Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 109
Văn bản gốc(Tây Tạng)
Trang 12 / 21 (50.000 ký tự/trang)
་དམིགས་པ་སྟོང་པ་ཉིད་དག་ནི་ཡེ་ཤེས་ལ་དབང་བའི་རྟེན་ཉིད་ཀྱིས་དེ་བཞིན་ཁོ་ནར་དགུ་པ་ལའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་དངོས་པོ་སྟོང་པ་ཉིད་དག་ལས་ལ་དབང་བའི་རྟེན་ཉིད་ཀྱིས་དེ་བཞིན་ཁོ་ནར་བཅུག་པ་ལ་སྟེ། བཅུ་བཞི་པ་ལ་སོགས་པ་སེམས་ བསྐྱེད་པ་བདུན་གྱི་རང་གི་ངོ་བོ་ལའོ། །དངོས་པོ་མེད་པ་སྟོང་པ་ཉིད་རང་གི་ངོ་བོ་སྟོང་པ་ཉིད་དང་ཕ་རོལ་གྱི་ངོ་བོ་སྟོང་པ་ཉིད་ནི་གོ་རིམས་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤོང་བའི་རྟེན་ཉིད་ཀྱིས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤོང་བའི་རྟེན་ཉིད་ཀྱིས་དང་རང་བྱུང་ཉིད་ཀྱིས་སངས་རྒྱས་ཀྱི་ས་ལ་སྟེ། སེམས་བསྐྱེད་པ་གཉིས་ཀྱི་རང་བཞིན་ཉིད་ལའོ། །དེ་ལ་སེམས་བསྐྱེད་པ་དང་པོ་ནི་ཕྱི་མ་རྣམས་ཀྱི་རྒྱུ་ཁོ་ནའོ། །ཐ་མ་གཉིས་ནི་སྔ་མ་རྣམས་ཀྱི་འབྲས་བུ་ཁོ་ནའོ། །གཉིས་པ་ནི་ཕྱི་མ་རྣམས་ཀྱི་རྒྱུ་དང་སྔ་མའི་འབྲས་བུ་སྟེ། དེ་བཞིན་དུ་བསམ་པ་ལ་སོགས་པ་བཅུ་དགུ་ནི་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོའོ། །འདུན་པའི་སྔ་ རོལ་གྱི་སེམས་སྲིད་པ་ཐོག་མ་མེད་པ་ནས་བྱུང་བ་ན་ཉེ་བར་ལེན་པ་དང་ཉེ་བར་བླང་བྱ་ཉིད་ཀྱིས་རྒྱུན་དུ་ཡང་གྱུར་པ་རྣམས་ནི་རྣམ་པ་འདི་ལྟ་བུའི་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ནོ་ཞེས་པ་མུ་བཞིའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་རིགས་ཀྱི་གནས་སྐབས་ན་ཡང་དེ་རྣམས་ལ་ཐུགས་བརྩེ་བས་དེའི་དོན་དུ་ཆེད་དུ་བྱ་བ་ དམིགས་པ་དང་བཅས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བདག་ཉིད་ཁོ་ནའི་ཚོགས་ཐམས་ཅད་སོགས་པར་བྱེད་པ་ལ་འཇུག་གོ། །རིགས་འདི་ནི་ཅི། དམིགས་པ་ནི་ཅི། ཆེད་དུ་བྱ་བ་ནི་ཅི་ཞེ་ན། བརྗོད་པར་བྱ་སྟེ་ཆོས་ཀྱི་དབྱིངས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་མཚན་ཉིད་ཅན་ཁོ་ན་འཕགས་པའི་ཆོས་ཀྱི་རྒྱུ་ཉིད་ཀྱི་ཕྱིར་ རང་བཞིན་དུ་གནས་པའི་རིགས་དང་གཞི་དང་སྟོན་པ་དང་རྒྱུ་དང་རྟེན་དང་ཉེ་བར་གནས་པ་དང་སྔོན་དུ་འགྲོ་བ་དང་གནས་དང་ས་བོན་དང་ཁམས་དང་རང་བཞིན་ཞེས་པའི་རྣམ་གྲངས་ཀྱིས་བརྗོད་དོ། །དེ་ལྟར་ནི་གང་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་རྣམས་ཀྱིས་མི་སྣང་བར་བྱས་པའི་རིགས་དེ་ཉིད་ཕྱིས་དྲི་མ་མ་ལུས་པ་དང་ བྲལ་བ་ལས་གསལ་བར་གྱུར་པ་ཉིད་དེ་ནི་རྡོ་རྣམས་ལ་ལྕགས་དང་ཟངས་དང་དངུལ་དང་གསེར་གྱི་རིགས་དང་འདྲའོ། །ཆོས་ཉིད་བདག་ཉིད་ཀྱི་རིགས་འདི་ཁོ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པར་གསུངས་སོ། །རང་བཞིན་གྱི་རིགས་དེ་ཡོད་པ་ཉིད་ན་ཡང་སྲོག་ཆགས་རྣམས་མ་རིག་པ་ ལ་སོགས་པའི་གློ་བུར་གྱི་དྲི་མས་གཡོགས་པར་གྱུར་པ་ཇི་སྲིད་པར་རྫོགས་པའི་སངས་རྒྱས་མ་ཡིན་ནོ། །རྣམ་པར་རྟོག་པའི་དྲི་མ་མ་ལུས་པ་དང་བྲལ་བ་ལས་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་གསལ་བར་གྱུར་པའི་བྱང་ཆུབ་ཡང་དག་པར་འགྲུབ་པོ། །དེ་ཉིད་ཀྱི་ཕྱིར་ཁྱད་པར་དུ་འཕགས་པ་ནི་རིགས་ཏེ། བྱང་ ཆུབ་སེམས་དཔའི་སྒྲ་འཇུག་པའི་རྒྱུ་མཚན་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་རྣམས་དང་དེའི་ཁྱད་པར་འདུན་པ་ནས་བརྩམས་པའི་གོ་ཆའི་སྒྲུབ་པ་ལ་སོགས་པ་རྣམས་ཀྱི་གཞིའོ། །དེ་སྐད་དུ་ཡང་། རྟོགས་པ་ཡི་ནི་ཆོས་དྲུག་དང་། །གཉེན་པོ་དང་ནི་སྤོང་བ་དང་། །དེ་དག་ཡོངས་སུ་གཏུགས་པ་དང་། ། ཤེས་རབ་སྙིང་བརྩེར་བཅས་པ་དང་། །སློབ་མ་ཐུན་མོང་མིན་ཉིད་དང་། །གཞན་གྱི་དོན་གྱི་གོ་རིམས་དང་། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་པ་ཚིག་ལེའུར་བྱས་པ་དག་གིས་དང་སྟོང་ཕྲག་ཉི་ཤུ་ལྔ་པའི་གཞུང་རྣམ་པར་བཤད་པ་འཕགས་པ་རྣམ་གྲོལ་སྡེའི་ཞབས་ ཀྱིས་གསུངས་པ། གང་གི་ཕྱིར་སེམས་བསྐྱེད་པ་ནས་བརྩམས་ཏེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞི་རྣམས་ལ་དང་། མཐོང་བའི་ལམ་ལ་དང་བསྒོམ་པའི་ལམ་ལ་དེ་དང་དེར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པ་བཅོམ་ལྡན་འདས་བརྗོད་པར་བགྱི་སྟེ་ཞེས་པ་ལ་སོགས་པའོ། ། གཉེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྤོང་བ་ནི་མི་མཐུན་པའི་ཕྱོགས་རྣམས་ཀྱི་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་དོ། །གཉེན་པོ་དང་སྤོང་བ་དག་ཡོངས་སུ་གཏུགས་པ་ནི་མཐར་ཐུག་པར་འགྲོ་བ་སྟེ་གཉེན་པོ་མཆོག་ཏུ་བྱུང་བའི་མཐར་ཐུག་པ་ཁོ་ན་དང་མི་མཐུན་པའི་ཕྱོགས་ཟད་པའི་མཐར་ཐུག་ པའོ། །སེང་གེ་བཟང་པོས་ཡོངས་སུ་གཏུགས་པ་ནི་དེ་དག་སྐྱེ་བ་དང་འགག་པ་དང་ལྡན་པའི་རྣམ་པར་རྟོག་པ་སྤངས་པའོ་ཞེས་སོ། །འོ་ན་འདི་ནི་རང་བཞིན་དུ་གནས་པའི་རིགས་ཐོག་མ་མེད་པའི་དུས་ནས་འོངས་པ་ཆོས་ཉིད་ཀྱིས་ཐོབ་པའོ། །འདི་ནི་ཡང་དག་པར་བླངས་པ་ལས་བྱུང་བ་སྔོན་གྱི་དགེ་བའི་རྩ་བ་གོམས་པས་ ཐོབ་པའོ། །འདི་ནི་དུས་རེ་ཞིག་ངེས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་སོ། །འདི་ནི་རྟག་ཏུ་ངེས་པ་དེ་བཞིན་གཤེགས་པའི་རིགས་སོ། །འདི་ནི་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རིགས་མ་ངེས་པ་སྟེ་རྐྱེན་གྱིས་འཕྲོགས་པའི་ཕྱིར་རོ་ཞེས་རིགས་ཐ་དད་མི་རིགས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ གསུངས་པ། འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་གཅིག་དང་དེ་བཞིན་ཉིད་གཅིག་དང་ཡང་དག་པའི་མཐའ་གཅིག་པོ་དེ་ཇི་ལྟར་སྣོད་དང་སྣོད་མ་ཡིན་པར་གདགས་ཞེས་སོ་ཞེ་ན། དེ་ལྟ་བུ་འདི་ནི་བདེན་ཏེ་དེ་ལྟ་ན་ཡང་བརྟེན་པ་ཉན་ཐོས་དང་རང་སངས་རྒྱས་དང་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཐ་དད་པའི་ཕྱིར་ཉན་ ཐོས་ལ་སོགས་པའི་རིགས་ཐ་དད་དུ་ཐ་སྙད་དུ་བྱ་སྟེ། དཔེར་ན་ནམ་མཁའ་ལ་ཐ་དད་པ་མེད་ཀྱང་། ལམ་ཐ་དད་པ་ལ་ཆག་པའི་ལམ་དང་བྱའི་ལམ་དང་ཉི་མའི་ལམ་ཞེས་པ་བཞིན་ཏེ། གང་གི་ཕྱིར་གང་ཉན་ཐོས་ལ་སོགས་པའི་བྱང་ཆུབ་རྟོགས་པ་སྔོན་མ་ཅན་བྱང་ཆུབ་ཆེན་པོ་རྟོགས་པ་དེ་རྣམས་རེ་ཞིག་པའི་དུས་ཅན་དུ་བསྟན་པས་ ཉན་ཐོས་ལ་སོགས་པའི་རིགས་ཅན་དུ་བསྟན་ཏོ། །དང་པོ་ནས་རབ་ཏུ་དགའ་བ་ལ་སོགས་པའི་ས་རྟོགས་ནས་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་བསྟེན་པ་རྣམས་ནི་ཐེག་པ་ཆེན་པོའི་རིགས་ཅན་ནོ་ཞེས་ཐ་སྙད་ལས་རིགས་ཐ་དད་པ་མི་འགལ་ལ་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ། །ཇི་སྐད་གསུངས་པ། གང་དུ་འདུ་བྱེད་ཅུང་ཟད་ཀྱང་མེད་པ་དེ་ ནི་འདུས་མ་བྱས་པ་སྟེ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སུ་མཚུངས་ལ་རིགས་དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཁྱད་པར་མེད་པའོ། །རིགས་དེ་ནི་ཆོས་ཐམས་ཅད་རོ་གཅིག་པ་ཉིད་ཀྱིས་རྟག་པ་སྟེ། རིགས་དེ་ནི་ཐམས་ཅད་ཀྱི་ཚེ་ཆོས་ཉིད་ཡིན་པས་ཤེས་པ་ལ་སོགས་པའོ། །ངེས་པའི་ཚིག་ནི་འདི་ལས་ཡོན་ཏན་ རྣམས་གོང་དུ་སྒྲོལ་བར་བྱེད་ཀུན་ནས་སྐྱེ་བར་བྱེད་པས་རིགས་སོ། །ཡང་ན་འགྲོ་བས་ན་སེམས་ཅན་རྣམས་ནི་གོའོ། །དེ་རྣམས་སྐྱོབ་པས་རིགས་སོ། །ཡང་ན་འདིར་ག་མི་ནི་གནས་པ་ལ་འཇུག་པ་སྟེ། དཔེར་ན་ནམ་མཁའ་ཐམས་ཅད་དུ་སོང་བའོ་ཞེས་པ་བཞིན་ཏེ། འགྲོའོ་གནས་སོ་ཞེས་པ་གོ་སྟེ། རྟེན་པའི་ཆོས་སོ། །དེ་ སྐྱོབ་པར་བྱེད་མི་གཡོ་བའི་ཚུལ་གྱིས་འཛིན་པའི་ཕྱིར་རིགས་ཞེས་པ་སྟེ་རྟེན་ནོ། །འོ་ན་རང་བཞིན་མེད་པའི་ཆོས་ཀྱི་དབྱིངས་ཅི་ལྟར་སེམས་བསྐྱེད་རྣམས་ཀྱི་རྟེན་ཡིན་ཞེ་ན། དཔེར་ན་རང་བཞིན་མེད་པའི་ནམ་མཁའ་ཟླ་བ་དང་ཉི་མའི་འོད་རྣམས་ཀྱི་དང་མུན་པ་སེལ་བའི་བཞིན་ནོ། །དམིགས་པ་ནི་སྤང་བར་བྱ་བ་ཉིད་དང་བླང་བར་ བྱ་བ་ཉིད་དག་གིས་དམིགས་པར་བྱ་བའོ་ཞེས་པས་སྒྲུབ་པའི་ཡུལ་ལོ། །ཅི་ཞེ་ན་ཆོས་རྣམས་ཐམས་ཅད་དོ། །དེ་ལ་མི་དགེ་བ་སྲོག་གཅོད་པ་ལ་སོགས་པ་རྣམས་དང་། ལུང་དུ་མ་བསྟན་པ་ལུས་ཀྱི་ལས་ལ་སོགས་པ་རྣམས་ནི་སྤང་བར་བྱ་བའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགེ་བ་ སྦྱིན་པ་ལ་སོགས་པ་རྣམས་ནི་བླང་བར་བྱ་བའོ། །དེ་ལྟར་བྱས་ན་རང་བཞིན་གཙོ་བོ་ཡིན་ལ་རྣམ་འགྱུར་གཙོ་བོ་དམིགས་པ་སྟེ་གཉི་གར་ཡང་གཉི་ག་མ་བགག་གོ་ཞེས་པས་རྟེན་དང་དམིགས་པ་དག་གི་མཚན་ཉིད་ཀྱི་དབྱེ་བ་དང་དམིགས་པ་དག་པར་འགྲོ་བ་ཡང་འཐད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རབ་འབྱོར་བྱང་ ཆུབ་སེམས་དཔས་ཆོས་ཐམས་ཅད་ཆགས་པ་ཉིད་དང་ཡོད་པར་གྱུར་པ་མ་ཡིན་པ་ཉིད་ལ་བསླབ་པར་བྱའོ། །ཞེས་སོ། །རང་བཞིན་དང་འབྲེལ་པའི་རྣམ་འགྱུར་དམིགས་པ་སྟེ་རྣམ་འགྱུར་ཙམ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གཙོ་བོ་དགོས་པ་དམིགས་པར་དགོངས་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ་ཞེས་གསུངས་སོ། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་བཞི་ཉིད་ཅེས་ཀྱང་ངོ་། །འདིར་དངོས་པོ་མེད་པ་ནི་ཆོས་ཐམས་ཅད་ཀྱིའོ། །བདག་པོའི་རྐྱེན་ནི་དྲན་པ་སྟེ་དེ་འདིའི་རྟེན་ཉིད་ཡིན་པའི་ཕྱིར་རོ། །ཞི་བ་ཉིད་ནི་རང་བཞིན་གྱིས་ཞི་བ་ སྟེ་དངོས་པོ་ལ་འགག་པའི་ཞི་བ་ཉིད་ནི་མ་ཡིན་ནོ། །ཅི་ལྟར་རང་བཞིན་དགོས་པ་ཡིན་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་རང་བཞིན་མེད་པ་ཉིད་གསལ་པོར་འགྱུར་བ་བསྟེན་པ་སྒོམ་པའི་དོན་དུ་ཉེ་བར་སྦྱོར་བས་སོ། །འོ་ན་རང་བཞིན་མེད་པ་ཞེས་པ་ནི་དངོས་པོ་ཅུང་ཟད་མེད་པ་ཡིན་ལ། དངོས་པོ་མེད་པ་ཉིད་ ནའང་དམིགས་སུ་མེད་པའོ་ཞེ་ན། བདེན་ཏེ་དངོས་པོ་མེད་པ་ཞེས་པ་ནི་དངོས་པོར་དམིགས་པར་མི་འགྱུར་རོ་ཞེས་དགོངས་པའི་ཕྱིར་ཏེ། དངོས་པོ་མེད་པ་ནི་གཉིས་མེད་དགག་གོ། །རབ་འབྱོར་གཉིས་ནི་དངོས་པོའོ། །གཉིས་མེད་པ་ནི་དངོས་པོ་མེད་པའོ་ཞེས་གསུངས་པའི་ཕྱིར་རོ། །དེ་དབུ་མར་གསུངས་པ། གང་རྣམས་རང་དངོས་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་རྣམས་སངས་རྒྱས་བསྟན་པ་ལ། །དེ་ཁོ་ན་ཉིད་མཐོང་བ་མིན། །ཞེས་པ་དང་། དངོས་དང་དངོས་མེད་མཆོག་འཛིན་པ། །ཟད་པ་མྱ་ངན་འདས་པར་བརྗོད། །ཅེས་སོ། །དོན་དམ་པར་ནི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་དང་ དམིགས་པའི་སྤྲོས་པ་འགའ་ཡང་མེད་དེ། དེ་ཉིད་ཀྱི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་དམིགས་པ་མེད་པ་ཁོ་ན་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཟབ་མོར་སྔར་བརྗོད་ཟིན་ཏོ། །འཕགས་པ་བྱམས་པས་ཀྱང་གསུངས་པ། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་ དང་། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། །ཅེས་སོ། །འཕགས་པ་ཞི་བ་ལྷས་ཀྱང་གསུངས་པ། སྟོང་ཉིད་བག་ཆགས་གོམས་པ་ལས། །དངོས་པོའི་བག་ཆགས་སྤོང་བར་བྱེད། །ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་ པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་སོ། །འཕགས་པ་རྣམ་གྲོལ་སྡེས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཅི་དམིགས་ཤེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུའོ། །འོ་ན་དམིགས་པར་བྱ་བ་སྟོང་པ་ཉིད་འདི་ནི་མོ་གཤམ་གྱི་བུ་བཞིན་དུ་མེད་པ་ཡིན་པའི་ ཕྱིར། ཆོས་ཐམས་ཅད་ཡོད་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་གང་གི་ཕྱིར་གསོད་པ་པོ་བསད་ན་ལྷས་བྱིན་སླར་འབྱུང་བར་འགྱུར་བ་མ་ཡིན་ནོ་ཞེས་སོ། །དེ་ལྟར་ན་ཅི་ལྟར་དམིགས་པར་བརྗོད་ཅེ་ན། ཀུན་རྫོབ་ཏུའོ། །དེ་ལྟར་ན་སྟོང་པ་ཉིད་ཅེས་བྱ་བ་ནི་དངོས་པོའི་ཚོགས་རྣམས་སྟོང་པ་ཁོ་ན་སྟེ་གཞན་དང་མ་འདྲེས་པའི་ ཁྱད་པར། ཁྱད་པར་གཞན་གསལ་བས་བརྗོད་པར་བྱ་བའོ། །དེ་བཞིན་དུ་ཡང་སྟོང་པ་ཉིད་སྒོམ་པ་ཞེས་པ་ཡང་དངོས་པོའི་ཚོགས་སྟོང་པར་སྒོམ་པ་ཞེས་པ་ཁོ་ནའི་དོན་ཏོ། །འོ་ན་དེ་ལྟར་ན་བསྒོམ་པར་བྱ་བའི་ཆོས་ཐམས་ཅད་དམིགས་པར་འགྱུར་ལ་དངོས་པོ་མེད་པའི་དམིགས་པའོ་ཞེས་པ་དེ་ཉེས་པའོ། །ཅི་སྟེ་ཆོས་ ཉིད་དང་ཐ་དད་པ་མེད་ཀྱང་ཐ་དད་པ་བཞིན་རེ་ཞིག་སྣང་བ་དེ་ལྟ་ན་ཡང་ལྷག་པར་ཞེན་པ་ལས་ཆོས་སུ་གྱུར་པ་ཁོ་ན་བསྒོམ་པར་བྱའོ་ཞེས་པ་ནི་ཉེས་པ་དེ་ལས་མི་གྲོལ་ཏེ་མ་འབྲེལ་པར་གནས་པ་ཉིད་ཀྱིས་སྒོམ་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་དངོས་པོ་སྐྱེས་པ་འདི་རང་བཞིན་མེད་པའོ་ཞེས་པའི་རྣམ་པ་འདི་ཁོ་ན་སྒོམ་ པ་ལས་དེ་ཅི་ལྟར་ཆོས་ཀྱི་དེ་ཁོ་ན་ཉིད་སྒོམ་པའི་ཕྱོགས་ལ་ཆོས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་སྤོང་། ཡོངས་སུ་སྤོང་ན་ཡང་ཆོས་གཞན་སྒོམ་པ་ཁོ་ནར་འགྱུར་གྱི་ཆོས་ཉིད་སྒོམ་པ་མ་ཡིན་ནོ་ཞེ་ན། བདེན་ཏེ་གལ་ཏེ་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་བསྒོམས་པས་ཀྱང་ཆོས་སྤྱིར་འཕངས་པ་དེ་ལྟ་དེ་ལྟ་ན་ཡང་དེ་ཁོ་ན་ཉིད་ཙམ་ལ་ཆེད་དུ་ གཏད་ནས་གནས་ཏེ་དེ་ཁོ་ན་ཉིད་སྒོམ་པ་ཁོ་ན་གསལ་བར་གྱུར་པས་འཁོར་བའི་ངན་འགྲོ་འབྱིན་པས་སོ། །གང་གི་ཕྱིར་འདོད་ལྡན་མ་ལུས་མཆོག་ཏུ་བསྒོམས་པས་མངོན་དུ་བྱས་ན་འདོད་ཆགས་ཟུམ་པར་འགྱུར་བའམ་དགྲ་བོའི་ལུས་ཀྱིས་ཞེ་སྡང་འཛུམས་པའམ་གཉིས་ཀར་སེམས་པ་མེད་པས་གཏི་མུག་ འབྲི་བ་མེད་དེ་འོན་ཀྱང་རང་བཞིན་མེད་པ་ཉིད་ཁོ་ནར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ལ་ཆེད་དུ་གཏད་པས་དེ་ཁོ་ན་གསལ་བ་ཉིད་སྨན་དུ་འགྱུར་གྱི་ཆོས་རྣམས་བསྒོམས་པས་ནི་མ་ཡིན་ནོ། །འོ་ན་དེ་ལ་ཆེད་དུ་གཏད་ནའང་ཆོས་ཉིད་ཁོ་ན་གསལ་བར་འགྱུར་གྱི་ཆོས་མ་ཡིན་ཞེས་པའི་འཐད་པ་ཅི་སྟེ། བསྒོམས་པས་གཉིས་ཀ་ཡང་དབང་དུ་ བྱེད་པའི་ཕྱིར་ཏེ་ཆོས་ལ་མ་རེག་པར་ཆོས་ཉིད་ཙམ་གསལ་བར་འགྱུར་བ་ཅི་འདྲ་བ་ཡིན་ཞེ་ན། སྐྱོན་འདི་མེད་དེ། ཆོས་གསལ་བར་འགྱུར་བ་ལ་མ་རེག་པར་ཡང་ཆོས་ཉིད་ཙམ་གསལ་བར་འགྱུར་བ་མཐོང་བའི་ཕྱིར་ཏེ། ཆོས་ཉེ་བ་ལ་མ་ལྟོས་པར་གསལ་བ་དང་གསལ་བྱེད་ཅེས་མི་འགྱུར་བ་འབའ་ཞིག་གོ། །གསལ་ བར་གྱུར་ཀྱང་དེ་དེའི་ཡུལ་འདུས་པ་ན་རྩོལ་བ་ལ་མ་ལྟོས་པར་ཡུད་ཙམ་གྱིས་དེའི་ཤེས་པ་ལ་དེའི་རྣམ་པ་གསལ་དུ་ཟིན་ཀྱང་ཆོས་ཉེ་བ་ལ་ལྟོས་པ་ནི་མ་ཉམས་ཏེ། ཆོས་ཉིད་ཀྱི་རང་གི་ངོ་བོ་ཁོ་ནའི་ཕྱིར་དགའ་བ་ཉིད་ལ་སོགས་པ་བཞིན་ནོ། །དེ་ལྟར་ནིམ་པའི་རོ་ལ་སོགས་པ་ལ་དགའ་བ་ཉིད་དུ་གོམས་པ་ནི་གསལ་བར་གྱུར་ པ་མཐོང་སྟེ། ནིམ་པ་ལ་སོགས་པའི་ཆོས་ཅན་གྱི་དེ་ཆོས་སོ་ཞེས་དེ་བསྒོམས་པས། ནིམ་པ་ལ་སོགས་པ་རང་སྐྱེ་བའི་ཡུལ་ན་གནས་པའམ་ལྕེའི་རྩེ་མོར་སོན་པ་ལ་ཡང་ཇི་སྲིད་ཕྱིན་ཅི་ལོག་ཏུ་སྒོམ་པ་ལ་མངོན་པར་སྦྱོར་བ་ཕུལ་བྱུང་མེད་པའི་བར་དུ་གསལ་ཞིང་གསལ་བ་ཡོད་པ་མ་ཡིན་ནོ། །གསལ་བར་གྱུར་པའི་ དགའ་བ་ཉིད་ཀྱང་ནིམ་པ་ལ་སོགས་པ་ཉམས་སུ་མྱོང་བ་ལ་མ་ལྟོས་པར་འབྲེལ་མེད་དུ་གནས་པ་ན་མི་དམིགས་ཀྱི། འོན་ཀྱང་གང་དང་གང་གི་ཚེ་ནིམ་པ་ལ་སོགས་པ་ཉམས་སུ་མྱོང་བ་དེའི་ཚེ་ཡུད་ཀྱིས་དགའ་བ་ཉིད་ཉམས་སུ་མྱོང་བའི་ཡུལ་སྔར་བཞིན་དུ་ཡིད་འབྱུང་བའམ། གཉིས་ཀ་མ་ཡིན་པ་མེད་ནའོ་ཞེས་པ་འདི་ ཁོ་ན་ཆོས་ཉིད་གསལ་བར་འགྱུར་བའི་དོན་ཏོ། །ཇི་ལྟར་བཟང་མོ་ལ་སོགས་པའི་ཆོས་གསལ་བར་གྱུར་ན་ཡང་དེའི་ཆོས་ཉིད་གསལ་བར་འགྱུར་བ་མེད་པ་དེ་བཞིན་དུ་གཉིས་ཀ་ཕན་ཚུན་མི་འཁྲུལ་ན་ཡང་དེ་ཁོ་ན་ཉིད་བསྒོམས་པས་ཀྱང་ཆོས་གསལ་བར་འགྱུར་བ་མེད་དོ་ཞེས་པས་སྐྱོན་ཅི་འདྲ་ཞིག་ཡོད། ཇི་ལྟར་ཡང་དགའ་ བ་ཉིད་ཅེས་པ་ནི་བདེ་བར་བྱེད་པ་ཉིད་དེ། དེ་ལ་ཡུལ་གང་ལ་གང་དགའ་བ་ཉིད་དུ་སྒོམ་པ་དེའི་སེམས་ཀྱི་རྒྱུན་བསྒོམས་པས་འདུས་བྱས་པ་རྒྱུར་བྱས་ནས་ཡུལ་དེ་ལྷན་ཅིག་བྱེད་པ་ཅན་གྱི་བདེ་བ་གོམས་པ་ཁོ་ན་ལས་སྐྱེས་པ་དེ་བཞིན་དུ་སྙིང་རྗེ་ལ་སོགས་པའི་ཡིད་ལས་བྱུང་བ་རྣམས་ལ་ཡང་སྦྱར་བར་བྱ་སྟེ། སྡུག་ བསྔལ་ཅན་གདོན་ནོ་ཞེས་ཕ་རོལ་སྡུག་བསྔལ་ཅན་གདོན་པར་བསྒོམས་པ་ལས་གསལ་བར་འགྱུར་ཏེ། དེའི་ཡུལ་དང་ཉེ་བ་ན་ཡུད་ཙམ་གྱིས་དེའི་ཤེས་པ་དེ་དང་རྗེས་སུ་མཐུན་པའི་སྒྲུབ་པ་རབ་ཏུ་བསྐྱེད་པའི་རྒྱུ་སྟེ་འབྲེལ་པ་ཅན་ཁོ་ན་དང་ངམ་ཉེ་བར་ཅིག་ཤོས་དང་ལྷན་ཅིག་གསལ་བ་ཉིད་ནི་མ་ཡིན་ནོ། །ཇི་སྐད་དུ་ཐམས་ ཅད་མཁྱེན་པ་གྲུབ་པར་གསུངས་པ། བརྩེ་བ་ལ་སོགས་རྟོགས་པ་ཕུལ་བྱུང་ཐོབ་པ་རྣམས་ནི་དེ་ཡི་སྤྱོད་ཡུལ་ཉེར་གནས་ན། །འདི་ལྟར་རྩོལ་ལ་ལྟོས་པ་མེད་པར་དེ་རྣམས་རང་གི་རང་གིས་སོ་སོར་བདག་ཉིད་གསལ། །ཞེས་སོ། །དེའི་ཕྱིར་རང་བཞིན་མེད་པའི་ཆོས་ཉིད་གོམས་པ་ཕུལ་དུ་བྱུང་བར་འགྲོ་ན་ཡང་ཇི་སྲིད་རྣལ་ འབྱོར་པས་ཉམས་སུ་མྱོང་བར་བྱ་བ་དེ་སྲིད་དུ་རང་བཞིན་མེད་པའི་རང་གི་ངོ་བོ་ནི་སོ་སོ་སྐྱེ་བོ་ལ་སོགས་པས་མཐོང་བའི་མཚན་ཉིད་དང་བྲལ་བ་ཁོ་ནའོ། །དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་འཁྲུལ་པ་ལས་བྱུང་བ་འདོད་ཆགས་ལ་སོགས་པའི་དྲི་མས་འདིའི་སེམས་མཚན་མ་མེད་པའོ་ཞེས་པ་འདི་ཙམ་ དེའི་གསལ་བར་སྣང་བ་ཉིད་དོ། །འདི་ཕྱིན་ཅི་ལོག་ཏུ་སྒོམ་པ་མི་སྲིད་དེ། གང་གི་ཕྱིར་རྟོག་པ་སྔོན་དུ་གཏོང་བ་རང་གི་དོན་ནམ་གཞན་གྱི་དོན་དུ་སྒོམ་པ་མངོན་པར་བརྩོན་པ་དེ་དེ་ཙམ་ཁོ་ན་ཉིད་དུ་དོན་བྱས་པར་གྱུར་པས་ངལ་བ་གཞན་ལ་ཅིས་ན་འཇུག་ཅེས་པ་སྟེ། དོན་མེད་པ་ཉིད་ཀྱི་ཕྱིར་དང་དོན་བྱེད་པ་མ་ཡིན་པ་ཉིད་ ཀྱི་ཕྱིར་རོ། །དཔེར་ན་བཟའ་བ་དང་སྨན་ལ་སོགས་པ་རྣམས་ལ་མངོན་པར་འདོད་པ་དང་སྨིན་པ་ཐོབ་པ་ན་བཞིན་ཏེ། ཇི་ལྟར་ཡང་འདིར་སྨིན་པ་གཞན་མངོན་པར་མི་འདོད་པ་སྲིད་ཀྱང་། དེ་ཙམ་ཁོ་ན་སྨིན་པ་ཕུལ་དུ་བྱུང་བ་མཐར་ཐུག་པར་ཐ་སྙད་བྱེད་པ་དེ་བཞིན་དུ་སྐབས་སུ་ཡང་ངོ་ཞེས་པས་སྐྱོན་ཅི་ཡང་མེད་དོ། ། གཞན་ཡང་། འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གིས། །འབད་པ་ལྡན་ཡང་མི་གནོད་དེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་རྣམ་འགྲེལ་དུ་གསུངས་པ་ཉིད་ཀྱིས་སླར་ཡང་དཔྱོད་པར་འགྱུར་རོ། །དེ་ལྟར་མཉམ་པར་མ་བཞག་པའི་གནས་སྐབས་ན་ཀུན་རྫོབ་དང་དོན་དམ་པའི་བདེན་ པའི་བདག་ཉིད་ཁོ་ནའི་ཆོས་རྣམས་དམིགས་པའོ། །མཉམ་པར་བཞག་པའི་གནས་སྐབས་ན་ནི་རྣམ་པར་རྟོག་པའི་སྤྲོས་པ་མཐའ་དག་ལྡོག་པ་ན་དམིགས་པ་ལ་སོགས་པ་ཅི་ཡང་མེད་དོ་ཞེས་གནས་སོ། །ཆེད་དུ་བྱ་བ་ནི་བསྒྲུབ་པ་རྣམས་ཀྱི་ཆེད་དུ་བྱ་བའོ་ཞེས་ལས་སུ་སྒྲུབ་པ་ཉིད་ཡིན་པའི་ཕྱིར་ བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་དང་། སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་རྣམས་ལམ་ཆགས་པ་ཉིད་ཀྱིས་ཇི་སྲིད་དུ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་རྟོགས་པའི་བར་ཏེ། གང་བཅོམ་ལྡན་འདས་མའི་རྣམ་པར་བཤད་པ་འཕགས་པས་གསུངས་པ། དེ་ལ་སེམས་དང་ པོ་བསྐྱེད་པ་ནས་བཟུང་སྟེ་ཞེས་པ་བརྡ་ལས་བྱུང་བའོ། །ཆོས་གང་གི་ཡང་སྐྱེ་བའམ་འགག་པ་མེད་ཅེས་པ་ནི་དྲན་གྱི་དུས་སུ་སྔ་མ་དང་ཕྱི་མའི་གནས་སྐབས་དག་ལ་འགག་པ་དང་སྐྱེ་བའི་ཚུལ་གྱིས་ཤེས་པ་ལ་སོགས་པ་དང་འཁོར་བ་པ་དང་ཞུགས་པ་དང་འབྲས་བུ་ལ་གནས་པ་ལ་སོགས་པ་སེམས་ཅན་གྱི་ཕུང་པོ་མ་ལུས་ པའི་མཆོག་ཉིད་ཀྱི་སེམས་ཀྱི་མཚན་ཉིད་ཅེས་པ་གསུམ་མོ། །དེ་བཞིན་དུ་བསྟན་བཅོས་ལས་ཀྱང་། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་པ་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་འབྱུང་གི། །ཆེད་དུ་བྱ་བ་འདི་ཞེས་བྱ། །ཞེས་སོ། །རང་ཉིད་སངས་རྒྱས་སུ་འབྱུང་བར་འགྱུར་བ་བྱང་ཆུབ་ སེམས་དཔའ་རྣམས་ཀྱིའོ། །དམིགས་པ་དང་ཆེད་དུ་བྱ་བའི་ཁྱད་པར་ནི། མདའ་ལྟོང་སྦྱོར་བ་དང་འབེན་ལ་ཕོག་པ་དང་ཆོས་མཚུངས་པར་ཤེས་པར་བྱ་བའོ། །དེའི་ཚེ་བདག་ཉིད་ནི་དམིགས་པ་སྟེ། སྒྲུབ་པ་དང་དུས་མཉམ་པ་ཉིད་ཀྱིས་དེའི་ཡུལ་གྱི་དངོས་པོ་རྣམ་པར་གཞག་པའི་ཕྱིར་རོ། །ཆེད་དུ་བྱ་བ་ནི་ཆེ་གེ་ མོ་པ་ཐག་རིང་བ་སྟེ་དེ་ནི་འབྱུང་བ་དེའི་འབྲས་བུའི་གནས་སྐབས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རིགས་དང་དམིགས་པ་དང་ཆེད་དུ་བྱ་བ་དང་ལྡན་པའི་སེམས་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་དེའི་མཚན་ཉིད་ནི་སྟོང་ཕྲག་ཉི་ཤུ་ལྔ་པར་གསུངས་པ། བྱང་ཆུབ་སེམས་དཔའ་ཅི་ནས་ཀྱང་བདག་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པར་བྱའོ། །གཞན་གྱི་དོན་བསྒྲུབ་པར་བྱའོ་ཞེས་དེ་ལྟར་དོན་དུ་གཉེར་རོ་ཞེས་སོ། །བསྟན་བཅོས་སུ་ཡང་། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་ དེ་དོན་དུ་གཉེར་བ་དགེ་བའི་ཆོས་འདུན་པ་སེམས་ལས་བྱུང་བ་ཡིན་མོད། དེ་ཡོད་ན་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ་ཞེས་བྱ་བས་རྒྱུ་ལ་འབྲས་བུ་བཏགས་པ་སྟེ། དེ་ལྟར་དོན་དུ་གཉེར་བའི་དགེ་བའི་ཆོས་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཆེད་དུའོ། །ཡང་དེ་དོན་དུ་གཉེར་བ་དང་ལྷན་ཅིག་སྤྱོད་པ་ སེམས་བསྐྱེད་པ་ལ་དེའི་སྒྲས་བཏགས་པ་སྟེ་དེ་ལྟར་དོན་དུ་གཉེར་བ་དང་ལྷན་ཅིག་ཏུ་གྱུར་པའི་སེམས་སྐྱེད་པར་བྱེད་དོ་ཞེས་ཤེས་པའི་ཆེད་དུའོ། །ཡང་ན་སེམས་ནི་མངོན་པར་འདོད་པ་སྟེ་དེ་ལྟར་ནི་འགྲོ་བར་འདོད་ཟེར་བ་ནི་བདག་གི་སེམས་འགྲོ་བར་ཞེས་པའོ། །དེ་བསྐྱེད་པ་ནི་སེམས་བསྐྱེད་པའོ། །མངོན་པར་འདོད་པ་ནི་བསྐྱེད་ པ་ལས་མི་འཁྲུལ་པ་ལས་བསྐྱེད་པ་སྨོས་པ་ནི་ཁྱད་པར་ཡོངས་སུ་གཟུང་བའི་དོན་དུའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྟེ་མངོན་པར་འདོད་པ་གང་གི་ཡིན་པ་སྟེ་དེའི་ངོ་བོ་ནི་དེ་ཉིད་དོ། །དེའི་ཕྱིར་གཞན་གྱི་དོན་གྱི་ཆེད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་སེམས་བསྐྱེད་པ་ནི་སེམས་བསྐྱེད་པའོ་ ཞེས་པ་འདིའི་མཚན་ཉིད་དོ། །འོ་ན་དོན་དུ་གཉེར་བ་ནི་རྟོག་པ་སྟེ་དེ་དང་ལྷན་ཅིག་གྱུར་པའི་སེམས་ཅི་ལྟར་བཅོམ་ལྡན་འདས་ཀྱི་ཡིན་ཞེ་ན་བདེན་ཏེ་དོན་དུ་གཉེར་བའི་དོན་དུ་གཉེར་བ་པོ་ཉིད་དེ་བྱེད་པ་པོའི་ཆོས་སྔོན་གྱི་སེམས་སོ་སོ་དང་། དོན་དུ་གཉེར་བྱས་ཟིན་པ་ཉིད་དེ་ལས་ཀྱི་ཆོས་ཕྱི་མའི་སེམས་སོ་སོ་ཡང་ངོ་། ། དེའི་ཕྱིར་དོན་དུ་གཉེར་བས་བྱས་ཟིན་པའི་སེམས་རྣམ་པར་རྟོག་པ་མེད་པ་ཁོ་ན་ནི་བཅོམ་ལྡན་འདས་ཀྱི་སྟེ། དེ་ལྟར་མངོན་པར་འདོད་པའོ། །ཡང་ན་ཇི་ལྟར་སྔར་གྱི་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་རྣམ་པར་རྟོག་པའི་བདག་ཉིད་ཡིན་ཀྱང་། དེ་བཞིན་གཤེགས་པའི་རྣམ་རྟོག་མེད་པ་ཡིན་པ་དེ་ བཞིན་དུ། ཡང་དག་རྫོགས་བྱང་ཆུབ་འདོད་ཉིད། །ཅེས་པ་ཁ་ན་མ་ཐོ་བ་མེད་དོ། །སེམས་བསྐྱེད་པ་དེ་ཡང་དབྱེ་ན་ཉི་ཤུ་རྩ་གཉིས་སུ་བཅོམ་ལྡན་འདས་མ་སྟོང་ཕྲག་ཉི་ཤུ་ལྔ་པ་དང་འབུམ་པར་ཡང་གསུངས་སོ། །དེ་ལ་ཐུན་མོང་དུ་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྗོད་ལ། དབྱེ་ན་ནི། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་པ་དེ་ཁོ་ན་མངོན་པར་རྟོགས་པ་བརྒྱད་རྣམས་སོ། །དེ་ལ་རྒྱུ་དང་འབྲས་བུ་མ་ལུས་ པ་རྟོགས་པ་ལས་ལྟོས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་མངོན་པར་བརྗོད་པའི་ཕྱིར་དེར་བཤད་པའི་ལམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་འགྱུར་རོ་ཞེས་དོགས་པ་བསལ་བའི་དོན་དུ་འབྲས་བུའི་གནས་སྐབས་མཐའི་སེམས་བསྐྱེད་པ་ གཉིས་གཞག་པའི་རྒྱུའི་གནས་སྐབས་ཀྱི་སེམས་བསྐྱེད་པ་ཉི་ཤུ་ནི་ལམ་ཤེས་པ་ཉིད་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིར་རྣམ་པར་གཞག་གོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་ཀྱང་ངོ་། །འདིར་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་རང་གི་མཐར་ཐུག་པར་སོན་པ་བསྒྲུབས་ནས་ཐེག་པ་གཞན་གྱིས་གདུལ་བའི་ སེམས་ཅན་གྱི་དོན་དུ་མངོན་དུ་མི་བྱེད་པར་རྒྱུ་དང་བཅས་པའི་ལམ་ཉེ་བར་སྟོན་པ་ལ་མཁས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དེའི་ཕྱིར་ཐམས་ཅད་ཤེས་པ་ཉིད་ནི་སེམས་བསྐྱེད་པ་ལྔ་པའི་བར་རོ། །དེ་ལྟར་ནི། ཤེས་པས་སྲིད་ལ་མི་གནས་དང་། །སྙིང་རྗེས་ ཞི་ལ་མི་གནས་པ། །ཞེས་པས་སྲིད་པ་དང་ཞི་བ་ལ་མི་གནས་པའོ། །གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་སྦྱིན་པ་ལ་སོགས་པ་རྣམས་ཀྱི་མཚན་མ་དང་བཅས་པར་དམིགས་པ་ནི་མི་མཐུན་པའི་ཕྱོགས་ཏེ། མཚན་མ་མེད་པར་དམིགས་པ་ཆགས་པ་མི་འཇུག་པ་ཐབས་ལ་མཁས་པ་ནི་གཉེན་པོའི་ཕྱོགས་སོ། ། ཆགས་པ་སྤོང་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རང་བཞིན་གཅིག་པ་ཉིད་ཀྱིས་ན་ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དུ་གཅིག་པར་ཡོངས་སུ་ཤེས་པས་སོ། །མཉམ་པ་ཉིད་ནི་སྤྲོས་པ་ཐམས་ཅད་མི་དམིགས་པའོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་རྟོགས་པར་དཀའ་བ་ཉིད་དེ་བསམ་གྱིས་མི་ཁྱབ་པ་ཉིད་ ཀྱང་ངོ་། །དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་བདག་ཉིད་ཐར་པའི་ཆ་དང་མཐུན་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བའི་ལམ་ཡང་ཆོས་ཀྱི་བདག་མེད་པ་རྗེས་སུ་རྟོགས་པའི་སྒོ་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐར་པའི་ཆ་དང་མཐུན་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བའི་ ལམ་གྱི་ནང་དུ་འདུས་སོ། །དེ་ལྟར་ནི་ཉན་ཐོས་རྣམས་ནི་གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་སུ་དམིགས་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་མི་རྟག་པ་ལ་སོགས་པས་ཁྱད་པར་དུ་བྱས་པ་ཁོ་ནའི་གཟུགས་ལ་སོགས་པ་རྣམས་སྟོང་པ་ཉིད་དུའོ། །དེ་ལ་གང་གི་ཚེ་གཟུགས་ལ་སོགས་པ་ རྣམས་རྟག་པ་མེད་པར་རྟོགས་པ་དེའི་ཚེ་འདི་རྣམས་ཉན་ཐོས་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་རྟོགས་པ་རྣམ་པར་གཞག་གོ། །གང་གི་ཚེ་འདི་རྣམས་དེ་ལྟར་གྱུར་པ་འདི་རྣམས་ལ་མངོན་པར་ཞེན་པ་མེད་པ་ལ་སོགས་པ་བསྐྱེད་པ་དེའི་ཚེ་རང་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་ སོགས་པ་རྟོགས་པར་རོ་ཞེས་པའོ། །ཉན་ཐོས་དང་རང་སངས་རྒྱས་དག་གི་ཐམས་ཅད་ཤེས་པ་ཉིད་ནི་ཆོས་ཀྱི་བདག་མེད་པ་དང་བྲལ་བའི་སྒོ་ནས་སྲིད་པ་དང་ཞི་བ་ལ་གནས་པ་ལ་སོགས་པའི་ངོ་བོའོ། །གང་བཅོམ་ལྡན་འདས་མ་བར་མར་གསུངས་པ་ཐམས་ཅད་ཤེས་པ་ཉིད་ཤེས་པ་དང་མཐོང་བས་བལྟས་ནས་འདའ་ བར་འདོད་པ་དང་ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔས་ཤེས་སོ། །དེ་ལ་ཤེས་པ་ནི་གང་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ས་དང་པོ་ལ་མཐོང་བའི་ལམ་གྱིས་བསྡུས་པ་སྟེ། བྱང་ཆུབ་སེམས་དཔའི་མཐོང་བའི་ ལམ་ཁོ་ནར་ཉན་ཐོས་ལ་སོགས་པའི་རྟོགས་པ་མཐའ་དག་ཡོངས་སུ་རྫོགས་པས་སོ། །རྗེས་སུ་དཔག་པའི་ཤེས་པ་བསལ་བའི་དོན་དུ་མཐོང་བ་གསུངས་ལ། འཁྲུལ་པའི་མཐོང་བ་བསལ་བའི་དོན་དུ་ཤེས་པ་གསུངས་སོ། །ཤེས་པ་དང་མཐོང་བ་གསུངས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་ལ་བྱང་ཆུབ་ སེམས་དཔའི་བསྒོམ་པའི་ལམ་མེད་པར་ཤེས་པའི་དོན་དུའོ། །འདའ་བ་ནི་ཡང་རྣམ་པ་ཀུན་མངོན་པར་རྟོགས་པ་ལ་འཇུག་པའོ་ཞེས་འཕགས་པའོ། །སླར་ཡང་འཕགས་པས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པའི་ཤེས་པ་དང་མཐོང་བ་དག་གིས་དཀར་པོ་རྣམ་པར་མཐོང་བའི་ས་ལ་ སོགས་པས་རྣམ་པ་བརྒྱད་ལས་འདའ་བ་ཞེས་སོ། །གང་ཉན་ཐོས་ཀྱི་ལམ་གྱིས་ཐོབ་པར་བྱ་བ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམས་དང་གང་རང་སངས་རྒྱས་ཀྱི་ལམ་གྱིས་ཐོབ་པར་བྱ་བ་རང་སངས་རྒྱས་ཉིད་དེ་རྣམས་ནི་བྱང་ཆུབ་སེམས་དཔའ་ཐོབ་པར་མི་བྱེད་དོ། །འོན་ཀྱང་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་ འབྲས་བུ་ནས་རང་བྱང་ཆུབ་ཀྱི་བར་ལ་སོ་སོར་འཇོག་གོ། །ཇི་ལྟར་རང་གིས་མ་ཐོབ་པའི་ཆོས་གཞན་སོ་སོར་འགོད་པར་བྱེད་ཅེ་ན་འདི་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཤཱ་རིའི་བུ་གང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་བཟོད་ པའོ་ཞེས་སོ། །དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །དེ་ཅི་ལས་ཤེ་ན། གང་གི་ཕྱིར་ལམ་གཞན་ལ་ཁྱད་པར་ཡོད་པ་ན་རིགས་དང་དབང་པོ་དང་ཚོགས་ཁྱད་པར་ཅན་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་ཅིག་ཤོས་རྣམས་ཀྱིས་རྟོགས་པའི་བྱེད་པ་མ་ལུས་ པ་བསྡུས་པས་གང་དེ་རྣམས་ཀྱི་ཤེས་པ་དང་སྤོང་བ་དེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡིན་ཏེ་རྟོགས་པ་དང་སྤངས་པ་འདི་ཙམ་ཉིད་ཀྱིས་མ་ཡིན་ནོ། །གང་གི་ཕྱིར་དེ་རྣམས་ཀྱི་བསྒོམ་པའི་ལམ་ལ་རྟོགས་པ་དང་སྤངས་པ་ལྷག་ན་དེ་དག་བཟོད་པ་འདི་ནང་དུ་འདུས་པ་ལས་མིན་གྱི་གཙོ་བོ་ནི་ནང་དུ་འདུས་པ་ལས་སོ། །འོ་ན་དེ་ལྟ་ན་ བཅོམ་ལྡན་འདས་མར། མཐོང་བའི་ལམ་ཁོ་ནར་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་པ་ལས་འདས་པར་གསུངས་ལ། འཕགས་པ་བྱམས་པའི་རྣམ་པར་ཐར་པའི་མདོར་ཡང་། དཔེར་ན་རིགས་ཆེན་པོའི་དབང་གིས་རྒྱལ་པོའི་བུ་སྐྱེས་ནས་རིང་པོ་མ་ལོན་པས་བློན་པོ་རྒན་པོ་རྣམས་ཟིལ་གྱིས་གནོན་པ་དེ་བཞིན་ དུ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་དབང་གིས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ་སྐྱེས་པ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། རིང་པོ་མ་ལོན་པས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཟིལ་གྱིས་གནོན་ནོ། །དེ་བཞིན་དུ་བྱ་ཁྱུང་དབང་པོའི་བུ་སྐྱེས་ནས་རིང་པོ་མ་ལོན་ པའི་དཔེས་དེ་མ་ཐག་ཏུ་གང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་སྟོབས་དང་ཕ་རོལ་གནོན་པ་དང་ལྷག་པའི་བསམ་པའི་མིག་ཡོངས་སུ་དག་པའི་ཡོན་ཏན་ཏེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ་ཞེས་སོ། །དཀོན་མཆོག་སྤྲིན་གྱི་ མདོར་ཡང་། མོས་པས་སྤྱོད་པའི་སར་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་འདས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ས་དོན་དམ་པ་མ་ཐོབ་པར་ཡང་འགྱུར་རོ་ཞེས་སོ། །འཕགས་པ་ས་བཅུ་པར་ཡང་། སེམས་བསྐྱེད་པ་ཙམ་གྱིས་ཉན་ཐོས་དང་རང་སངས་རྒྱས་ ཐམས་ཅད་ལྷག་པའི་བསམ་པའི་བདག་ཉིད་ཆེན་པོས་ཟིལ་གྱིས་ནོན་གྱི་རང་གི་བློའི་རྣམ་པར་དཔྱོད་པའི་སྟོབས་ཀྱིས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་གྱི་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་ལ་གནས་པ་ཉིད་ཀྱི་ཕྱིར་ཉན་ཐོས་དང་རང་སངས་ རྒྱས་ཐམས་ཅད་ཀྱི་བྱ་བ་ལས་འདས་པར་འགྱུར་རོ་ཞེས་གསུངས་སོ། །འདིར་མདོ་དང་པོར་ཐར་པའི་ཆ་དང་མཐུན་པའི་གནས་སྐབས་སུ་ཟིལ་གྱིས་མནན་པར་གསུངས་ལ། གཉིས་པར་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་སྟེ། གསུམ་པར་ནི་ས་དང་པོ་དང་བདུན་པ་ལ་ཡང་ངོ་། །ཞེས་ པ་ཅི་ལྟར་མི་འགལ་ཞེ་ན་མ་ཡིན་ཏེ། དང་པོ་དང་གཉིས་པའི་གནས་སྐབས་དག་ན་རྟོགས་པའི་བདག་ཉིད་ཆེན་པོ་ཟིལ་གྱིས་མི་ནོན་གྱི། འོན་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རྣམས་ཀྱིས་སོ། །རབ་ཏུ་དགའ་བར་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་མཐོང་བ་སྟེ་ཉན་ཐོས་ལ་སོགས་པའི་ལམ་ བསྒོམ་པས་ནི་མ་ཡིན་ལ། དེ་མེད་ཀྱང་དེའི་ལམ་རྟོགས་པའི་ཕྱིར་རིང་དུ་སོང་བ་ལ་བྱང་ཆུབ་སེམས་དཔའི་རྟོགས་པ་ལྷག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་དབྱིག་གཉེན་གྱིས་ས་བཅུ་པའི་འགྲེལ་པར་ས་བདུན་པ་ལ་གསུངས་པ། དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་རྒྱུ་གཉིས་ཀྱིས་འདའ་བར་ཡོངས་ སུ་གསལ་བར་བྱས་ཏེ་ཐབས་དང་ཤེས་རབ་སྒོམ་པའི་སྟོབས་དང་སྙིང་རྗེའི་སྟོབས་ཀྱིས་སོ་ཞེས་པ་དང་། མཚན་མ་མེད་པ་ལ་གནས་པའི་རབ་ཏུ་སྦྱོར་བ་མཐར་ཐུག་པར་འགྲོ་བའི་དོན་དང་། འཇིག་རྟེན་པ་དང་། དམན་པའི་འཇིག་རྟེན་ལས་འདས་པའི་ལམ་ལས་འདས་པའི་དོན་གྱིས་རིང་དུ་སོང་བའོ་ཞེས་སོ། ། སློབ་དཔོན་ཟླ་བ་གྲགས་པས་ཀྱང་། རང་སངས་རྒྱས་རྣམས་ཐུབ་དབང་དབྱངས་སྐྱེས་བཅས། །རྫོགས་པའི་བྱང་སེམས་དང་པོ་ལ་གནས་པས། །བསོད་ནམས་དབང་གིས་ཐུལ་ཞིང་རྣམ་པར་འཕེལ། །རིང་དུ་སོང་བར་དེ་ནི་བློས་ཀྱང་ལྷག །ཅེས་སོ། །དེ་ཉིད་ཀྱི་ཕྱིར་ས་བཅུ་པར་གསུངས་པ་ལས། ཉན་ཐོས་དང་རང་ སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་ཤེས་པ་ཡོད་དོ་ཞེས་གསལ་བར་ངེས་པར་བྱའོ། །གཞན་དུ་ན་དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་བཞིན་དུ་དེ་རྣམས་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་ སེམས་དཔས་ཀྱང་རང་གི་བློའི་རྣམ་པར་དཔྱོད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཕྱི་རོལ་པ་བཞིན་ཁོ་ནར་འདི་རྣམས་ཀྱི་ཁམས་གསུམ་ན་སྤྱོད་པའི་བག་ལ་ཉལ་ཐམས་ཅད་སྤངས་པར་མི་འགྱུར་ཏེ། གཟུགས་ལ་སོགས་པའི་རང་གི་ངོ་བོར་དམིགས་པས་ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་རོ། །བདག་ཉིད་ལ་བདག་ མེད་པ་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་བཏགས་པའི་ཉེ་བར་ལེན་པ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ། རྒྱལ་པོའི་རིན་པོ་ཆེའི་ཕྲེང་བར་ཡང་། ཇི་སྲིད་ཕུང་པོར་འཛིན་བྱེད་པ། །དེ་སྲིད་དེ་ལས་བཞེས་སུའང་། །ང་རུ་བྱེད་པ་ཡོད་ན་སླར། །དེ་ལས་ལས་དང་སྐྱེ་བ་ཡང་། ། ཞེས་པ་ནས། བདེ་བར་མངོན་པར་ང་རྒྱལ་བ། །སྡུག་བསྔལ་སེལ་དོན་ལ་ཇི་བཞིན། །དེ་བཞིན་སྡུག་བསྔལ་སྔོན་རློམ་པའང་། །བདེ་བ་འཇོམས་པར་བྱེད་པ་སྐྱེ། །བདེ་བར་ཕྲད་པའི་སྲེད་པ་ཉིད། །རང་བཞིན་མེད་པས་རབ་ཏུ་སྤོང་། །སྡུག་བསྔལ་བྲལ་བར་སྲེད་པ་ཡང་། །དེ་ཕྱིར་དེ་ལྟར་མཐོང་ བས་གྲོལ། །གང་གིས་མཐོང་བ་ཡིན་ཞེ་ན། །ཐ་སྙད་དུ་ནི་སེམས་བརྗོད་བྱ། །སེམས་བྱུང་མེད་པའི་སེམས་མེད་དེ། །དོན་མེད་ཉིད་ཕྱིར་འབྱུང་མི་འགྱུར། །དེ་ལྟར་འགྲོ་བ་དོན་མེད་པ། །ཇི་བཞིན་རྟོགས་ནས་རྟེན་མེད་དོ། །ཉེར་ལེན་མེད་པས་མྱ་ངན་འདའ། །མེ་ཡི་ཉེར་ལེན་མེད་པ་བཞིན། ། ཞེས་པའི་བར་དུའོ། །གལ་ཏེ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དེ་ལྟ་ན་ཡང་དེ་རྣམས་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་ལ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ནི་ཡོད་དོ། །དེ་རྣམས་ཀྱི་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་ པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་སུ་རྣམ་པར་གཞག་གོ། །གཞན་རྣམས་ན་རེ་ཉན་ཐོས་དང་རང་སངས་རྒྱས་དག་ལ་གང་ཟག་གི་བདག་མེད་པ་ཤེས་པ་ཁོ་ན་ཡོད་ཀྱི་ཆོས་ཀྱི་བདག་མེད་པ་ཤེས་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་སུ་མང་དུ་གསལ་པོར་གསུངས་པའི་ཕྱིར། ས་བཅུ་པར་གསུངས་པ་ནི་རྣམ་པ་གཞན་དུ་ཡང་འཐད་ཅིང་། སྐད་ཅིག་ཙམ་བདག་མེད་པར་ཤེས་པ་ཡང་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་དང་། ཕྱི་རོལ་པ་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་པའི་ཕྱིར་དང་། བག་ལ་ཉལ་སྤོང་བ་ནི་བདག་གི་བདག་མེད་པར་རྟོགས་པས་ཀྱང་འགྱུར་རོ། ། རིན་ཆེན་ཕྲེང་བར་གསུངས་པ་རྣམས་ཀྱང་ཁ་ཅིག་སྐད་ཅིག་མའི་བདག་མེད་དུ་སྦྱར་ཏེ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱི་ཐུན་མོང་དུ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཞེས་པ་སྟེ་རེ་ཞིག་གཞག་གོ། །དཀྱུས་མ་རྗེས་སུ་སྦྲེལ་བར་བྱ་སྟེ། དེ་ལྟར་ན་ལམ་ཤེས་པ་ཉིད་ཀྱི་ནང་ དུ་ཐམས་ཅད་ཤེས་པ་ཉིད་འདུས་ན་མངོན་པར་རྟོགས་པ་ལོག་པ་ཉིད་དུ་གསུངས་པ་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་རྟག་པ་ལ་སོགས་པའི་རྣམ་པ་ལྡོག་པའི་སྒོ་ནས་འཕགས་པ་རྣམས་ཀྱིས་དངོས་པོ་མ་ལུས་པ་ཡོངས་སུ་ཤེས་པའི་དོན་དུ་ཐམས་ཅད་ཤེས་པ་ཉིད་ལེགས་པར་བརྗོད་དོ། ། དེ་ལྟར་ནི་ཆོས་ཀྱི་བདག་མེད་དང་བྲལ་བའི་སྒོ་ནས་སྲིད་པ་དང་ཞི་བ་ལ་གནས་པ་ལ་སོགས་པའི་རང་བཞིན་གང་ཟག་གི་བདག་མེད་པ་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ནི་ཉན་ཐོས་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་དོ། །དེ་བཞིན་དུ་རང་སངས་རྒྱས་རྣམས་ཀྱི་སྟེ་འོན་ཀྱང་གང་ཟག་ གི་བདག་མེད་པ་དང་། གཟུང་བྱའི་དོན་གྱི་རྟོག་པ་སྤངས་པའི་ཕྱིར་ཆོས་ཀྱི་བདག་མེད་པའི་ཕྱོགས་ཀྱང་རྟོགས་པ་ཙམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ནི་ཐམས་ཅད་ཤེས་པ་ཉིད་དེ། བྱང་ཆུབ་སེམས་དཔས་ཤེས་པར་བྱ་བའི་མངོན་དུ་བྱ་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་ཀྱི་བསྒོམ་ པའི་ལམ་བཅོམ་ལྡན་འདས་མར་མ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་གྱི་དོན་དུ་ནི་ཇི་ལྟར་མཐོང་བ་ཁོ་ནའི་དོན་ཡང་དང་ཡང་དུ་མངོན་དུ་ཕྱོགས་པར་བྱ་བ་ནི་བསྒོམ་པའི་ལམ་མོ་ཞེས་ཉེ་བར་བསྟན་ཏོ། །དེ་ལྟ་ན་ཡང་བཅོམ་ལྡན་འདས་མར་གསུངས་པ་ནི་རྟོགས་པར་སླ་བ་ཉིད་ཀྱི་ཕྱིར་རོ། ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་མངོན་པར་རྟོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཞིན་དུ་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐར་པའི་ཆ་དང་མཐུན་པ་གསུམ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཅུ་གཉིས་དང་མཐོང་བའི་ ལམ་སྐད་ཅིག་མ་བཅུ་དྲུག་དང་བསྒོམ་པའི་ལམ་བརྒྱད་ཅུའི་རྣམ་པ་རྣམས་སོ་ཞེས་པ་བཅུ་གཅིག་ལྷག་པའི་བརྒྱར་སོ་སོར་ཕྱེ་བ་རྣམས་ལས་རང་གི་མཐའ་སྤྲོས་པ་ཐམས་ཅད་ལས་ལྡོག་པས་ཅིག་ཅར་ཉིད་དུ་མཚོན་པར་བྱ་བ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པའི་ཁྱད་པར་གྱི་གནས་སྐབས་བཅུ་གཅིག་ལྷག་པའི་ བརྒྱའི་གྲངས་རྣམས་ལ་ཐར་པ་དང་ངེས་འབྱེད་ཆ་ལ་ཕན་པ་དང་མཐོང་བ་དང་བསྒོམ་པའི་ལམ་བཅུ་གཅིག་ལྷག་པའི་བརྒྱའི་རབ་ཏུ་དབྱེ་བ་རྣམ་པར་གཞག་ཅིང་། བསྒོམ་པའི་ལམ་གྱི་མཐའི་རྣམ་པ་གཅིག་ནི་བསྒོམས་པས་བཙལ་བར་བྱ་བ་ཉིད་ཀྱིས་ན་བསྒོམ་པའི་ལམ་ཤིན་དུ་བའི་ངོ་བོ་སེམས་བསྐྱེད་པ་གཉིས་ཀྱི་ བདག་ཉིད་དེ། དེའི་ཕྱིར་དེ་དག་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དང་། ཞིང་དག་པ་བླ་ན་མེད་པར་རིམ་པ་ཇི་ལྟ་བར་རྣམ་པར་གཞག་གོ་ཞེས་པ་བཅུ་གསུམ་ལྷག་པའི་བརྒྱར་རབ་ཏུ་དབྱེའོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བཏགས་པ་པ་ནི་སྦྱོར་ བ་སྟེ། དངོས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆོས་ཀྱི་སྐུའི་ནང་དུ་འདུས་པ་སྲིད་པ་དང་ཞི་བ་མཉམ་པ་ཉིད་ཀྱི་བདག་ཉིད་འབྲས་བུ་ཁོ་ནའོ་ཞེས་མཚན་ཉིད་དེའི་སྦྱོར་བ་དང་། ཞེས་པ་ལ་སོགས་པ་ཚིག་ལེའུར་བྱས་པ་གཉིས་སུ་རྟོགས་པར་བྱའོ། །དེ་ལྟར་ནི་འཕགས་པས། སྲིད་དང་ཞི་དང་མཉམ་ཉིད་དང་། ། ཞེས་པའི་འགྲེལ་པར་གསུངས་པ། ད་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བརྗོད་པར་བྱའོ། །མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་གསལ་བར་བྱ་བའི་དོན་དུ་སྟེ། དེ་གཉིས་མཉམ་པ་ཉིད་དུ་རྟོགས་པ་ལས་ནི་མི་སློབ་པར་འགྱུར་རོ་ཞེས་སོ། །དགོངས་པ་ངེས་པར་འགྲེལ་པའི་མདོར་ཡང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་མོ་སྤངས་པ་ལས་ཤེས་བྱ་བ་ལ་མ་ཆགས་མ་ཐོགས་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཉེ་བར་བཟུང་ནས་བཅུ་གཅིག་པ་སངས་རྒྱས་ཀྱི་སར་བརྗོད་དོ་ཞེས་སོ། །ཐར་པའི་ཆ་ལ་ཕན་པ་ལ་སོགས་པ་འདི་རྣམས་སུ་ཇི་ལྟར་རིགས་པར་བསྒོམ་པར་བྱ་བ་ཐམས་ ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་དང་སྦྱོར་བ་ནི་ཡོན་ཏན་མཐོང་བ་དང་སྐྱོན་སྤོང་བ་དང་མཚན་ཉིད་ཡོངས་སུ་ཤེས་པ་སྔོན་མ་ཅན་གོམས་པར་བྱའོ། །རང་གི་སངས་རྒྱས་ཀྱི་ཞིང་དག་པ་རྫོགས་པ་དང་ཐབས་ལ་མཁས་པས་སྐལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཕྲིན་ལས་བྱེད་དོ། །དེ་ལ། དངོས་པོ་ཤེས་པའི་ བྱེ་བྲག་རྣམས། །རྣམ་པ་ཞེས་པ་མཚན་ཉིད་དོ། །དངོས་པོ་ནི་དམིགས་པ་སྟེ་བདེན་པ་བཞི་ལ་སོགས་པའོ། །དེའི་ཤེས་པ་དང་དེའི་ཆེད་དུ་བྱེ་བྲག་རྣམས་ཏེ་བྱེ་བྲག་གང་རྣམས་ཀྱིས་དེ་ཡོངས་སུ་ཤེས་པར་བྱ་བར་སྒྲོ་འདོགས་པ་སྟེ། རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཆོས་ཉིད་ཀྱི་རང་བཞིན་དེ་ རྣམས་ཀྱི་རྣམ་པ་ཞེས་པ་ནི་མཚན་ཉིད་ཅེས་བྱ་བར་རྣམ་པར་གཞག་གོ། །དེ་རྣམས་ཀྱང་རྟག་པ་དང་མི་རྟག་པ་ལ་སོགས་པའི་སྤྲོས་པར་སྒྲོ་འདོགས་པ་མཐའ་དག་ལས་ལོག་པའི་བྱང་ཆུབ་ཀྱི་སེམས་ཁོ་ནའི་རང་གི་ངོ་བོ་རྣམས་ཏེ། གདུལ་བྱའི་བསམ་པ་ཐ་དད་པའི་ངོར་དེ་དང་དེ་ལས་ལྡོག་པའི་དབྱེ་བས་ཐ་དད་པ་བཞིན་དུ་ བཅོམ་ལྡན་འདས་མར་རྣམ་པར་གཞག་གོ། །འདིར་ཡང་གནས་སྐབས་ཇི་ལྟ་བ་བཞིན་འགའ་ཞིག་རྣམ་པར་འཇོག་པར་འགྱུར་རོ། །སྦྱོར་བ་ནི་མདོར་བསྡུ་ན་ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་སེམས་སྒོམ་པ་ཁོ་ནའོ། །རྒྱས་པར་ནི་བསྟན་བཅོས་སུའོ། །སྦྱོར་བའི་ཕན་ཡོན་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་ རྣམས་ནི་ཡོན་ཏན་ཏེ། འདུན་པ་ལ་སོགས་པ་རྣམས་སུ་འཆད་པར་འགྱུར་རོ། །སྐྱོན་རྣམས་ནི་སྦྱོར་བའི་བར་ཆད་དོ། །མཚན་ཉིད་ནི་རྣམ་པ་བཞི་སྟེ་འདིས་མཚོན་པར་བྱ་བ་ཞེས་པ་ལ་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ལ་སོགས་པ་ནི་ཤེས་པའོ། །བསམ་གྱིས་མི་ཁྱབ་པ་ཉིད་ལ་སོགས་པ་ཁྱད་པར་རོ། །རང་ དང་གཞན་ལ་ཕན་པ་ལ་སོགས་པ་བྱེད་པའོ། །དེའང་ཕན་པ་ནི་འགྲོ་བ་ལྔ་ལས་རྣམ་པར་བཀྲོལ་ནས་མྱ་ངན་ལས་འདས་པ་ལ་སོ་སོར་འགོད་པའོ། །བདེ་བ་ནི་སྡུག་བསྔལ་ཐམས་ཅད་ལས་བཀྲོལ་ནས་མྱ་ངན་ལས་འདས་པ་ལ་འགོད་པའོ། །སྐྱོབ་པ་ནི་འཁོར་བ་པའི་སྡུག་བསྔལ་རྣམས་སྤང་བའི་ཆེད་དུ་ ཆོས་སྟོན་པའོ། །སྐྱབས་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པའི་ཆོས་ཅན་གྱི་སེམས་ཅན་རྣམས་དེ་ལས་ཡོངས་སུ་གྲོལ་བའོ། །གནས་ནི་ཆོས་ཐམས་ཅད་དང་འབྲེལ་པ་མེད་པའི་ཆེད་དུ་ཆོས་སྟོན་པའོ། །དཔུང་གཉེན་ནི་མཆོག་ཐོབ་པར་བྱེད་པའོ། །གླིང་ནི་རྒྱ་མཚོ་དང་ཆུ་བོ་དག་ལ་ཆུས་ཡོངས་སུ་ བཅད་པའི་ཕྱོགས་ཡིན་པ་དེ་བཞིན་དུ་སྔོན་གྱི་མཐའ་འཁོར་བ་དང་ཕྱི་མའི་མཐའ་མྱ་ངན་ལས་འདས་པས་ཡོངས་སུ་བཅད་པའི་ཆོས་ཐམས་ཅད་དེ་འདི་ལྟ་སྟེ་དེ་རྣམས་ཀྱི་སྟོང་པ་ཉིད་དང་མི་དམིགས་པ་ནས་མྱ་ངན་ལས་འདས་པའི་བར་ཡིན་ཞིང་དེ་ཐོབ་པར་བྱེད་པ་ནི་གླིང་ངོ་། །མ་རིག་པའི་སྒོ་ངའི་སྦུབས་སུ་ ཡོངས་སུ་བཅིངས་པ་རྣམས་གང་སྣང་བར་བྱེད་པ་དེ་ཡང་གླིང་སྟེ་སྒྲོན་མ་དང་ཆོས་མཚུངས་པའི་ཕྱིར་ཝ་ཡིག་ཕྱིས་པའོ། །གཞན་ཡང་གླིང་ཐོབ་པར་བྱེད་དུ་འཇུག་པས་ན་གླིང་སྟེ་དེད་དཔོན་ནོ། །དེའི་ལས་ཀྱང་གླིང་སྟེ། འདི་ལྟ་སྟེ་མྱ་ངན་ལས་འདས་པ་རིན་པོ་ཆེའི་གླིང་དུ་ཁྲིད་པར་བྱེད་པའོ། །དེའི་ཕྱིར་གླིང་ནི་རྣམ་ པ་གསུམ་མོ། །ཡོངས་སུ་འདྲེན་པ་ནི་སྙིང་རྗེ་ཆེན་པོ་བསྐྱེད་དེ་གཟུགས་ནས་དགྲ་བཅོམ་པ་ཉིད་ཀྱི་བར་གྱི་སྐྱེ་བ་མེད་པའི་ཆེད་དང་འགག་པ་མེད་པའི་ཆེད་དང་ཀུན་ནས་ཉོན་མོངས་པ་མེད་པའི་ཆེད་དང་རྣམ་པར་བྱང་བ་མེད་པའི་ཆེད་དུ་ཆོས་སྟོན་པའོ། །ལྷུན་གྱིས་གྲུབ་པ་ནི་ལྷུན་གྱིས་མ་གྲུབ་པ་འབད་རྩོལ་དང་གཡོ་འགུལ་ འགྲོ་བ་དང་འོང་བ་དག་སྟེ་དེ་བཀག་པའི་ཕྱིར་རོ། །ཐེག་པ་གསུམ་གྱིས་ངེས་པར་འབྱུང་ཞིང་དེའི་འབྲས་བུ་མངོན་དུ་མི་བྱེད་པའོ། །རྟེན་ནི་འབྲས་བུ་ཐོབ་པའོ་ཞེས་པ་རྣམ་པ་བཅུ་གཅིག་གོ། །གང་མཚོན་པར་བྱ་བ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་འདོད་ཆགས་ལ་སོགས་པ་སྟོང་པ་ཉིད་ ལ་སོགས་པ་ནི་ངོ་བོ་ཉིད་དོ་ཞེས་པའོ། །ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་ལས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ཁྱད་པར་ཅི་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཇི་སྐད་བཤད་པའི་རྣམ་པ་སོ་སོར་ངེས་པ་ཉིད་ཀྱིས་རྣམ་པ་སོ་སོར་ངེས་པའི་ཡུལ་ཅན་རྣམས་ཏེ། རྣམ་པ་ཀུན་མངོན་པར་རྫོགས་པར་ རྟོགས་པ་ནི་རྣམ་པ་མཐའ་དག་གི་ཡུལ་ཅན་ནོ་ཞེས་པ་འདི་ནི་ཁྱད་པར་རོ། །ཡང་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་མཚན་ཉིད་པར་རྣམ་པར་གཞག་པ་སྟེ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བ་པའོ། །ཡང་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ རྣམ་པར་གཞག་པས་རབ་ཏུ་ཕྱེ་བ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་ལྟ་མ་ཡིན་ཏེ་རང་བཞིན་གྱིས་ཞི་བའི་རྣམ་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་ནི་ཁྱད་པར་གཞན་ནོ་ཞེས་འཕགས་པས་གསུངས་སོ། །གང་འདོད་པ་ཡང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་ གསུམ་ལ་ནི་སྒོམ་པ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱི་རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་རིམ་གྱིས་སྐྱེའོ་ཞེས་པས་ལན་ཅིག་ལ་སྐྱེ་བ་དགག་པའི་ཆེད་དུ་ངེས་པར་འབྱེད་པའི་ཆ་ལ་ཕན་པ་ལ་སོགས་པའི་ཐ་སྙད་དུ་གསུངས་སོ། །ཞེས་ཁ་ཅིག་ གོ་ཞེས་རྒྱ་ཆེར་འགྲེལ་དུ་སེང་གེ་བཟང་པོས་བཤད་དེ། གནས་སྐབས་གཞན་རྣམས་ཀྱི་རྗེས་སུ་འབྲངས་པ་ལས་འདིའི་ཡང་འདོད་པའོ་ཞེས་མཚོན་ནོ། །དེ་ཡང་འཕགས་པའི་བཞེད་པ་དང་འགལ་ཏེ། དེ་ལྟར་ནི་འཕགས་པས། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་ རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་པའི་ཚིག་ལེའུར་བྱས་པ་རྣམ་པར་བཤད་པར་སྟོང་ཕྲག་ཉི་ཤུ་ལྔ་པའི་གཞུང་བྲིས་པ། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཐབས་ལ་མཁས་པ་དང་མ་བྲལ་བར་སྦྱིན་པ་སྦྱིན་ཞིང་མཚན་མར་ཡང་མི་བྱེད་ཅེས་པ་ནས་བརྩམས་ཏེ་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་སྒོམ་ཞིང་། མཚན་མར་ཡང་མི་བྱེད་དོ་ཞེས་པའི་བར་དུའོ། །སླར་ཡང་རང་ཉིད་ཀྱིས་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་འཛིན་དང་ཤེས་རབ་ཀྱི་རང་བཞིན་རྣམ་པ་ལྔ་པོ་ཐར་པའི་ཆ་ལ་ཕན་པའི་དགེ་བའི་རྩ་བར་རྣམ་པར་བཤད་ནས། དད་པ་ལ་སོགས་པ་འདི་རྣམས་དབང་པོར་བརྗོད་པར་བྱ་བ་མ་ཡིན་ཏེ་དབང་ པོའི་དོན་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། འདི་རྣམས་དྲོད་ལ་སོགས་པ་ལ་དབང་པོ་ཉིད་དུ་འགྱུར་རོ་ཞེས་དགོངས་པའི་ཕྱིར་རོ། །འདི་རྣམས་ཁྱད་པར་གྱི་ལམ་ལ་དབང་པོ་མ་ཡིན་པ་ཉིད་ན་ཆོས་ཀྱི་སྐུ་ལ་དབང་པོ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་ཏེ། སྔར་གྱི་རྟོགས་པའི་རྣམ་པ་རྣམས་འགལ་བའི་རྐྱེན་ཉེ་བར་གནས་པ་མེད་ ན་ཕྱི་མར་རྗེས་སུ་འཇུག་པ་ཁོ་ནའོ་ཞེས་པ་ནི་རིགས་པའོ། །སླར་ཡང་དད་པ་ལ་སོགས་པ་རྣམས་ཀྱི་ཆུང་ངུ་དང་འབྲིང་དང་ཆེན་པོའི་རབ་ཏུ་དབྱེ་བ་གསུངས་ནས། འདི་ཐམས་ཅད་ཐོས་པ་དང་བསམས་པ་ལས་བྱུང་བར་རིག་པར་བྱ་སྟེ། དེ་ལས་དང་པོར་བསྟན་པ་ལ་འཇུག་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །འདིར་ཐར་པ་ནི་བྲལ་བའི་ཁྱད་ པར་ཏེ་དེའི་ཆ་ལ་ཕན་པ་ཉིད་ཀྱི་ཕྱིར་ཐར་པའི་ཆ་ལ་ཕན་པའོ་ཞེས་ཏེ། དེ་མ་ཐག་རྒྱུད་ཡོངས་སུ་སྨིན་པར་འགྲོ་བའི་ཕྱིར་ཡོངས་སུ་སྨིན་པ་ནི་ངེས་པར་འབྱེད་པའི་ཆ་ལ་ཕན་པ་ཞེས་བརྗོད་པར་བྱའོ་ཞེས་གསུངས་སོ། །སླར་ཡང་གསུངས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ་བཤད་པའི་ངེས་པར་ འབྱེད་པའི་ཆ་ལ་ཕན་པ་ནི་མངོན་པར་རྟོགས་པ་ཡིན་ལ། འདི་ནི་སྦྱོར་བ་པའོ་ཞེས་སོ། །དེ་ལ་སྦྱོར་བ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཁོ་ནའོ། །དེའི་འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ལ་མཉམ་པ་དང་བྱམས་པའི་སེམས་ལ་སོགས་པའི་ཁྱད་པར་ཅན་ནོ། །དེ་ལྟ་ན་བྱང་ཆུབ་སེམས་དཔའ་དྲོ་བར་ གྱུར་པ་ལ་གནས་ཕྱིར་མི་ལྡོག་པའི་རྟགས་བག་ལ་ཉལ་ཐམས་ཅད་སྤངས་པ་ཟག་པ་དང་བཅས་པའི་བསྒོམས་པ་ལས་བྱུང་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་ཅི་ལྟར་འཐད་ཅེ་ན། དེའང་འཕགས་པས་གསུངས་ཏེ་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་མེད་པ་མ་རིག་པ་དང་ལྟ་བའི་ཟག་པས་ བསྡུས་པའི་བག་ལ་ཉལ་རྣམས་ཡིན་གྱི་འདོད་པ་དང་སྲིད་པའི་ཟག་པས་བསྡུས་པ་རྣམས་ནི་མ་ཡིན་ཏེ་བྱང་ཆུབ་སེམས་དཔའ་བསམས་བཞིན་དུ་སྲིད་པ་ལེན་པའི་ཕྱིར་རོ་ཞེས་པ་འདིས་ཏེ་འདིར་བག་ལ་ཉལ་གྱི་རྒྱུན་ལ་མངོན་པར་དགོངས་པས་སོ། །དེ་ལྟར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ། བཟོད་པ་ འབྲིང་ལ་དེའི་འདོད་ཆགས་དང་ལྡན་པའི་སེམས་མི་བསྐྱེད་དོ་ཞེས་པ་ལ་སོགས་པ་འཕགས་པས་རྣམ་པར་བཤད་པ། ཉོན་མོངས་པ་ཐམས་ཅད་དང་ལྡན་པའི་སེམས་མི་བསྐྱེད་པའི་ཕྱིར་ལུས་ལ་སོགས་པ་ཡོངས་སུ་དག་པ་ཐོབ་པ་དང་ཞེས་སོ། །གང་རིན་ཆེན་འབྱུང་གནས་ཞི་བས་ ཐམས་ཅད་ཇི་ལྟར་འགྱུར་དེ་ལྟ་བུའི་བག་ལ་ཉལ་ཞེ་སྡང་གི་རྒྱུན་སྤངས་པ་ནི་བག་ལ་ཉལ་ཐམས་ཅད་སྤངས་པའོ་ཞེས་བཤད་པ། དེ་ཡང་བག་ལ་ཉལ་མེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་གསུངས་ལས་དང་། འཕགས་པའི་གསུངས་ལས་གཞན་དུའོ་ཞེས་པས་མི་རིགས་སོ། །ཡང་ འཕགས་པས་གསུངས་པ་རྩེ་མོར་གྱུར་པའི་གནས་སྐབས་ཀྱི་ཕྱིར་མི་ལྡོག་པའི་རྟགས་སེམས་གྱ་གྱུ་མེད་པ་ནི་དགེ་བའི་རྩ་བ་རྣམ་པར་དག་པ་ལས་སེམས་འཁྱོག་པོ་དང་བྲལ་བས་ཉན་ཐོས་ལ་སོགས་པའི་ས་ལས་འདས་པ་ལས་གོང་ནས་གོང་དུ་ལུས་དང་ངག་དང་སེམས་ཡོངས་སུ་དག་པ་སེམས་ཡོངས་སུ་ འཛིན་པའི་རྒྱུ་ཉིད་ཀྱིས་སོ་ཞེས་སོ། །འདིར་འདས་པ་ནི་མོས་པ་པར་མངོན་པར་དགོངས་ལ། རྟོགས་པ་པ་ནི་མཐོང་བའི་ལམ་ཁོ་ནར་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཁྱད་པར་གྱི་ལམ་དུ་དགོངས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་མཐོང་བའི་ལམ་གྱི་གནས་སྐབས་ཀྱི་ཕྱིར་མི་ལྡོག་པའི་རྟགས་རྒྱས་པར་བཤད་པར། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་ལ་ནི་རྗེས་སུ་ཤེས་པ་དང་འབྲེལ་པས་ཉན་ཐོས་ལ་སོགས་པའི་སར་ལྟུང་བ་སྲིད་དེ། དེ་ནི་ཁམས་གསུམ་པའི་གཉེན་པོར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །སྡུག་བསྔལ་རྗེས་སུ་ཤེས་པའི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་འདོད་ཆགས་དང་བྲལ་བ་ཉིད་ ཐོབ་པ་ཡོངས་སུ་སྤོང་སྟེ། སེམས་ཅན་གྱི་དོན་དང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་འཛིན་པས་སོ་ཞེས་གསུངས་སོ། །ཁྱད་པར་གྱི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ས་གཞན་དུ་ལྟུང་བ་ཡང་ཅི་ལྟར་སྲིད་དེ། ཚུ་རོལ་གྱི་ས་རྣམས་སུའང་མ་ཡིན་པ་དེ་ཅི་ལྟར་གོང་མ་ རྣམས་སུ་འགྱུར། གང་ཡང་རིང་དུ་སོང་བའི་ས་ལ་མཚན་མ་མེད་པར་གཞན་གྱི་དོན་ལ་འཇུག་པ་ནི་འབད་པ་ཡོད་པ་ཁོ་ན་ལས་འབྱུང་གི་ཅིག་ཤོས་ལྟར་ནི་མ་ཡིན་ནོ་ཞེས་དགོངས་པས་འཕགས་པ་དཔའ་བོས་གསུངས་པ། །ཡིད་ནི་མཆོག་ཏུ་གཡོ་བས་ལོག །དེ་ཕྱིར་དེ་ལ་དབུགས་མ་ཕྱུང་། །ས་བཞིན་ གཡོ་མེད་མ་ཐོབ་པར། །བརྟན་མེད་མི་གཡོའི་ས་རྟོགས་དཀའ། །ཞེས་སོ། །གང་ཡང་འཕགས་པ་ས་བཅུ་པར་ས་བརྒྱད་པ་ལས་གསུངས་པ། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་བྱང་ཆུབ་སེམས་དཔའ་དེ་མངོན་པར་སྒྲུབ་པའི་སྒོ་རྣམས་ལ་འཇུག་པར་མི་མཛད་ན་དེའི་ཚེ་ཉིད་འདིའི་མྱ་ ངན་ལས་འདས་པར་འགྱུར་རོ་ཞེས་སོ། །དེ་ལ་ལྡོག་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་ནི། ཉན་ཐོས་ལ་སོགས་པ་ལྟར། མར་མེ་བཞིན་དུ་མྱ་ངན་འདས། །དེ་ཡི་སེམས་ནི་རྣམ་པར་གྲོལ། །ཞེས་པ་ནི་མྱ་ངན་ལས་འདས་པ་མ་ཡིན་ཏེ། སེམས་བསྐྱེད་པ་ནས་བརྩམས་ཏེ་ཉན་ཐོས་ལ་སོགས་པའི་ཐེག་ པ་ལ་སྤྲོ་བའི་ཡིད་ལ་བྱེད་པ་རྣམས་རིང་དུ་སྤངས་པའི་ཕྱིར་རོ། །སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ་བསྒོམ་པས་སྤང་བར་བྱ་བ་མ་སྤངས་པའི་ཕྱིར་རོ། །འོན་ཀྱང་འདིར་དམ་པའི་ཆོས་པདྨ་དཀར་པོའི་མདོ་ཚད་མར་བྱས་ནས། ཇི་ལྟར་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་བྱང་ཆུབ་སེམས་ དཔའ་ཆེན་པོ་རྣམས་ལ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་རྣམ་པར་གཞག་པ་གསུངས་པ་དེ་བཞིན་དུ་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པར་རིག་པར་བྱ་སྟེ། དུས་རེ་ཞིག་སེམས་ཅན་གྱི་དོན་རྒྱུན་དུ་ཆད་པ་གཟུགས་ནས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད་འདིའི་མྱ་ངན་ལས་འདས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་རྒྱུན་འཆད་དོ་ཞེས་སོ། །དེ་བཞིན་དུ་དེར་བརྒྱད་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ལ་བྱང་ཆུབ་སེམས་དཔའ་ལ་ཚད་མེད་པ་རྣམས་དགོས་ཏེ། གཞན་དུ་ན་སྐད་ཅིག་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པས་འགོག་པར་ལྟུང་ངོ་ཞེས་པ་འདིར་ཡང་དུས་རེ་ ཞིག་སེམས་ཅན་གྱི་དོན་རྒྱུན་འཆད་པ་འགོག་པར་ཤེས་པར་བྱའོ། །གང་ཡང་བརྟན་པའི་སེམས་ཅན་གྱི་དོན་ནོ་ཡོངས་སུ་མི་གཏོང་བར་འཕགས་པས་གསུངས་པ། འདི་ལྟར་གྱུར་པའི་རྟོགས་པའི་གནས་སྐབས་ན་མྱ་ངན་ལས་འདས་པར་ལྟུང་བ་སྤང་བའི་དོན་དུ་སྙིང་རྗེ་ཆེན་པོ་ལ་མངོན་པར་ཕྱོགས་པར་བྱེད་ པའི་སེམས་པས་ཤེས་པ། དེར་ཡང་མྱ་ངན་ལས་འདས་པར་ལྟུང་བ་ནི་དུས་རེ་ཞིག་གཞན་གྱི་དོན་རྒྱུན་འཆད་པ་ཁོ་ནའོ། །སར་ལྟུང་བ་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཉན་ཐོས་ལ་སོགས་པའི་སར་ལྟུང་བ་ནི་རྟོག་པ་སྟེ་གཞན་གྱི་དོན་ལ་དགའ་བ་དང་བྲལ་བའི་ངོ་བོའི་མྱ་ངན་ལས་འདས་པའི་བདག་ ཉིད་ནི་མ་ཡིན་ནོ། །འགྱུར་དུ་ཆུག་ན་ཡང་དེའི་ཚེ་ནི་བརྗོད་པ་དང་འཆད་པར་འགྱུར་བའི་རིགས་པ་རྣམས་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་བྱམས་པས། དེ་ལྟར་ཡོངས་སུ་ཤེས་པ་ལ་སོགས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་མྱ་ངན་ལས་འདས་པ་གང་ལགས་ཞེས་ ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་རྣམས་ཀྱི་མྱ་ངན་ལས་འདས་པ་ཟབ་སྟེ། གང་གི་ཕྱིར་འདི་ནི་མྱ་ངན་ལས་འདས་པ་མ་ཡིན་མྱ་ངན་ལས་འདས་པ་མ་ཡིན་པ་ཡང་མ་ཡིན་ནོ། །དེ་ཅི་ལྟར་ཞེ་ན། གང་གཞན་གྱི་དོན་ལས་བརྩམས་ཏེ་འཁོར་བ་ཡོངས་སུ་མི་གཏོང་བ་ནི་འདི་རྣམས་ཀྱི་ མྱ་ངན་ལས་འདས་པ་མ་ཡིན་པའོ། །བདག་གི་དོན་ལས་བརྩམས་ཏེ་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བ་ནི་འདི་རྣམས་ཀྱི་མྱ་ངན་ལས་འདས་པའོ། །གཅིག་མ་བཏང་ན་ཅིག་ཤོས་གཏོང་བའི་ཕྱིར་གཉིས་ཀ་དག་མི་གཏོང་བ་མི་རིགས་ཤེ་ན། གཉིས་ཀར་རྣམ་པར་མི་རྟོག་པ་སྟེ་དེར་དེ་དག་གིས་ཡིད་ འབྱུང་བ་མེད་པས་དེའི་ཕྱིར་གཉིས་ཀ་མི་གཏོང་བ་རིགས་སོ། །དེའི་ཚེ་དེ་འཁོར་བ་དང་མྱ་ངན་ལས་ཀྱང་འདའོ་ཞེས་མི་རིགས་སོ་ཞེ་ན་སེམས་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པས་གང་འཁོར་བ་ཀུན་དུ་སྟོན་པ་དེ་ནི་འདིའི་འཁོར་བ་ཡོངས་སུ་མི་གཏོང་བའོ། །གང་སྟོང་པ་ཉིད་ཀྱང་ ཡིན་ལ་དམིགས་པ་མེད་པ་ལ་གནས་པ་ཡང་ཡིན་པ་དེ་འདིའི་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བའོ་ཞེས་སོ། །འདི་ལྟ་བུ་ཁོ་ན་ལ་དགོངས་ནས་སློབ་དཔོན་ཟླ་བ་གྲགས་པས། ས་བརྒྱད་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས་ཉོན་མོངས་པ་ཐམས་ཅད་མུན་པ་བཞིན་སྤོང་ངོ་ཞེས་ཁམས་ གསུམ་པ་ལས་འདོད་ཆགས་དང་བྲལ་བ་འབྱུང་བར་གསུངས་པ་ནི་དེ་ཉིད་འདིའི་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་པ་སྟེ། འདོད་ཆགས་དང་མ་བྲལ་བ་ལ་མྱ་ངན་ལས་འདས་པ་ཐོབ་པའི་དོགས་པ་མེད་པའི་ཕྱིར་རོ། །འཁོར་བ་འགགས་ཀྱང་དབང་བཅུ་ཐོབ་པ་ལས་དེ་རྣམས་ཡིད་ཀྱིས་རང་བཞིན་གྱི་ལུས་ སྣ་ཚོགས་པས་སྲིད་པའི་འཁོར་བར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་མི་འགལ་ལོ་ཞེས་རྣམ་པར་བཤད་དོ། །འཕགས་པ་རྣམ་པར་གྲོལ་བའི་སྡེས་ཀྱང་། ས་འདི་ལས་ཡང་དག་པར་འདའ་བ་ནི་སངས་རྒྱས་རྣམས་ཀྱིས་ཡང་དག་པར་བསྐུལ་བའི་བྱང་ཆུབ་སེམས་དཔའི་བྱ་བ་ལྷག་མ་མངོན་ པར་འདུ་བྱེད་པ་བཟུང་ནས་སོ། །འདའ་བ་ནི་རྣམ་པ་གཉིས་ཏེ་མཐོང་བས་འདའ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་ལ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་བསྒོམ་པའི་ལམ་མེད་པའི་ཕྱིར་རོ། །གནས་པས་འདའ་བ་ནི་ཕྱིར་མི་ལྡོག་པའི་སའི་བསྒོམ་པའི་ལམ་རྒྱུན་ཆགས་པའི་མཚན་ཉིད་ཀྱི་ཕྱིར་རོ་ཞེས་ངེས་ པར་དཔྱད་དོ། །སླར་ཡང་འཕགས་པས། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རབ་ཏུ་དབྱེ་བ་རྣམ་དགུར་འདོད། །ཅེས་པའི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ་རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ་ནི་བསྒོམ་པའི་ལམ་གྱི་དབང་དུ་ བྱས་པས་ན་ས་དགུ་པ་ལ་དེའི་གཉེན་པོར་ལམ་ཆེན་པོའི་ཆེན་པོའི་རྣམ་པར་འགྱུར་བ་ཞེས་གསུངས་སོ། །ལམ་གྱི་རྣམ་པ་འདི་ནི་ས་བཅུ་པ་སྟེ་འདོད་ཁམས་སུ་ཐ་མ་ཡིན་ན་དེ་འཆད་པར་འགྱུར་བའི་ཚུལ་གྱིས་ཁྱད་པར་གྱི་ལམ་ལ་ཅི་ལྟར་རིགས། དེ་ཉིད་ཀྱི་ཕྱིར་ཚིག་ལེའུར་བྱས་པ་འདིའི་འགྲེལ་པར་འདོད་པའི་ ཁམས་ལ་སོགས་པ་ས་དགུ་རྣམས་སུ་རྣམ་པ་དགུ་རྒྱུན་ཆགས་སུ་འབྱུང་བ་ནི་བསྒོམ་པའི་ལམ་མོ་ཞེས་སེང་གེ་བཟང་པོས་བཤད་པ། འཕགས་པའི་དགོངས་པའི་རྗེས་སུ་འབྲང་ན་འཐད་ཀྱི་གཞན་དུ་ནི་མ་ཡིན་ནོ། །གང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཤེས་པས་དང་མཐོང་བས་བལྟས་ནས་ འདའོ་ཞེས་པའི་འདའ་བ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལས་འདུག་པའོ་ཞེས་གསུངས་པ་དེ་ལ་འདའ་བ་ནི་ས་དང་པོ་ལ་སྟེ། ཁྱད་པར་གྱི་ལམ་ལ་ནི་མ་ཡིན་ནོ་ཞེས་དཔྱད་ཟིན་ནོ། །དེ་བཞིན་དུ་གཞན་དུ་ཡང་ཤེས་རབ་ཅན་རྣམས་ཀྱིས་འགལ་བ་ལ་སོགས་པ་རྟོགས་པར་བྱ་སྟེ། ཆེན་པོ་ འགའ་ཞིག་ལ་ཡང་སོ་སོའི་སྐྱེ་བོ་ཉིད་ཀྱིས་ན་བདག་མེད་པ་ལས་འཁྲུལ་བ་སྲིད་པས་སོ་ཞེས་པས་འདིར་ཅི་བྱ་ཞེས་པ་ཤིན་ཏུ་སྤྲོས་པས་ཆོག་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟ་བར་རྣམ་པ་ཀུན་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཁོ་ནའོ། །ཞེས་ གནས་སོ། །དེ་ལ་སེམས་བསྐྱེད་པ་དང་པོ་གསུམ་རྣམས་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་དག་གིས་རབ་ཏུ་གྱུར་པའི་གནས་སྐབས་ཐར་པའི་ཆ་ལ་ཕན་པའི་དགེ་བའི་རྩ་བ་དང་ལས་དང་པོ་བའི་ས་དང་ཚོགས་ཀྱི་ལམ་དང་ཚོགས་ཀྱི་ས་ཡིན་ལ་རིམ་པ་ཇི་ལྟ་བར་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ནི་ཆེན་ པོ་དང་འབྲིང་དང་ཆུང་ངུའི་གང་ཟག་གི་གདམས་ངག་གི་ཡུལ་རྣམས་ཏེ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པའི་རང་བཞིན་གོ་ཆའི་སྒྲུབ་པ་ཞེས་པར་ཡང་རྣམ་པར་གཞག་གོ། །ཤེས་རབ་ནི་རྣམ་པ་གསུམ་སྟེ། དེ་ལ་གང་ལ་ལ་གཅིག་པུ་གཅིག་ དབེན་པར་སོང་སྟེ་ལུང་གི་དོན་དཔྱད་པ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཐོས་པ་ལས་བྱུང་བའོ། །དེ་ལྟ་ན་ཡང་ལ་ལ་ཐེ་ཚོམ་ཟ་སྟེ་རྗེས་སུ་དཔག་པ་ལ་སོགས་པའི་སྟོབས་ལས་སྐྱེས་པ་དེ་རིགས་པ་བསམས་པ་ལས་བྱུང་བའོ། །དེ་དག་གིས་ཐེ་ཚོམ་གྱི་རྩ་བ་ཕྱུང་བས་འབད་པ་བྱེད་པ་ལས་ཏིང་ངེ་ འཛིན་ཐོབ་པ་ལས་བསྒོམས་པ་ལས་བྱུང་བར་འགྱུར་རོ། །བསྒོམ་པ་ནི་རྣམ་པ་གསུམ་སྟེ་ཞི་གནས་དང་ལྷག་མཐོང་དང་ཞི་གནས་ལྷག་མཐོང་དག་གོ། །ཞི་གནས་རྫོགས་ནས་འཇུག་པ་ན་གང་ལྷན་ཅིག་སྤྱོད་པར་འགྱུར་བ་ཤེས་རབ་ལྟ་བ་དང་རིག་པ་དང་བློ་དང་སྣང་བ་དེ་ལྷག་མཐོང་ངོ་། །དེ་གཉིས་ཀ་ བསྒོམས་པ་ལས་བྱུང་བའི་ཤེས་རབ་བོ། །དེའི་ཕྱིར་མཚན་མ་མེད་པ་ཉིད་དུ་དམིགས་པའི་ཡེ་ཤེས་ཀྱི་རྣམ་པས་སྦྱིན་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་རང་གི་རྒྱུད་ལ་འབྱུང་བ་ལས་ཡང་དག་པར་འགྲུབ་པར་བྱ་བས་ཤེས་རབ་དང་ཐབས་ལ་མཁས་པ་ནི་ཐར་པའི་ཆ་ལ་ཕན་པའོ། ། འདིར་ཐར་པ་ནི་བྲལ་བའི་ཁྱད་པར་ཏེ། དེའི་ཆ་ལ་ཕན་པ་ཉིད་ཀྱི་ཕྱིར་ཐར་པའི་ཆ་ལ་ཕན་ཞེས་པའོ། །ཐོག་མར་རྣམ་པ་ཀུན་མངོན་པར་རྟོགས་པའི་བདག་ཉིད་ཅན་གྱི་བསྟན་པ་ལ་འཇུག་པའི་རྒྱུར་གྱུར་པ་ཐོས་པ་དང་བསམས་པ་ལས་བྱུང་བའོ། །དེ་བཞིན་དུ་ཡང་བཅོམ་ལྡན་འདས་མ་བརྒྱད་སྟོང་པར་ གསུངས་པ། རབ་འབྱོར་དེའི་ཕྱིར་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་ཞིང་ཐབས་ལ་མཁས་པས་འབྱུང་བར་བྱའོ་ཞེས་སོ། །དེ་ལ་བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་གྱུར་པར་སོན་པ་སྟེ། དེ་ལ་འདིའི་སེམས་དཔའ་མངོན་ པར་འདོད་པ་རྟོགས་པའོ་ཞེས་པ་བྱང་ཆུབ་སེམས་དཔའོ། །སེམས་ཅན་ཐམས་ཅད་ཀྱི་མཚོག་ཉིད་དུ་བྱ་བའི་དོན་དུ་གང་མངོན་པར་འདོད་པ་དེ་ནི་ཆེན་པོ་སྟེ། ཆེན་པོ་ཉིད་དེ་འདིའི་ཡིན་པས་སེམས་དཔའ་ཆེན་པོའོ། །ཚིག་གཉིས་པོ་འདིས་སེམས་བསྐྱེད་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ནི་རྣམ་པ་ཐམས་ཅད་ཀྱིས་ཆོས་མ་ལུས་པ་ཡོངས་སུ་ཤེས་པའོ། །ཐབས་ནི་སངས་རྒྱས་ལ་སོགས་པའི་ཡུལ་ལ་དད་པ་དང་། སྦྱིན་པ་ལ་སོགས་པ་ལ་བརྩོན་འགྲུས་དང་། དགེ་བ་འདོད་པ་ཉིད་ལ་སོགས་པའི་དྲན་པ་དང་། བྱེད་པ་པོ་དང་ལས་དང་བྱ་བ་མི་དམིགས་པའི་ཏིང་ངེ་འཛིན་ནོ། །དེ་ལྟར་ན་ དབང་པོའི་དོན་མེད་པའི་ཕྱིར་དབང་པོའི་ངོ་བོ་མ་ཡིན་པའི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསག་པར་བྱའོ་ཞེས་གསུངས་པར་འགྱུར་རོ། །དེའི་ཕྱིར་ཤེས་རབ་དང་ཐབས་ལ་མཁས་པ་དང་བྲལ་བ་ལས་ཉན་ཐོས་དང་རང་ སངས་རྒྱས་ཀྱི་སར་ལྟུང་ངོ་ཞེས་པའོ། །དེ་ལྟར་ཡང་གསུངས་པ། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །སངས་རྒྱས་སོགས་དམིགས་དད་པ་དང་། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་ དང་། །བསམ་པ་ཕུན་ཚོགས་དྲན་པ་དང་། །རྣམ་པར་མི་རྟོག་ཏིང་འཛིན་དང་། །ཆོས་རྣམས་རྣམ་པ་ཐམས་ཅད་ཀྱིས། །ཤེས་པའི་ཤེས་རབ་ཅེས་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། ཅེས་སོ། །དད་པ་ལ་སོགས་པའི་རིམ་པ་ཡང་རིགས་ པ་སྟེ། དད་པས་ནི་རབ་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པ་ལས་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་པས་ནི་དྲན་པ་ཉེ་བར་གནས་སོ། །དྲན་པ་ཉེ་བར་གནས་པས་ནི་སེམས་མཉམ་པར་འཇོག་གོ། །སེམས་མཉམ་པར་གཞག་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་སོ། །ཇི་སྐད་དུ་ གསུངས་པ། རབ་ཏུ་དགའ་བ་ལས་དགའ་བ་སྐྱེའོ། །ཡིད་དགའ་བ་ལས་ལུས་ཤིན་ཏུ་སྦྱངས་པའོ། །ལུས་ཤིན་ཏུ་སྦྱངས་པ་ནི་བདེ་བ་མྱོང་བར་བྱེད་དོ། །བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ། །སེམས་མཉམ་པར་གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་སོ། །འོ་ན་བཅོམ་ལྡན་ འདས་མ་བར་མར་གསུངས་པ། བྱང་ཆུབ་སེམས་དཔའ་སྤྱོད་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་དམིགས་སུ་མེད་པའི་ཕྱིར་འགའ་ལ་ཡང་སྤྱོད་པ་མེད་པ་དེ་ཁོ་ན་སྤྱོད་པ་སྟེ་གོ་ཆ་ལ་སོགས་པ་སྒྲུབ་པ་བཞིའི་ངོ་བོ་ཡིན་ལ། ལས་དང་པོ་པ་དེ་ཅི་ ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེ་ན། བཅོམ་ལྡན་འདས་མ་ཉིད་དུ་གསུངས་པ་མ་ཡིན་ནམ། བཅོམ་ལྡན་འདས་ཅི་ལྟར་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ཞེས་པ་ལ་སོགས་པ་ཞུས་པའི་མཐར་སེམས་དང་པོ་བསྐྱེད་པ་ནས་བཟུང་ནས་ཆོས་ཐམས་ཅད་ལ་དམིགས་སུ་མེད་ པའི་ཚུལ་གྱིས་བསླབ་པར་བྱའོ་ཞེས་ཏེ། འདིས་ནི་གལ་ཏེ་ཡང་ལས་དང་པོ་པ་ལ་དོན་དམ་པའི་སྤྱོད་པ་མེད་མོད་དེའི་དོན་དུ་བསླབ་པར་བྱ་སྟེ། སློབ་པར་བྱེད་པ་ཁོ་ན་སྤྱོད་པའོ་ཞེས་བརྗོད་དོ་ཞེས་བསྟན་ཏོ་ཞེས་སློབ་དཔོན་དབྱིག་གཉེན་ནོ། །དེ་ཉིད་ཀྱི་ཕྱིར་འདི་འདྲ་བ་ནི་ལས་དང་པོ་པའི་ཕ་རོལ་དུ་ཕྱིན་པ་དྲུག་གི་ བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་གོ་ཆའི་སྒྲུབ་པའོ། །དེར་འདིའི་དོན་དུ་གཉེར་བྱའི་དོན་དུ་གཉེར་བྱ་ཉིད་ཉེ་བར་སྟོན་པ་གདམས་པ་དང་རྗེས་སུ་བསྟན་པ་སྟེ། ཐོབ་པའི་ཡོན་ཏན་ཡོངས་སུ་བསྲུང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ཉེ་བར་བཟུང་ནས་གདམས་པའོ། །དེའི་འོག་ཏུ་མ་ཐོབ་ པའི་ཡོན་ཏན་ཐོབ་པར་བྱེད་པ་ཉེ་བར་བཟུང་ནས་རྗེས་སུ་བསྟན་པར་འགྱུར་རོ། །སེང་གེ་བཟང་པོ་ནི་རིམ་པ་བཞིན་དུ་ཉན་པའི་སྐབས་སུ་གཞུང་འཛིན་པའི་ཆེད་དུ་སློབ་པ་དང་སེམས་པའི་གནས་སྐབས་བཟུང་བའི་དོན་མི་བརྗེད་པའི་ཆེད་དང་། བསྒོམ་པའི་གནས་སྐབས་སུ་སྔར་མེད་པ་བསྐྱེད་ པའི་ཆེད་དུ་གསུམ་པོ་འདིའོ་ཞེས་ཟེར་རོ། །དེ་ལ་བཅོམ་ལྡན་འདས་མ་བར་མར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མཚན་མར་མི་བྱེད་ཅིང་དམིགས་སུ་མེད་པ་ནི་གོ་ཆ་ཆེན་པོ་ཉིད་ཀྱིས་གོ་ཆའི་སྒྲུབ་པའི་རང་གི་ངོ་བོ་ཉིད་དོ། །དེ་བསམ་གཏན་རྣམས་ལ་ སྙོམས་པར་འཇུག་པར་འགྱུར་ཞིང་དེ་རྣམས་ཀྱི་རོ་མྱང་བར་ཡང་མི་བྱེད། དེ་རྣམས་ཀྱིས་ཀྱང་མི་འཕྲོག་ལ་དེ་རྣམས་ཀྱི་དབང་གིས་ཀྱང་མི་སྐྱེ་སྟེ། བསམ་གཏན་ལ་སོགས་པ་རྣམས་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པར་མཐོང་བས་གནས་ཀྱང་ཡང་དག་པའི་མཐའ་ཡང་མངོན་དུ་མི་བྱེད་དོ་ ཞེས་ཐབས་ལ་མཁས་པ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཉིད་ཀྱིས་ཐབས་ལ་མཁས་པས་ཡོངས་སུ་གཟུང་བ་ཆོས་ཉིད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱིས་བསྔགས་པ་ལ་སོགས་པ་གསུངས་པས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཆེན་པོ་ཉིད་ དོ། །དེ་ལ་གོ་ཆ་ནི་ཡ་ལད་དང་སྲུང་བྱེད་དེ་དབུ་མའི་སྒྲུབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱིས་ཇི་ལྟར་ཚད་དུ་བྱ་བ་ལྟར་ཕ་རོལ་གནོན་པའོ། །ཇི་ལྟར་རྒྱལ་པོའི་རིགས་རྒྱལ་སྲིད་འདོད་པ་འགའ་ཞིག་དེ་ལ་ཕན་པའི་འདོད་པའི་སྤྲོ་བས་དང་པོར་གོ་གྱོན་ནོ། །དེ་ནས་འཇུག་སྟེ་ གླང་པོ་ཆེ་ལ་སོགས་པའི་ཐེག་པ་ཞོན་ནོ། །དེའི་རྗེས་སུ་དཔུང་གི་ཚོགས་སོག་གོ། །དེ་ནས་མི་མཐུན་ཕྱོགས་ལས་རྒྱལ་ནས་ངེས་པར་བགྲོད་བྱའི་ས་རྣམས་སུ་ངེས་པར་འགྲོ་ཞིང་རྒྱལ་སྲིད་ཐོབ་པོ། །དེའི་རྗེས་སུ་རང་གི་དོན་བྱས་པ་ནི་སྙིང་རྗེ་དང་བཅས་པས་ཇི་ལྟར་རིགས་པར་སྐྱེ་དགུ་རྣམས་ཡོངས་ སུ་སྐྱོང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྒྲུབ་པའི་རྟེན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཅན་བླང་བར་བྱ་བ་དང་དོར་བར་བྱ་བ་ཉིད་ཀྱིས་དགེ་བ་ལ་སོགས་པ་བསྒྲུབ་པའི་དམིགས་པ་རྣམས་ལ་ཇི་ལྟར་རིགས་པར་དམིགས་ལ། གཞན་གྱི་དོན་དུ་ ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ། སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་ལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མ་འདས་པར་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ་ཞེས་གདམས་པ་ ཐོབ་པ། སྒྲུབ་པ་དེའི་དམིགས་པའི་ངོ་བོ་བདེན་པ་ཤེས་པ། རྟེན་དཀོན་མཆོག་གསུམ་རིག་པ། ཁྱད་པར་དུ་འགྲོ་བར་བྱེད་པ་མ་ཞེན་པ། མི་ལྡོག་པའི་ཆེད་དུ་ཕྱོགས་བཅུར་ལྟ་ཡང་ཡོངས་སུ་མི་ངལ་བ་ཐོབ་སྟེ། དེ་ལས་འདི་ཐེག་པ་གཞན་གྱིས་མི་འགྲོ་བའི་ཆེད་དུ་ལམ་ཡོངས་སུ་འཛིན་པར་ཡང་ འགྱུར་ཞིང་། ཇི་ལྟར་རིགས་པར་སྤྱན་ལྔ་དང་། མངོན་པར་ཤེས་པ་དྲུག་དང་མཐོང་བ་དང་བསྒོམ་པའི་ལམ་དག་ཀྱང་སྟེ་འཕགས་པའི་ས་ཡང་དག་པར་གནོན་ནོ་ཞེས་པ་གདམས་ངག་གི་རིམ་པས་ཐོབ་པའི་ཡོན་ཏན་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ་རྣམས་འཕེལ་བའི་ཆེད་དང་མ་ཐོབ་པ་རྣམས་ཐོབ་པའི་ཆེད་དུ་ རྫོགས་པའི་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སྤྲོར་བཅུག་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆའི་སྒྲུབ་པ་རེ་རེ་ལ་ཐམས་ཅད་ཉེ་བར་གནས་སུ་བཅུག་པ། སྦྱིན་བྱ་ལ་སོགས་པ་མི་དམིགས་པ་ལ་སོགས་པའི་གོ་ཆ་ཉིད་ཀྱི་གོ་གྱོན་ཏེ། འདི་ལ་བར་དུ་གཅོད་པའི་མདའ་ཐམས་ཅད་ཐོགས་པའི་ཕྱིར་རོ། ། དེའི་རྗེས་སུ་གོ་བགོས་པར་བྱས་པ་ནི་རྣམ་པ་ཐམས་ཅད་སྒོམ་པ་མངོན་པར་སྦྱོར་བ་ལས་འཇུག་པ་སྟེ། བསམ་གཏན་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་མཐའ་དག་ལ་འཛེག་གོ། །དེ་ནས་རྒྱུ་མཐར་ཐུག་པར་འགྲོ་བའི་དོན་དུ་ཚོགས་སོག་གོ། །དེ་ནས་ངེས་པར་འབྱུང་བར་བྱ་བ་ རྣམས་སུ་ངེས་པར་འབྱུང་ཞིང་འབྲས་བུའི་ས་མནན་པའི་ཆེད་དུ་རྡོ་རྗེ་ལྟ་བུ་ཞེས་པའི་བར་ཆད་མེད་པའི་ལམ་ཁོང་དུ་ཆུད་པ་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཀྱི་རྣམ་པའི་མི་མཐུན་ཕྱོགས་མ་ལུས་པ་སྤངས་པ་ལས་གནོན་ཞིང་། སངས་རྒྱས་ཀྱི་ས་ཡང་དག་པའི་མཐའ་ རྟོགས་པ་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་འབྲས་བུའི་རང་བཞིན་མུར་ཐུག་པ་མེད་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པར་བྱེད་དོ། །དེ་ལ་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ལ་ནི་སྒྲུབ་པ་མེད་དོ། དེར་འབྲས་བུ་ཉིད་ཀྱི་བྱ་བ་མི་སྲིད་པའི་ཕྱིར་ཏེ་བྱ་བ་ནི་སྒྲུབ་པའོ། །དེའི་རྗེས་སུ་དམིགས་པ་མེད་པའི་སྙིང་རྗེ་ ཆེན་པོས་སྔོན་གྱི་སྨོན་ལམ་གྱི་འཕེན་པ་ལས་དང་། གདུལ་བྱ་སེམས་ཅན་གྱི་བསོད་ནམས་ཀྱི་དབང་ལས་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་དེ། །དེའི་ཕྱིར་མཐོང་བའི་ལམ་ལ་བརྒྱུད་པས་སྦྱོར་བའི་རང་བཞིན་ཚོགས་ཀྱིས་ནི་གོ་ཆའི་སྒྲུབ་པའོ། །དངོས་ སུ་སྦྱོར་བའི་རང་བཞིན་མོས་པས་སྤྱོད་པའི་ས་ནི་འཇུག་པའི་སྒྲུབ་པའོ། །ཆོས་མཆོག་ཆེན་པོ་ནི་བརྩེ་བ་ལ་སོགས་པའི་གཟུངས་ཀྱི་མཐར་ཐུག་པའི་ཚོགས་ཀྱི་སྒྲུབ་པའོ། །མཐོང་བའི་ལམ་གྱི་རང་བཞིན་ནི་ས་རབ་ཏུ་དགའ་བའི་ཚོགས་ཀྱི་སྒྲུབ་པའོ། །ཁྱབ་བྱེད་བསྒོམ་པའི་ལམ་གྱི་རང་གི་ངོ་བོ་དྲི་མ་མེད་ པ་ལ་སོགས་པའི་སའི་ཚོགས་ཀྱི་སྒྲུབ་པའོ། །ཁྱབ་བྱེད་བསྒོམ་པའི་ལམ་གྱི་གནས་སྐབས་ཀྱི་ཁྱད་པར་ལ་ཁྱད་པར་གྱི་ལམ་གྱི་གནས་སྐབས་རྩེ་མོའི་མངོན་པར་རྟོགས་པ་ལ་གཞག་པར་བྱ་བའི་མཐོང་བ་དང་བསྒོམ་པའི་ལམ་དག་གི་གནས་སྐབས་ཀྱི་ཁྱད་པར་ནི་གཉེན་པོའི་ཚོགས་ཀྱི་སྒྲུབ་པ་རྣམ་པ་བརྒྱད་ དེ་ཁྱབ་བྱེད་བསྒོམ་པའི་ལམ་གྱི་རང་བཞིན་ནོ། །ཁྱབ་བྱེད་བསྒོམ་པའི་ལམ་གྱི་གཞི་ཅན་དུ་གཞག་པར་བྱ་བ་ལམ་དེ་གཉིས་ཀའི་སྤྱོད་ཡུལ་ཅན་ངེས་པར་འབྱུང་བར་བྱ་བའི་དངོས་པོ་ཆེད་དུ་བྱ་བ་ལ་སོགས་པ་ཁྱད་པར་གྱི་ལམ་མཐར་ཕྱིན་པའི་མཐར་ཐུག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཇི་སྲིད་པ་དང་ནི་ངེས་པར་ འབྱུང་བའི་སྒྲུབ་པ་སྟེ་ཁྱབ་བྱེད་བསྒོམ་པའི་ལམ་གྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཆེད་དུ་བྱ་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་བདུན་པོ་རྣམས་ཀྱིས་འབྲས་བུ་སེམས་བསྐྱེད་པ་གཉིས་ཀྱི་རང་བཞིན་སངས་རྒྱས་ཀྱི་ས་ཐོབ་པའི་ཆེད་དུ། ལམ་གྱི་ཡུལ་ཅན་ངེས་ འབྱུང་ངོ་། །ཞེས་ཚིག་ལེའུར་བྱས་པར་གསུངས་སོ། །དེ་བཞིན་དུ་ཡང་། འཕགས་པ་ཐོགས་མེད་ཀྱིས། དེ་ལ་གོ་ཆ་དང་འཇུག་པའི་སྒྲུབ་པ་དག་གྲངས་ཇི་ལྟ་བར་བརྒྱུད་པས་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པའོ། །ཚོགས་ཀྱི་སྒྲུབ་པ་ནི་ བརྩེ་བ་ནས་བརྩམས་ནས་གཟུངས་ཀྱི་མཐར་ཐུག་པ་ནི་དངོས་སུ་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པའོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་གྱི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་དོ། །ས་གཉིས་པ་ལ་སོགས་པའི་རང་བཞིན་གཉེན་པོའི་བདག་ཉིད་ཀྱི་ ཚོགས་ཀྱི་སྒྲུབ་པ་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་དང་ངེས་པར་འབྱུང་བའི་སྒྲུབ་པ་ནི་བསྒོམ་པའི་ལམ་གྱི་གཞིས་སོ་ཞེས་གསུངས་སོ། །གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བ་དང་བསྒོམ་པ་དང་ཁྱད་པར་གྱི་ལམ་གྱི་རང་བཞིན་རྣམས་གོ་རིམས་བཞིན་སྒྲུབ་པ་བཞི་རྣམས་སོ་ཞེས་ རྣམ་པར་གཞག་པ་དེ་ནི་མི་འཐད་དེ། དེ་ལྟ་ན་འཇུག་པའི་སྒྲུབ་པ་མཐོང་ལམ་གྱི་རང་བཞིན་དུ་འགྱུར་གྱི། འདུན་སོགས་གསུམ་གྱི་དབྱེ་བ་ལས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་ཞེས་བྱའི་སེམས་རྣམས་ནི། །བཅུ་དགུ་རྣམས་སུ་འདོད་པ་ཡིན། །ཞེས་གསུངས་པའི་དྲོད་ལ་སོགས་ པ་འཇུག་པའི་སེམས་བསྐྱེད་ཀྱི་རང་བཞིན་དུ་མི་འགྱུར་རོ། །སེང་གེ་བཟང་པོས་འགྲེལ་བཤད་དུ་མཇུག་བསྡུ་བ་མཐོང་བ་དང་བསྒོམ་པའི་ལམ་གྱི་བདག་ཉིད་ཁོ་ན་སའི་ཚོགས་སོ་ཞེས་ཏེ། གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ས་བཅུ་པ་ཇི་སྲིད་པ་ཁོ་ནར་འགྱུར་གྱི་བཤད་པའི་རྣམ་པར་གཞག་པར་བྱ་བ་ མཐོང་བ་དང་བསྒོམ་པའི་ལམ་གྱི་རང་བཞི