Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 109
Văn bản gốc(Tây Tạng)
Trang 10 / 21 (50.000 ký tự/trang)
ར་འཇོག་པ་དེ་བཞིན་དུ་དངོས་པོ་དོན་དམ་པར་ངོ་བོ་ཉིད་མེད་པ་རྣམས་ལའོ། །དོན་དམ་པར་སྒྲོ་བཏགས་པའི་ངོ་བོར་བརྗོད་པར་བྱ་བཞིན་པ་ནི་ཀུན་རྫོབ་ཁོ་ནར་འགྱུར་ཏེ། དེ་ནི་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དེ་སྐད་དུ་མདོར་གསུངས་པ། ལྷའི་བུ་ གལ་ཏེ་དོན་དམ་པར་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་རྣམས་ཀྱི་ཡུལ་གྱི་ངོ་བོར་འགྱུར་ན་ནི་བདེན་པའི་གྲངས་སུ་མི་འགྲོའི་ཀུན་རྫོབ་ཀྱི་བདེན་པ་ཁོ་ནར་དེ་འགྱུར་རོ། །འོན་ཀྱང་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པའོ་ཞེས་སོ། །ཡང་ན་དངོས་པོ་རྣམས་ཀྱི་སྐད་ཅིག་ པ་ཉིད་ནི་ཀུན་རྫོབ་པོ། །དངོས་པོ་གཡོ་བའི་བདག་ཉིད་དེ་ཐམས་ཅད་ཀྱི་གང་སྒྱུ་མ་བཞིན་དུ་རང་བཞིན་གྱིས་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་དེ་དོན་དམ་པ་སྟེ། དེ་ཡང་དེ་བཞིན་གཤེགས་པ་རྣམས་བྱུང་བ་དང་མ་བྱུང་བ་དག་ཏུའང་དུས་ཐམས་ཅད་དུ་གནས་པ་ཉིད་ཀྱི་ཕྱིར་རྟག་པའོ། །གལ་ཏེ་ཀུན་ རྫོབ་ཚད་མ་ཡིན་ན་ཅི་ལྟར་འདི་ཀུན་རྫོབ་ཡིན། འོན་ཏེ་ཚད་མ་མ་ཡིན་ན་ཅི་ལྟར་འདི་ལས་བདག་མེད་པར་འགྲུབ་ཅེ་ན། འདི་མི་རིགས་ཏེ་དེ་ལྟར་ནི་ཇི་ལྟར་རྗེས་སུ་དཔག་པའི་ཤེས་པ་སྤྱི་བརྫུན་པ་ཉེ་བར་འཛིན་པར་ཞུགས་པས་ཀུན་རྫོབ་པའི་ངོ་བོ་ཡིན་ཡང་མངོན་པར་འདོད་པའི་དོན་བྱ་བ་ཐོབ་པར་བྱེད་པ་ཉིད་ཀྱིས་ ཚད་མར་འདོད་པ་དེ་བཞིན་དུ་ཀུན་རྫོབ་འགའ་ཞིག་ཀྱང་རང་གི་ངོ་བོ་བརྫུན་པ་ཡིན་ཡང་ཚུལ་བཞིན་དུ་ཐོས་པ་དང་བསམ་པ་ལ་སོགས་པའི་རྒྱུ་བརྒྱུད་པས་འོངས་པ་ཉིད་ཀྱི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་ལ་མི་སླུ་བ་ཉིད་ཀྱིས་ཚད་མའོ་ཞེས་བརྗོད་ལ་དེ་ལས་བཟློག་པ་ནི་ཚད་མ་མ་ཡིན་ནོ། ། ཚད་མ་ལ་སོགས་པ་རྣམ་པར་གཞག་པ་འདི་ཐམས་ཅད་ཐ་སྙད་ཁོ་ན་ལས་སོ་ཞེས་ཚད་མ་རྣམ་འགྲེལ་ལ་སོགས་པར་བསྒྲུབས་པས་འདི་ནི་གྱི་ནའོ། །ཀུན་རྫོབ་ཐམས་ཅད་ཀྱང་དངོས་པོའི་ངོ་བོ་མ་ཡིན་པ་ཁོ་ནའོ་ཞེས་བསྒྲུབས་ཟིན་ཏོ། །དེའི་ཕྱིར་ཤིང་ལ་སོགས་པ་ཀུན་རྫོབ་འདིའི་ཉེ་བར་ལེན་པ་ནི་རང་དང་ རྗེས་སུ་མཐུན་པ་ཐོག་མ་མེད་པ་དངོས་པོར་མ་གྱུར་པ་ཁོ་ནར་རིགས་སོ། །རྣམ་པར་ཤེས་པ་ལ་སོགས་པ་དངོས་པོར་གྱུར་པ་ནི་མེད་དེ་དེ་ནི་དེ་དང་འགལ་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་མ་བརྟགས་ན་གྲགས་པ་རྣམས་ལ་གང་སྐྱེ་བ་དང་གནས་པ་དང་འཇིག་པ་ལ་སོགས་པར་སྒྲོ་བཏགས་པ་སྒྱུ་མ་དང་རྨི་ ལམ་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་ལ་སོགས་པ་ལྟ་བུ་དེ་ཀུན་རྫོབ་ཀྱི་བདེན་པའོ་ཞེས་རྣམ་པར་གཞག་གོ། །གང་སྒྲོ་མ་བཏགས་པར་ཡང་དག་པའི་ཚད་མས་ཡོངས་སུ་ངེས་པ་སྐྱེ་བ་མེད་པ་ལ་སོགས་པ་དེ་ནི་དོན་དམ་པའི་བདེན་པའི་བདེན་པའོ། །དེ་སྐད་དུ་ཡང་ཆོས་ཡང་དག་པར་སྡུད་པར་ གསུངས་པ། སྐྱེ་བ་མེད་པ་ནི་བདེན་ནོ། །སྐྱེ་བ་ལ་སོགས་པ་ཆོས་རྣམས་མི་བདེན་ཏེ་བརྫུན་པ་སླུ་བའི་ཆོས་ཅན་ནོ་ཞེས་སོ། །སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་བརྗོད་ཀྱི་དངོས་ནི་མ་ཡིན་ཏེ། དངོས་སུ་ན་དོན་དམ་པ་ནི་སྤྲོས་པ་ཐམས་ཅད་ལས་འདས་པ་ཉིད་ཀྱི་ ཕྱིར་རོ། །སྐྱེ་བ་མེད་པ་ཁོ་ན་དེ་ཁོ་ན་ཉིད་དེ་དེ་ཡང་རྣམ་པ་ཐམས་ཅད་དུ་བསྟན་པར་བྱ་བ་མ་ཡིན་ཡང་ཐ་སྙད་ཀྱི་དབང་གིས་འདུས་བྱས་མ་ལུས་པའི་ཆོས་ཉིད་ཀྱིས་ན་འདུས་མ་བྱས་པའོ་ཞེས་བསྟན་པའོ། །སྐྱེ་བ་དང་སྐྱེ་བ་མེད་པ་དག་དུས་ཐམས་ཅད་དུ་གནས་པ་ཉིད་ཀྱི་ཕྱིར་འདུས་མ་བྱས་པའོ་ཞེས་ཀྱང་བསྟན་ གྱི། དེ་གཉིས་ཀའི་ངོ་བོ་ནི་མ་ཡིན་ཏེ། དེ་ནི་ངོ་བོ་ཐམས་ཅད་ལས་འདས་པའི་མཚན་ཉིད་ཅན་གྱི་ཕྱིར་རོ། །ཇི་སྐད་དུ་རབ་ཏུ་དང་བ་ཆེན་པོ་བསྐྱེད་པའི་མདོར་གསུངས་པ། གཞན་ལས་རྟོགས་མིན་ཞི་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་པར་མི་རྟོག་སྣ་ཚོགས་མིན། །འདི་ནི་དེ་བཞིན་ཉིད་མཚན་ཉིད། ། ཅེས་སོ། །དེ་ཉིད་ཀྱི་ཕྱིར་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ནི་ཀུན་རྫོབ་ཁོ་ནར་བྱེ་བྲག་དང་བཅས་པ་སྟེ་དེ་ལྟར་ཡང་བྱེ་བྲག་དང་ཁྱད་པར་དང་ཡོན་ཏན་དང་ཆོས་ཤེས་པ་དོན་གཞན་མ་ཡིན་ལ་བྱེ་བྲག་ཅན་དང་ཁྱད་པར་ཅན་དང་ཡོན་ཏན་དང་ཆོས་ཅན་ཞེས་པ་དོན་གཞན་མ་ཡིན་ནོ། །གང་གི་ཚེ་རང་གི་མཚན་ཉིད་འཛིན་པའི་ཕྱིར་ ཆོས་ཀྱི་སྒྲས་ཆོས་ཅན་ལ་བརྗོད་པ་དེའི་ཚེ་ནི་ཆོས་དེ་ཆོས་ཉིད་ཅེས་ཐ་སྙད་བྱ་སྟེ་སྒྲའི་དོན་རྣམ་པར་གཞག་པ་ནི་བརྡ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །སྒྲའི་དོན་ནི་སྒྲུབ་པ་དང་དགག་པའོ། །དེ་དག་ཀྱང་སྒྲུབ་པ་བརྗོད་པའི་སྒྲ་ལས་ཅིག་ཅར་རྟོགས་ཏེ་པད་དཀར་གྱི་སྒྲ་ལས་འདབ་མ་བརྒྱ་པ་དཀར་པོ་མ་གོས་པ་བཞིན་ ནོ། །སྒྲ་ལས་བྱུང་བའི་ཤེས་པ་ནི་སྒྲོ་བཏགས་པའི་རང་བཞིན་རྣམ་པར་དབེན་པའི་རང་གི་ངོ་བོའི་ཡུལ་ཅན་ཏེ། དེ་ཉིད་ཀྱི་ཕྱིར་རིགས་ལ་སོགས་པའི་དོན་མེད་པའི་ཡུལ་ཅན་མངོན་པར་འདོད་པའི་དོན་གྱི་དངོས་པོ་མེད་པ་ཁོ་ནའང་གཞན་སེལ་བའོ། །གལ་ཏེ་ཡང་དངོས་པོ་ཡུལ་དུ་ མི་འགྱུར་རོ་ཞེས་དངོས་པོ་མེད་པའི་ཡུལ་ནི་སེལ་བའི་ཡུལ་ཏེ། དེ་ལ་ནི་དངོས་པོར་ནི་ཡུལ་ཅན་ཀྱང་མངོན་པའི་ང་རྒྱལ་ལས་འདིའི་ཡུལ་དུ་དོན་ཉིད་དོ། །དོན་གྱི་ཡུལ་ཅན་ཉིད་ནའང་བདག་ཉིད་ཐམས་ཅད་ཀྱིས་མ་ཡིན་གྱི་འོན་ཀྱང་ལྡོག་པ་གཅིག་གི་མཚམས་ཀྱི་ངོ་བོའོ། །གང་ཡང་རིགས་མི་མཐུན་ དང་བྲལ་བའི་བདག་ཉིད་དངོས་པོའི་ཆ་དེ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཏེ་དེ་སྒྲའི་དོན་ནོ། །དེ་གསུངས་པ། ངེས་པས་མ་ངེས་ངོ་བོ་གང་། །དེ་ནི་ཅི་ལྟར་དེ་ཡི་ཡུལ། །ཞེས་སོ། །དེའི་ཕྱིར་སྒྲ་གཞན་རབ་ཏུ་འཇུག་པའི་ཕྱིར་རིགས་མི་མཐུན་རེ་རེ་རྣམ་པར་གཅོད་པའི་བདག་ཉིད་ནི་དངོས་པོའི་ཆ་སྟེ་སྒྲའི་དོན་ནོ། ། དེ་ཡོད་པའི་ཕྱིར་དང་དེས་དབེན་པ་གཞན་མེད་པའི་ཕྱིར་དགག་པ་དང་སྒྲུབ་པའི་ཐ་སྙད་ཐམས་ཅད་ནི་དེའི་རྒྱུ་ཅན་ཁོ་ནའོ། །གང་གི་ཕྱིར་མ་ཡིན་པར་དགག་པ་ནི་རྣམ་པར་གཅོད་པའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་དེ་མེད་པར་མེད་པའི་ཕྱིར་ན་དགག་པ་རྟོགས་ལ་སྒྲས་ཀྱང་དེ་རྗོད་པར་བྱེད་པ་ཉིད་ན་ལྡོག་པ་རྗོད་པར་བྱེད་ པ་ཁོ་ནའོ། །ཇི་ལྟར་ཡང་དགག་པ་བྱེད་པའི་སྒྲས་སྒྲོ་འདོགས་པའི་རྣམ་པ་རྣམ་པར་གཅོད་ཅིང་བསྒྲུབ་པར་བྱ་བ་ཉིད་ཀྱིས་ཀྱང་བརྗོད་ལ། མེད་དགག་ནི་བདག་ཉིད་ངོ་བོ་ཅི་ཡང་མེད་པ་དངོས་པོ་མེད་པའི་ངོ་བོ་མི་གཏོང་བ་དེ་བཞིན་དུ་སྒྲུབ་པས་ཀྱང་སྒྲུབ་པའི་ངོ་བོ་ཉིད་དུ་བརྗོད་ཀྱང་གཞན་ལས་ལྡོག་པས་ལྡོག་པའི་ངོ་བོ་ཉིད་ ལས་མི་འདའོ། །དེ་ཉིད་ཀྱི་ཕྱིར་ཡང་ཉན་པ་པོའི་འདོད་པའི་ངོར་ཁྱད་པར་གཞན་མི་སྤོང་བའི་ཕྱིར་སེམས་རང་བཞིན་མེད་པ་དང་སྟོང་པ་ཞེས་པ་ལ་སོགས་པ་ཁྱད་པར་མེད་པའི་ཐ་སྙད་དང་། ཁྱད་པར་གཞན་སྤོང་བའི་ཕྱིར་རྣམ་པར་ཤེས་པའི་རང་བཞིན་མེད་པ་ཉིད་དང་སྟོང་པ་ཉིད་ཅེས་པ་ལ་སོགས་པ་ཁྱད་པར་གྱི་ཐ་སྙད་ དོ། །དོན་དམ་པར་ནི་ཆོས་རྣམ་པར་ཤེས་པ་དང་། ཆོས་ཉིད་སྟོང་པ་ཉིད་ལ་སོགས་པ་ནི་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ཁྱད་པར་དང་ཁྱད་པར་མེད་པ་དག་མེད་དོ། །དེ་གསུངས་པ། དོན་དམ་རྣམ་པར་དཔྱད་རྣམས་ལ། །དེ་ལྟར་གྱུར་པ་མི་འགྲུབ་པས། །ཀུན་རྫོབ་པ་ཡི་ཚིག་དོན་ལ། །དེ་ཉིད་དང་ནི་གཞན་ཉིད་ འགོག །ཅེས་དང་། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཐ་དད་ཐ་དད་བརྟག་པ་མིན། །ཞེས་སོ། །དེས་ན་ཟླ་བ་ལ་སོགས་པ་རྣམས་ཀྱི་དཀར་པོ་ཉིད་ལ་སོགས་པ་ལྟར་འདུས་བྱས་ཀྱི་མཚན་ཉིད་ཀུན་རྫོབ་དང་ལྷན་ཅིག་གཅིག་ཉིད་དང་གཞན་ཉིད་དག་གི་བརྗོད་པར་བྱར་མེད་པ་ཁོ་ན་ནི་དོན་དམ་པའི་མཚན་ཉིད་དོ། ། དངོས་པོ་ཁོ་ན་ལ་དེ་ཉིད་དང་གཞན་ཉིད་དུ་རྣམ་པར་རྟོག་པ་སྲིད་པའི་ཕྱིར་ལ། དོན་དམ་པའི་སྤྱིའི་མཚན་ཉིད་ནི་དངོས་པོའི་ངོ་བོ་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་དང་གཞན་ཉིད་དུ་བརྗོད་བྱ་མ་ཡིན་པ་ཉིད་ཁོ་ནའོ། །དངོས་པོ་ཡོད་ན་ཡང་དེ་ཉིད་དང་གཞན་ཉིད་ཀྱི་རྣམ་པར་རྟོག་པ་འབྱུང་གི་དངོས་པོ་རྣམས་རང་བཞིན་མེད་པ་ལ་དེ་དེ་ ལྟར་མི་སྲིད་དོ་ཞེས་འགལ་བ་མེད་པ་ཁོ་ནའོ། །དོན་དམ་པ་ཡེ་ཤེས་ཀྱི་བདག་ཉིད་ཀྱང་ཀུན་རྫོབ་དང་ལྷན་ཅིག་དེ་བཞིན་ཉིད་ཀྱི་མཚན་ཉིད་དོན་དམ་པའི་རྣམ་པར་གཅིག་པ་ཉིད་དུ་འདོད་པ་ཁོ་ན་སྟེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ། རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་པ་ ཡང་གཞན་པ་མ་ཡིན་གང་འཇིག་རྟེན་གྱི་དེ་བཞིན་དེ་ཁོ་ན་དོན་དམ་པའི་དེ་བཞིན་ཉིད་དོ་ཞེས་སོ། །ཡེ་ཤེས་ཀྱི་བདག་ཉིད་ཀྱི་དོན་དམ་པ་ནི་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱང་ཡིན་ལ། དེ་ཁོ་ན་ཉིད་རྟོགས་པ་དང་མཐུན་པ་ཉིད་ཀྱི་ཕྱིར་དོན་དམ་པའི་ངོ་བོ་ཉིད་ཀྱང་ངོ་ཞེས་པ་ ལྟོས་པའི་བྱེ་བྲག་གིས་གཅིག་ལ་གཉིས་ཀའི་ངོ་བོ་ཉིད་ཀྱང་མི་འགལ་ལོ། །དེའི་ཕྱིར་ཆོས་དང་ཆོས་ཅན་ཐ་དད་པ་ལ་སོགས་པའི་རྣམ་པར་གཞག་པ་ཐ་སྙད་ཁོ་ནར་རོ་ཞེས་པས་དོན་དམ་པར་སེམས་བསྐྱེད་པ་ལ་སོགས་པ་རྣམས་ཁྱད་པར་དང་བཅས་པས་མ་ཡིན་ལ་ཁྱད་པར་མེད་པ་ཡང་མ་ཡིན་ནོ། །གང་འཕགས་པ་ ས་བཅུ་པའི་མདོར་གསུངས་པ། ཀྱེ་རྒྱལ་བའི་སྲས་རྣམས་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་པ་དེ་ནི་མདོ་གཞན་རྣམས་སུ་རྒྱས་པ་དང་བཅས་པར་རང་བཞིན་མེད་པ་ཉིད་བསྟན་པའི་ཕྱིར་དོན་དམ་པ་པ་ཉིད་དུ་མི་གཟུང་གི་སེམས་ཙམ་ཉིད་དུ་བསྟན་པ་དེ་ནི་རིམ་གྱིས་དོན་དམ་པའི་ཚུལ་ གྱིས་རྒྱ་མཚོ་ལ་ཞུགས་པའི་ཆེད་འབའ་ཞིག་ཏུ་ཟད་དོ་ཞེས་ཟུང་ཤིག །དེ་ལྟར་ནི་གང་ལན་གཅིག་ལ་ཆོས་མ་ལུས་པར་རང་བཞིན་མེད་པར་རྟོགས་པར་མི་ནུས་པ་དེ་རེ་ཞིག་སེམས་ཙམ་ཉིད་ལ་བརྟེན་ནས་རིམ་གྱིས་ཕྱིའི་དོན་རང་བཞིན་མེད་པ་ཉིད་ལ་འཇུག་གོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ལྟར་རྣམ་ པར་ལྟ་རྣམས་ཀྱི། །གཟུང་དང་འཛིན་པ་འགག་པར་འགྱུར། །ཞེས་སོ། །དེའི་འོག་ཏུ་རིམ་གྱིས་སེམས་ཙམ་གྱི་རང་བཞིན་ལ་སོ་སོར་རྟོག་པ་ན་དེ་ཡང་བདག་ཉིད་པ་ཉིད་དུ་ཁོང་དུ་ཆུད་ནས་ཟབ་མོའི་ཚུལ་ལ་འཇུག་པར་འགྱུར་རོ། །ཀུན་རྫོབ་ཏུ་རྣམ་པར་ཤེས་པ་བཞིན་དུ་ཕྱིའི་དོན་ཡང་གནས་ ཏེ། གཞན་དུ་ན་འཕགས་པ་ས་བཅུ་པར། ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་རྡུལ་ཕྲ་རབ་ཀྱི་གྲངས་ལ་སོགས་པ་ཡོངས་སུ་ཤེས་པར་གསུངས་པ་དེ་དང་འགལ་ཏེ། ཇི་སྐད་དུ་གསུངས་པ། དེ་རྡུལ་ཕྲ་མོ་ཉིད་ཀྱང་རབ་ཏུ་ཤེས་ལ་ཆེན་པོར་གྱུར་པ་དང་ཚད་མེད་པ་ཉིད་དང་རྣམ་ པར་ཕྱེ་བ་ཉིད་ཀྱང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་གང་ན་སའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་རྣམས་ཀྱང་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཀྱང་རབ་ཏུ་ཤེས་སོ་ཞེས་རྒྱ་ཆེར་རོ། །གྲགས་པ་དང་ཡང་འགལ་ཏེ་རྣམ་པར་ཤེས་པ་བཞིན་དུ་ཕྱི་རོལ་གྱི་དོན་ཡང་ གྲགས་པའི་ཕྱིར་རོ། །རིགས་པས་དཔྱད་ན་ནི་གཉིས་ཀ་ཡང་བརྟག་མི་བཟོད་པ་ཉིད་ཀྱིས་དངོས་པོར་མེད་དོ། །ཐ་སྙད་ཀྱི་བདེན་པ་ལ་དངོས་པོ་གཉིས་ཀའང་བ་ལང་རྫི་བོའི་བར་ལ་གྲགས་པ་ཉིད་དོ། །སེམས་ཙམ་དུ་གསུངས་པའི་འབྲས་བུ་ནི་གཞན་གྱིས་ཀུན་བརྟགས་པའི་བྱེད་པ་པོ་དང་ཟ་བ་པོ་དགག་པ་སྟེ་ཐ་སྙད་དུ་ཡང་སེམས་ མ་གཏོགས་པ་གཞན་བྱེད་པ་པོ་ལ་སོགས་པ་མ་གྲུབ་པའི་ཕྱིར་རོ། །ཡང་ན་སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ལ་ལྟོས་ནས་སེམས་གཙོ་བོར་སྒྲུབ་པའི་དོན་དུའོ། །གང་གསུངས་པ། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཞེས་པ་དང་། དེ་བཞིན་དུ། བག་ཆགས་ཀྱིས་ནི་དཀྲུགས་པའི་ སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །ཞེས་པ་ལ་སོགས་པ་དེར་ཡང་རྣམ་པ་མེད་པའི་སེམས་ཀྱིས་ཇི་ལྟར་ཡང་ཡུལ་འཛིན་པ་མི་རུང་བའི་ཕྱིར་གདོན་མི་ཟ་བར་དེ་རྣམ་པ་དང་བཅས་པ་ཁོ་ནར་ཁས་བླང་བར་བྱའོ། །དེའི་ཕྱིར་སེམས་ཀྱི་རྣམ་པ་མ་གཏོགས་པ་དོན་གྱི་རྣམ་པ་མི་སྣང་བའི་ཕྱིར་དེ་བཀག་པས་སེམས་རྣམ་ པ་དང་བཅས་པ་ཁོ་ན་སྒྲུབ་པ་འབའ་ཞིག་སྟེ། དེ་ལས་ཕྱི་རོལ་གྱི་དོན་མེད་པར་རྟོགས་པ་ནི་མ་ཡིན་ནོ། །དེ་ཡང་ན་གང་བདག་ཡོད་པ་ཉིད་ལ་སོགས་པ་བསྟན་པ་བཞིན་དུ་དེ་ལྟ་བུས་འདུལ་བའི་སྐྱེ་བོ་ལ་ལྟོས་ནས་བཅོམ་ལྡན་འདས་ཀྱིས་བསྟན་པའོ། །དེ་སྐད་དུ་ཡང་། ལང་ཀར་གཤེགས་པར་གསུངས་པ། ནད་པ་ དང་ནི་ནད་པ་ལ། །སྨན་པས་རྫས་བྱིན་ཇི་ལྟ་བར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་ཉིད་དུ་གསུངས་པ་ཡིན། །ཞེས་སོ། །གཞན་རྣམས་སླུ་བར་གསུངས་པ་ཡང་མ་ཡིན་ཏེ་དེ་ལྟ་བུས་གདུལ་བའི་སྐྱེ་བོ་ལ་ཕན་པ་དང་བདེ་བ་ཐོབ་པར་བྱེད་པས་བསྟན་པ་འབྲས་བུ་ཡོད་པ་ཉིད་ཀྱི་ཕྱིར་རོ། ། ཕ་རོལ་ལ་གཅིག་ཏུ་ཕན་པ་ཁོ་ན་བདེན་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་རྣམས་བརྫུན་གསུང་བ་ཡང་མི་མངའ་སྟེ། ཇི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། གཞན་ལ་གཅིག་ཏུ་ཕན་པ་བདེན། །མི་ཕན་ཉིད་ཕྱིར་ཅིག་ཤོས་བརྫུན། །ཞེས་སོ། །གཞན་རྣམས་ན་རེ་སེམས་ཙམ་ཁོ་ན་རང་གིས་རབ་ཏུ་ གྲུབ་པའི་ངོ་བོ་ཅན་ཉིད་ཀྱི་ཕྱིར་ཀུན་རྫོབ་ཏུ་གནས་ལ། ཕྱི་རོལ་གྱི་དོན་ནི་ཀུན་རྫོབ་ཏུ་ཡང་མི་གནས་ཏེ། སེམས་ཀྱི་རྣམ་པ་མ་གཏོགས་པ་དེ་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་དེ་རབ་ཏུ་བསྟན་པའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་སེམས་ཙམ་ཉིད་དུ་བསྟན་ཏོ་ཞེས་གསུང་ངོ་། །དེ་ལྟར་ཀུན་རྫོབ་ཏུ་ཕྱི་ རོལ་གྱི་དོན་ནམ། རྣམ་པར་རིག་པ་ཙམ་ཉིད་ཡིན་ཡང་བླ་སྟེ་ཐེ་ཚོམ་མེད་པར་དངོས་པོའི་ངོ་བོ་ཉིད་ཡང་དག་པ་སྒྲུབ་པ་གང་ཡིད་ཆེས་པ་དེ་ལྟ་བུའི་བཀའ་རྣམ་པ་ཐམས་ཅད་དུ་མེད་དོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་ཚུལ་ཡང་དག་པ་མ་གཏོགས་པ་བརྫུན་པའི་མངོན་པའི་ང་རྒྱལ་ཅན་དངོས་ པོའི་རང་བཞིན་ཉེ་བར་རྟོགས་པ་རྣམས་ནི་བཅོམ་ལྡན་འདས་ལ་སྐུར་པར་བྱེད་སྨོད་པར་བྱེད་པ་སྟེ་བདག་ཉིད་ཕུང་ལ་གཞན་ཡང་ཕུང་དུ་འཇུག་པའོ། །དངོས་པོར་སྨྲ་བ་དེ་རྣམས་ཐམས་ཅད་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་ལོག་ཏུ་སྟོན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཁོ་ན་ཉེ་བར་སྟོན་པའོ། །ཆོས་ ཐམས་ཅད་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ནི་ཕྱིན་ཅི་ལོག་པ་ཁོ་ནའོ། །དེའི་ཕྱིར་བློ་གྲོས་དང་ལྡན་པས། དད་པས་ཆོས་ཟབ་མོ་རྣམས་སྤང་བའི་ལྟ་བ་བོར་ཏེ། དེ་ལ་ཡང་བཅོམ་ལྡན་འདས་ཁོ་ན་ཚད་མར་བྱས་ན་བདག་ཉིད་མི་ཤེས་པའི་སྐྱོན་གྱིས་དེ་མ་རྟོགས་པར་བསམས་ཤིང་མདོ་སྡེ་ཟབ་མོ་རྣམས་ལ་ལྷག་ པར་མོས་པ་བསྐྱེད་དེ། མཉན་པ་དང་གཟུང་བ་དང་བསྒོམ་པ་ལ་སོགས་པ་རྣམས་ལ་མངོན་པར་བརྩོན་པར་བྱའོ། །གཞན་རྣམས་ཀྱང་ཡང་དག་པར་ལེན་དུ་གཞུག་གོ། །བདག་ཉིད་དེ་ལ་མོས་པའི་ཆེད་དུ་སྨོན་ལམ་ཡང་གདབ་པར་བྱའོ། །དེ་ལྟར་ནི་དེ་བཞིན་གཤེགས་པ་ཁོ་ན་མངོན་སུམ་ཚད་མ་འབའ་ཞིག་ གོ། །དེ་རྣམས་ཀྱིས་དངོས་པོ་ཡང་དག་པར་ཅུང་ཟད་ཀྱང་མ་དམིགས་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གསུངས་པ། ཡང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་མཐོང་བ་གང་ཞེ་ན་གང་འདི་མཐོང་བ་མེད་པའོ་ཞེས་སོ། །འཕགས་པ་ཆོས་ཡང་དག་པར་སྡུད་པར་ཡང་གསུངས་པ། ཆོས་ཐམས་ཅད་མཐོང་བ་མེད་པ་ནི་མཐོང་བ་དམ་པའོ་ཞེས་སོ། །འོ་ན་ཆོས་ཐམས་ཅད་བདག་མེད་པ་ཉིད་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་ཇི་ལྟར་ཡིན་ཏེ་དེ་ནི་དངོས་པོར་མེད་ལ་དངོས་པོ་མེད་པར་ཡང་ཇི་ལྟར་ཡང་རྣམ་པར་ཤེས་པ་མི་བསྐྱེད་པའི་ཕྱིར་རོ་ཞེ་ན། འདི་ནི་མི་རིགས་ཏེ་ཁོ་བོ་ཅག་གིས་རི་བོང་གི་རྭ་ལ་ སོགས་པ་དང་འདྲ་བའི་དངོས་པོ་མེད་པ་འབའ་ཞིག་མངོན་སུམ་གྱིས་ཤེས་པ་སོ་སོར་སྐྱེད་པར་བྱེད་པར་ནི་ཁས་མི་ལེན་གྱི། འོན་ཀྱང་རྣལ་འབྱོར་པ་ཆེན་པོ་ཆོས་ཐམས་ཅད་སྨིག་རྒྱུ་དང་མིག་ཡོར་ལྟར་ཇི་ལྟ་བ་བཞིན་སྒོམ་པར་བྱེད་པ་རྣམས་ཀྱིས་ཡང་དག་པའི་དོན་བསྒོམ་པ་རབ་ཀྱི་མཐའ་ལས་བྱུང་བའི་ཏིང་ངེ་ འཛིན་ཐོབ་ལ་མཐུ་ཕུལ་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རྣལ་འབྱོར་པ་དེ་རྣམས་ལ་ཆོས་མ་ལུས་པ་བདག་མེད་པའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་ཤིན་ཏུ་གསལ་བའི་ཡེ་ཤེས་རྣམ་པ་དེ་ལྟ་བུ་ཉེ་བར་སྐྱེ་སྟེ། དེ་ཉིད་མཐོང་བ་མེད་པར་བརྗོད་ཀྱི་མེད་པར་དགག་པའི་ངོ་བོ་མ་ཡིན་ནོ། །དེ་སྐད་དུ་ ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཉེ་བར་བསྟན་པར་བྱ་སྟེ་མཐོང་བྱ་དང་མཐོང་བྱ་མིན་པའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་རོ་ཞེས་སོ། །དེ་ལྟར་མཐོང་བྱའི་མཚན་ཉིད་ཅན་ནི་ཐ་སྙད་དུའོ། །མཐོང་བྱ་མིན་པའི་མཚན་ཉིད་ནི་དོན་དམ་པ་ཁོ་ ནར་རོ་ཞེས་པ་མདོའི་དོན་ནོ། །འདི་ཁོ་ན་ལ་དགོངས་ནས་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། སྲིད་པ་དང་ནི་མྱང་འདས་ཉིད། །གཉིས་འདི་ཡོད་པ་མ་ཡིན་ཏེ། །སྲིད་པ་ཡོངས་སུ་ཤེས་ཁོ་ན། །མྱ་ངན་འདས་པ་ཞེས་པར་བརྗོད། །ཅེས་སོ། །གལ་ཏེ་ཡང་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་ མེད་པ་རོ་གཅིག་པ་ཉིད་ཀྱིས་མངོན་སུམ་ཡང་དོན་དམ་པར་རང་བཞིན་མེད་མོད། དེ་ལྟ་མོད་ཀྱི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པ་མངོན་སུམ་ལ་སོགས་པ་རྣམ་པར་གཞག་པ་ཐམས་ཅད་མི་འཁྲུག་གོ། །ཐ་སྙད་དུ་རྣལ་འབྱོར་པའི་ཤེས་པའམ་གཞན་སོ་སོའི་སྐྱེ་བོའི་ཤེས་པ་ནི་འཕགས་པའི་གང་ཟག་ལ་སོགས་པ་ རྣམ་པར་གཞག་པའི་རྒྱུར་མི་འདོད་པ་མ་ཡིན་གྱི། འོན་ཀྱང་གང་ཐམས་ཅད་ཀྱི་ཚེ་ཀུན་རྫོབ་ཏུ་ཡང་རྒྱུ་མེད་པ་དེ་ཁོ་ན་ཐ་སྙད་དུ་ཡང་མི་སྐྱེ་བ་ཁོ་ན་སྟེ་རི་བོང་གི་རྭ་ལ་སོགས་པའོ། །གང་ཡོད་པ་དེ་ནི་སྐྱེ་སྟེ་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པའོ། །དེ་ལ་ཇི་ལྟར་སྔགས་དང་སྨན་ལ་སོགས་པ་ཚོགས་པའི་དབང་གིས་ གླང་པོ་ལ་སོགས་པ་སྣ་ཚོགས་པའི་སྒྱུ་མ་རབ་ཏུ་འཇུག་པ་དེ་བཞིན་དུ། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ལས་ཀྱི་དབང་གིས་སྐྱེ་བ་ལ་སོགས་པའི་སྒྱུ་མ་དང་། རྣལ་འབྱོར་པ་རྣམས་ཀྱི་ཡང་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་གིས་རྣལ་འབྱོར་པའི་ཡེ་ཤེས་ལ་སོགས་པའི་སྒྱུ་མ་རབ་ཏུ་ འཇུག་པ་ཁོ་ནའོ། །དེ་རྣམས་ཀྱང་སྒྱུ་མ་མཁན་བཞིན་དུ་སྒྱུ་མ་དེ་རྣམས་ཡང་དག་པ་ཇི་ལྟ་བར་ཡོངས་སུ་ཤེས་པའི་ཕྱིར་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་མེད་ཅིང་གཞན་གྱི་དོན་དུ་གོ་ཆ་ཡང་གྱོན་ཏེ་ཇི་སྐད་དུ་ཆོས་ཡང་དག་པར་སྡུད་པར་གསུངས་པ། རྫོགས་པའི་བྱང་ཆུབ་མཁས་རྣམས་ཀྱིས། །འགྲོ་བ་དེ་ལྟར་སྔ་ ནས་ཤེས། །སྲིད་གསུམ་སྤྲུལ་པ་ལྟར་ཤེས་ཏེ། །འགྲོ་བའི་དོན་དུ་གོ་ཆ་གྱོན། །ཞེས་སོ། །གང་སྐྱེ་བ་ལ་སོགས་པའི་སྒྱུ་མ་དེ་ལ་བྱིས་པའི་སྐྱེ་བོ་རྟོག་པ་ཅན་ལྟ་བུར་ཇི་ལྟར་མཐོང་བ་བཞིན་བདེན་པར་མངོན་པར་ཞེན་པ་དེ་རྣམས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་བྱིས་པ་རྣམས་སུ་བརྗོད་དོ། །འདི་རྣལ་ འབྱོར་པའི་མངོན་སུམ་གྱིས་ཡང་དག་པར་རྟོགས་པར་བྱའོ་ཞེས་པ་དེ་ཡང་རིགས་པ་མེད་པ་མ་ཡིན་ཏེ་དེ་ལྟར་ནི་མཁས་པ་རྣམས་ཀྱིས། མངོན་སུམ་རྟོག་བྲལ་མ་འཁྲུལ་པ། །ཞེས་མངོན་སུམ་གྱི་མཚན་ཉིད་བཤད་ལ། གོམས་པའི་སྟོབས་ལས་ཡང་དག་པ་མ་ཡིན་པའི་དོན་ལ་ཡང་ཤེས་པ་ཤིན་ཏུ་གསལ་བ་ ཁོ་ནར་སྐྱེ་སྟེ། དཔེར་ན་འདོད་པ་དང་མྱ་ངན་དང་འཇིགས་པ་དང་སྨྱོས་པ་ལ་སོགས་པ་རྣམས་ཀྱིས་ཉེ་བར་བསླད་པ་རྣམས་ལ་ཤིན་ཏུ་གོམས་པ་མང་དུ་བྱས་པ་ལས་བུད་མེད་ལ་སོགས་པ་སོ་སོར་སྣང་བའི་ཤེས་པ་ཤིན་ཏུ་གསལ་བ་སྐྱེ་སྟེ། གང་གི་ཕྱིར་དེ་རྣམས་ཀྱིས་དེ་རྣམས་མདུན་ན་ཡོད་པ་ལྟར་མཐོང་ནས་ལུས་ ལ་སོགས་པའི་བྱ་བ་བབ་ཆོལ་རྣམ་པ་དུ་མ་རྩོམ་པ་ལྟ་བུའོ། །དེའི་ཕྱིར་ཇི་སྐད་བཤད་པ་དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་ཁ་ཅིག་ཀྱང་དེ་ལ་ཤེས་པ་ཤིན་ཏུ་གསལ་བ་སྐྱེ་བ་ཉིད་དོ་ཞེས་པ་སྲིད་དོ། །གང་གསལ་བར་སྣང་བའི་ཤེས་པ་དེ་ཡང་རྟོག་པ་མེད་པ་ཁོ་ན་སྟེ། རྟོག་པས་འཁྲུགས་པ་ལ་གསལ་བའི་རྣམ་པ་ཉིད་ དུ་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་ཚད་མ་རྣམ་འགྲེལ་ལ་སོགས་པར་རྒྱས་པར་བྱས་སོ། །མངོན་སུམ་རྣམ་པ་གཉིས་སུ་ཡང་སློབ་དཔོན་རྣམས་ཀྱིས་རྣམ་པར་ཕྱེ་སྟེ། རྣལ་འབྱོར་པ་རྣམས་ཀྱི་དང་། ཅིག་ཤོས་རྣམས་ཀྱིའོ། །དེ་ལ་གང་ཅིག་ཤོས་རྣམས་ཀྱི་མངོན་སུམ་དེ་ནི་དོན་དམ་པའི་ དབང་དུ་བྱས་ནས་མ་འཁྲུལ་པར་མི་བརྗོད་དེ། །གཞན་དུ་ན་ནི་ཐམས་ཅད་རྣལ་འབྱོར་པ་ཁོ་ནར་འགྱུར་གྱི་ཚུ་རོལ་མཐོང་བར་མི་འགྱུར་རོ། །ཐ་སྙད་དུ་རྨི་ལམ་ལ་སོགས་པ་བཞིན་ཇི་ལྟར་གྲགས་པའི་དོན་ལ་མི་སླུ་བ་ཙམ་ལ་དེ་མ་འཁྲུལ་པར་བརྗོད་པ་འབའ་ཞིག་གོ། །གང་ཡང་ཉན་ཐོས་ལ་སོགས་པའི་ རྣལ་འབྱོར་པའི་མངོན་སུམ་དེ་ནི་གང་ཟག་ལ་བདག་མེད་པ་ཉིད་ཙམ་མངོན་དུ་བྱེད་པར་ཞུགས་པ་ཉིད་ཀྱི་ཕྱིར། དེ་ལ་མི་སླུ་བ་ཉིད་ཀྱིས་མངོན་སུམ་ཚད་མ་སྟེ། རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྤྱོད་ཡུལ་ཅན་ནི་མ་ཡིན་ནོ། །གང་བཅོམ་ལྡན་འདས་རྣམས་ཁོ་ནའི་མངོན་སུམ་དེ་རྣམ་པ་ཐམས་ཅད་ཀྱི་དེ་ ཁོ་ན་ཉིད་ཀྱི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། དངོས་སུ་ན་དེ་ཁོ་ན་མི་སླུ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་མ་འཁྲུལ་བ་སྟེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མཚན་ཉིད་མེད་པར་རབ་ཏུ་མཁྱེན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དངོས་པོ་ཉིད་དུ་ ཐལ་བ་ཡང་མ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་དེ་རྣམས་ཀྱིས་མཚན་ཉིད་མེད་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པར་གསུངས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་ ཅན་ཏེ། དེ་ཡང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པ་ཞེས་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་སོ། །དེ་ལ་ཐ་སྙད་པའི་མངོན་སུམ་གྱི་སྤྱོད་ཡུལ་གྱི་དོན་རྨི་ལམ་ལ་སོགས་པ་བཞིན་དུ་བརྫུན་པར་སྣང་བ་ལ་ཡང་གང་བྱིས་པ་རྣམས་ཀྱིས་དངོས་པོ་པ་དོན་དམ་པ་པའི་ངོ་བོ་ལ་སོགས་པར་སྒྲོ་བཏགས་ པ་དེ་ལ་རྗེས་སུ་དཔག་པས་གནོད་ལ། དེ་ལ་གནོད་ན་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པ་ཉིད་དུ་འགྲུབ་བོ། །དེ་ལ་གནོད་པས་གྲུབ་པའི་དོན་ཡང་རྗེས་སུ་དཔག་པའི་ཚད་མར་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཁོ་ན་སྟེ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པར། གང་ཞིག་རྐྱེན་ལས་སྐྱེས་ པ་དེ་མ་སྐྱེ། །དེ་ཡི་སྐྱེ་བ་རང་བཞིན་ལས་ཡོད་མིན། །གང་ཞིག་རྐྱེན་གྱི་དབང་དེ་སྟོང་པར་བརྗོད། །གང་ཞིག་སྟོང་པར་ཤེས་དེ་བག་ཡོད་པའོ། །ཞེས་སོ། །བློ་གྲོས་རྒྱ་མཚོ་ལ་བསྟན་པར་ཡང་། གང་རྣམས་རྟེན་ཅིང་འབྲེལ་པར་འབྱུང་། །དེ་རྣམས་རང་བཞིན་ཅུང་ཟད་མེད། །གང་རྣམས་རང་བཞིན་ལས་ མེད་པ། །དེ་རྣམས་གང་དུའང་མི་འབྱུང་ངོ་། །ཞེས་སོ། །དེ་བཞིན་དུ། དཔེར་ན་མེ་ལོང་ཉིད་ལ་ནི། །གཅིག་དང་གཞན་ཉིད་སྤངས་པའི་གཟུགས། །སྣང་ཡང་དེ་ནི་ཡོད་མ་ཡིན། །དེ་བཞིན་དངོས་ལ་རང་བཞིན་ཉིད། །ཅེས་སོ། །འཕགས་པས་ཀྱང་དབུ་མའི་བསྟན་བཅོས་སུ་གསུངས་པ། གང་ ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་རྣམས་སྟོང་པ་ཉིད་དུ་སྨྲ། །དེ་ནི་རྟེན་ནས་བཏགས་པའོ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །སློབ་དཔོན་གྱིས་ཀྱང་གསུངས་པ། གང་གིས་དངོས་རྣམས་རྣམ་དཔྱད་ན། །དེ་ཉིད་དུ་ནི་དེ་དངོས་མེད། །གང་གི་ཕྱིར་ན་དེ་རྣམས་ལ། གཅིག་དང་དུ་མའི་རང་ བཞིན་མེད། །ཅེས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གཅིག་དང་དུ་མའི་ངོ་བོ་དང་བྲལ་བ་ཉིད་ཀྱི་གཏན་ཚིགས་འདི་དག་གི། གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་དོན་དམ་པར་རང་བཞིན་སྟོང་པ་སྟེ་སྒྱུ་མ་བཞིན་ཆོས་ཐམས་ཅད་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའོ། །གང་དོན་དམ་པར་གཅིག་དང་དུ་ མའི་རང་བཞིན་དང་བྲལ་བ་དེ་རང་བཞིན་མེད་དེ་གཟུགས་བརྙན་བཞིན། ཆོས་ཐམས་ཅད་ཀྱང་དོན་དམ་པར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའོ་ཞེས་སོ། །སྦྱོར་བ་གཉིས་ཀྱི་གཞུང་ནི་རྟོག་གེའི་བྱ་བ་མི་ཤེས་པ་རྣམས་ཀྱིས་མི་རྟོགས་པའི་ཕྱིར་མི་ཉན་པར་དོགས་པས་འདིར་རྒྱས་པར་མ་བྱས་ སོ། །མདོར་བསྡུས་པ་ནི་ཁོ་བོས་དབུ་མའི་སྙེ་མར་ཕུལ་དུ་བྱུང་བར་རྣམ་པར་བཤད་དོ། །དེ་ལས་མཁས་པ་རྣམས་ཀྱིས་རྟོགས་པར་བྱའོ། །གལ་ཏེ་ཡང་རྗེས་དཔག་འདི་ཐ་སྙད་དུ་མངོན་སུམ་ཁོ་ན་ལས་འབྲེལ་པ་ཐོབ་ནས་གནས་ཐོབ་པར་གྱུར་མོད་ཤིང་གཉིས་དྲུད་པ་ལས་སྐྱེས་པའི་མེ་བཞིན་དུ་མངོན་སུམ་ དེ་ཉིད་ལ་གནོད་པ་བྱེད་དེ། ངོ་བོ་ཉིད་ལ་གནོད་མོད། ཁོ་བོ་ཅག་ལ་མི་འདོད་པ་ཅི་ཡང་མེད་དོ། །རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་མེས་བརྫུན་པའི་ཆོས་ཀྱི་བུད་ཤིང་འདི་ཐམས་ཅད་བསྲེགས་ནས་རྣམ་པར་འབྱེད་པའི་མེ་རབ་ཏུ་ཞི་བས་ནི་མྱ་ངན་ལས་འདས་པའི་མཆོག་རྟོག་པ་ཉེ་བར་ཞི་བའི་མཚན་ཉིད་ ཅན་རྟོགས་པར་འགྱུར་ཏེ། དེ་སྐད་དུ་ཡང་རྒྱལ་པོའི་རིན་ཆེན་ཕྲེང་བར། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཉིད་དུ་འདོད། །དེ་རྣམས་ཇི་བཞིན་རྣམ་དཔྱོད་པའི། །མེ་ཡིས་བསྲེགས་ན་ཉེར་ཞིར་འགྱུར། །ཞེས་སོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་ ན། གལ་ཏེ་ཡང་རྗེས་སུ་དཔག་པའི་མཚན་ཉིད་ཀྱི་རྟོག་པ་ལྡོག་སྟེ་རྟེན་མེད་མོད། དེ་ལྟ་མོད་ཀྱི་མི་འདོད་པ་མེད་དོ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་དཀོན་མཆོག་བརྩེགས་པར། ཡང་དག་པར་སོ་སོར་རྟོག་པ་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཡིན་ན་ཡང་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ ཤེས་བསྐྱེད་པ་ཉིད་ཀྱིས་འབྲས་བུ་ཆེན་པོ་ཉིད་དུ་ཤིང་གཉིས་དྲུད་པ་ལས་སྐྱེས་པའི་མེའི་དཔེས་བསྟན་ཏོ། །གང་ཞིག་གལ་ཏེ་རྣམ་པར་ཤེས་པ་ཡང་ཆོས་གཞན་བཞིན་དུ་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ན། དེའི་ཚེ་དེ་ནི་བརྫུན་པའི་ཕྱིར་རྣལ་འབྱོར་པ་རྣམས་དེ་ལས་གཞན་པའི་ཆོས་ལྟར་སྤོང་བར་བྱེད་པར་ འགྱུར་རོ། །དེ་བྱེད་ན་ཡང་རྣལ་འབྱོར་པ་ཡང་མེད། རྣལ་འབྱོར་པའི་ཤེས་པ་ཡང་མེད། དེས་དེ་ཁོ་ན་ཉིད་སོ་སོར་རིག་པ་ཡང་མེད་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ཡང་མེད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱང་མེད་དེ། དེའི་ཕྱིར་རྣམ་པར་ གཞག་པ་ཐམས་ཅད་བཤིག་པར་འགྱུར་རོ་ཞེས་རྒོལ་བ་དེ་ནི་མི་རིགས་ཏེ། གལ་ཏེ་དེ་བདེན་པར་མངོན་པར་ཞེན་པ་སྤོང་བར་ཐལ་ལོ་ཞེ་ན། དེ་ནི་ཐལ་བ་མ་ཡིན་ཏེ་དེ་ལྟར་འདོད་པའི་ཕྱིར་རོ། །འོན་ཏེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྤོང་བར་ཐལ་བར་བྱེད་ན་ནི་དེའི་ཚེ་གཏན་ཚིགས་མ་ངེས་པ་ཉིད་དེ་བསྒྲུབ་བྱ་ ལས་བཟློག་ན་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ། །བརྫུན་ཞེས་ཏེ་དེ་རྣམས་ཐམས་ཅད་དུ་སྤང་བར་བྱའོ་ཞེས་པ་འདི་ལ་རྒྱུ་ཅི་ཡང་མེད་དེ་བརྫུན་པ་གང་ནམ་ཡང་རང་དང་གཞན་གྱི་དོན་དུ་སྦྱོར་བ་མི་འགྱུར་བ་དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་ཐམས་ཅད་ཡོངས་སུ་དོར་བའི་མཚན་ཉིད་དུ་སྤང་བར་བྱའོ། ། གང་ཡང་དངོས་དང་བརྒྱུད་པས་རང་དང་གཞན་ལ་ཉེ་བར་མཁོ་བའི་ཡོན་ཏན་དེ་རྣམས་བརྩེ་བ་ཆེན་པོ་རྣམས་ཀྱིས་ཅི་ལྟར་དུས་ཐམས་ཅད་དུ་སྤང་། དེའི་ཕྱིར་ཞིང་ཡོངས་སུ་དག་པ་དང་གཟུགས་ཀྱི་སྐུ་སྤྲུལ་པ་ལ་སོགས་པ་གང་ཅུང་ཟད་དེ་ཐམས་ཅད་བཅོམ་ལྡན་འདས་རྣམས་ཀྱིས་ཕྱིན་ཅི་ལོག་ སྤངས་པའི་སྒོ་ནས་སྤངས་ཀྱང་འཁོར་བ་ཇི་སྲིད་པར་མི་ལྡོག་པ་ཁོ་ན་སྟེ་དེ་རྣམས་སྒྱུ་མ་མཁན་བཞིན་དུ་ཐམས་ཅད་བརྫུན་པ་ཉིད་དུ་ཐུགས་སུ་ཆུད་ཀྱང་གཞན་ལ་ཕན་པའི་ཐབས་ཉིད་ཡིན་པའི་ཕྱིར་མི་ལྡོག །འདི་རྣམས་ལ་ཕྱིན་ཅི་ལོག་ཏུ་ཆགས་པ་ཡང་མེད་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ པའི་ཕྱིར་རོ། །དངོས་པོ་ཁོ་ན་ནི་བླང་བའི་རྒྱུ་ཡང་མ་ཡིན་ལ་དངོས་པོ་མེད་པ་ཉིད་ཡོངས་སུ་དོར་བའི་རྒྱུ་ཡང་མ་ཡིན་ཏེ། དེ་ལྟར་ནི་ཉན་ཐོས་དངོས་པོ་འདུ་ཤེས་ཅན་རྣམས་ཀྱང་བདེན་པ་དང་པོ་གཉིས་སྤོང་ལ་བདེན་པ་གསུམ་པ་དངོས་པོར་མེད་ཀྱང་ལེན་ཏོ། །རྣལ་འབྱོར་པ་རྣམས་ཀྱང་བརྩེ་བས་ནོན་ པའི་ཡིད་ཀྱིས་གཞན་གྱི་དོན་གྱི་ཆེད་དུ་གླང་པོ་ཆེ་ལ་སོགས་པའི་བརྫུན་པའི་འང་སྤྲུལ་པ་རྣམ་པ་སྣ་ཚོགས་སྒྲུབ་པོ། །དེ་བཞིན་དུ་བརྩེ་བ་ཆེན་པོའི་གཞན་གྱི་དབང་ཉིད་ཀྱིས་བཅོམ་ལྡན་འདས་གཞན་ལ་ཕན་པ་དང་བདེ་བ་སྒྲུབ་པའི་ཐབས་མ་ལུས་པ་མཁྱེན་པ་ཤེས་རབ་ཀྱི་སྣང་བ་ཕུལ་དུ་ཕྱིན་པས་ཀུན་དུ་རྨོངས་ པའི་མུན་པ་མ་ལུས་པ་རབ་ཏུ་བསལ་བ་གཞན་ལ་ཕན་པར་བཞེད་པ་རྣམས་ནི། ཕྱིན་ཅི་ལོག་མ་ལུས་པ་སྤངས་ན་ཡང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་ལས་དང་ཉོན་མོངས་པ་དང་ནམ་མཁའི་མཐར་ཐུག་པའི་བར་དུ་བཞུགས་པར་འདོད་པ་ཁོ་ནའོ། །འཛམ་བུའི་གླིང་དུ་ཡང་ཤཱཀྱ་ཐུབ་པའི་ གཟུགས་ཀྱིས་གདུལ་བྱ་མི་སྲིད་ན་ཡང་འཁོར་ལོ་སྡོམ་པ་ལ་སོགས་པའི་གཟུགས་ཀྱིས་ད་ལྟ་ཡང་བཞུགས་པ་ཉིད་དེ། བཅོམ་ལྡན་འདས་བསྐལ་པ་མི་ཉུང་བར་དགེ་བའི་ཚོགས་བསགས་པ་དང་ལྡན་པ་ཟབ་མོའི་ཚུལ་ལ་གདུལ་བའི་སྐལ་བ་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་དུ་སྣང་ཞིང་ཆོས་སྟོན་ ཏོ། །མཐའ་མེད་པའི་ཕྱིར་སེམས་ཅན་ཐམས་ཅད་འདོན་པ་མི་སྲིད་དོ་ཞེ་ན། དེ་ཉིད་ཀྱི་ཕྱིར་དེའི་བསམ་པ་བརྩེ་བའི་རང་བཞིན་མཐའ་མེད་པ་ཁོ་ནར་བཞུགས་པའོ། །གཞན་དུ་ན་དམ་བཅས་པ་དང་མཐུན་པར་གནས་པར་མི་འགྱུར་ཏེ། དེ་རྣམས་ཀྱིས་དང་པོ་སེམས་བསྐྱེད་པ་ཁོ་ན་ནས་སེམས་ཅན་ཐམས་ ཅད་ཤིན་ཏུ་སྡུག་བསྔལ་བ་ལས་ངེས་པར་གྲོལ་བར་དམ་བཅས་སོ། །དེ་ལ་རྣལ་འབྱོར་པའི་ཡེ་ཤེས་ལ་སོགས་པའི་སྒྱུ་མའི་རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རང་ཉིད་ཇི་ལྟ་བའི་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་རྣམས་ཀྱི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་མདོར་ན་ཐུགས་རྗེ་དང་ ཤེས་རབ་དག་སྟེ། དེ་རྣམས་ནི་ཐུགས་རྗེས་མྱ་ངན་ལས་འདས་པ་མཐའ་གཅིག་ཏུ་ཞི་བར་མཁྱེན་ཡང་ཉན་ཐོས་ལ་སོགས་པ་བཞིན་མངོན་དུ་མི་མཛད་ལ་ཤེས་རབ་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པ་མ་ལུས་པའི་རྒྱུ་ཀུན་དུ་རྨོངས་པའི་གོ་སྐབས་ཐག་བསྲིངས་པར་བྱས་པའི་ཕྱིར་སྲིད་པར་ གཏོགས་པའི་སྐྱོན་གྱི་དྲི་མས་མ་གོས་པར་འཁོར་བར་མི་ལྟུང་ངོ་ཞེས་པ་འདི་རྣམས་གཉིས་ཀས་མི་གནས་པར་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་འབྱུང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་དུ་བརྗོད་དོ། །ཇི་ལྟ་བ་བཞིན་དུ་འཇིག་རྟེན་ཡང་སྣང་བ་དང་བཅས་པ་ལ་སོགས་ པའི་ཡེ་ཤེས་ཀྱིས་གཟིགས་པ་དེ་ཡང་ཀུན་རྫོབ་དང་དོན་དམ་པའི་རྣམ་པས་ཇི་ལྟར་སྣང་བ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་མངོན་སུམ་ཁོ་ནར་དངོས་པོ་སྐྱེས་པ་མ་ལུས་པ་རྣམ་པ་ཐམས་ཅད་དུ་ལག་མཐིལ་གྱི་སྐྱུ་རུ་རའི་འབྲས་བུ་བཞིན་དུ་གསལ་བར་མཁྱེན་ཏེ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ནུས་པ་བསམ་གྱིས་ མི་ཁྱབ་པ་ཅན་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རྣམ་པར་གཞག་གོ། །གང་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་མ་ལུས་པ་སྣང་བ་མེད་པ་ཡང་དག་པའི་དོན་སྒོམ་པ་རབ་ཀྱི་མཐའ་ལས་སྐྱེས་པ་མཆོག་ཏུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ ཏེ་དེས་རྣལ་འབྱོར་པ་ཆེན་པོ་རྣམས་དེ་ཁོ་ན་ཉིད་རྟོགས་པར་བྱེད་དོ་ཞེས་པའོ། །ཚོགས་ཡོངས་སུ་རྫོགས་པ་ནི་ལྟ་བ་འདི་ཁོ་ན་ལ་རིགས་ཏེ། སྦྱིན་པར་བྱ་བ་ལ་སོགས་པའི་དངོས་པོ་འགའ་ཡང་དོན་དམ་པར་མེད་པ་ཉིད་ཀྱི་ཕྱིར་དེར་དམིགས་པ་ནི་ཕྱིན་ཅི་ལོག་ཁོ་ན་སྟེ་སྨིག་རྒྱུ་ལ་ཆུར་དམིགས་པ་བཞིན་ནོ། ། དེའི་ཕྱིར་དེས་ཀུན་ནས་བསླང་བའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ཐམས་ཅད་ཀྱང་བདག་དང་བདག་གིར་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པ་བཞིན་དུ་སྒྱུ་མ་དག་པས་ཀུན་ནས་བསླང་བ་ཉིད་ཀྱི་ཕྱིར་ཤིན་ཏུ་སྟོབས་ཆུང་ངོ་། །སྦྱིན་པར་བྱ་བ་ལ་སོགས་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་ ཡང་མི་དམིགས་པ་ནི་ཡང་དག་པའི་དོན་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར་སྨིག་རྒྱུ་ལ་ཆུར་མི་དམིགས་པ་བཞིན་ཕྱིན་ཅི་མ་ལོག་པའོ། །དེའི་ཕྱིར་དེས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པ་ཡང་འབྲས་བུ་ཆེན་པོར་འགྱུར་རོ། །སྦྱིན་བྱ་ལ་སོགས་པ་མཐའ་གཅིག་ཏུ་མེད་པ་ཡང་མ་ཡིན་ཏེ་གང་གིས་སྦྱིན་བྱ་ལ་ སོགས་པ་མི་འཇུག་པས་བསོད་ནམས་མི་འབྱུང་ལ་ཀུན་རྫོབ་ཏུ་ཐམས་ཅད་ཡོད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཚེ་མི་དམིགས་པ་ཡང་མ་ཡིན་ཏེ་ཏིང་ངེ་འཛིན་གྱི་གནས་སྐབས་མ་ཡིན་པ་ན་སྒྱུ་མ་བཞིན་དུ་དམིགས་པའི་ཕྱིར་རོ། །དེའི་ཚེ་ནི་མོས་པ་ལས་བྱུང་བའི་མི་དམིགས་པར་རྣམ་པར་གཞག་གོ། །མཉམ་ པར་གཞག་པའི་གནས་སྐབས་ན་ནི་སྦྱིན་པ་ལ་སོགས་པ་རྣམས་མི་དམིགས་པ་ཁོ་ན་སྟེ། དེའི་ཚེ་དེ་རྣམས་འཇུག་པ་ལ་བརྟེན་པ་ཡང་མ་ཡིན་ཏེ་སྦྱིན་པ་ལ་སོགས་པ་བཏང་སྙོམས་སུ་བྱས་པའི་ཕྱིར་རོ། །འོན་ཀྱང་སྦྱོར་བ་དང་མཇུག་གི་གནས་སྐབས་སུ་དེ་རྣམས་ལ་འཇུག་གོ། །དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ལ་ལྷག་ པར་མོས་པའི་སྦྱིན་པ་ལ་སོགས་པ་ལ་དམིགས་པ་ལ་བརྟེན་པ་རྣམས་འབྲས་བུ་ཆེན་པོ་ཉིད་དང་ཡོངས་སུ་དག་པར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་སུ་གསུངས་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་རབ་ཏུ་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཚད་གཟུང་བར་ སླ་བ་མ་ཡིན་ནོ་ཞེས་པ་ལ་སོགས་པས་སོ། །འདིར་སྦྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཆར་ཡིན་ཏེ། སྦྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་སོ་ཞེས་གསུངས་པའི་ཕྱིར་རོ། །དཀོན་མཆོག་འབྱུང་གནས་ཀྱི་མདོར་ཡང་གསུངས་པ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཆེད་དུ་སྤྱད་པས་ཆོས་ཐམས་ཅད་ངོ་ བོ་མེད་པར་ཁོང་དུ་ཆུད་པར་བྱ་སྟེ་སྦྱིན་པ་དང་ལེན་པ་པོ་དང་ཡོན་གནས་དང་ཡོངས་སུ་བསྔོ་བ་དང་སྦྱིན་པའི་འབྲས་བུ་གང་དུ་ཡོངས་སུ་བསྔོར་འཇུག་པ་དང་། གང་དུ་ཡོངས་སུ་བསྔོ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་པ་འདི་ཐམས་ཅད་རང་བཞིན་མེད་པར་རྟོགས་པར་བྱའོ། །དེ་ལྟར་སྟོང་པ་ཉིད་ལ་མོས་པ་ དེ་ནི་བསམ་པ་ཚད་མེད་པ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ཅིང་སྦྱིན་པ་དེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་སྟེ། རྫབ་རྫུབ་མ་ཡིན་པར་འགྱུར་རོ་ཞེས་རྒྱས་པར་རོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་གྱུར་པ་ནི་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་རྣམས་ ཏེ། དེས་དེ་རྣམས་ལོང་བ་བཞིན་དུ་ཁྲིད་ནས་བདེ་བར་གཤེགས་པའི་ས་ཀུན་དུ་འོད་དུ་གནས་པར་བྱེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་བཅོམ་ལྡན་འདས་མ་ཐེག་པ་ཆེན་པོའི་བདག་ཉིད་ཐེག་པ་གཅིག་ཉིད་དོ། །གང་ཡང་ཐེག་པ་ཐ་དད་པ་རྣམ་པར་གཞག་པ་དེ་ནི་བྱིས་པ་རྣམས་གཞུག་པའི་དོན་དུ་ བཅོམ་ལྡན་འདས་ཀྱིས་བསྟན་པ་སྟེ། ངེས་པའི་དོན་ནི་མ་ཡིན་ནོ། ཇི་སྐད་དུ་ལང་ཀར་གཤེགས་པར་གསུངས་པ། ཐེག་པའི་རྣམ་གཞག་ཡོད་མིན་ཉིད། །ཐེག་པ་གཅིག་ཏུ་ང་སྨྲའོ། །བྱིས་པ་རྣམས་ནི་དྲང་དོན་དུ། །ཐེག་པ་ཐ་དད་ང་སྨྲའོ། །ཞེས་སོ། །ཚོགས་ཆུང་བ་ཉིད་དང་ ཚོགས་ཚད་མེད་པ་ཉིད་རྣམ་པར་གཞག་གི། ཐེག་པ་ཐ་དད་པ་ནི་མ་ཡིན་ཏེ། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར་ལ། འདི་ནི་གཞུག་པའི་སྒོར་བསྟན་པའོ། །གང་འཕགས་པས་གསུངས་པ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་པ་དབྱེར་མ་མཆིས། །ཁྱོད་ཀྱིས་སེམས་ཅན་གཞུག་ ཆེད་དུ། །ཐེག་པ་གསུམ་དུ་གསུངས་པའོ། །ཞེས་སོ། །དེའི་ཕྱིར་གང་ཐེག་པ་གཅིག་ཏུ་བསྟན་པ་ནི་དགོངས་པ་ཅན་ཉིད་དེ། ཆོས་ཀྱི་དབྱིངས་ལ་སོགས་པའི་མཚན་ཉིད་ཀྱི་ཐེག་པ་མཚུངས་པ་ཉིད་ཀྱིས་གཅིག་ཉིད་དུ་གསུངས་པར་བརྗོད་པ་དེ་ལ། ཤཱ་རིའི་བུ་ཁྱོད་མ་འོངས་པའི་དུས་ན་ཡང་དག་པར་རྫོགས་པའི་ སངས་རྒྱས་པདྨོའི་འོད་ཅེས་བྱ་བར་འགྱུར་རོ་ཞེས་པ་ལ་སོགས་པ་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པར་མཐའ་གཅིག་ཏུ་གསུངས་པར་རྗེས་སུ་མཐུན་པ་མ་ཡིན་ནོ། །ཐེག་པ་གསུམ་བསྟན་པ་ཐབས་ཀྱི་ངོ་བོ་ཉིད་བསྟན་པར་བྱ་བའི་ཆེད་འབའ་ཞིག་ལ་གདུལ་བྱའི་སྐྱེ་བོ་ལ་བཅོམ་ལྡན་འདས་ཀྱིས་ ཐེག་པ་གཅིག་བསྟན་པ་དགོངས་པས་བསྟན་པའོ་ཞེས་འཕགས་པ་ཆོས་བཅུ་པ་ལ་སོགས་པར་གསུངས་ཏེ། ཐེག་པ་གསུམ་དུ་བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་ཐབས་ཏེ་བདེན་པ་ནི་མ་ཡིན་ནོ་ཞེས་ཤེས་པའི་གདུལ་བྱ་རྣམས་ནི་གཞུག་པར་མི་ནུས་པས་སོ། །འདིའི་རྗེས་སུ་འབྲངས་པ་ལས་འཕགས་པ་ བྱམས་པས་མདོ་སྡེ་རྒྱན་དུ་ཡང་ཐེག་པ་གཅིག་ཏུ་བསྟན་པ་དགོངས་པ་ཅན་ནོ་ཞེས་བསྟན་ཏོ། །ཉན་ཐོས་རྣམས་བག་ལ་ཉལ་ཆད་ན་སྐྱེ་བ་ཡང་ཤིན་ཏུ་ཡང་དག་པར་ཆད་པས་འདི་རྣམས་སྐྱེ་བ་དུ་མ་བརྒྱུད་པས་བསྒྲུབ་པར་བྱ་བའི་སངས་རྒྱས་ཉིད་དུ་ག་ལ་འགྱུར་ཞེས་པ་མི་རིགས་ཏེ། དེ་རྣམས་ཀྱི་སྐྱེ་བ་ཤིན་ཏུ་ཡང་ དག་པར་ཆད་པ་མ་གྲུབ་པའི་ཕྱིར་རོ། །ཇི་སྐད་དུ་དཔལ་ཕྲེང་སེང་གེའི་ང་རོའི་མདོར་གསུངས་པ། དགྲ་བཅོམ་པ་རྣམས་ལ་ཡང་འཇིགས་པ་མཆིས་ཏེ། གང་གིས་འཇིགས་པའི་དགྲ་བཅོམ་པ་དང་རང་སངས་རྒྱས་དེ་རྣམས་ཀྱང་བཅོམ་ལྡན་འདས་ཉིད་ལ་སྐྱབས་སུ་མཆིའོ། །དེ་རྣམས་ཀྱི་སྐྱེ་བ་ཟད་པ་ མ་མཆིས་ཤིང་། དེ་རྣམས་ལ་སྤང་བར་བྱ་བའི་ཆོས་མང་པོ་རྣམས་མཆིས་ལ། གང་རྣམས་མ་སྤངས་ན་མྱ་ངན་ལས་འདས་པའི་དབྱིངས་དང་རིང་དུ་འགྱུར་བའོ་ཞེས་སོ། །རྣམ་འགྲེལ་དུ་ཡང་། དགྲ་བཅོམ་སེམས་ཡིན་པ་དེ་ཡང་། །ཅི་ཕྱིར་མཚམས་སྦྱོར་མེད་པར་འདོད། །ཅེས་སོ། །གང་དུ་ཟད་ པ་དང་མི་སྐྱེ་བ་ཤེས་པ་གསུངས་པ་དེ་ཡང་དྲང་བའི་དོན་དུ་མདོ་དེ་ཉིད་ལས་གསུངས་ཏེ། བཅོམ་ལྡན་འདས་གང་ཡང་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ལ་སོ་སོར་རྟོག་པའི་ཡེ་ཤེས་མཐར་ཐུག་པ་དེ་རྣམས་དགོངས་པ་ཅན་ཏེ་དྲང་བའི་དོན་ཏོ། །འཆི་འཕོ་ནི་གཉིས་པོ་འདི་དག་སྟེ། བཅོམ་ལྡན་འདས་རྣམ་པར་ཆད་པའི་འཆི་འཕོ་ནི་ཉིང་མཚམས་སྦྱོར་བ་དང་བཅས་པའི་སེམས་ཅན་རྣམས་ཀྱིའོ། །བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་ནི་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་ རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་ལ་ཐུག་པའི་བར་དུ་ལགས་སོ། །རྣམ་པར་ཆད་པའི་འཆི་འཕོ་བའི་དབང་དུ་བྱས་ཏེ་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ཀྱིས་བདག་གི་སྐྱེ་བ་ཟད་དོ་སྙམ་པའི་ཤེས་པ་འབྱུང་བ་ལགས་སོ་ཞེས་སོ། །དེའི་ཕྱིར་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ཀྱིས་ཉོན་མོངས་པ་ཐམས་ ཅད་སྤངས་ཀྱང་མ་རིག་པའི་བག་ཆགས་མ་སྤངས་ལ་དེ་མ་སྤངས་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་མི་སྤོང་ལ། དེ་རྣམས་ཀྱང་ཡང་སྲིད་པ་གཞན་གཟུང་བས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །ཅི་ལྟར་ཡང་སྲིད་པ་འཛིན་ཞེ་ན། རྒྱུའི་སྟོབས་དང་རྐྱེན་གྱི་སྟོབས་ལས་སོ། །དེ་ལ་གང་ འདི་ཉོན་མོངས་པའི་བག་ཆགས་མ་སྤངས་པ་དེ་རྐྱེན་ནོ། །རྒྱུ་ནི་ཟག་པ་དང་བཅས་པའི་དགེ་བའི་རྩ་བའི་རྒྱུ་ཅན་ཡང་སྲིད་པ་ལེན་པར་བྱེད་པ་ཟག་པ་མེད་པའི་དགེ་བའི་རྩ་བ་རྣམས་ཏེ་གང་གསུངས་པ། བློ་གྲོས་རྒྱ་མཚོ་དེ་རྣམས་འཁོར་བར་འཆིང་བར་བྱེད་པ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་ མོངས་པ་ཅི་ཞེ་ན། འདི་ལྟ་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་ཉིད་དང་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཕྲད་པ་དོན་དུ་གཉེར་བ་དང་སེམས་ཅན་ཡོངས་སུ་སྨིན་པའི་ཆེད་དུ་ཡོངས་སུ་མི་སྐྱོ་བ་དང་དམ་པའི་ཆོས་འཛིན་པར་འདོད་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་ཉིད་དང་། ཆོས་ལ་ཆགས་པའི་བག་ལ་ཉལ་དང་མ་བྲལ་བ་དང་ཕ་རོལ་ཏུ་ཕྱིན་པ་ཀུན་དུ་སྦྱོར་བ་རྣམས་ཡོངས་སུ་མི་གཏོང་བ་སྟེ། གང་གིས་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པར་བྱེད་པ་ནི་འདི་རྣམས་སོ། །གསོལ་པ་བཅོམ་ལྡན་ འདས་གལ་ཏེ་དགེ་བའི་རྩ་བ་ལགས་ན་དེ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བརྗོད་པར་བགྱི། བཀའ་སྩལ་པ་བློ་གྲོས་རྒྱ་མཚོ་དེ་ལྟར་ནི། འདི་ལྟ་བུའི་རང་བཞིན་འདི་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་ནི་ཉོན་མོངས་པ་ལས་ཡང་དག་པར་བྱུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ ཐབས་ལ་མཁས་པ་དང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམས་བཞིན་དུ་ཁམས་གསུམ་དུ་སྦྱོར་ཏེ་དེས་ན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བརྗོད་དོ་ཞེས་པ་དང་། ཇི་སྲིད་དུ་ཁམས་གསུམ་དུ་སྦྱོར་བ་སྟེ་སེམས་ཉེ་བར་ཉོན་མོངས་པར་བྱེད་པས་ནི་མ་ཡིན་ཞེས་པ་ལ་ སོགས་པའོ། །ཐེག་པ་ཆེན་པོ་རྒྱུད་བླ་མར་ཡང་། མ་རིག་པའི་བག་ཆགས་ཀྱི་ས་དང་། མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་མཚན་མའི་སྤྲོས་པ་ཕྲ་མོ་ཀུན་དུ་སྤྱོད་པས་ཀུན་ནས་བསླང་བའི་ཟག་པ་མེད་པའི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་ཡང་དག་པར་སྐྱེའོ། །དེ་ལ་མ་རིག་པའི་ བག་ཆགས་ཀྱི་ས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་མངོན་པར་གྲུབ་པ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །དེའི་རྐྱེན་ཅན་བསམ་གྱིས་མི་ ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་བཞིན་ནོ་ཞེས་སོ། །མ་རིག་པའི་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ཀྱི་རྒྱུ་ཅན་དང་སླར་སྐྱེ་བ་འདི་རྣམས་ལ་ཡོང་ངོ་ཞེས་དཔལ་ཕྲེང་སེང་གེའི་ང་རོར་གསུངས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཉེ་བར་ལེན་པའི་རྐྱེན་ཅན་ཟག་པ་དང་ བཅས་པའི་ལས་ཀྱི་རྒྱུ་ཅན་སྲིད་པ་གསུམ་འབྱུང་ངོ་། །དེ་བཞིན་ཁོ་ནར་བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཀྱི་རྒྱུ་ཅན། དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་ འབྱུང་ངོ་ཞེས་རྒྱས་པར་རོ། །ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་དབང་ཐོབ་པར་འགྱུར་རོ། །ད་ནི་འདི་བརྗོད་པར་བྱ་སྟེ་ཅི་དེའི་བདག་གི་དངོས་པོ་འཇིག་རྟེན་འདིར་རམ་འོན་ཏེ་འཇིག་རྟེན་ཕ་རོལ་དུ། ཅི་འདོད་པའི་ཁམས་སམ་གཟུགས་སམ། གཟུགས་མེད་པའམ་ཞེ་ན། འགྲོ་ བའམ་སྐྱེ་གནས་སམ་སྲིད་པའམ་འཇིག་རྟེན་གང་དུ་ཡང་བགྲང་བར་བྱ་བ་མ་ཡིན་ནོ། །འོ་ན་བདག་གི་དངོས་པོ་མངོན་པར་འགྲུབ་པ་ཅི་འདྲ་ཞེ་ན། ཡིད་ཀྱི་རང་བཞིན་ཏེ། ཡིད་ཀྱི་རང་བཞིན་ནི་སྤྲུལ་པ་དང་འདྲ་བར་ལྟའི་སྤྲུལ་པ་ནི་མ་ཡིན་ནོ། །ཡང་སྲིད་པ་ཞེས་པ་ཡང་འཆི་འཕོ་དང་སྐྱེ་བའི་དབང་ལས་ བཏགས་ནས་བརྗོད་དེ་གང་གི་ཕྱིར་དབང་ཐོབ་པ་ལས་སེམས་ཅན་གྱི་དོན་ཡོད་ན་འགྲོ་བ་དང་སྐྱེ་གནས་དེ་དང་དེར་ཡང་སྣང་ལ་དེ་མེད་ན་མི་སྣང་ངོ་། །ལུས་དེ་ཡང་ཟག་པ་མེད་པའི་དགེ་བའི་རྩ་བའི་རྣམ་པར་སྨིན་པས་འདུས་བྱས་པའི་ཕྱིར་འདུས་བྱས་དང་། འཁོར་བ་ཞེས་པར་བརྗོད་ལ། ཟག་པ་དང་བཅས་ པའི་ལས་དང་། ཉོན་མོངས་པས་འདུས་མ་བྱས་པའི་ཕྱིར་འདུས་མ་བྱས་ཞེས་པ་དང་མྱ་ངན་ལས་འདས་ཞེས་པར་བརྗོད་དོ། དེ་བཞིན་དུ་ཡང་གསུངས་པ། དེའི་ཕྱིར་བཅོམ་ལྡན་འདས་འདུས་བྱས་པའི་འཁོར་བ་ཡང་མཆིས་ལ། འདུས་བྱས་ཀྱང་ཡིན་འདུས་མ་བྱས་ཀྱང་ཡིན་པའི་མྱ་ངན་ལས་ འདས་པ་མཆིས་སོ་ཞེས་སོ། །བཅོམ་ལྡན་འདས་མར་ཡང་གསུངས་པ། བྱམས་པ་དེའི་སྐྱེ་བ་ལས་དང་ཉོན་མོངས་པ་ཉེ་བར་འགྲོ་བར་མི་འདོགས་ཀྱི་འོན་ཀྱང་དགྲ་བཅོམ་པའི་ཡང་སྐྱེ་བ་ནི་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་ཡོངས་སུ་བསྒྱུར་བར་གདགས་སོ། །ཞེས་སོ། །བདག་ལ་ཆགས་པ་དང་ལྡན་པ་ནི་ མངོན་པར་དགའ་བ་སྔོན་དུ་འགྲོ་བ་ཁོ་ནར་སྡུག་བསྔལ་དང་བདེ་བ་དོར་བ་དང་ཐོབ་པར་འདོད་པས་མངལ་གྱི་གནས་ཡོངས་སུ་འཛིན་ནོ་ཞེས་པས་ཉོན་མོངས་པ་རྣམས་ཀྱི་ནུས་པ་ནི་ཁམས་གསུམ་དུ་སྐྱེ་བར་བརྗོད་ལ་དེ་རྣམས་ལ་སོགས་པས་འབྲས་བུ་ཁམས་གསུམ་པའི་སྐྱེ་བ་ལྡོག་སྟེ་ཟག་པ་མེད་པའི་དབྱིངས་སུ་སྐྱེ་ བ་ནི་མ་ཡིན་ནོ། །ལང་ཀར་གཤེགས་པར་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་འཁོར་བའི་རྒྱ་མཚོར་བྱིང་ཞིང་ཆོས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པའི་དབང་གིས་མཐའ་གཅིག་ཏུ་མྱ་ངན་ལས་མི་འདའ་སྟེ། མ་རིག་པའི་བག་ཆགས་ཀྱི་སའི་འཆིང་བ་ལས་མ་གྲོལ་གྱི། ཉོན་མོངས་པ་ཙམ་ལས་ གྲོལ་བ་འབའ་ཞིག་གོ། །མྱ་ངན་ལས་འདས་པ་མེད་ནའང་མར་མེ་ཤི་བའི་མིང་ཅན་ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ་ལས་བསྐལ་པ་ཇི་སྲིད་པར་ཡང་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྦུབས་སུ་ཟག་པ་མེད་པའི་ཁམས་ལ་གནས་སོ། །དེ་ནས་སྣང་བ་མཐའ་ཡས་ ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་འོད་ཟེར་རྣམས་ཀྱིས་སད་པར་བྱས་པ་ལས། ཏིང་ངེ་འཛིན་དེ་ལས་ལངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་འབྱོར་པ་མཐོང་སྟེ། དེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྐྱེ་བ་ལ་ དབང་བའི་སྟོབས་ལས་མི་གཡོ་ལ་སོགས་པའི་ས་པའི་བྱང་ཆུབ་སེམས་དཔའ་བཞིན་དུ་སྤྲུལ་པའི་སྐྱེ་བས་གྲོལ་བའི་གནས་སྐབས་ན་དམྱལ་བ་ལ་སོགས་པ་སྤྱོད་པ་ལྟར་འགྲོ་ཞིང་ཚོགས་ཡོངས་སུ་རྫོགས་ཏེ་བྱང་ཆུབ་མཆོག་ཐོབ་པར་བྱེད་དོ་ཞེས་གསལ་བར་རིག་པར་བྱས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པར་ཡང་གསུངས་པ། དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་སེམས་སྐྱེད་པར་བྱེད་ན་བདག་ནི་དེ་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་མི་བྱེད་དོ་ཞེས་སོ། །དེ་བཞིན་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོར་ཡང་། འགྲོ་བ་འདི་རྣམས་ཐམས་ཅད་སངས་རྒྱས་འགྱུར། །འདི་ན་སྣོད་ཀྱི་ མིན་སེམས་ཅན་འགའ་ཡང་མེད། །ཅེས་སོ། །གང་གི་ཕྱིར་འདི་དྲི་མ་རྣམས་གློ་བུར་བ་ཉིད་ཀྱི་ཕྱིར་དང་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་འགྲོ་བ་མ་ལུས་པ་ལ་སངས་རྒྱས་ཉིད་རུང་བ་ཡོད་པ་ཁོ་ནའོ་ཞེས་མངོན་པར་དགོངས་པ་བཤད་པར་རིགས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་ རྣམས་སུ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་པ་འདིས་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རྟོགས་པར་རུང་བ་ཉིད་དུ་ཡོངས་སུ་བསྟན་ཏོ། །འཕགས་པ་བྱམས་པས་ཀྱང་ཐེག་པ་ཆེན་པོ་རྒྱུད་བླ་མར། ཐམས་ཅད་ལ་ནི་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་ གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་སྒྲས་ཀྱང་ཆོས་ཀྱི་དབྱིངས་གང་ཟག་དང་ཆོས་ཀྱི་བདག་མེད་པའི་མཚན་ཉིད་ཅན་རང་བཞིན་གྱིས་འོད་གསལ་བ་བརྗོད་པར་བཞེད་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཐེག་པ་ཞེས་ བྱ་བ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་དེ་ཁོ་ན་ཉིད་ཤེས་པའི་བདག་ཉིད་དང་མྱ་ངན་ལས་འདས་པ་ལ་ཡང་བརྗོད་དེ། འདིས་འགྲོ་བ་ཞེས་པ་དང་དེར་འགྲོ་བ་ཞེས་བྱས་ནས་སོ། །དེ་ཁོ་ན་ཉིད་ཤེས་པ་ཁོ་ནས་ཐར་པ་ཐོབ་ཀྱི་གཞན་ལས་མ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་དེ་ཡང་གཅིག་ཁོ་ན་སྟེ། ལྟ་བ་ཐ་དད་ན་ཡང་དངོས་པོ་དེ་ཁོ་ན་ཉིད་སྣ་ཚོགས་སུ་དམིགས་པ་མེད་དེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་ངོ་བོ་གཅིག་གི་ཡུལ་ཅན་གྱི་ཡེ་ཤེས་ཀྱང་ངོ་བོ་གཅིག་པ་ཁོ་ནའོ། །དེ་ཡང་དངོས་སུ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་ཡང་དག་པར་མཁྱེན་པ་རྣམས་ཀྱི་ཡེ་ ཤེས་གང་དེ་ཉིད་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཏེ་རྣམ་པ་ཐམས་ཅད་ཀུན་དུ་རྨོངས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཉི་ཚེ་བའི་ཤེས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་མེད་དེ་ཧ་ཅང་ཐལ་བའི་ཕྱིར་ཏེ་དེ་ལྟ་ན་ནི་ཐམས་ཅད་ཁོ་ན་ཉིད་མཐོང་བར་འགྱུར་རོ། །དེའི་ཕྱིར་གང་ཟག་དང་ཆོས་ལ་བདག་མེད་པའི་ དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཡེ་ཤེས་དེ་ཉིད་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལམ་ཡང་དག་པ་སྟེ་གཞན་མ་ཡིན་ནོ་ཞེས་པ་དེའི་ཕྱིར་ཐེག་པ་གཅིག་ཁོ་ནའོ། །དེ་མདོར་བསྡུས་པའི་རབ་ཏུ་དབྱེ་བ་ནི། འཕགས་པ་ལང་ཀར་གཤེགས་པའི་མདོར་གསུངས་པ། ཆོས་ལྔ་རྣམས་དང་རང་བཞིན་ དང་། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་པ་ཉིད་གཉིས་དག་སྟེ། །ཐེག་ཆེན་མཐའ་དག་ཡོངས་སུ་བསྡུས། །ཞེས་སོ། །དེ་ལ་ཆོས་ལྔ་ནི་མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་རྒྱས་པར་བསྟན་པ་ལས་མིང་ དང་རྒྱུ་མཚན་དང་རྣམ་པར་རྟོག་པ་རྣམས་གསུངས་སོ། །དོན་དམ་པའི་བདེན་པ་བསྟན་པ་ལས་དངོས་དང་བཏགས་པས་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་དག་བཤད་དོ། །རང་བཞིན་རྣམ་པ་གསུམ་ནི་ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་བོ། །རྣམ་པར་ཤེས་པ་བརྒྱད་རྣམས་ནི་ཀུན་ གཞིའི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་དང་མིག་ལ་སོགས་པའི་རྣམ་པ་དྲུག་གོ། །བདག་མེད་པ་ཉིད་གཉིས་ནི་གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་དོ། །དེ་ལ་ཀུན་བརྟགས་དང་གཞན་དབང་དག་དང་རྣམ་པར་ཤེས་པ་བརྒྱད་གསུངས་པ་རྣམས་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་ ལས་སོ། །ཡོངས་སུ་གྲུབ་པའི་རང་བཞིན་དང་བདག་མེད་པ་གཉིས་གསུངས་པ་ནི་དོན་དམ་པའི་བདེན་པར་བརྗོད་པ་ལས་སོ། །བདེན་པ་གཉིས་ལ་འཇུག་པའི་མདོར་ཡང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་དངོས་པོར་མངོན་པར་ཞེན་པ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱང་དངོས་ཉིད་མེད་ པར་སྒོམ་པ་ཁོ་ནས་ཉོན་མོངས་པ་རྣམས་སྤོང་གི་ལམ་གཞན་གྱིས་མ་ཡིན་ནོ་ཞེས་བསྟན་ཏེ། གང་གསུངས་པ་འཇམ་དཔལ་ཅི་ལྟར་ཉོན་མོངས་པ་རྣམས་འདུལ་བར་འགྱུར་ཅི་ལྟར་ཡོངས་སུ་ཤེས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་ལ་དངོས་པོ་མེད་པའི་ཆོས་ ཐམས་ཅད་ལ་གང་ཀུན་རྫོབ་ཏུ་ཡོད་པ་མ་ཡིན་པའི་ཕྱིན་ཅི་ལོག་སྟེ་དེ་ལས་ཀུན་རྫོབ་ཏུ་རྟོག་པ་དང་རྣམ་པར་རྟོག་པའོ། །དེ་ལས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པའོ། །དེ་ལས་བདག་ཏུ་སྒྲོ་འདོགས་པའོ། །དེ་ལས་ལྟ་བའི་ཀུན་ནས་དཀྲིས་པའོ། །དེ་ལས་ཉོན་མོངས་པ་རྣམས་འབྱུང་ངོ་། །ལྷའི་བུ་ གང་ཡང་ཆོས་ཐམས་ཅད་དོན་དམ་པར་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་བར་ཤེས་པ་མེད་པའི་ཚུལ་གྱིས་ཤེས་པ་དེ་དོན་དམ་པར་ཕྱིན་ཅི་མ་ལོག་པའོ། །དེ་ནི་ཀུན་དུ་མི་རྟོག་པར་རྣམ་པར་མི་རྟོག་གོ། །དེ་ནི་ཚུལ་བཞིན་དུ་སྦྱོར་རོ། །དེ་ནི་དོན་དམ་པར་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་མི་འགྱུར་རོ། །དེ་ལ་ལྟ་བའི་ ཀུན་ནས་ལྡང་བར་མི་འགྱུར་རོ། །དེ་ལྟར་སྐྱེ་བ་མེད་པ་ལ་གནས་པ་དེ་ཉིད་ཀྱི་ཉོན་མོངས་པ་རྣམས་མཐོང་བ་མེད་པའི་ཚུལ་གྱིས་ཤིན་ཏུ་འདུལ་བར་བལྟ་བར་བྱའོ། །གང་གི་ཚེ་ཉོན་མོངས་པ་རྣམས་སྣང་བ་མེད་པའི་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་དོན་དམ་པར་ཤིན་ཏུ་སྟོང་པ་དང་ཤིན་ཏུ་མཚན་མ་མེད་པ་དང་། དོན་ དམ་པར་དངོས་པོ་རྣམས་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་བར་རབ་ཏུ་ཤེས་པ་མེད་པའི་ཚུལ་གྱིས་རབ་ཏུ་ཤེས་པ་དེའི་ཚེ་ལྷའི་བུ་ཉོན་མོངས་པ་རྣམས་རབ་ཏུ་ཤེས་པ་མེད་པའི་ཚུལ་གྱིས་ཡོངས་སུ་ཤེས་པར་འགྱུར་རོ། །འདི་ལྟ་སྟེ་གང་སྦྲུལ་དུག་ཅན་གྱི་རིགས་ཀློག་པ་དེས་དེའི་དུག་ཞིག་པར་བྱེད་དོ། །དེ་བཞིན་དུ་ གང་ཉོན་མོངས་པ་རྣམས་ཀྱི་རིགས་ཤེས་པ་དེའི་ཉོན་མོངས་པ་རྣམས་ཤིན་ཏུ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་ཞི་བར་འགྱུར་རོ། །ལྷའི་བུ་དོན་དམ་པར་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་དངོས་པོ་མེད་པའི་ཆོས་ཐམས་ཅད་ལ་གང་ཀུན་དུ་རྟོག་པ་འདི་ནི་ཉོན་མོངས་པ་རྣམས་ཀྱི་རིགས་སོ་ཞེས་སོ། །དེའི་ཕྱིར་དངོས་ པོར་མངོན་པར་ཞེན་པ་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་དྲ་བ་མཐའ་དག་རབ་ཏུ་སྐྱེ་བའི་རྩ་བ་ཉིད་ཡིན་པའི་ཕྱིར། དེའི་གཉེན་པོར་གྱུར་པ་ངེས་པར་ལེགས་པའི་གྲོང་ཁྱེར་དུ་འཇུག་པར་འགྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཅན་དངོས་པོ་མ་ལུས་པ་སྟོང་པ་ཉིད་དུ་བསྒོམ་པ་ འདི་གཅིག་ཏུ་ཁོ་ནར་ཟད་པས་དེའི་ཕྱིར་དེ་དོན་དུ་གཉེར་བ་རྣམས་ཀྱིས་ལམ་ངན་པའི་རྣམ་པར་རྟོག་པ་མཐའ་དག་བསྲིངས་ཏེ་སྤངས་ནས་བདག་ཉིད་ཆེན་པོ་རྣམས་ཀྱིས་ཤིན་ཏུ་གསལ་བའི་རིགས་པ་དང་ལུང་གི་སྒྲོན་མའི་ཚོགས་ཀྱིས་རབ་ཏུ་སྣང་བ་མཛད་པའི་ཕྱིར་དང་སྐྱེ་བོ་མཁས་པའི་དེད་དཔོན་མ་ལུས་པ་ རྣམས་ཀྱིས་བགྲོད་ཅིང་རྗེས་སུ་བགྲོད་པའི་ཕྱིར་དེ་ཁོ་ན་རྟག་ཏུ་གུས་པས་བདག་འདོད་པ་རྣམས་ཀྱིས་ངེས་པར་བསྟེན་པར་བྱའོ། །དེ་ལྟར་ཐེག་པ་ཆེན་པོའི་བདག་ཉིད་ཐེག་པ་གཅིག་ཁོ་ན་དང་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པོ། །དེ་ཁོ་ན་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའོ། །དེ་ཁོ་ན་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཐུབ་པའི་དགོངས་པའི་རྒྱན་ལས་བྱང་ཆུབ་ཀྱི་སེམས་ཀྱི་སྣང་བའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་འགྲོ་བ་ཐམས་ཅད་སྒྲིབ་གཉིས་སྤོང་བའི་སྐལ་བ་དང་ལྡན་པའོ་ཞེས་ཉོན་མོངས་པ་དང་ཤེས་བྱའི་ སྒྲིབ་པ་སྤང་བའི་ཆེད་དུ་རྟོག་པ་དང་ལྡན་པས་བསྒོམ་པ་ལ་འབད་པར་བྱའོ། །དེ་ཡང་ཐུན་མོང་དང་དེ་ལས་ཅིག་ཤོས་སོ་ཐབས་དང་ཤེས་རབ་དེའི་བདག་ཉིད་དུ་སྒོམ་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུན་མོང་སྟེ་གང་གི་ཕྱིར་སྒོམ་པ་ནི་འབྲས་བུ་མངོན་པར་འགྲུབ་ པའི་ཆེད་དུ་ཡིན་ལ་འབྲས་བུ་ཡང་གཙོ་བོར་གཞན་ལ་ཕན་པ་ཐུན་མོང་བའོ། །དེ་ཡང་སེམས་ཅན་གྱི་ཕུང་པོ་མཐའ་དག་སྒྲིབ་པ་གཉིས་སྤངས་པས་ཀུན་དུ་བཟང་པོ་ཉིད་ཡང་དག་པར་འགྲུབ་པའོ། །དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་མེད་ན་མེད་ཅེས་དེ་ཡང་དེའི་དོན་ཉིད་ཀྱི་ཕྱིར་འབྲས་ བུའོ། །དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་རྒྱུའི་གནས་སྐབས་ངེས་པར་བྱེད་པའི་ཆ་དང་མཐུན་པ་དང་ཐར་པའི་ཆ་དང་མཐུན་པའི་གནས་སྐབས་མེད་ན་མེད་ཅེས་པས་འདི་ཐམས་ཅད་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྒོམ་པ་ཁོ་ན་ལས་བསྒྲུབ་ པར་བྱ་བ་སྟེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁོ་ན་མཉན་པར་བྱའོ། །ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁོ་ན་ལ་རྣལ་འབྱོར་དུ་བྱའོ། །དེ་བཞིན་དུ་རང་སངས་ རྒྱས་ཀྱི་ས་དང་ཇི་སྲིད་སངས་རྒྱས་ཀྱི་ས་ལ་ཡང་ཞེས་པ་ལ་སོགས་པ་རྒྱ་ཆེར་རོ། །ཤེས་རབ་དང་ཐབས་གཉིས་སུ་མེད་པའི་རྣལ་འབྱོར་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཡིན་པའི་ཕྱིར་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་ནོ། །དེའི་ཕྱིར་དེ་གོམས་པས་འབྲས་བུ་ཐམས་ཅད་མངོན་པར་ འགྲུབ་པོ། །དེ་ཉིད་ཀྱི་ཕྱིར་ཐེག་པ་གཅིག་ཏུ་བསྟན་པ་ཡང་ཤིན་ཏུ་ངེས་པ་སྟེ་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་གཞན་པའི་ཐེག་པ་འདི་ན་ཡོད་པ་མ་ཡིན་པས་སོ་ཞེས་བསྒྲུབས་ཟིན་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བདེན་ པ་ལ་སོགས་པའི་དབྱེ་བས་བསྒོམ་པ་བསྟན་པ་ནི་གདུལ་བྱའི་སྐྱེ་བོའི་མོས་པ་ཐ་དད་པ་ལས་མིང་ཙམ་ཐ་དད་པ་སྟེ་འདི་ནི་དེ་རྣམས་སུ་འཇུག་པའི་དོན་ནོ། །དེའི་ཕྱིར་མིང་དེ་དང་དེས་མདོ་དང་ཆོས་མངོན་པ་ལ་སོགས་པར་དེ་དང་དེ་ལ་སེམས་ཅན་རྣམས་ཀྱི་སེམས་ཀྱི་འཇུག་པ་རྗེས་སུ་འཇུག་པའི་ཆེད་དུ་དེ་ ཁོ་ན་ཉིད་དེ་ཉིད་ཐ་དད་མེད་ཀྱང་ཐ་དད་བཞིན་དུ་མཛད་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཉེ་བར་བསྟན་ཏོ། །དེ་ལ་དབང་པོ་རྟུལ་པོ་རྣམས་ལ་དེ་ཁོ་ན་ཉིད་དེ་ཉིད་སྒྲོ་བཏགས་པ་ཅུང་ཟད་བཟློག་པས་མི་རྟག་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་གསུངས་སོ། །དབང་པོ་འབྲིང་པོ་རྣམས་ལ་ནི་གཟུང་ བ་དང་འཛིན་པར་སྒྲོ་བཏགས་པ་བཟློག་པས་རང་རིག་པ་ཙམ་དུ་བསྟན་ཏོ། །དབང་པོ་རྣོན་པོ་རྣམས་ལ་སྒྲོ་བཏགས་པ་མ་ལུས་པ་བཟློག་པས་སྟོང་པ་ཉིད་དང་སྤྲོས་པ་མེད་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་ཉེ་བར་བསྟན་ཏོ། །དེ་ཚད་མ་རྣམ་འགྲེལ་དུ་གསུངས་པ། སྟོང་ཉིད་ལྟ་བས་གྲོལ་འགྱུར་ཏེ། །བསྒོམ་ པ་ལྷག་མ་དེའི་དོན་ཡིན། །ཞེས་སོ། །ཤེས་རབ་དང་ཐབས་གཉིས་སུ་མེད་པ་སྒོམ་པའི་གཞན་བྱང་ཆུབ་ཀྱི་སེམས་ཁོ་ན་ལས། ཐམས་ཅད་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཀྱི་འབྲས་བུ་མཐའ་དག་འགྲུབ་པོ་ཞེས་པ་འདི་ནི་གནས་པའོ། །སྡུག་བསྔལ་ལ་སོགས་པའི་བདེན་ པ་སྒོམ་པ་ནི་དེ་ལ་གཞུག་པའི་དོན་ཁོ་ནའོ། །དེ་ལ་རྟག་པ་དང་བདེ་བ་དང་བདག་གིར་སྒྲོ་འདོགས་པ་བཟློག་པས་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པ་རྣམས་ཀྱི་བསྒོམ་པར་བྱ་བའི་དེ་ཁོ་ན་ཉིད་ལ་སྡུག་བསྔལ་གྱི་བདེན་པ་ཞེས་བརྗོད་དོ། །དེ་བཞིན་དུ་ལས་དང་དབང་ཕྱུག་ལ་ སོགས་པ་རྒྱུ་ཉིད་མེད་པའི་ཕྱིར་ཆོས་ཐམས་ཅད་རྒྱུ་མེད་པ་དང་དུས་ལ་སོགས་པ་སེམས་མེད་པ་དང་རྟག་པའི་དངོས་པོའི་རྒྱུ་ཅན་ཉིད་ཀྱི་ཕྱིར་རྒྱུ་གཅིག་པ་དང་གཙོ་བོ་དང་སྒྲའི་ཚངས་པ་ལ་སོགས་པའི་རྒྱུ་ཅན་ཉིད་ཀྱི་ཕྱིར་ཡོངས་སུ་འགྱུར་བའི་དངོས་པོའི་རྒྱུ་ཅན་དང་དབང་ཕྱུག་ལ་སོགས་པའི་རྒྱུ་ཅན་ཉིད་ཀྱི་ཕྱིར་བློ་ དང་ལྡན་པའི་རྒྱུ་ཅན་ནོ་ཞེས་པ་དེའི་གཉེན་པོར་རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་ཞེས་པའི་ལྡོག་པ་བཞི་སྟེ་དེ་རྣམས་ཀྱི་བསྒོམ་པར་བྱ་བ་ནི་ཀུན་འབྱུང་གི་བདེན་པ་ཞེས་ཐ་སྙད་དུ་བྱའོ། །ཐར་པ་མེད་པ་དང་ཐར་པ་སྡུག་བསྔལ་བ་དང་བསམ་གཏན་གྱི་བདེ་བ་ཁོ་ན་གྱ་ནོམ་པ་དང་གྲོལ་བ་ཡང་སླར་ འཁོར་བར་ལྟུང་ངོ་ཞེས་པའི་གཉེན་པོར་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བ་ཞེས་པ་ལྡོག་པ་བཞི་སྟེ་དེ་རྣམས་ཀྱི་བསྒོམ་པར་བྱ་བ་ནི་འགོག་པའི་བདེན་པ་ཞེས་པར་ཐ་སྙད་དུ་བྱ་སྟེ་སྔོན་པོ་ལ་སོགས་པ་ལས་གཞན་པའི་འགོག་པ་མ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་བདག་ཡོད་པའི་ཕྱིར་ བདག་མེད་པའི་མཚན་ཉིད་ཅན་གྱི་ལམ་མེད་པ་དང་འདི་ལམ་ངན་པ་དང་ལམ་གཞན་ཡང་ཡོད་པ་དང་སླར་ལྡོག་པར་ཡང་ལམ་མོ་ཞེས་པ་དེའི་གཉེན་པོར་ལམ་དང་རིགས་པ་དང་བསྒྲུབ་པ་དང་ངེས་པར་འབྱིན་པ་ཞེས་པའི་ལྡོག་པ་བཞི་སྟེ་དེ་རྣམས་ཀྱི་བསྒོམ་པར་བྱ་བ་ནི་ལམ་གྱི་བདེན་པ་ཞེས་བསྟན་ཏེ། སྔོན་པོ་ ལ་སོགས་པ་ལས་གཞན་པའི་བདག་མེད་པ་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་ཀྱང་ལྡོག་པ་ཙམ་གྱིས་བྱས་པའི་དབྱེ་བ་ལས་སྡུག་བསྔལ་ལ་སོགས་པའི་བདེན་པ་ཐ་དད་པར་བསྟན་ལ་སླར་ཡང་ཕྱེ་བས་མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་རྣམ་པ་བཅུ་དྲུག་ཏུ་ཡང་ངོ་། ། དེ་ལ་མདོ་ལས། སྐྱེ་བ་སྡུག་བསྔལ་ལོ་རྒ་བ་ནི་སྡུག་བསྔལ་ལོ་ཞེས་པ་ལ་སོགས་པས་འདུ་བྱེད་ཀྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ་དང་རྣམ་པར་འགྱུར་བའི་སྡུག་བསྔལ་རྣམས་ཀྱི་སྡུག་བསྔལ་གྱི་བདེན་པ་སྟེ་འབྲས་བུར་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །དེ་རྣམས་ཁོ་ན་རྒྱུར་ གྱུར་པ་ནི་ཀུན་འབྱུང་གི་བདེན་པའོ། །སྲེད་པ་དང་ལས་ཡོངས་སུ་ཟད་པ་ལས་གང་སྡུག་བསྔལ་ཤིན་ཏུ་སྐྱེ་བ་མེད་པའི་མྱ་ངན་ལས་འདས་པ་ནི་འགོག་པའི་བདེན་པའོ། །དེ་ཐོབ་པའི་ཐབས་ནི་ལམ་གྱི་བདེན་པའོ། །འདི་རྣམས་ཀྱི་རིམ་པ་ཡང་ཇི་ལྟར་མངོན་པར་རྟོགས་པ་སྟེ། དེ་ ལྟར་ནི་དང་པོ་རྣམ་པར་དཔྱོད་པའི་གནས་སྐབས་ན་སྡུག་བསྔལ་ལ་རྟོག་གོ། །ཕྱི་ནས་འདིའི་རྒྱུ་ཅི་ཞེས་ཀུན་འབྱུང་ལའོ། །འདིའི་འགོག་པ་ཅི་ཞེས་འགོག་པ་ལའོ། །འདིའི་ལམ་ཅི་ཞེས་ལམ་ལ་སྟེ། ནད་མཐོང་ན་དེའི་གཞི་དང་ཟད་པ་དང་སྨན་ཚོལ་བ་བཞིན་ནོ། །དེ་ལ་ཡོན་ཏན་གྱི་ལོ་ཏོག་མཐའ་དག་ ཚུལ་ཁྲིམས་ས་དང་འདྲ་བ་ལ་ངེས་པར་བརྟེན་ནོ་ཞེས་རྟོགས་ནས་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པས་ཚུལ་ཁྲིམས་ལ་གནས་པར་གྱུར་པ་སྒོམ་པ་ལ་སྦྱོར་བའི་དུས་ན་དམ་པ་མ་ཡིན་པ་དང་འདྲེས་པའི་རྣམ་པར་རྟོག་པ་རྣམས་ཡོངས་སུ་སྤོང་ངོ་། །དེ་ལ་འདོད་ཆགས་ལ་སྤྱོད་པས་དང་པོར་ཏིང་ངེ་ འཛིན་གྱི་དོན་དུ་མི་སྡུག་པ་སྒོམ་པར་བྱེད་དོ། །འདོད་ཆགས་ཀྱང་རྣམ་པ་དགུར་བཅོམ་ལྡན་འདས་མ་ཆེན་མོར་བསྟན་ཏེ། འདི་ལྟ་སྟེ་དབྱིབས་ལ་ཆགས་པ་དང་འཁྲིག་པའི་དངོས་པོ་ལ་ཆགས་པ་དང་། ཙནྡན་ལ་སོགས་པའི་དྲིས་བསྐྱེད་པའི་ལུས་ལ་ཆགས་པ་དང་། རྒྱན་གྱིས་བསྐྱེད་པའི་ལུས་ མཛེས་པ་ལ་ཆགས་པ་དང་། ལུས་ཀྱི་ཁ་དོག་ལ་ཆགས་པ་དང་། ཤ་རྒྱས་པ་ལ་ཆགས་པ་དང་། ཡན་ལག་དང་ཉིང་ལག་གི་སྒེག་པ་ལ་ཆགས་པ་དང་། སོའི་མཛེས་པ་ཕུན་སུམ་ཚོགས་པ་ལ་ཆགས་པ་དང་། ཁ་དོག་དང་དབྱིབས་ལ་ཆགས་པའོ་ཞེས་སོ། །དེའི་གཉེན་པོར་གྲངས་ཇི་ལྟ་བར་མི་ སྡུག་པ་རྣམ་པ་དགུ་སྒོམ་པ་སྟེ། དཔེར་ན་སྦོས་པ་བཞིན་དུ་རྣམ་པར་བམ་པའི་འདུ་ཤེས་དང་། ཡན་ལག་སོ་སོར་གྱུར་པ་ཉིད་ཀྱིས་འབུས་གཞིགས་པའི་འདུ་ཤེས་དང་། དྲི་ང་ཞིང་རྣག་གི་རང་བཞིན་ཉིད་ཀྱིས་ན་རྣམ་པར་རྣགས་པའི་འདུ་ཤེས་དང་། པགས་པ་བཤུས་པ་ལྟར་རྣམ་པར་དམར་བའི་འདུ་ཤེས་ དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། མི་གཙང་བའི་ཕུང་པོའི་འདུ་ཤེས་དང་སོ་སོར་རིང་དུ་གྱུར་པ་ཉིད་ཀྱིས་རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་སོ་ཞེས་པའོ། །རྣམ་པར་རྟོག་པ་ལ་དཔྱོད་པས་ནི་དབུགས་རྔུབ་པ་དང་། འབྱུང་བ་རྗེས་སུ་དྲན་ པ་གོམས་པར་བྱེད་དོ། །དབུགས་རྔུབ་པ་ནི་དབུགས་སྡུད་པ་སྟེ་འཇུག་པའི་རླུང་ངོ་། །དབུགས་འབྱུང་བ་ནི་དབུགས་སྤྲོ་བ་སྟེ་ཕྱིར་འགྲོ་བའི་རླུང་ངོ་། །དེ་ལ་དམིགས་པའི་ཤེས་རབ་ནི་དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་སྟེ་དྲན་པའི་རྒྱུ་ཉིད་ཀྱི་ཕྱིར་དྲན་པར་བརྗོད་དོ། །དེ་ལ་ལུས་དང་སེམས་དག་བརླན་ ནས་དབུགས་རྔུབ་པ་དང་འབྱུང་བ་ཙམ་ལ་སེམས་གཏད་དེ་དབུགས་འབྱུང་བ་དང་དབུགས་རྔུབ་པ་དག་སོ་སོར་གཅིག་དང་གཉིས་དང་། ཇི་སྲིད་བཅུའི་བར་དུ་རྣམ་པར་གཡེང་བ་མེད་པར་བགྲང་བར་བྱེད་དེ། དེ་བཞིན་དུ་ཏིང་ངེ་འཛིན་ཐོབ་ཀྱི་བར་དུའོ། །འདི་ནི་རླུང་འབའ་ཞིག་ཁོ་ན་མ་ཡིན་གྱི་དེ་རྣམས་ནི་ འབྱུང་བ་ཆེན་པོ་བཞི་དང་དེ་ལ་བརྟེན་པའི་ཕུང་པོ་ལས་གྱུར་པ་དང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ངོ་ཞེས་ཕུང་པོ་ལྔར་ཉེ་བར་རྟོག་པར་བྱེད་དོ། །རླུང་ལ་དམིགས་པའི་བློ་བསྒྱུར་ནས་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཀུན་དུ་སྦྱོར་རོ། །དེ་ནས་ཞི་གནས་རྫོགས་པ་ནི་ལུས་དང་ཚོར་བ་དང་སེམས་ དང་ཆོས་དྲན་པ་ཉེ་བར་གཞག་པ་རྣམས་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཅན་ནོ་ཞེས་པ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་དང་། སྟོང་པ་དང་བདག་མེད་པ་ཉིད་དག་སྤྱིའི་མཚན་ཉིད་དེ་དེས་བསྒོམ་པར་བྱའོ། །དེ་ལ་དང་པོ་རང་གི་མཚན་ཉིད་ཀྱི་རིགས་ཅན་ལུས་དྲན་པ་ཉེ་བར་གཞག་པ་ལ་ འཇུག་སྟེ་དེ་ཡང་མི་གཙང་བར་འདུ་ཤེས་ཕྱིན་ཅི་ལོག་གི་གཉེན་པོར་རོ། །དེ་ནས་ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་སྟེ་དེ་ཡང་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་གི་གཉེན་པོའོ། །དེ་ནས་ཀྱང་སེམས་དྲན་པ་ཉེ་བར་གཞག་པ་ལ་སྟེ་དེ་ཡང་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་གི་གཉེན་པོའོ། །དེའི་དེ་ མ་ཐག་ཏུ་ཆོས་དྲན་པ་ཉེ་བར་གཞག་པ་ལ་སྟེ་དེ་ཡང་དད་པ་ལ་སོགས་པ་ཆོས་ཙམ་ལ་དམིགས་པ་ཉིད་ཀྱི་ཕྱིར་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་གཉེན་པོའོ། །དེ་ཉིད་ཀྱི་ཕྱིར་མཛོད་དུ་གསུངས་པ། ཕྱིན་ཅི་ལོག་གི་གཉེན་པོར་བཞི། །ཞེས་སོ། །གང་གི་ཚེ་རང་གི་མཚན་ཉིད་འཛིན་པས་ཆོས་ཞེས་བྱས་ ནས་ཕུང་པོ་ལྔ་ལ་དམིགས་པ་ཁོ་ན་ཆོས་དྲན་པ་ཉེ་བར་གཞག་པ་ཡིན་པ་དེའི་ཚེ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པ་རྣམས་ཀྱིས་ཆོས་ཐམས་ཅད་སྒོམ་པར་བྱེད་དོ། །མི་རྟག་པ་ལ་སོགས་པའི་རྣམ་པ་བཞི་ནང་དུ་འདུས་པ་སྐད་ཅིག་མ་ཉིད་དང་གང་ཟག་གི་བདག་མེད་པའི་རྣམ་ པ་དག་ཏུ་འམ། གང་ཟག་གི་བདག་མེད་པ་ནང་དུ་འདུས་པའི་སྐད་ཅིག་མ་ཉིད་ཀྱི་རྣམ་པར་ཆོས་ཐམས་ཅད་སྒོམ་པར་བྱེད་དོ། །དྲན་པ་ཁོ་ན་ཉེ་བར་འཇོག་པ་ཡིན་པས་དྲན་པ་ཉེ་བར་གཞག་པའོ། །གང་རྣམས་འདི་དྲན་པ་ཉེ་བར་འཇོག་པས་ན་ཞེས་སྨྲ་བ་དེ་རྣམས་ནི་ཤེས་རབ་དྲན་པ་ཉེ་ བར་གཞག་པར་འདོད་དོ། །དེའི་རྗེས་སུ་མི་དགེ་བ་དང་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམས་བཞིན་དུ་སྤོང་བ་དང་མི་སྐྱེ་བ་དང་འཕེལ་བ་དང་བསྐྱེད་པའི་རྒྱུར་བརྩོན་འགྲུས་ཡང་དག་པར་སྤོང་བ་རྣམས་ཏེ་འདི་རྣམས་ཀྱིས་སེམས་ཡང་དག་པར་འཇོག་པའི་ཕྱིར་ཡང་དག་འཇོག་བཞི་རྣམས་ཀྱང་ངོ་། །དེ་ ནས་བརྩོན་འགྲུས་དང་ལྡན་པའི་སེམས་ལས་སུ་རུང་བར་འགྱུར་ཞེས་པས་འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ཞེས་པ་འཇིག་རྟེན་ལས་འདས་པའི་རྫུ་འཕྲུལ་གྱི་རྐང་པ་གནས་ཉིད་ཀྱི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ སོ། །དེ་ལྟར་ནི་འདུན་པ་དྲག་པོ་ཁོ་ན་ལེགས་པར་སྦྱོར་བ་ལ་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་དང་ཡང་དག་པར་སྤོང་བའི་བརྩོན་འགྲུས་རྣམས་ཀྱིས་མི་དགེ་བ་སྤོང་ཞིང་དགེ་བ་བསྐྱེད་པ་ལ་ལེགས་པར་སྦྱོར་བ་དང་ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་སེམས་ རྣམས་ཀྱིས་ཡོངས་སུ་སྦྱོང་བ་ལས་དང་། ཅི་བདག་མི་དགེ་བ་ཕྲ་མོ་རྣམས་ཀུན་དུ་སྤྱོད་དམ་བདག་ཡོངས་སུ་བརྟག་པར་བྱའོ་ཞེས་ཡང་དག་པར་ཉེ་བར་འཇོག་པ་ལས་ཏེ་དེ་འདི་རྣམས་ནི་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་སོ། །འདི་རྣམས་སྐྱེས་པ་ཀུན་ནས་དཀྲིས་པ་རྣམས་རིང་དུ་གྱུར་པ་ན། བག་ ལ་ཉལ་རྣམས་སྤོང་བའི་ཆེད་དུ་སླར་ཡང་ཡང་དག་པར་སྤོང་བ་རྣམས་ཀྱིས་བརྩོན་འགྲུས་རྩོམ་པ་ལ་སྤོང་བ་འདུ་བྱེད་བརྒྱད་རྣམས་འབྱུང་བར་འགྱུར་ཏེ། འདུན་པ་དང་བརྩོན་འགྲུས་དང་དད་པ་དང་ཤིན་ཏུ་སྦྱངས་པ་དང་དྲན་པ་དང་ཤེས་བཞིན་དང་སེམས་པ་དང་བཏང་སྙོམས་སོ། །དེ་ལ་ནམ་ཞིག་འཇིག་རྟེན་པ་དང་ འཇིག་རྟེན་ལས་འདས་པའི་སྙོམས་འཇུག་རྣམས་ཐོབ་པར་འགྱུར་སྙམ་པ་ནི་འདུན་པའོ། །མི་དགེ་བ་ཐམས་ཅད་འཇོམས་པའི་ཆེད་དུ་བརྩོན་འགྲུས་སོ། །གོང་མ་དང་ཁོང་དུ་ཆུད་པའི་ཆོས་ལ་དད་པ་དང་དེ་སྔོན་དུ་འགྲོ་བའི་ཤིན་ཏུ་སྦྱངས་པ་དང་དེ་ལ་ཤེས་བཞིན་གྱི་ཕྱོགས་ཀྱི་དྲན་པ་དང་ལྷག་མཐོང་གི་ཕྱོགས་ཤེས་ བཞིན་དང་དེ་ལ་ཡང་སེམས་མངོན་པར་འདུ་བྱེད་པའི་སེམས་པ་དང་ཀུན་ནས་ཉོན་མོངས་པ་མེད་པའི་བཏང་སྙོམས་སོ། །དེ་ལྟར་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་དང་སྤོང་བའི་འདུ་བྱེད་རྣམས་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཉོན་མོངས་པས་དབེན་པ། སྲིད་པ་ལས་འདོད་ཆགས་དང་བྲལ་བ། སྡུག་བསྔལ་ འགོག་པ་ལ་བརྟེན་པ། ཕུང་པོ་ཐམས་ཅད་ཉེ་བར་སྤོང་བས་ཡོངས་སུ་གྱུར་པ་སྒོམ་མོ། །དེ་ནས་ཡོངས་སུ་སྦྱང་བ་བྱས་པ་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བདེན་པ་བཞིའི་ཡུལ་ཅན་རྣམ་པ་བཅུ་དྲུག་པ་བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམ་པ་བཞིའོ། །འདིར་དྲོད་དང་རྩེ་མོའི་རང་ བཞིན་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་སྟེ་ལྔ་ནི་འཇིག་རྟེན་ལས་འདས་པའི་ཆོས་བསྐྱེད་པ་ལ་དབང་བྱེད་པ་ཐོབ་པ་ཡོད་ན་དབང་པོ་རྣམས་སུ་འགྱུར་ཏེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་རབ་ཏུ་སྦྱོར་བ་ནི་རྟགས་མཐོང་བ་ལས་གོང་མའི་ཁྱད་པར་སྐྱེས་པ་ན་ངེས་པ་སྐྱེས་ཏེ་སྟོན་པ་ དང་ཉན་ཐོས་ལ་སོགས་པ་རྣམས་ཀྱི་རྟོག་པ་ལ་མངོན་པར་ཡིད་ཆེས་པ་སྐྱེ་སྟེ་དེ་ནི་འདིའི་དད་པའི་དབང་པོའོ། །དད་པ་ལྷག་པར་ལས་བརྩོན་འགྲུས་ལ་སོགས་པ་རྣམས་ལྷག་པའོ། །དེ་ནས་དབང་པོ་ལྔ་རྣམས་སྒོམ་བཞིན་པ་ཁོ་ན་དེ་བཞིན་དུ་འཕེལ་ཏེ་ཇི་ལྟ་བར་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་ རྣམས་ཀྱིས་མི་བརྫི་བ་ཉིད་ཀྱི་ཕྱིར་དང་ཟིལ་གྱིས་མི་ནོན་པ་ཉིད་ཀྱི་ཕྱིར་སྟོབས་ཀྱི་མིང་ཐོབ་སྟེ་སྟོབས་རྣམས་ནི་བཟོད་པ་དང་ཆོས་མཆོག་གི་རང་བཞིན་ནོ། །དེ་ནས་ཆོས་མཆོག་གི་དེ་མ་ཐག་ཏུ་འཕགས་པའི་བདེན་པ་བཞིའི་ཡུལ་ཅན་བདེན་པ་བཞིའི་བདེན་པ་མངོན་པར་རྟོགས་པ་ཟག་པ་མེད་པ་སྐད་ཅིག་བཅུ་ དྲུག་ཡང་དག་པར་སྐྱེ་སྟེ། འདི་ལྟ་སྟེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་སྟེ། དེ་བཞིན་དུ་ཀུན་འབྱུང་དང་འགོག་པ་དང་ལམ་ལའོ་ཞེས་པ་བདེན་པ་བཞི་ལ་དམིགས་པའི་སྐད་ཅིག་བཅུ་དྲུག་རྣམས་སོ། །དེ་ལ་ཆོས་ཤེས་པའི་བཟོད་ པ་དང་ཆོས་ཤེས་པའི་སྐད་ཅིག་བརྒྱད་རྣམས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོའོ། །རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པའི་སྐད་ཅིག་རྣམས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོའོ། །དེ་ལ་བཟོད་པའི་སྐད་ཅིག་ཐམས་ཅད་རྣམས་རྐུན་པོ་འབྱིན་པ་བཞིན་ དུ་ཉོན་མོངས་པ་སྤོང་བའི་ཕྱིར། བར་ཆད་མེད་པའི་ལམ་གྱི་རང་བཞིན་ཤེས་རབ་ཀྱི་བདག་ཉིད་ཀྱིས་སྡུག་བསྔལ་ལ་སོགས་པ་མཐོང་བའི་རང་བཞིན་ཉོན་མོངས་པའི་ཐོབ་པ་རྣམས་གཅོད་པའོ། །ཤེས་པའི་སྐད་ཅིག་མ་རྣམས་ཀྱང་ཉོན་མོངས་པ་སྤངས་པ་ན་སྒོ་འཕར་གཅོད་པའི་ཚུལ་ གྱིས་བྱ་བ་དང་ལྡན་པ་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་སྡུག་བསྔལ་ལ་སོགས་པ་མཐོང་བ་ངེས་པའི་བདག་ཉིད་ཉོན་མོངས་པ་དང་བྲལ་བའི་ཐོབ་པ་རྣམས་དང་ལྷན་ཅིག་སྐྱེས་ཞེས་ཁ་ཅིག་གོ། །གཞན་རྣམས་ནི་རྗེས་སུ་ཤེས་པ་རྣམས་ཁོ་ན་ངེས་པའི་བདག་ཉིད་དེ་བཅུ་གཉིས་རྣམས་ནི་མངོན་དུ་བྱེད་ པའོ་ཞེས་ཟེར་རོ། །དེ་དང་འདི་ཡང་དཔྱོད་པར་འགྱུར་རོ། །འདིར་སྐད་ཅིག་བཅོ་ལྔ་རྣམས་ནི་མཐོང་བའི་ལམ་སྟེ། དེ་ལ་རྣལ་འབྱོར་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པར་བརྗོད་དོ། །ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་སྟེ། སྐད་ཅིག་མ་དེ་ལ་རྒྱུན་དུ་ཞུགས་པ་ཁོ་ནའོ། །རྒྱུན་ནི་ མྱ་ངན་ལས་འདས་པའི་མཚོར་འབབ་པའི་ལམ་སྟེ་དེ་ལ་ཞུགས་པའོ། །གལ་ཏེ་ཐོགས་ན་མིའི་སྲིད་པ་བདུན་ཁོ་ན་དང་། བར་མ་དོའི་སྲིད་པ་བདུན་དང་། དེ་བཞིན་དུ་ལྷ་རྣམས་སུའོ་ཞེས་པ་སྲིད་པ་ཉི་ཤུ་རྩ་བརྒྱད་དུ་སོ་སོར་མཚམས་སྦྱོར་རོ་ཞེས་ཁ་ཅིག་གོ། །བདུན་ཁོ་ནར་རོ་ཞེས་གཞན་དག་གོ། །དེའི་ ཕྱིར་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བརྗོད་དོ། །དེ་ལ་སྔ་ན་མེད་པ་ཤེས་པར་བྱ་འདོད་པ་ཡོད་ལ་བལྟ་བར་བྱ་བ་ནི་མེད་དོ། །འདིར་ཡང་མཐོང་བའི་ལམ་ལ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ནི་བྱང་ཆུབ་དང་རྫོགས་པའི་བྱང་ཆུབ་སྟེ་དེའི་ཡན་ལག་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་སོ་སོར་ ཐོབ་སྟེ་དྲན་པ་དང་ཆོས་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་སོ། །དེ་རྣམས་ནི་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཀྱང་ངོ་། །དེ་ལ་ཆོས་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་ཞེས་པ་གསུམ་རྣམས་ལྷག་མཐོང་གི་ ཕྱོགས་སོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་རྣམས་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་གཉིས་ཀའི་ཕྱོགས་སོ། །དགའ་བ་ནི་གང་དམིགས་པ་དེ་ཁོ་ན་ལ་ཡིད་བདེ་བའོ། །བཏང་སྙོམས་ནི་ལྷུན་གྱིས་གྲུབ་པ་འབྱུང་བའོ། །དབུས་དང་མཐའ་རྣམ་པར་འ