཏོག་གི་སྐྱེས་དག་དང་། འབྲས་བུའི་སྐྱེས་
དག་དང་། ལོ་མའི་སྐྱེས་དག་དང་། ཡོ་བྱད་ཀྱི་སྐྱེས་དག་དང་། བྱས་པ་ལ་ལན་དུ་བྱས་པའི་སྐྱེས་དག་གིས་ཁྱིམ་རྣམས་སུ་འགྲོ་བར་འགྱུར་བས། བྱམས་པ་དགེ་སློང་གིས་ནི་མེ་ཏོག་ཕྲེང་བརྒྱུད་ལྟ་བུ་མི་བྱ་ཞིང་། བྲན་དང་ལས་མི་ལྟ་བུར་ཡང་མི་བྱའོ། །བྱམས་པ་དགེ་སློང་
ཁྱིམ་རྣམས་སུ་འགྲོ་བར་འདོད་པས་ནི། ཆོས་ཀྱི་སྐྱེས་ཀྱིས་འགྲོ་བར་བྱ་བ་མ་གཏོགས་པར། སྐྱེས་གཞན་བསྐུར་བར་མི་བྱ་སྟེ། དེས་ནི་མང་དུ་ཐོས་པ་དང་། གཞུང་ལ་ཤིན་ཏུ་ཞུགས་པ་དང་། འཇིགས་པ་མེད་པ་དང་། བརྐམ་ཆགས་མེད་པ་དང་། ཚུལ་འཆོས་པ་མེད་པ་
དང་། ཁ་གསག་མེད་པ་དང་། བདག་གིར་བྱ་བ་མེད་པར་བྱ་ཞིང་། ཆོས་ལ་དགའ་བ་བསྐྱེད་ནས། ཁྱིམ་རྣམས་སུ་འགྲོ་བར་བྱའོ། །ཁྱིམ་རྣམས་སུ་སོང་ནས་ཀྱང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་བརྗོད་པར་བྱ་བ་དང་། སྦྱིན་པ་དང་། ཚུལ་
ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་བསྔགས་པ་བརྗོད་པར་བྱ་ཞིང་། ཆོས་ཀྱི་གཏམ་བྱ་བའི་སྐྱེས་མ་གཏོགས་པར་ཁང་ཁྱིམ་གྱི་ཆེད་དམ། ཞིང་ལས་ཀྱི་ཆེད་དམ། རྙེད་པའི་ཆེད་དམ། རིག་པ་བདེ་བའི་ཆེད་དམ། རྒྱལ་པོའི་
གཏམ་མམ། ཆོམ་རྐུན་གྱི་གཏམ་མམ། གྲོང་གི་གཏམ་མམ། གྲོང་ཁྱེར་གྱི་གཏམ་མམ། ལྗོངས་ཀྱི་གཏམ་མམ། བུ་ཕོའི་གཏམ་མམ། བུ་མོའི་གཏམ་མམ། གཏམ་གཞན་གྱི་སྐྱེས་དག་མི་བྱའོ། །བྱམས་པ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་བྱིན་པར་གྱུར་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གང་ཡང་བདེ་བའི་ཡོ་བྱད་ཡོད་པ་དེ་དག་ཐམས་ཅད་ཉེ་བར་བསྡུས་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་བྱིན་ན།

ནོར་གྱི་ཕུང་པོ་དེ་ཙམ་དང་། བདེ་བའི་ཡོ་བྱད་དེ་ཙམ་གྱིས་ནི། དེས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ། སྙིང་བརྩེ་བའམ། ཕན་བཏགས་པར་མི་འགྱུར་གྱི། དེས་ཚིག་བཞི་པའི་ཚིགས་སུ་བཤད་པ་གཅིག་ཙམ་ཞིག་ཉན་དུ་བཅུག་སྟེ། དེ་ཡང་དེའི་རྣ་བའི་རྣམ་པར་རིག་པར་དྲངས་ཤིང་།
ཐོས་པ་ཙམ་ཁོ་ནར་ཟད་ཀྱི་རེ་ཞིག་དད་པ་ཐོབ་པར་མ་གྱུར་དུ་ཟིན་ཀྱང་། དེ་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་རྒྱས་པ་དང་ཕན་འདོགས་པ་དང་། སྙིང་བརྩེ་བ་ཆེས་ཤིན་ཏུ་མང་དུ་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། ཤཱ་རིའི་བུ་བཀྲེས་
པས་རང་གི་བརླའི་ཤའམ། དཔུང་པའི་ཤ་ཟོས་པ་ནི་བླའི། ཉེས་དམིགས་སུ་མི་ལྟ་བ་དང་། འབྱུང་བར་མི་ཤེས་པས། དད་པས་སྦྱིན་པ་ལ་ལོངས་སྤྱོད་པར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངས་སྦྱོར་བ་རྣམས་དང་གྲོལ་བ་རྣམས་ལ་དད་པས་བྱིན་པ་རྗེས་
སུ་གནང་སྟེ། དེ་དག་ལས་གཞན་པ་ལ་ནི་མ་ཡིན་ནོ། །ཤཱ་རིའི་བུ་ཇི་ཙམ་ཞིག་གིས་སྦྱོར་བ་ཡིན། ཇི་ཙམ་ཞིག་གིས་གྲོལ་བ་ཡིན་ཞེ་ན། གང་མཐོང་བའི་ཆོས་འདི་ཉིད་ལ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་ན། དེ་ལྟ་བུ་ནི་སྦྱོར་བ་ཡིན་ནོ། །མི་དགེ་
བའི་ཆོས་སྤང་བའི་ཕྱིར་དང་། དགེ་བའི་ཆོས་མངོན་སུམ་དུ་བྱ་བའི་ཕྱིར་སྤོང་བ་དང་། འཕགས་པའི་ལམ་གོམས་པར་བྱ་བ་ལ་མགོའམ། གོས་ལ་མེ་འབར་བ་ལྟ་བུར་བྱེད་པ་དེ་ལྟ་བུ་ནི་སྦྱོར་བ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པའོ་སྙམ་དུ་མོས་ནས། རྣམ་པར་ཐར་པའི་སྒོ་
སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་རྣམ་པར་ཐར་པའི་སྒོ་གསུམ་ལ་ལྷག་པར་མོས་པར་གྱུར་པ་དེ་ལྟ་བུ་ནི་སྦྱོར་བ་ཡིན་ནོ། །དགེ་བ་ཅི་ཡིན་ཞེས་ཚོལ་ཞིང་འདྲི་བའི་རང་བཞིན་ཅན། གོ་ཆ་ཆེན་པོ་བགོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་དོན་དུ་གཉེར་བ་ནི། ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མངོན་པར་བརྩོན་པ་ཡིན་ཏེ། གང་དག་ལམ་ལ་ཞུགས་པ་དེ་དག་འདི་སྙམ་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་བྱའོ་

སྙམ་དུ། དེའི་བྱ་བ་ལ་གནས་པ་ཡིན་ཏེ། དགེ་བའི་ཆོས་རྣམས་ལ་གོང་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ལྷག་པའི་བསམ་པས་གནས་པ་འདི་ཙམ་ཞིག་གིས་ནི་སྦྱོར་བ་ཡིན་ནོ། །ངན་སོང་གསུམ་ལས་གྲོལ་བ་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་
དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་བྱ་བ་བྱས་པ་དག་ནི་གྲོལ་བ་ཞེས་བརྗོད་དོ། །ཤཱ་རིའི་བུ་གང་དག་ཡང་བསླབ་པ་གསུམ་པོ་དག་ལ་བསླབ་པ་དེ་དག་ནི་གྲོལ་བ་ཞེས་བྱ་སྟེ། དེ་དག་ཀྱང་དད་པས་བྱིན་པ་འཐོབ་པ་ཡིན་ནོ། །ཤཱ་རིའི་བུ་འདི་དག་ཙམ་གྱིས་སྦྱོར་བ་ཡིན་ཞིང་།
འདི་དག་ཙམ་གྱིས་གྲོལ་བ་ཡིན་ཏེ། དེ་ལྟ་བུའི་སྦྱོར་བ་དང་། དེ་ལྟ་བུའི་གྲོལ་བ་གང་ཡིན་པ་དེ་དག་ལ་ངས་དད་པས་བྱིན་པ་རྗེས་སུ་གནང་ངོ་། །དེ་དག་གིས་ལེགས་པར་ཡོངས་སུ་སྤྱད་པར་འགྱུར་རོ་ཞེས་གསུངས་སོ། །ཚངས་པས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང་། དེ་སྐད་
ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཚངས་པས་བྱིན་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི་བསྟན་པ་འདི་ལ་ཞུགས་པའི་རབ་ཏུ་བྱུང་བའི་གཡང་ས་དག་སྟེ། བཞི་པོ་གང་ཞེ་ན། སངས་རྒྱས་ལ་མ་གུས་པ་ཉིད་དང་། དམ་པའི་ཆོས་སྤོང་བ་དང་།
ཆོས་སྟོན་པ་ལ་རྣམ་པར་སྡང་བ་དང་། མངོན་པར་མི་བརྩོན་པས་དད་པས་བྱིན་པ་ལེན་པ་དང་། བཞི་པོ་འདི་དག་གོ་ཞེས་གསུངས་སོ། །ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་
གནས་པས་ནི། སྦྱིན་པ་གཉིས་ལ་གནས་པར་བྱའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་ལ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་གནས་པས་ནི་རྗེས་སུ་ཆགས་པ་མེད་པ་དང་། ཁོང་ཁྲོ་བ་
མེད་པས་སྦྱིན་པ་དེ་གཉིས་ལ་གནས་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པས་ནི། སྦྱིན་པ་རྒྱ་ཆེན་པོ་བཞི་ལ་གནས་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྨྱུ་གུ་སྦྱིན་པ་དང་། སྣག་ཚ་སྦྱིན་པ་དང་། གླེགས་བམ་

སྦྱིན་པ་དང་། ཆོས་སྦྱིན་པ་ལ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གཏོགས་པས་ནི། སྦྱིན་པ་བཞི་པོ་དེ་དག་ལ་གནས་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི། གཏོང་
བ་གསུམ་ལ་གནས་པར་བྱའོ། །གསུམ་གང་ཞེ་ན། འདི་ལྟ་སྟེ་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་བ་ནི་རྒྱལ་སྲིད་ཡོངས་སུ་གཏོང་བའོ། །གཏོང་བ་ཆེན་པོ་ནི་ཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏོང་བའོ། །ཤིན་ཏུ་གཏོང་བ་ནི་མགོ་དང་
ལག་པ་དང་། རྐང་པ་དང་། མིག་དང་། པགས་པ་དང་། རུས་པ་དང་། རྐང་ཡོངས་སུ་གཏོང་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི། ཡོངས་སུ་གཏོང་བ་གསུམ་པོ་དེ་དག་ལ་གནས་པར་བྱའོ་ཞེས་གསུངས་
སོ། །རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང་། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བར་གཏོགས་པ་རྣམས་ནི། ཆོས་སྦྱིན་པར་བྱེད་པས་གནས་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ནི། ཟང་ཟིང་ཐམས་ཅད་ཡོངས་སུ་གཏོང་བ་དག་ལ་
སེར་སྣ་མེད་པས་གནས་པར་འགྱུར་རོ། །ཤཱ་རིའི་བུ་དེའི་ཕྱིར་ཆོས་ཀྱི་སྦྱིན་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་ནུས་ཀྱི། དེ་ལྟར་ཟང་ཟིང་གི་སྦྱིན་པ་དག་གིས་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཁྱིམ་ལ་སེར་སྣ་བྱེད་པ་ལ་
དགོངས་པ་བསྟན་པ་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། ཤཱ་རིའི་བུ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན། སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད། དགེ་བའི་བཤེས་གཉེན་ལ་ཡང་མི་བརྟེན། དལ་བ་ཕུན་སུམ་ཚོགས་པའང་མི་འཐོབ།
ཇི་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་རྣམས་ཀྱང་ཆུད་ཟ་བར་བྱེད། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་རྗེས་སུ་སློབ་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ལྔ་གང་

ཞེ་ན། འཆལ་བའི་ཚུལ་ཁྲིམས་སྤྱོད་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་ཆགས་པ་དང་། བདག་ཏུ་ལྟ་བའི་ཐིབས་པོ་དང་། གཞན་གྱི་ཁྱིམ་ལ་ཕྲག་དོག་དང་སེར་སྣ་སྐྱེ་བ་སྟེ། ཤཱ་རིའི་བུ་རབ་
ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལྔ་པོ་དེ་དང་ལྡན་ན། སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་དང་། དགེ་བའི་བཤེས་གཉེན་ལ་མི་བརྟེན་པ་ནས་དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུའང་མྱུར་དུ་མངོན་པར་རྫོགས་
པར་འཚང་མི་རྒྱའོ་ཞེས་བྱ་བའི་བར་དུའོ། །ཤཱ་རིའི་བུ་འདི་ལྟ་སྟེ། ཁྱི་ལྟོགས་པས་ཀེང་རུས་ཤ་མེད་པ། ཁྲག་གིས་འབགས་པ་བླངས་ནས། དེ་སྲང་གི་སྒོ་ན་གནས་ཏེ། ཁ་ཆུས་གོས་པ་དེ་འཆའ་བ་ལས། དེ་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་
ལྟ་བུ་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག །ཁྱི་ལྟོགས་པའི་ཕྱོགས་སུ་འོང་བ། ཁྱི་དེས་རྒྱང་མ་ནས་འོང་བ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ནི་བདག་གི་ཁ་ཟས་རོ་ཞིམ་པོ་འདི་འཕྲོག་པ་ཞིག་གོ་སྙམ་ནས། དེ་ཤིན་ཏུ་ཟུགས་ཤིང་མིག་ཚུགས་སུ་བལྟ་ལ།
མཆེ་བ་བསྙེར་ཏེ། སྐད་ཆེར་ཟུགས་ན། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ཀེང་རུས་ཤ་མེད་པར་ཁྲག་གིས་འབགས་པ་དེ་འདོད་པ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བདེ་བར་གཤེགས་པ་དེ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཁྱི་དེ་ཅིའི་ཕྱིར་ཤིན་ཏུ་ཟུགས་ཤིང་། མིག་ཚུགས་སུ་བལྟ་ལ་མཆེ་བ་བསྙེར་ཏེ། སྐད་ཆེར་ཟུགས། གསོལ་པ། དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཁ་ཟས་རོ་ཞིམ་པོ་འདི་འཕྲོག་པ་ཞིག་གོ་སྙམ་སྟེ། ཤིན་ཏུ་ཟུགས་ཤིང་མིག་ཚུགས་སུ་བལྟ་ལ། མཆེ་
བ་བསྙེར་ཏེ་སྐད་ཆེར་ཟུགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་གང་ཁྱིམ་གྱི་སེར་སྣ་ལ་བརྩོན་པ་དང་། བཤང་བ་དང་གཅི་བས་ཀུན་ཏུ་བསྐོར་བ་ལ་ཆགས་པའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། གང་འདི་ལྟ་བུའི་ངོ་བོ་དལ་བ་ཕུན་སུམ་ཚོགས་པ་འདི་རྙེད་ནས། ཆུད་ཟོས་

པར་བྱེད་པ་དེ་དག་ནི། ངས་ཁྱི་དང་འདྲའོ་ཞེས་བརྗོད་དེ། དེ་དག་གི་ཕྱིར་དེ་བཞིན་གཤེགས་པ་འདི་ལྟ་བུའི་ངོ་བོ་བརྗོད་པའི་གནས་བྱེད་པ་འབའ་ཞིག་མ་ཡིན་གྱི། ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་
བདེ་བའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བ་དེ་དག་ནི་བདག་གི་ཤ་ཡང་ཡོངས་སུ་གཏོང་ན། གཞན་གྱི་ཁྱིམ་དག་ལ་རྟོག་ཅིང་བསྙེན་པའི་ཕྱིར་ཕྲག་དོག་དང་སེར་སྣ་བྱེད་པར་མི་འགྱུར་བ་ལྟ་ཅི་སྨོས། ཡང་ཤཱ་རིའི་བུ་སྐྱེས་བུ་གཏི་མུག་པ་འཚོ་བ་དོན་དུ་གཉེར་བ། ཟང་ཟིང་གི་བྲན།
འཇིག་རྟེན་གྱི་ཟང་ཟིང་ལྷུར་བྱེད་ཅིང་ཟས་དང་གོས་ལ་ལྷུར་བྱེད་པ་དེ་དག །རྟོག་ཅིང་བསྙེན་པའི་ཕྱིར། གཞན་གྱི་ཁྱིམ་ལ་ཕྲག་དོག་དང་སེར་སྣ་བསྐྱེད་པར་འགྱུར་ཏེ། ཤཱ་རིའི་བུ་གང་དགེ་སློང་མཐོང་ནས་བདག་གིས་སྔོན་ཆད་འདིར་བཤེས་ན། ཕྱི་མ་འདི་ག་ལས་འོངས་པ་ཞིག་
འདི་ནི་སྔོན་བདག་དང་གདམས་པ་ཡིན་ན། ཕྱི་མ་འདི་ག་ལས་འོངས་པ་ཞིག་སྙམ་དུ་ཕྲག་དོག་དང་སེར་སྣ་སྐྱེད་པར་བྱེད་པ་འདི་ལྟ་བུ་ནི་མི་རིགས་སོ། །གལ་ཏེ་དེ་ལ་ཁྱིམ་བདག་དེ་དག་གིས་ལྷུང་བཟེད་དང་། ཆོས་གོས་དང་། བསོད་སྙོམས་དམ་བཅས་པར་གྱུར་པ་དང་། མལ་
སྟན་དང་། ན་བའི་གསོས་ཀྱི་སྨན་དང་། ཡོ་བྱད་ཁས་བླངས་པར་གྱུར་པ་ན། དེ་སྔོན་དམ་བཅས་པར་གྱུར་པ། ཕྱིས་འོངས་པ་ལ་སྟེར་གྱི་བདག་ལ་ནི་མ་ཡིན་ནོ་སྙམ་ནས། དེ་ལ་ཉེས་པ་གསུམ་བསྐྱེད་དེ། གསུམ་གང་ཞེ་ན། གནས་འདི་ནས་འགྲོ་བར་བྱའོ་སྙམ་དུ་གནས་ལ་
ཉེས་པ་སྐྱེད་པར་བྱེད་པ་དང་། ཤེས་པར་བྱ་བ་མ་ཡིན་པ་ཤེས་ཤིང་ཤེས་པར་བྱ་བ་མི་ཤེས་པ་དང་། གང་ཅི་ཡང་རུང་བ་བསྟན་པ་མི་བརྟན་པ་དེ། ཁྱིམ་པ་རྣམས་ཀྱི་དྲུང་དུ་ཉེས་པ་སྒྲོག་པར་བྱེད་པའོ། །དགེ་སློང་དེ་ལ་གནས་གསུམ་རྗོད་པར་བྱེད་དེ། གསུམ་གང་ཞེ་ན། ཁྱིམ་
གྱི་ཉེས་པ་རྗོད་པར་བྱེད་དེ། ཉམས་མི་དགའ་བར་རིག་པར་བྱེད་ཅིང་། ཁྱིམ་ལ་སྒྲོ་འདོགས་པར་བྱེད་པ་དང་། མི་བདེན་པའི་གཏམ་ཟེར་བར་བྱེད་པ་སྟེ། སྐྱེས་བུ་དམ་པ་མ་ཡིན་པ་འདི་དག་ཡིད་བརྟན་པའི་སྦྱོར་བས་སྤྱོ་བར་བྱ་བའི་ཆོས་གསལ་བར་བྱེད་དོ། །ཤཱ་རིའི་བུ་དེ་ལྟར་

ཁྱིམ་ལ་སེར་སྣ་བྱེད་པ་ནི་ཆོས་དཀར་པོ་ཡོངས་སུ་ཉམས་པར་བྱེད་པར་གནས་སོ། །ཡང་ཤཱ་རིའི་བུ་ཁྱིམ་ལ་སེར་སྣ་བྱེད་པ་ལ་གནས་པ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་གཏང་བར་འགྱུར་ཏེ།
སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་སློབ་པར་མི་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཁྱོད་ཀྱིས་རྣམ་གྲངས་འདིས་དེ་ལྟར་རིག་པར་བྱའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་ཇི་ལྟར་ཁྱིམ་ལ་སེར་སྣ་བྱེད་པ་སྤང་བར་བགྱི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། གང་བདག་གིས་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་སྦྱིན་པར་བྱའོ། །འདི་དག་
ནི་རང་གི་བསོད་ནམས་ཁོ་ནས་བདེ་བ་ཡིན་པས། དེ་ལ་བདག་གིས་སེར་སྣའི་སེམས་བསྐྱེད་པར་མི་བྱའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལས་ཀྱང་། བདག་ནི་དུས་རྟག་ཕྲག་དོག་མེད་འགྱུར་ཞིང་། །བདག་གིས་
ཁྱིམ་ལ་བརྟེན་མི་འགྱུར་བར་བྱ། །ཁྱིམ་ལ་ཆགས་པ་ཕྲག་དོག་འབྱུང་འགྱུར་ཏེ། །ཕྲག་དོག་མེད་པ་ནགས་སུ་དགའ་བ་མྱོང་། །ཞེས་གསུངས་སོ། །ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གང་ཟག་བྱང་ཆུབ་
སེམས་དཔའི་ཐེག་པ་པ་དྲུག་ཅུ་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ། དེ་བཞིན་གཤེགས་པ་ལོག་པར་དད་སེལ་གྱི་གསུང་རབ་ལ་རབ་ཏུ་བྱུང་སྟེ་འཁོད་པ། ཚུལ་ཁྲིམས་ཀྱི་རྒྱགས་
པས་མྱོས་པ། མང་དུ་ཐོས་པའི་རྒྱགས་པས་མྱོས་པ། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་མངོན་པར་ཞེན་པ་ཁྱེད་ཀྱིས། དགེ་སློང་ཆོས་སྨྲ་བ་གཉིས་ལ་འདི་ལྟར་རྙེད་པ་དང་བཀུར་སྟིའི་རྒྱུ་དང་། མཛའ་བཤེས་ཀྱི་ཁྱིམ་དང་སློང་མོ་སྟེར་བའི་ཁྱིམ་གྱི་གཞི་ལས་ཕྲག་

དོག་དང་སེར་སྣ་དང་ལྡན་པས། ཞེ་སྡང་བའི་སེམས་ཀྱིས་འཁྲིག་པའི་སྐུར་པས་བསྐུར་ཏེ། ཆོས་སྨྲ་བའི་དགེ་སློང་དེ་གཉིས་ཀྱིས་མཛའ་བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་དུ་གྱུར་པ་གང་ཡིན་པ་དེ་རྣམས་ཀྱང་ཁྱེད་ཀྱིས་ཕྱེ་སྟེ། ཐེ་ཚོམ་བསྐྱེད་ཅིང་མ་དད་པར་བྱས་ལ། དགེ་
སློང་ཆོས་སྨྲ་བ་དེ་གཉིས་ལ་མི་སྙན་པ་མང་པོ་དག་ཀྱང་སྨྲས། བསྔགས་པ་མ་ཡིན་པའི་སྐུར་པ་དེས་ཀྱང་སེམས་ཅན་དེ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བཅད་ཅིང་དགེ་བའི་རྩ་བ་ལ་སྒྲིབ་པར་བྱས་ཏེ། མི་དགེ་བའི་ལས་ཀྱི་སྒྲིབ་པ་དེས་ཁྱེད་ལོ་དྲུག་ཁྲིར་སེམས་ཅན་དམྱལ་བ་ཆེན་པོ་མནར་
མེད་པར་སྐྱེས་སོ། །ལོ་བཞི་ཁྲིར་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེས་སོ། །ལོ་ཉི་ཁྲིར་ནི་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སྐྱེས་སོ། །ལོ་བརྒྱ་སྟོང་དུ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཚ་བར་སྐྱེས་སོ། །དེས་ཁྱེད་དེ་ནས་ཤི་འཕོས་ནས། མིའི་ལུས་རྙེད་པ་རྙེད་
པ་ནས། ཚེ་རབས་ལྔ་བརྒྱར་མིག་མེད་དེ་དམུས་ལོང་དུ་གྱུར་ཏོ། །ཁྱེད་ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱི་ལྷག་མས། གང་དང་གང་དུ་སྐྱེས་པ་དེ་དང་དེ་དག་ཐམས་ཅད་དུ་སེམས་རྟུལ་བ་དང་། བརྗེད་ངས་པར་གྱུར་ཏོ། །མི་དགེ་བའི་རྩ་བའི་སྒྲིབ་པས་བསྒྲིབས་ཤིང་དབང་ཆུང་བར་གྲགས་
པར་གྱུར་ཏོ། །མི་སྡུག་པའི་སྐྱོན་གྱིས་ཟིལ་གྱིས་ནོན་པ་དང་། སྨད་པ་དང་། བཤུང་བ་དང་། སྐུར་བ་མང་བ་དང་། ཡུལ་ངན་པ་དང་། ཡུལ་འཁོར་ངན་པ་དང་། ལྗོངས་ངན་པ་དག་ཏུ་རིགས་ངན་པ་དང་། དབུལ་པོའི་རིགས་དག་ཏུ་སྐྱེས་སོ། །རྙེད་པ་ཆུང་བ་དང་། བཀུར་
སྟི་ཆུང་བ་དང་། མི་བཀུར་བ་དང་། མི་མཆོད་པར་གྱུར་ཏོ། །དེས་ཁྱེད་འདི་ནས་ཤི་འཕོས་ནས། ལྔ་བརྒྱ་པ་ཐ་མ་ལ། དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ། ཡུལ་ངན་པ་དང་། ལྗངས་ངན་པ་དག་ཏུ་རིགས་དམའ་བ་དང་། དབུལ་པོ་དག་ཏུ་སྐྱེ་བར་འགྱུར་ཏེ། སྐུར་པ་མང་
བ་དང་། བརྗེད་ངས་པ་དང་། དགེ་བའི་རྩ་བ་སྤོང་བ་དང་། བརྩོན་པ་བྱས་ཀྱང་བར་ཆད་འབྱུང་བ་དང་། ཁྱེད་ལ་སྣང་བ་བྱུང་ཡང་ཕྱིར་ནུབ་པར་འགྱུར་རོ། །ཁྱེད་ལ་ལྔ་བརྒྱ་པ་ཐ་མ་ལ། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ཏེ། ཟད་པར་བྱས་ནས། དེ་བཞིན་གཤེགས་པ་

འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་འོད་དཔག་མེད་དེ་ཡང་། ཁྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །ཞེས་གསུངས་སོ། །བྱམས་པ་སེང་གེ་
སྒྲའི་མདོ་ལས་ཀྱང་། བྱམས་པ་དེ་ལ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ། བྱང་ཆུབ་སེམས་དཔར་ཁས་འཆེ་བ་མང་པོ་འབྱུང་བ་གང་ཡིན་པ་དེ་དག་གི་སྡིག་པ་འདོད་པ་གང་དག་ཡིན་པ་དེ་དག་བཤད་པར་བྱའོ། །བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་
སེམས་དཔར་ཁས་འཆེ་བ་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། གཡོ་བྱེད་པ་དང་། ཡ་ང་བའི་འཚོ་བས་འཚོ་བར་བྱེད་པ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔར་ཁས་
འཆེ་བ་ཡིན་པར་རིག་པར་བྱའོ། །བྱམས་པ་དེ་ལ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ། བྱང་ཆུབ་སེམས་དཔར་ཁས་འཆེ་བ། ཁྱིའི་ཆོས་ཀུན་དུ་སྤྱོད་པ་མང་པོ་དག་འབྱུང་བར་འགྱུར་ཏེ། བྱམས་པ་འདི་ལྟ་སྟེ། དཔེར་ན་ཁྱི་ནི་ཁྱིམ་འགའ་ཞིག་ཏུ་སྔར་ཕྱིན་པར་གྱུར་ལ། ད་ཁྱི་གཞན་
ཞིག་རྒྱང་རིང་པོ་ནས་འོང་བ་མཐོང་ན། དེ་ལ་ཟུགས་པར་བྱེད། འཁྲེན་སྐད་འབྱིན། ཁྲོ་བས་ལྟ་བར་བྱེད་གནོད་སེམས་ཀྱིས་ཉེས་པ་སྐྱེད་པར་བྱེད་དེ། གཞན་གྱི་ཁྱིམ་ལ་བདག་གིར་བྱེད་ཅིང་། ཁྱིམ་འདི་ནི་བདག་གི་ཡིན་ནོ་སྙམ་ནས། བདག་གི་བར་འདུ་ཤེས་སྐྱེད་པར་བྱེད་དོ། །
བྱམས་པ་དེ་བཞིན་དུ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ། བྱང་ཆུབ་སེམས་དཔར་ཁས་འཆེ་བ། ཁྱིའི་ཆོས་ཀུན་དུ་སྤྱོད་པ་མང་པོ་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཀྱང་གཞན་གྱི་ཁྱིམ་དག་དང་གཞན་གྱི་གྲོང་དག་ལ་བདག་ཉིད་ཀྱི་ཡིན་པར་འདུ་ཤེས་སྐྱེད་པར་བྱེད་
ཅིང་། བདག་ཉིད་ཀྱི་ཡིན་པར་འདུ་ཤེས་བསྐྱེད་ནས། ཡོངས་སུ་འཛིན་པར་བྱེད་དེ། དགེ་སློང་དེས་སྔོན་ཕྱིན་པའི་ཁྱིམ་དེར། དགེ་སློང་གཞན་ཞིག་འོང་བ་མཐོང་ནས། ཁྱིམ་འདི་ནི་བདག་གི་ཡིན་ནོ་སྙམ་ནས། ཁྲོ་བས་ལྟ་བར་བྱེད་གནོད་སེམས་སྐྱེད་པར་བྱེད། འཐབ་

མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་སྐྱེད་པར་བྱེད། ཕན་ཚུན་དབྱེན་གྱི་ཚིག་སྨྲ་བར་བྱེད། ཚིག་རྩུབ་མོ་རྗོད་པར་བྱེད། གཅིག་ལ་གཅིག་དགེ་སློང་ཆེ་གེ་མོ་ཞེས་བྱ་བ་ལ། ཉེས་པ་འདི་ལྟ་བུ་ཡོད་དོ། །དགེ་སློང་མང་གེ་མོ་ཞེས་བྱ་བ་ལ། ཉེས་པ་འདི་ལྟ་བུ་ཡོད་
དོ་ཞེས་མི་སྙན་པ་རྗོད་པར་བྱེད་ཅིང་། ཁྱིམ་བདག་ལ་ཡང་དགེ་སློང་ཆེ་གེ་མོ་བསྟེན་པར་མི་བྱའོ། །གལ་ཏེ་ཁྱོད་ཁོ་བོ་བསྟེན་པར་འདོད་ན། དགེ་སློང་མང་གེ་མོ་ལ་མ་བསྟེན་ཅིག་ཅེས་ཟེར་ཏེ། དེ་དག་ནི་སྐྱུགས་པའི་རྒྱུར་གྱུར་པ། རིང་དུ་མི་གནས་པ། སྨད་པར་བྱ་བའི་ཁ་
ཟས་ཙམ་གྱི་ཕྱིར་བསོད་ནམས་མ་ཡིན་པ་མང་པོ་སྐྱེད་པ་ཡིན་ནོ། །དེ་དག་ནི་ཡི་དགས་ལ་བརྟེན་པའི་ཆོས་ཀུན་ཏུ་སྤྱོད་ཅིང་། དབུལ་བ་དང་། སེམས་དམན་པ་དང་། སེར་སྣ་དང་ལྡན་པ་དང་། བདག་ཉིད་གསོ་བར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་མིང་གིས་བྱང་ཆུབ་སེམས་
དཔའ་ཡིན་པར་ཁས་འཆེ་བར་བྱེད་ཅིང་། བདག་ཉིད་ཚུལ་ཁྲིམས་འཆལ་བ་དང་། སྡིག་པ་ཅན་གྱི་འདོད་པ་དང་ལྡན་པ་དང་། སྡིག་པ་ཀུན་ཏུ་སྤྱོད་པ་ཡིན་བཞིན་དུ། སངས་རྒྱས་ཀྱི་བསྔགས་པ་བརྗོད། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བསྔགས་པ་བརྗོད་ཅིང་། བྱང་ཆུབ་སེམས་དཔའ་
བསམ་པ་ཕུན་སུམ་ཚོགས་པ། གཞན་དག་གི་བསྔགས་པ་ཡང་བརྗོད་ནས། ཟས་དང་གོས་སྒྲུབ་པར་བྱེད་དོ། །བྱམས་པ་སྒྲུབ་པར་བྱེད་དོ། །བྱམས་པ་དེ་དག་ཇི་ཙམ་དུ་མི་བཟད་པར་འགྱུར་བ་ལ་ལྟོས། སེང་གེའི་སྒྲ་བསྒྲག་ཅིང་། སེང་གེའི་ལས་རྣམས་བྱ་བར་རིགས་པ་གང་དུ།
ཝའི་སྒྲ་སྒྲོགས་ཤིང་། ཝའི་ལས་རྣམས་བྱེད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་བསྔགས་པ་རྗོད་པར་བྱེད་ཅིང་། འཇིག་རྟེན་གྱི་ཟང་ཟིང་ཡུན་མི་རིང་བ་ཡོངས་སུ་གཏོང་བར་མི་བྱེད་ལ། སེར་སྣས་ཟིལ་གྱིས་ནོན་ཞིང་། ཡོ་བྱད་ཀྱི་དྲི་མས་སྦགས་པ་དང་། གཏོང་བ་
ཕྱི་རོལ་དུ་བྱས་པ་དེ་དག་གིས། ཕན་པའི་དངོས་པོའི་བསྔགས་པ་རྗོད་པར་བྱེད་ཅིང་། གནོད་སེམས་དང་ཐ་བ་དང་། ཁོང་ཁྲོ་བའི་ཉེས་པ་མང་པོ་བྱེད་པ་དང་། བཟོད་པའི་བསྔགས་པ་རྗོད་པར་བྱེད་ཅིང་། གཅིག་ཏུ་གནོད་སེམས་ཀྱི་སེམས་སུ་བྱེད་པ་དང་། བསྡུ་བའི་དངོས་པོ་

བཞི་པོ་དེ་དག་གི་བསྔགས་པ་རྗོད་པར་བྱེད་ཅིང་། སེམས་ཅན་དགའ་བ་ཡང་སྦྱིན་པའམ། སྙན་པར་སྨྲ་བའམ། དོན་སྤྱོད་པའམ། དོན་མཐུན་པས་སྡུད་པར་མི་བྱེད་པ་ནས། དེ་དག་ནི་ཚིག་ཙམ་གྱི་དངོས་པོའི་བར་དུ་འགྱུར་བ་དེ་དག །བྱང་ཆུབ་སེམས་དཔའ་
བརྩོན་འགྲུས་ལ་མོས་པའི་ཡོན་ཏན་ཡང་དག་པར་བླང་བ་དང་། འབྲེལ་པའི་སྤྱོད་པ་ལ་རྗེས་སུ་སློབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང་། བློ་གྲོས་རྒྱ་མཚོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའོ། །བཞི་པོ་གང་ཞེ་ན།
ཕ་རོལ་གྱི་རྙེད་པ་རྣམས་ལ་ཕྲག་དོག་བྱེད་པ་དང་། ཆོས་སྟོན་པ་རྣམས་ལ་གཡོས་བསྟན་པ་དང་། རྙེད་པ་དང་བཀུར་སྟི་ལ་ཆགས་པས་གཟིངས་པའི་བློས་སྒྱུས་ཉེ་བར་སྤྱོད་པ་དང་། སླུ་བས་སེམས་མི་བརྟན་པ་ཉིད་དེ། བློ་གྲོས་རྒྱ་མཚོ་ཆོས་བཞི་པོ་འདི་དག་ནི། ཐེག་པ་ཆེན་པོ་ལ་བར་དུ་
གཅོད་པར་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །ཚངས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང་། རྒྱལ་པོ་ངས་ནི་འདས་པའི་དུས་དྲན་ཏེ། །སངས་རྒྱས་ཡེ་ཤེས་འོད་ཅེས་བྱ་བ་བྱུང་། །ལོ་ནི་བརྒྱད་ཁྲི་ཐམ་པའི་བར་དག་ཏུ། །ཆོས་རྣམས་བསྟན་ནས་རྒྱལ་བ་མྱ་ངན་འདས། །རྒྱལ་
བ་དེ་ནི་འདས་པའི་དུས་ཀྱི་འོག །དམ་པའི་ཆོས་ནི་ཉམས་ཤིང་ཐུག་པ་ན། །དགེ་སློང་དྲན་པའི་བློ་ཅན་ཞེས་བྱ་བྱུང་། །གཟུངས་ཐོབ་མ་ཡིན་སྤོབས་པ་ཐོབ་པར་གྱུར། །མཛེས་ཤིང་དེས་ལ་ལེགས་པར་སྨྲ་བ་དང་། །རྟག་ཏུ་ངན་ངོན་ཙམ་གྱིས་ཆོག་ཤེས་པ། །སྐྱེ་དགུ་སྤྲིན་གྱི་
ཆུས་ནི་ཚིམ་བྱེད་ལྟར། །ལྷར་བཅས་འགྲོ་བ་ཆོས་ཀྱིས་ཚིམ་པར་བྱེད། །དེ་ཡི་དུས་ཀྱི་ཚེ་ན་ས་སྟེང་དུ། །བཀོད་པའི་རྒྱལ་པོ་ཞེས་བྱའི་གྲོང་ཁྱེར་བྱུང་། །ཁོ་ར་ཁོར་ཡུག་དཔག་ཚད་བརྒྱད་དུ་གྱུར། །བདེ་ཞིང་ལོ་ལེགས་མི་དེ་རྣམས་བློ་ལྡན། །ཆོས་སྨྲ་དྲན་པའི་བློ་ཅན་དེ་འོངས་ནས། །
སྲོག་ཆགས་རྣམས་ལ་ཕན་ཕྱིར་ཆོས་ཀྱང་སྟོན། །སྲོག་ཆགས་བྱེ་བ་སྟོང་ཕྲག་ཉི་ཤུ་གསུམ། །བླ་མེད་བྱང་ཆུབ་ལ་ནི་བཀོད་པར་གྱུར། །མེ་ཏོག་རྣམས་དང་སྤོས་དང་གོས་རྣམས་དང་། །བཅའ་བ་བཏུང་བ་ཇི་ལྟར་འཚམ་པ་ཡི། །གླུ་དབྱངས་རོལ་མོའི་སྒྲ་རྣམས་རབ་མཆོག་གིས། །དེ་

དག་དེ་ལ་སངས་རྒྱས་བཞིན་དུ་མཆོད། །དགེ་སློང་ལྔ་བརྒྱ་ཤིན་ཏུ་མི་མཐུན་གྱུར། །གྲོང་ཁྱེར་དུ་ནི་དེ་ཡི་བསྔགས་མིན་སྒྲོགས། །ཚུལ་ཁྲིམས་ལྡན་དེའི་ཉེས་པ་ངེས་ཤེས་ཞེས། །རེ་རེ་ནས་ནི་ཁྱིམ་པའི་མདུན་དུ་བརྗོད། །ཟླ་བ་ཉ་ཡི་གསོ་སྦྱོང་བབ་པ་ན། །སྡིག་པའི་དགེ་སློང་ལྟུང་
བཅས་ལངས་ནས་ནི། །གལ་ཏེ་དོ་ནུབ་མྱུར་དུ་མ་སོང་ན། །གནད་རྣམས་གཏུབ་ཅིང་སྲོག་ཀྱང་བཅད་དོ་ཞེས། །སྨྲ་བའི་དགེ་སློང་དེ་དག་ཉིད་ལ་སྙིང་རྗེ་ནས། །སེམས་ཅན་དག་པ་དེ་ནི་མ་ཞུམ་སོང་། །སངས་རྒྱས་སྲས་ཅི་ཕྱིར་ན་བརྙས་བྱེད་ཅེས། །ལྷ་རྣམས་སྟོང་དག་མི་དགའ་
ངུ་བར་བྱེད། །དེ་ནས་དགེ་སློང་ལྔ་བརྒྱ་དེ་དག་ཀུན། །དགོད་ཅིང་མགུ་བས་མཚན་མོ་འདའ་བར་བྱེད། །ཀྱེ་མ་བདག་ཅག་དེ་ལས་ལེགས་པར་ཐར། །ཁུར་ཅི་བོར་བ་སྙམ་དུ་ཉམས་ལ་སེམས། །དགེ་སློང་ལྔ་བརྒྱ་དུས་ལས་འདས་གྱུར་ནས། །བསྐལ་པ་བརྒྱད་ཅུར་དམྱལ་བར་གནས་
པར་གྱུར། །བསྐལ་པ་བྱེ་སྟོང་བདུན་ཅུ་རྩ་དྲུག་ཏུ། །ཡི་དགས་འཇིག་རྟེན་དེར་ནི་དག་སློང་གནས། །སེམས་ཅན་དེ་དག་ཚེ་རབས་རྟག་ཏུ་ལྡོངས། །དེ་དག་སྦྲུལ་གདུག་སྐྱེས་ཏེ་ས་རྡུལ་ཟ། །བྱིས་པ་རྣམས་ཀྱིས་མཐོང་ནས་བོང་བས་བརྒྱབ། །སྐྱབས་ཀྱང་མེད་དེ་དཔུང་གཉེན་མེད་པར་
གྱུར། །ཚེ་རབས་བྱེ་བ་སྟོང་ཕྲག་བཅོ་བརྒྱད་དུ། །མི་ཡི་ནང་དུ་སྐྱེས་ནས་དབུལ་པོར་གྱུར། །སྨྱོ་ཞིང་ལྡོངས་ལ་རྟག་ཏུ་ལུས་ཀྱང་རུལ། །མདོག་ངན་སྨད་པར་གྱུར་ཏེ་མཐུ་ཡང་ཆུང་། །དེ་ལྟར་བྱེད་པ་ང་རྒྱལ་ཟིལ་གྱིས་ནོན། །བདག་ཉིད་རྟག་ཏུ་མི་སྡུག་མང་པོ་བྱེད། །གཞན་གྱི་
སྦྱིན་པ་ལ་ནི་སྐྱོན་ཡང་འདོགས། །གཡང་ས་ཆེན་པོར་བདག་ཉིད་འདོར་བར་བྱེད། །མ་འོངས་དུས་ན་བསྐལ་པ་དྲུག་ཅུ་པ། །གྲགས་ཆེན་ཞེས་བྱའི་བསྐལ་པ་འབྱུང་བར་འགྱུར། །དེར་ནི་སྐྱོབ་པ་འཇིག་རྟེན་དོན་མཛད་པ། །བདེ་གཤེགས་སྟོང་ཕྲག་བཅུ་དག་འབྱུང་བར་འགྱུར། །
དེ་དག་རྣམས་ནི་སངས་རྒྱས་ཐ་མའི་ཚེ། །དེར་ནི་དེ་དག་མི་ལུས་ཐོབ་འགྱུར་ཏེ། །སངས་རྒྱས་དེ་མཐོང་ནས་ནི་བཟོད་པ་ཐོབ། །སངས་རྒྱས་གང་གཱའི་བྱེ་སྙེད་མཐོང་བར་འགྱུར། །སྔོན་ནི་ལྷན་ཅིག་དེ་དག་ཐམས་ཅད་ཀྱིས། །ཐམས་ཅད་མཁྱེན་པའི་སེམས་སུ་སྨོན་ལམ་བཏབ། །དེར་ནི་དེ་

དག་བྱང་ཆུབ་སེམས་མ་ཉམས། །བསམ་པའི་བྱེ་བྲག་གིས་ནི་ངན་འགྲོར་ལྷུང་། །ང་ནི་དེ་ཚེ་ཆོས་སྨྲ་རྒྱལ་བའི་བུ། །དྲན་པའི་བློ་ཅན་ཞེས་བྱ་དེར་ཡང་གྱུར། །གང་དེ་སུན་འབྱིན་སྟོན་ལ་སུན་འབྱིན་འགྱུར། །དེ་ཕྱིར་ང་རྒྱལ་སྤངས་ཤིང་བོར་ནས་ནི། །ཚུལ་མིན་
སྤངས་ཏེ་ཡེ་ཤེས་སྦྱོར་གྱིས་ཤིག །གང་ཞིག་བདག་ཉིད་བསླབ་པར་མི་འདོད་པ། །དེས་ནི་མི་ཤེས་ཚིག་རྣམས་སྤངས་ནས་ཀྱང་། །མེ་ཡི་ཕུང་པོ་བཞིན་དུ་ཕྲག་དོག་སྤོངས། །མཐོང་དང་མ་མཐོང་ཐོས་དང་མ་ཐོས་དང་། །བདེན་དང་མི་བདེན་པས་ནི་གཞན་མི་གླེང་། །བྱང་ཆུབ་
མཆོག་ཏུ་འཚང་རྒྱ་འདོད་པ་ཡི། །དགེ་སློང་དེས་ནི་བདག་གི་ཉེས་པ་བསལ། །དེས་པ་རྣམས་ནི་ནང་དང་དེ་བཞིན་ཕྱིའི། །དངོས་པོ་དེ་ཀུན་བྱང་ཆུབ་ཕྱིར་གཏོང་བྱེད། །གང་ཞིག་ང་ཡི་བྱང་ཆུབ་མཆོག་ལ་འདུན། །དེ་དག་ཅི་ཕྱིར་གཞན་ལ་ཁྲོ་བ་སྐྱེད། །ཕྱི་མའི་དུས་ན་ང་ཡི་བསྟན་པ་ལ། །
དམུ་རྒོད་མང་པོ་བྱང་ཆུབ་སུན་ཡང་འབྱིན། །དེ་དག་གཅོང་རོང་གཡང་ས་ཆེན་པོར་འགྲོ། །བསམ་པ་ཉམས་ལ་བྱང་ཆུབ་ཅི་བྱར་ཡོད། །ང་ཡི་བྱང་ཆུབ་མཆོག་འདོད་གང་ཡིན་པས། །རིགས་ངན་བུ་འདྲར་ང་རྒྱལ་སྤངས་བྱས་ལ། །སེམས་ཅན་ཀུན་ལ་བྱམས་པའི་སེམས་བསྐྱེད་ནས། །
ཐོབ་དང་མ་ཐོབ་མི་དགར་ཡོང་མི་བྱ། །རྒྱལ་པོ་ཆེན་པོ་གཞན་ཡང་གང་ན་གུས་པ་མེད་པ་དང་། མ་དད་པ་དང་། གཞན་དག་ལ་སྡང་བ་དང་། གླགས་ལྟ་བ་དག་ཡོད་པ་དེར་ནི། དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཡུན་རིང་དུ་མངོན་པར་དགའ་
བར་མི་འགྱུར་ཏེ། མྱུར་བ་ཁོ་ནར་འདོར་བར་འགྱུར་ཞེས་གསུངས་སོ། །ཚུལ་འཆོས་པའི་སྐྱོན་བརྗོད་པ་ལ་དགོངས་པ་བསྟན་པ་ལ། གཟི་བརྗིད་ཅན་གྱི་མདོ་ལས་ཀྱང་། ཚུལ་འཆོས་པ་ཅན་བཅུ་གང་ཞེ་ན། ནགས་སྤངས་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ། བདག་གཞན་གྱིས་
ཇི་ལྟར་ཤེས་པར་འགྱུར་སྙམ་རྒྱུ་མཚན་དུ་བྱས་ནས་ནགས་ཀྱི་ནང་རིང་པོར་འགྲོ་བའོ། །གཅོམ་བསྐྱུངས་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ། རྒྱུ་མཚན་དུ་བྱས་ནས་ཚིག་ཞན་པ་ཞན་པར་སྨྲ་བར་བྱེད་པའོ། །མལ་སྟན་རིང་དུ་སྤོང་བའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ། བདག་གིས་

དགེ་འདུན་གྱི་མདུན་གྱི་མལ་སྟན་ལོངས་མི་སྤྱོད་པ་དེའི་ཚེ། བདག་ལ་མཆོད་པར་འགྱུར་རོ་སྙམ་པའོ། །སྒྲ་སྒྲོགས་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ་བདག་ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས་པ། བསམ་གཏན་པའོ་ཞེས། བདག་ཉིད་སྒྲོགས་ཤིང་སྒྲོགས་སུ་འཇུག་པའོ། །
སྔོན་དུ་འགྲོ་བའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ་དགེ་སློང་འདི་རྫུ་འཕྲུལ་དང་ལྡན་པར་ཇི་ལྟར་གཞན་གྱིས་ཤེས་པར་འགྱུར་ཞེས་ཕྱི་ན་འདུག་ནས་སྔོན་དུ་རྒྱུག་པའོ། །འདོད་པ་ཆུང་བ་སྨྲ་བའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ་འདོད་པ་ཆུང་བར་སྨྲ་ཞིང་སེམས་ཀྱིས་རྙེད་པ་འདོད་པ་
སྟེ། ཡོ་བྱད་བསྙུངས་པར་སྟོན་པའོ། །ས་ལ་འདུག་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ་རྒྱུ་མཚན་དུ་བྱས་པའི་རྒྱུས་ས་ལ་ཉལ་བའོ། །ཚོགས་སུ་བསྒྲགས་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ། བདག་ནི་ཚོགས་ག་གེ་མོ་ཞིག་ཏུ་ཡོངས་སུ་ཤེས་སོ་ཞེས་དེ་ལྟ་བུ་རྒྱུ་མཚན་དུ་
བྱེད་པའོ། །རི་གཞན་དུ་སྟོན་པའི་ཚུལ་འཆོས་པ་ཅན་ནི། གང་གི་ཚེ། སྐད་ཅིག་གཅིག་ལ་ནི་རི་གཞན་དང་གཞན་ལ་བདག་ཉིད་སྟོན་པའོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང་། བློ་གྲོས་རྒྱ་མཚོ་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོའི་ཆོས་ལ་བར་དུ་གཅོད་པའི་
ཆོས་སུ་འགྱུར་ཏེ། བཞི་པོ་གང་ཞེ་ན། ལུས་ཀྱི་ཚུལ་འཆོས་པ་ནི་སྤྱོད་ལམ་གྱིས་སོ། །ངག་གི་ཚུལ་འཆོས་པ་ནི་ལོག་པར་སྨྲ་བ་ཉིད་ཀྱིས་སོ། །སེམས་ཀྱི་ཚུལ་འཆོས་པ་ནི་སྡིག་པ་འདོད་པ་ཉིད་ཀྱིས་སོ། །ཐམས་ཅད་ནས་ཚུལ་འཆོས་པ་ནི་འཚོ་བ་ཡོངས་སུ་མ་དག་པ་
ཉིད་ཀྱིས་སོ། །བློ་གྲོས་རྒྱ་མཚོ་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོའི་ཆོས་ལ་བར་དུ་གཅོད་པའི་ཆོས་སུ་འགྱུར་རོ་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང་། ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །བཞི་པོ་གང་ཞེ་
ན། ཡུལ་འཁོར་སྐྱོང་མ་གུས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །ཡུལ་འཁོར་སྐྱོང་བྱས་པ་མི་ཤེས་པ་དག་གཡོས་བརྟེན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །ཡུལ་འཁོར་སྐྱོང་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་ནི། བྱང་

ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །ཡུལ་འཁོར་སྐྱོང་ཚུལ་འཆོས་དང་ཁ་གསག་ཉིད་ཀྱིས་རྙེད་པ་དང་བཀུར་སྟི་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་ས་སྟེ། ཡུལ་འཁོར་སྐྱོང་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་
གཡང་ས་རྣམས་སོ་ཞེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང་། འོད་སྲུངས་དེ་ལ་དགེ་སློང་གི་ཆོམ་རྐུན་གང་ཞེ་ན། བཞི་པོ་འདི་དག་ནི་དགེ་སློང་གི་ཆོམ་རྐུན་ཡིན་ཏེ། བཞི་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སློང་དགེ་སྦྱོང་གི་ཁ་དོག་དང་། རྟགས་དང་དབྱིབས་
ལ་གནས་ཤིང་། དེ་ཡང་ཚུལ་ཁྲིམས་འཆལ་པ་དང་། སྡིག་པའི་ཆོས་ཅན་ཡིན་པར་གྱུར་ན། དེ་ནི་དགེ་སློང་གི་ཆོམ་རྐུན་དང་པོ་ཡིན་ནོ། །དབེན་པའི་གནས་སུ་སོང་སྟེ། གནས་པ་ན་མི་དགེ་བའི་རྣམ་པར་རྟོག་པ་དག་ལ་རྣམ་པར་རྟོག་པར་བྱེད་ན། དེ་ནི་དགེ་སློང་གི་ཆོམ་རྐུན་
གཉིས་པ་ཡིན་ནོ། །བདག་ཉིད་འབྲས་བུ་མ་ཐོབ་ཅིང་། སོ་སོ་སྐྱེ་བོ་ཡིན་པར་ཤེས་བཞིན་དུ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་དགྲ་བཅོམ་པ་ཡིན་པར་ཁས་འཆེ་བར་བྱེད་ན། དེ་ནི་དགེ་སྦྱོང་གི་
ཆོམ་རྐུན་གསུམ་པ་ཡིན་ནོ། །བདག་ལ་བསྟོད་ཅིང་གཞན་ལ་སྨོད་པར་བྱེད་ན། དེ་ནི་དགེ་སྦྱོང་གི་ཆོམ་རྐུན་བཞི་པ་ཡིན་ཏེ། འོད་སྲུངས་བཞི་པོ་དེ་དག་ནི་དགེ་སྦྱོང་གི་ཆོམ་རྐུན་ཡིན་ནོ། །འོད་སྲུངས་སྐྱེས་བུ་གཏུམ་པ། བརླང་བ། དྲག་ཤུལ་གྱི་ལས་དང་ལྡན་པ། ཉམས་སྟོབས་དང་
ལྡན་པ་སྟོབས་པོ་ཆེའི་ཤུགས་དང་ལྡན་པ། གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུངས་སྐྱེས་བུ་དེས་འཛམ་བུའི་གླིང་པའི་མི་གང་ཇི་སྙེད་པ་རྣམས་དབྱུག་པས་བརྡེགས་སམ། མཚོན་གྱིས་བཏབ་བམ། ཁུ་ཚུར་གྱིས་བསྣུན་ཏེ། ཕམ་པར་བྱས་ནས། ཉེ་བར་སྤྱད་པའི་ལོངས་སྤྱོད་
དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རིན་པོ་ཆེ་སྣ་ཚོགས་དང་། ཁང་ཁྱིམ་དང་། བཞོན་པ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་གྱི་ཉེ་

བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་དང་། དགའ་བ་དང་། རྩེ་བའི་ལོངས་སྤྱོད་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ཞིང་ཕྲོགས་ཏེ། ཁྱེར་བར་གྱུར་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་སྙམ་མམ། འོད་སྲུངས་ཀྱིས་
གསོལ་པ། བཅོམ་ལྡན་འདས་མང་དུ་བསྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་བསྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། གང་ཞིག་བདག་ཉིད་འབྲས་བུ་མ་ཐོབ་ཅིང་། སོ་སོའི་
སྐྱེ་བོ་ཡིན་པར་ཤེས་བཞིན་དུ། དེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་རྒྱུན་དུ་ཞུགས་པ་ཡིན་པར་ཁས་འཆེ་བར་བྱེད་ཅིང་། ཐ་ན་བསོད་སྙོམས་ཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན། དེ་ནི་དེ་
བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་བསྐྱེད་དེ། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མི་བཟད་པ་བསྐྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་
གཤེགས་པས་དཔེ་བསྟན་པས། སྡོམ་པའི་གནས་བཀའ་སྩལ་པ་དེ་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་དཔེ་རིན་པོ་ཆེ་དེ་ལྟ་བུ་ཐོས་ནས། སུ་ཞིག་འབྲས་བུ་མ་ཐོབ་པར་ཐ་ན་དད་པས་སྩལ་བ། ཆབ་སྣོད་གང་ཙམ་ཡང་ལེན་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། འོད་སྲུངས་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། མགོ་དང་གོས་ལ་མེ་འབར་བ་ལྟ་བུས་གནས་པར་བྱ་ཞིང་། འབྲས་བུ་མ་ཐོབ་པར་ཐ་ན་དད་པས་སྦྱིན་པ་ཆུ་སྣོད་གང་ཙམ་ཡང་བླང་བར་མི་བྱའོ། །འོད་སྲུངས་མི་གཉིས་པ་ཆེས་གཏུམ་པ། ཆེས་བརླང་བ།
ཆེས་དྲག་ཤུལ་གྱི་ལས་དང་ལྡན་པ། ཆེས་ཉམས་སྟོབས་དང་ལྡན་པ། ཆེས་སྟོབས་ཆེན་པོའི་ཤུགས་དང་ལྡན་པ། གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུངས་མི་དེས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན། མི་གང་ཇི་སྙེད་པ་རྣམས་དབྱུག་པས་བརྡེགས་སམ། མཚོན་

གྱིས་བཏབ་བམ། ཁུ་ཚུར་གྱིས་བསྣུན་ཏེ། ཕམ་པར་བྱས་ནས་ཉེ་བར་སྤྱོད་པའི་ལོངས་སྤྱོད་དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རིན་པོ་ཆེ་སྣ་ཚོགས་
དང་། ཁང་ཁྱིམ་དང་། བཞོན་པ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་གྱི་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་དང་། དགའ་བ་དང་། རྩེ་བའི་ལོངས་སྤྱོད་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ཞིང་ཕྲོགས་ཏེ། ཁྱེར་བར་གྱུར་ན། འོད་སྲུངས་འདི་ཇི་
སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་སྙམ་མམ། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་མང་དུ་བསྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་བསྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་
ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། གང་ཞིག་བདག་ཉིད་འབྲས་བུ་མ་ཐོབ་ཅིང་། སོ་སོའི་སྐྱེ་བོ་ཡིན་པར་ཤེས་བཞིན་དུ། དེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་ལན་ཅིག་
ཕྱིར་འོང་བ་ཡིན་པར་ཁས་འཆེ་བར་བྱེད་ཅིང་། ཐ་ན་བསོད་སྙོམས་ཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་བསྐྱེད་དེ། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མི་བཟད་པ་བསྐྱེད་པ་ཡིན་ནོ། །འོད་
སྲུངས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་མི་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ཉེ་བར་སྤྱད་པའི་ལོངས་སྤྱོད་རྣམས་ལྟ་ཞོག་གི། འོད་སྲུངས་མི་གསུམ་པ་ཆེས་ཤིན་ཏུ་གཏུམ་པ། ཆེས་ཤིན་ཏུ་བརླང་བ། ཆེས་ཤིན་ཏུ་དྲག་ཤུལ་གྱི་ལས་དང་ལྡན་པ། ཆེས་ཤིན་ཏུ་
ཉམས་སྟོབས་དང་ལྡན་པ། ཆེས་ཤིན་ཏུ་སྟོབས་ཆེན་པོའི་ཤུགས་དང་ལྡན་པ་གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུངས་མི་དེས་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། མི་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཐམས་ཅད་དབྱུག་པས་བརྡེགས་སམ། མཚོན་གྱིས་བཏབ་བམ།

ཁུ་ཚུར་གྱིས་བསྣུན་ཏེ། ཕམ་པར་བྱས་ནས་ཉེ་བར་སྤྱད་པའི་ལོངས་སྤྱོད་དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། སེ་ལེ་སྦྲམ་དང་། དངུལ་དང་། རིན་པོ་ཆེ་སྣ་ཚོགས་དང་། ཁང་ཁྱིམ་དང་། བཞོན་པ་དང་། གོས་
དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་གྱི་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་དང་། དགའ་བ་དང་། རྩེ་བའི་ལོངས་སྤྱོད་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ཞིང་ཕྲོགས་ཏེ་ཁྱེར་བར་གྱུར་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས་མ་
ཡིན་པ་མང་དུ་བསྐྱེད་སྙམ་མམ། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་མང་དུ་བསྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་བསྐྱེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། གང་ཞིག་
བདག་ཉིད་འབྲས་བུ་མ་ཐོབ་ཅིང་། སོ་སོའི་སྐྱེ་བོ་ཡིན་པར་ཤེས་བཞིན་དུ། དེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་ཕྱིར་མི་འོང་བ་ཡིན་པར་ཁས་འཆེ་བར་བྱེད་ཅིང་། ཐ་ན་བསོད་སྙོམས་ཅིག་ཙམ་
ཡོངས་སུ་ལོངས་སྤྱོད་པར་བྱེད་ན། འདི་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་བསྐྱེད་དེ། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མི་བཟད་པ་བསྐྱེད་པ་ཡིན་ནོ། །འོད་སྲུངས་སྟོང་ཆུང་ངུ་ཕྲ་མོའི་འཇིག་རྟེན་གྱི་ཁམས་ན། མི་གང་ཇི་སྙེད་པ་དེ་དག་ཐམས་
ཅད་ཀྱི་ཉེ་བར་ལོངས་སྤྱོད་པའི་ལོངས་སྤྱོད་རྣམས་ལྟ་ཞོག་གི། འོད་སྲུངས་མི་བཞི་པ་ཆེས་ཤིན་ཏུ་རབ་ཏུ་གཏུམ་པ། ཆེས་ཤིན་ཏུ་རབ་ཏུ་བརླང་བ། ཆེས་ཤིན་ཏུ་རབ་ཏུ་དྲག་ཤུལ་གྱི་ལས་དང་ལྡན་པ། ཆེས་ཤིན་ཏུ་རབ་ཏུ་ཉམས་སྟོབས་དང་ལྡན་པ། ཆེས་ཤིན་ཏུ་རབ་ཏུ་སྟོབས་ཆེན་
པོའི་ཤུགས་དང་ལྡན་པ་གང་ལ་ལ་ཞིག་བྱུང་བར་གྱུར་ལ། འོད་སྲུངས་མི་དེས་སྟོང་གི་འཇིག་རྟེན་གྱི་ཁམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་སེམས་

ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དབྱུག་པས་བརྡེགས་སམ། མཚོན་གྱིས་བཏབ་བམ། ཁུ་ཚུར་གྱིས་བསྣུན་ཏེ། ཕམ་པར་བྱས་ནས་ཉེ་བར་སྤྱད་པའི་ལོངས་སྤྱོད་དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་
དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རིན་པོ་ཆེ་སྣ་ཚོགས་དང་། ཁང་ཁྱིམ་དང་། བཞོན་པ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་གྱི་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱོད་པ་དང་། དགའ་བ་དང་། རྩེ་བའི་བདེ་བའི་ཡོ་བྱད་ཇི་སྙེད་པ་དེ་དག་
ཐམས་ཅད་བཅོམ་ཞིང་ཕྲོགས་ཏེ་ཁྱེར་བར་གྱུར་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། གཞི་དེ་ལས་མི་དེ་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་སྙམ་མམ། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་མང་དུ་བསྐྱེད་ལགས་སོ། །བདེ་བར་གཤེགས་པ་མང་དུ་བསྐྱེད་
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། གང་ཞིག་བདག་ཉིད་འབྲས་བུ་མ་ཐོབ་ཅིང་། སོ་སོའི་སྐྱེ་བོ་ཡིན་པར་ཤེས་བཞིན་དུ། དེ་རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་
གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་དགྲ་བཅོམ་པ་ཡིན་པར་ཁས་འཆེ་བར་བྱེད་ཅིང་། ཅི་ནས་ཀྱང་གཞན་དག་གིས་དགྲ་བཅོམ་པ་ཡིན་པར་ཤེས་པར་བྱའོ་སྙམ་ནས། དགྲ་བཅོམ་པ་སྟེང་དུ་འབྱུང་བ་ལྟར་སྟེང་དུ་འབྱུང་བ་ལྟར་ཡང་བྱེད། དགྲ་བཅོམ་པ་དཔེ་སྟོན་པ་ལྟར་དཔེ་སྟོན་པར་
ཡང་བྱེད་ལ། དེ་ལྟར་སྡིག་པ་ཅན་གྱི་འདོད་པ་དེ་ལྟ་བུ་དང་ལྡན་པས། ཐ་ན་གཞན་གྱིས་བྱིན་པའི་དད་པས་བྱིན་པ་བསོད་སྙོམས་ཅིག་ཙམ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་བསྐྱེད་དེ། དེ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་
པའི་ཕུང་པོ་མི་བཟད་པ་བསྐྱེད་པ་ཡིན་ནོ། །འོད་སྲུངས་དེ་ལྟ་བས་ན་གང་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་འཕྲོག་པར་སྤྲོ་བ་དེ་ནི་སྡིག་པ་ཅན་གྱི་འདོད་པ་དེ་ལྟ་བུ་དེས་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ། །འོད་སྲུངས་

ངས་ནི་སྡིག་པ་ཅན་གྱི་འདོད་པ་དེ་ལས་གཞན་པ། རབ་ཏུ་བྱུང་བའི་ཆོས་ཤིན་ཏུ་ཐ་ཆད། ཅིག་ཤོས་གཞན་མ་མཐོང་ངོ་། །འོད་སྲུངས་བཞི་པོ་འདི་དག་ནི་ཉན་ཐོས་ཀྱི་ཐེག་པ་བ་རབ་ཏུ་བྱུང་བའི་སྡིག་པ་འདོད་པ་ཡིན་ཏེ། བཞི་གང་ཞེ་ན། མ་འོངས་པའི་སངས་རྒྱས་མཐོང་བར་འདོད་པ་
དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འདོད་པ་དང་། གཞན་ཡང་རྒྱལ་རིགས་ཀྱི་རིགས་དག་འདོད་པ་དང་། བྲམ་ཟེའི་རིགས་དག་འདོད་པ་སྟེ། བཞི་པོ་འདི་དག་ནི་ཉན་ཐོས་ཀྱི་ཐེག་པ་པ་རབ་ཏུ་བྱུང་བའི་སྡིག་པ་འདོད་པ་ཡིན་ནོ། །གང་དུ་འགའ་ཞིག་ལ་སྨོན་པར་བྱེད་ན། ཆེར་ན་མྱ་ངན་
ལས་འདས་པ་ལ་སྨོན་པར་བྱེད་ན་ཡང་། དེ་ཡང་དེའི་སྡིག་པ་འདོད་པ་ཉིད་ཡིན་ཏེ། དེ་བཞིན་གཤེགས་པས་དེ་ལས་དགོངས་ནས། དགེ་སློང་དག་ང་ནི་ཆེར་ན། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡང་རུང་སྟེ། སྐད་ཅིག་ཙམ་སྐྱེ་བ་ལ་ཡང་བསྔགས་པ་མི་
བརྗོད་དོ་ཞེས་སྟོན་ཏོ། །འོད་སྲུངས་བཞི་པོ་འདི་དག་ནི་དགེ་སློང་གི་དྲི་མ་སྟེ། རབ་ཏུ་བྱུང་བས་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མི་བྱའོ། །བཞི་གང་ཞེ་ན། འཇིག་ཚོགས་ལ་མངོན་པར་ཞེན་པ་དང་། གང་ཟག་ཏུ་འཛིན་པ་དང་། བསླབ་པ་ལས་འདའ་བ་དང་། མ་འོངས་
པའི་སངས་རྒྱས་མཐོང་བར་འདོད་པ་སྟེ། བཞི་པོ་དེ་དག་ནི་དགེ་སློང་གི་དྲི་མ་ཡིན་ཏེ། རབ་ཏུ་བྱུང་བས་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མི་བྱའོ། །འོད་སྲུངས་དགེ་སྦྱོང་དང་། བྲམ་ཟེ་འཚོ་བ་ཡོངས་སུ་དག་པ། སྡིག་པ་འདོད་པ་མེད་པ། ཚུལ་ཁྲིམས་དང་ལྡན་པ།
དྲང་པོའི་རང་བཞིན་ཅན་གཡོ་མེད་པ། སྒྱུ་ཅན་མ་ཡིན་པ། ཁེངས་པ་མ་ཡིན་པ་ཡོངས་སུ་མྱ་ངན་ལས་འདའ་བ་འདོད་པ་རྣམས་ཀྱི་ཆེད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན། འོད་སྲུངས་དེ་དག་དབུགས་འབྱིན་པར་བྱེད་པ་བརྗོད་
པར་བྱ་སྟེ། དེ་ཐོས་ནས་རྣལ་འབྱོར་པ། རྣལ་འབྱོར་སྤྱོད་པ་དག་དགའ་བ་དང་མགུ་བར་འགྱུར་རོ། །འོད་སྲུངས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་བསྐལ་པའམ།

བསྐལ་པ་ལས་ལྷག་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པ་བས་ནི། ཡང་དག་པར་ཞུགས་པ། ཚུལ་ཁྲིམས་ཡོངས་སུ་དག་པ། འཚོ་བ་ཡོངས་སུ་དག་པ་ཞིག་གིས། སྦྱིན་པ་པོ་
གང་གིས་དད་པས་བྱིན་པ། ཐ་ན་ཆུ་སྣོད་གང་ཙམ་ཞིག་བདག་གིར་བྱས་པར་གྱུར་ན། དེ་ཉིད་དེ་ལ་བསོད་ནམས་ཀྱི་ཕུང་པོ་ཆེས་རྒྱ་ཆེར་འགྱུར་གྱི། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་བསྐལ་པའམ། བསྐལ་པ་ལས་ལྷག་པར་བདེ་བའི་ཡོ་བྱད་
ཐམས་ཅད་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པ་དེ་ལ་ནི་དེ་ལྟ་མ་ཡིན་ནོ། །འོད་སྲུངས་ཇི་ལྟར་མི་བླུན་པོ་སྡིག་པ་འདོད་པ་དང་ལྡན་པ་དེས་གང་གི་དྲུང་ནས་ཆོས་གོས་སམ། བསོད་སྙོམས་ཡོངས་སུ་ལོངས་སྤྱད་པ་དེའི་དོན་དེ་ཡོངས་སུ་ཉམས་པར་
བྱེད་པ་དེ་ལྟར་ན། དགྲ་བོ་དང་། གཤེད་མ་དང་། ཕྱིར་རྒོལ་བ་དང་། ཕས་ཀྱི་དགྲས་ཀྱང་ཡོངས་སུ་ཉམས་པར་བྱེད་མི་ནུས་སོ་ཞེས་གསུངས་སོ། །ཉི་མའི་སྙིང་པོའི་མདོ་ལས་ཀྱང་། དེའི་ནང་ན་ཀླུ་གཞན་མིག་མེད་པ་ལོང་བ་འབྲས་བུ་ཉམ་ཆུང་བ་ཞེས་བྱ་བ་ཞིག་ཡོད་དོ། །དེ་གསང་
བསྟོད་ནས་འོ་དོད་བོས་ཏེ་གསོལ་པ། སེམས་ཅན་རྣམས་ལ་ཐུགས་བརྩེ་བདག་ཅག་བསྐྱབ་པར་གསོལ། །ཡུན་རིང་བདག་གི་ལུས་ལ་སྡུག་བསྔལ་ཚོར་བ་རབ་མི་བཟད། །སྲིན་བུ་སྦལ་པ་སྐྱེ་བོ་སྲོག་ཆགས་སྣ་ཚོགས་འཚལ་བར་བགྱིད། །བཟའ་བ་བཏུང་བ་མ་མཆིས་
ཆབ་ཚན་ནང་ན་བདག་གནས་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འཁོར་བ་འཇིག་རྒྱལ་བསྟན་པ་ལ། །སྔོན་གྱི་དགེ་སྦྱོང་ཁྱོད་གྱུར་ཏེ། །མཁས་ཤིང་གཙང་སྦྲ་སྤྱོད་ལམ་ལྡན། །དབེན་པ་དག་ཏུའང་སྡིག་པ་བྱེད། །ལྷན་ཅིག་གནས་པ་དག་ཀྱང་མེད། །ཁྱོད་
བདག་སྟོན་པ་འདྲ་བར་གྱུར། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོ་ཡང་། །ཁྱོད་ལ་སློབ་མ་རྣམས་ཀྱིས་བརྗོད། །རྙེད་དང་བཀུར་སྟི་བྱུང་བ་ནི། །ཁྱོད་གཅིག་པུ་ཡིས་ལོངས་སྤྱད་ཅིང་། །ཁྱོད་ཀྱིས་དགེ་སློང་དེས་པ་མཐོང་། །དེ་དག་ལ་ནི་མི་སྙན་བརྗོད། །ལྷན་ཅིག་གནས་དེར་མི་དགར་

གནས། །ཁྱོད་ནི་ཚེ་རབས་སྟོང་དག་ཏུ། །ངེད་ཀྱི་ཟས་སུ་གྱུར་ཅིག་ཅེས། །དེ་ལྟ་བུ་ཡི་སེམས་བསྐྱེད་དོ། །ལས་ཀྱི་རྣམ་པར་སྨིན་པ་དེས། །འདིར་ཡང་ཁྱོད་ནི་ལག་འགྲོར་སྐྱེས། །ཁྱོད་རང་གི་ཡང་ལྷན་ཅིག་གནས། །ཕྱི་ཕྱིར་ཟ་བར་བྱེད་པ་ཡིན། །ཆུ་ཚན་ནང་ན་གནས་པ་དང་། །
ལོང་བར་དེ་ཡིས་གྱུར་པ་ཡིན། །ཀུན་ཏུ་འབར་བའི་ལྕགས་དང་ཟངས། །ཕྱིས་ཀྱང་དམྱལ་བར་ཟ་བར་འགྱུར། །སྟོབས་མེད་ཡིད་ནི་མི་དགའ་བས། །ཀླུ་དབང་ཀུན་གྱི་ནང་ན་དུ། །ཉེས་པ་སོ་སོར་བཤགས་བྱས་ན། །སྡུག་བསྔལ་རྣམས་ལས་ཡོངས་སུ་གྲོལ། །ཞེས་གསུངས་
སོ། །འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་ཀྱང་། འོད་སྲུངས་ཆོས་བཞི་དང་ལྡན་ན། སྡིག་པའི་དགེ་སྦྱོང་དུ་རིག་པར་བྱ་སྟེ། བཞི་པོ་གང་དག་ཞེ་ན། ལུས་ཀྱི་ཚུལ་འཆོས་པར་འགྱུར་བ་དང་། ངག་གི་ཚུལ་འཆོས་པར་འགྱུར་བ་དང་། སེམས་ཀྱི་ཚུལ་འཆོས་པར་འགྱུར་
བ་དང་། སྤྱོད་ལམ་གྱིས་ཚུལ་འཆོས་པར་འགྱུར་བ་སྟེ། བཞི་པོ་འདི་དག་གོ། །དེ་ལ་ལུས་ཀྱི་ཚུལ་འཆོས་པ་གང་ཞེ་ན། དལ་གྱིས་འགྲོ་བའི་ཚུལ་འཆོས་པར་འགྱུར་བ་དང་། མགོ་སྨད་པའི་ཚུལ་འཆོས་པར་འགྱུར་བ་དང་། གཉའ་ཤིང་གང་ཙམ་དུ་བལྟ་བའི་ཚུལ་འཆོས་པར་
འགྱུར་བ་དང་། ཆེད་དུ་བྱས་ནས་ཆོས་གོས་འཆང་བ་དང་། ལེན་པའི་ཚུལ་འཆོས་པར་འགྱུར་བ་དང་། དགོན་པར་གནས་པའི་ཡོན་ཏན་མི་ཚོལ་ཞིང་དགོན་པར་གནས་པའི་ཚུལ་འཆོས་པར་འགྱུར་བ་དང་། བསོད་སྙོམས་ཀྱི་འདུ་ཤེས་མི་སྤོང་ཞིང་བསོད་སྙོམས་ལ་རྒྱུ་བའི་ཚུལ་འཆོས་
པར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་རྗེས་སུ་མི་འཇུག་ཅིང་། ཕྱག་དར་ཁྲོད་ཀྱི་གོས་འཆང་བའི་ཚུལ་འཆོས་པར་འགྱུར་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མི་འཇུག་ཅིང་འབྲས་བུ་དང་། རྩྭ་དང་ཤིང་དྲུང་ན་གནས་པའི་ཚུལ་འཆོས་པར་འགྱུར་བ་དང་། ཆོས་
ཀྱི་བདུད་རྩིའི་སྨན་མི་ཚོལ་ཞིང་བཀུས་ཏེ་བོར་བའི་སྨན་གྱི་ཚུལ་འཆོས་པར་འགྱུར་བ་སྟེ། འོད་སྲུངས་འདི་དག་ནི་ལུས་ཀྱི་ཚུལ་འཆོས་པར་བརྗོད་དོ། །བདག་ཆེ་གེ་མོས་ཡོངས་སུ་ཤེས། བདག་ཆེ་གེ་མོས་མགྲོན་དུ་གཉེར། བདག་གིས་ནི་ཇི་ཙམ་འདོད་པ་རྙེད་དོ། །བདག་གིས་རྙེད་

པ་གུས་པར་བྱས་ཏེ་རྙེད་དོ། །བདག་གིས་གྱ་ནོམ་པ་རྙེད་དོ། །བདག་གིས་མང་དུ་རྙེད་དོ། །བདག་གིས་མང་དུ་ཐོས་སོ། །བདག་ནི་ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་ཆོས་ཅན་ནོ། །བདག་ནི་མགྲོན་དུ་གཉེར་བར་འོས་པའོ། །བདག་ནི་ལན་དུ་མར་
མགྲོན་དུ་གཉེར་འོས་པའོ། །བདག་ནི་ནུས་པ་སྐལ་བ་དང་ལྡན་པ་ཤིན་ཏུ་སྟོབས་དང་ལྡན་པའོ། །བདག་ནི་དོན་དང་དོན་རྣམ་པར་ངེས་པ་ལ་མཁས་པའོ། །ཆེ་གེ་མོ་ཞིག་གིས་བདག་ལ་འདི་སྐད་དུ་སྨྲས་ཏེ། བདག་གིས་ཚར་བཅད་ཅིང་སྤོབས་པ་མེད་པར་བྱས་སོ། །བདག་གིས་
འཁོར་མངོན་པར་མགུ་བར་བྱས་སོ། །བདག་གིས་ལེགས་སོ་ཞེས་བྱ་བ་རྙེད་དོ། །བདག་གིས་དེ་ལས་གོས་རྙེད་དོ། །བདག་ནི་ཡང་ནས་ཡང་དུ་འོང་བར་བྱ་བའི་ཕྱིར་མགྲོན་དུ་གཉེར་ཏོ། །འོད་སྲུངས་དེ་ལྟར་རྣམ་པར་མ་དཔྱད་པའི་སེམས་དང་ལྡན་པའི་ངག་གིས་བརྗོད་པ་གང་ཅི་ཡང་རུང་
བ་དེ་དག་ཐམས་ཅད་ནི་མངོན་པར་མི་བརྩོན་པ་རྣམས་ཀྱི་ངག་གི་ཚུལ་འཆོས་པ་ཡིན་གྱི། མངོན་པར་བརྩོན་པ་རྣམས་ཀྱི་ནི་མ་ཡིན་ཏེ། འདི་ནི་ངག་གི་ཚུལ་འཆོས་པའོ། །འོད་སྲུངས་དེ་ལ་སེམས་ཀྱི་ཚུལ་འཆོས་པ་གང་ཞེ་ན། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་།
ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་རྙེད་པར་གྱུར་ཅིག་སྙམ་དུ་གང་སེམས་ཀྱིས་རྟོག་ཅིང་། ཚིག་ཏུ་ང་ལ་ཅུང་ཟད་ཀྱང་མི་དགོས་སོ་ཞེས་སྨྲ་བ་སྟེ། གང་སེམས་ཀྱིས་རྙེད་པ་འདོད་ཅིང་། ཚིག་གིས་འདོད་པ་ཆུང་བར་སྨྲ་བ་འདི་ནི་སེམས་ཀྱི་ཚུལ་འཆོས་པ་ཞེས་བརྗོད་དོ། །དེ་ལ་འདི་
སྐད་དུ་བཀའ་སྩལ་ཏེ། རྙེད་ལྡན་གྱུར་ཅིག་སྙམ་དུ་སེམས་ཀྱིས་སེམས་བྱེད་ཅིང་། །ཚིག་གིས་བདག་ལ་འགས་ཀྱང་དགོས་པ་མེད་པར་སྨྲ། །འདི་ན་འགས་ཀྱང་བདག་ལ་དོན་མེད་ཅེས་སྨྲ་བ། །ཡང་དག་མིན་པའི་ངོ་བོའི་རྒྱགས་པས་ཆགས་པར་འགྱུར། །དེ་ནི་ནམ་ཡང་བདེ་བ་རྙེད་
ལྡན་འགྱུར་མ་ཡིན། །ལྷ་དང་ཀླུ་རྣམས་ལྷ་མིན་ལྡན་པ་དག་ཀྱང་ནི། །སེམས་དང་བསམ་པ་ཚུལ་འཆོས་ཅན་གྱིས་སླུ་བར་བྱེད། །ཉམས་པའི་སེམས་ཀྱིས་ནམས་ཀྱང་དག་པར་འགྱུར་བ་མིན། །འདི་ནི་དེ་བཞིན་གཤེགས་པ་ཀུན་གྱིས་མཁྱེན་པར་འགྱུར། །འོད་སྲུངས་དེ་ལྟར་

ན་ཚུལ་མ་ཡིན་པ་སྤྱད་པའི་སྤྱོད་པ་ཡ་ང་བ་དེ་ལྟ་བུའི་ངོ་བོ་འདིས་ཆོས་དང་མི་ལྡན་པ། སྡིག་པའི་དགེ་སྦྱོང་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། ཟས་བཞི་པོ་འདི་དག་ནི་
དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་བྱེད་པར་འགྱུར་ཏེ། བཞི་པོ་གང་ཞེ་ན། གྲོགས་པོ་དག་ཟས་གང་སྲོག་གཅོད་པ་དང་། སྲོག་ལ་འཚེ་བ་དང་། སྲོག་འཇོམས་པས་ལོངས་སྤྱོད་པར་བྱེད་དེ་གྲོགས་པོ་དག་ཟས་དང་པོ་འདིས་ནི་དམྱལ་བ་དང་། དུད་འགྲོ་
དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་བྱེད་པར་འགྱུར་རོ། །གྲོགས་པོ་དག་གཞན་ཡང་ཟས་གང་མ་བྱིན་པར་ལེན་པ་ཉིད་དང་། གཞན་གྱི་ལོངས་སྤྱོད་རྣམ་པར་བཅོམ་པ་ཉིད་དང་། དབྱུག་པ་དང་། རལ་གྲི་དང་། མཚོན་གྱིས་བཏབ་པ་ཉིད་ཀྱིས་ལོངས་སྤྱོད་པ་སྟེ། གཉིས་
པ་འདི་དང་། གྲོགས་པོ་དག་གཞན་ཡང་ཟས་གང་ཚུལ་འཆོས་པ་དང་། ཁ་གསག་ཉིད་དང་། གཞན་ཆེས་གཟིར་བ་ཉིད་དང་། སྤྱོད་ལམ་དག་པར་ཉེ་བར་སྟོན་པ་ཉིད་དང་། ཚུལ་ཁྲིམས་ཉམས་པ་ཉིད་དང་། སྤྱོད་པ་ཉམས་པ་ཉིད་དང་། ལྟ་བ་ཉམས་པ་ཉིད་དང་། ཡང་
དག་པ་མ་ཡིན་པའི་ཡོན་ཏན་གྱིས་ལོངས་སྤྱོད་པ་སྟེ། གསུམ་པ་འདི་དང་། གྲོགས་པོ་དག་གཞན་ཡང་གང་སྟོན་པ་མ་ཡིན་པར་སྟོན་པར་ཁས་འཆེ་བ་ཉིད་དང་། ཡང་དག་པ་མ་རྟོགས་པར་ཡང་དག་པར་རྟོགས་པར་ཁས་འཆེ་བ་ཉིད་དང་། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་
ཉིད་ཀྱིས་ལོངས་སྤྱོད་པར་བྱེད་པ་སྟེ། ཟས་བཞི་པོ་འདིས་ནི། དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་བྱེད་པར་འགྱུར་རོ། །གྲོགས་པོ་དག་ངས་ཟས་བཞི་པོ་འདི་དག་གཅད་པར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ་སྟེ། གྲོགས་པོ་དག་ལུས་གསོ་བར་བྱ་བའི་
ཕྱིར་སྲོག་གཅད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་ནི་སེམས་ཅན་ཐམས་ཅད་ལ་ཕངས་པ་དང་། ཡིད་དུ་འོང་བའོ། །གྲོགས་པོ་དག་དེའི་ཕྱིར་བདག་བསྲུང་བར་བྱ་བའི་ཕྱིར་དང་
Luận tạng Tây Tạng (Tengyur) — Tập 112 | Tra cứu Kinh điển | Tàng Kinh Việt