Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 109
Văn bản gốc(Tây Tạng)
Trang 11 / 21 (50.000 ký tự/trang)
བྱེད་པར་ཡང་ གསུངས་པ། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་གོ། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་གཞི་དང་གནས་དང་ནི། །རང་བཞིན་གྱིས་ནི་བསྟན་པར་འདོད། །ཅེས་སོ། །བྱང་ཆུབ་ཀྱི་གནས་དྲན་པའོ། ། རང་བཞིན་ཆོས་རྣམ་པར་འབྱེད་པའོ། །ངེས་པར་འབྱུང་བ་བརྩོན་འགྲུས་སོ། །ཕན་ཡོན་དགའ་བའོ། །ཀུན་ནས་ཉོན་མོངས་པའི་རྒྱུ་གནས་ངན་ལེན་གྱི་གཉེན་པོ་ཤིན་ཏུ་སྦྱངས་པ་སྟེ། དེའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་གཞིའོ། །གནས་ནི་ཏིང་ངེ་འཛིན་ནོ། །རང་བཞིན་ནི་བཏང་སྙོམས་ སོ། །དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་ཐེ་ཚོམ་སྟེ་ལྔ་རྣམས་དང་། འཇིག་ཚོགས་དང་། མཐར་འཛིན་པ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་ འཛིན་པའི་ལྟ་བ་རྣམས་ཏེ་ལྔའོ། །དེ་རྣམས་ཁོ་ན་ལས་བདུན་ནི་ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་བྱ་བ་སྟེ། འཇིག་ཚོགས་དང་། མཐར་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་མ་གཏོགས་པའོ། །ལམ་མཐོང་བས་སྤང་བར་བྱ་བ་བརྒྱད་དེ་དེ་རྣམས་ཚུལ་ཁྲིམས་ དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་བཅས་པའོ། །བསྒོམ་པས་སྤང་བར་བྱ་བ་བཞི་སྟེ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡང་ཐམས་ཅད་དུ་དེ་རྣམས་ཁོ་ན་ཁོང་ཁྲོ་བོར་བའོ། །དེ་ཉིད་ཀྱི་ཕྱིར་དགུ་བཅུ་རྩ་ བརྒྱད་དུ་འགྱུར་རོ། །དེ་ལྟར་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བ་རྣམས་ལ་སླར་འབད་པས་སྒོམ་པ་དེ་ཉིད་ལམ་སྟེ། ཕུང་པོ་གསུམ་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་སྒོམ་སྟེ། ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་རྩོལ་བ་དང་། དྲན་པ་དང་ཏིང་ངེ་འཛིན་གྱི་ཡན་ ལག་རྣམས་སོ། །དེ་ལ་ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་རྣམས་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང་ཏིང་ངེ་འཛིན་དག་ཏིང་ངེ་འཛིན་གྱི་ཕུང་པོའོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་བོ། ། ཡང་དག་པའི་རྟོག་པ་ནི་དགེ་བའི་ཀུན་དུ་རྟོག་པའོ། །ཡང་དག་པའི་ངག་ནི་ངག་གི་དགེ་བའི་ལས་ཀྱི་ལམ་བཞི་རྣམས་སོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ལུས་ཀྱི་དགེ་བ་གསུམ་རྣམས་ཏེ་སྤོང་བའི་རང་བཞིན་ནོ། །ཡང་དག་པའི་འཚོ་བ་ནི་ཚུལ་འཆོས་དང་ཁ་གསག་དང་ལོག་པའི་འཚོ་བ་སྤོང་བའོ། ། ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་སོ། །ཡང་དག་པའི་དྲན་པ་ནི་དམིགས་པ་མི་བརྗེད་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞིའོ། །དབུས་དང་མཐའ་རྣམ་པར་འབྱེད་པར་ཡང་གསུངས་པ། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ ཡང་། །ལམ་གྱི་ཡན་ལག་དེ་རྣམས་བརྒྱད། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང་། །མི་མཐུན་ཕྱོགས་ཀྱི་གཉེན་པོ་ཉིད། །ཅེས་སོ། །དེ་ལ་མཐོང་བའི་ལམ་ཡོངས་སུ་གཅོད་པ་ནི་ཡང་དག་པའི་ལྟ་བའོ། །གཞན་གོ་བར་བྱེད་པ་ནི་ཡང་དག་ པའི་རྟོག་པ་དང་། ཡང་དག་པའི་ངག་སྟེ་ཡང་དག་པས་ཀུན་ནས་བསླང་བའི་ཚིག་གིས་དེ་གོ་བར་བྱེད་པའི་ཕྱིར་རོ། །གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་རྣམ་པ་གསུམ་ནི་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་སོ། །དེ་རྣམས་ཀྱིས་རིམ་པ་ཇི་ལྟ་བར་གསུམ་རྣམས་ལ་ཡིད་ཆེས་པར་འགྱུར་ཏེ། བརྗོད་ པ་དང་འབྲེལ་པའི་གཏམ་རྣམ་པར་ངེས་པས་ཤེས་རབ་ལའོ། །བྱ་བ་མ་ཡིན་པ་མི་བྱེད་པ་ལས་ཚུལ་ཁྲིམས་ལའོ། །ཆོས་ཙམ་གྱི་ཚོད་ཟིན་པར་ཆོས་གོས་ལ་སོགས་པ་ལ་ཚོལ་བ་ལས་ཀྱང་ཡོ་བྱད་བསྙུངས་པ་ལའོ། །མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཡན་ལག་གསུམ་རྣམས་ནི་ཡང་དག་པའི་རྩོལ་བ་དང་དྲན་པ་ དང་ཏིང་ངེ་འཛིན་ཏེ། དེ་རྣམས་ནི་རིམ་པ་བཞིན་དུ་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་དང་། ཉེ་བའི་ཉོན་མོངས་པ་བྱིང་རྒོད་དང་། དབང་གི་མི་མཐུན་པའི་ཕྱོགས་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་གེགས་ཀྱི་གཉེན་པོའོ། །འཕགས་པ་ནི་སློབ་པ་རྣམས་ཏེ་དེ་རྣམས་ཀྱི་ཉོན་མོངས་པ་ལས་གྲོལ་བ་ མངོན་དུ་བྱ་བའི་ཆེད་དུ་ལམ་འདི་བསྐྱེད་དེ། དེའི་ཕྱིར་འདི་འཕགས་པ་རྣམས་ཀྱི་ཡན་ལག་བརྒྱད་པ་ཞེས་པས་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཡན་ལག་འདི་རྣམས་ལངས་པའི་ཡང་སྟེ། ལམ་ལ་མཉམ་པར་གཞག་པ་ལ་ནི་ཡང་དག་པའི་རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་ དྲན་པ་རྣམས་མི་སྲིད་དོ། །འོ་ན་ལམ་ལ་སྙོམས་པར་ཞུགས་པ་དེའི་ཚེ་ཡན་ལག་བརྒྱད་སྒྲུབ་པའི་ཆོས་སུ་ཅི་ལྟར་འགྱུར་ཞེ་ན། འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པས་དེའི་རང་བཞིན་ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཐོབ་སྟེ། གང་ཐོབ་པས་ལངས་ཀྱང་སླར་ཡང་ལོག་པའི་ངག་ལ་སོགས་ ལ་མི་འཇུག་ཅིང་ཡང་དག་པའི་ངག་ལ་སོགས་པ་རྣམས་ལ་ཡང་འཇུག་གོ། །དེའི་ཕྱིར་རྒྱུ་མཚན་ལ་རྒྱུ་མཚན་ཅན་ཉེ་བར་བཏགས་པ་ལས་ཡན་ལག་བརྒྱད་ཉིད་དེ། གཞན་དུ་ན་ལམ་ལ་མཉམ་པར་གཞག་པ་འགལ་ལོ། །ལམ་འདི་ཡང་ཚངས་པ་མྱ་ངན་ལས་འདས་པ་ལ་ཕན་པར་སྤྱོད་པས་ཚངས་པར་སྤྱོད་པ་སྟེ། མདོར་ཚངས་པར་སྤྱོད་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དོ་ཞེས་གསུངས་པའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྡེ་བདུན་པོ་སུམ་ཅུ་རྩ་བདུན་པོ་འདི་རྣམས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བསྒོམ་པར་བྱ་སྟེ་ཁྱད་པར་ནི་འཆད་པར་འགྱུར་རོ། །བྱང་ཆུབ་ནི་ཟད་པ་དང་ མི་སྐྱེ་བ་ཤེས་པ་དག་སྟེ་དེའི་ཕྱོགས་རྗེས་སུ་མཐུན་པ་རྣམས་སོ་ཞེས་པ་བྱང་ཆུབ་ཀྱི་ཕྱོགས་རྣམས་སོ། །འདིར་བསྒོམ་པའི་ལམ་ལ་འདོད་ཁམས་སུ་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་རྣམས་དང་། གཟུགས་དང་གཟུགས་མེད་པ་དག་ཏུ་འདོད་ཆགས་དང་། ང་རྒྱལ་དང་། མ་རིག་པ་ རྣམས་སོ་ཞེས་པ་བཅུའོ། །སླར་ཡང་སོ་སོར་རྣམ་པ་དགུ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ལ་སླར་ཡང་སོ་སོར་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཀྱིས་སོ། །འདོད་པའི་ཁམས་དང་བསམ་གཏན་བཞི་དང་གཟུགས་མེད་བཞིའི་ས་དགུ་རྣམས་སུ་སྟེ། སོ་སོར་རྣམ་པ་བརྒྱད་ཅུ་རྩ་གཅིག་ ཏུ་འགྱུར་རོ། །ཁོང་ཁྲོ་ནི་དགུ་ཁོ་ནའོ། །དེ་བཞིན་དུ་བསྒོམ་པའི་ལམ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ་སླར་ཡང་སོ་སོར་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཀྱིས་རྣམ་པ་བརྒྱད་ཅུ་རྩ་གཅིག་གོ། །རྣམ་པ་འདི་རྣམས་ཀྱང་ཉོན་མོངས་པའི་རྣམ་པ་རེ་རེ་སྤང་བར་བྱ་བ་ལ། སོ་སོར་བར་ཆད་མེད་པ་དང་རྣམ་ གྲོལ་གྱི་ལམ་གྱི་རང་བཞིན་ནོ། །དེ་ལ་འདོད་པར་གཏོགས་པའི་རྣམ་པ་ལྔའི་བར་སྤངས་པ་ཇི་སྲིད་པ་ནི་ལན་ཅིག་ཕྱིར་འོང་བ་ལ་ཞུགས་པའོ། །དྲུག་པ་སྤངས་ན་ནི་ལན་ཅིག་ཕྱིར་འོང་བའོ། །བདུན་པ་དང་བརྒྱད་པའི་རྣམ་པ་སྤངས་པ་ནི་ཕྱིར་མི་འོང་བ་ལ་ཞུགས་པའོ། །འདོད་པས་བསྡུས་པའི་རྣམ་པ་དགུ་སྤངས་ པ་ནི་ཕྱིར་མི་འོང་བའོ། །སྲིད་པའི་རྩེ་མོའི་བར་གྱི་ཆ་བརྒྱད་པ་ཟད་པར་བྱེད་པ་ནི་དགྲ་བཅོམ་པ་ཉིད་ལ་ཞུགས་པའོ། །དགུ་པ་སྤོང་བའི་བར་ཆད་མེད་པའི་ལམ་ནི་རྡོ་རྗེ་ལྟ་བུ་ཞེས་ཐ་སྙད་དུ་བྱའོ། །རྣམ་པར་གྲོལ་བའི་ལམ་ནི་ཟད་པ་ཤེས་པའོ། །ཟད་པ་ཤེས་པ་སྐྱེས་ནས་ནི་ཆུང་ངུ་དང་། འབྲིང་ དང་། ཆེན་པོའི་བྱེ་བྲག་ཐ་དད་པ་ཐམས་ཅད་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་རྣམས་སུ་འགྱུར་རོ། །འདི་རྣམས་ཀྱིས་ཡང་ས་བཅུ་རྣམས་ཏེ། དཀར་པོ་རྣམ་པར་མཐོང་བའི་ས་ལྷག་མཐོང་འབའ་ཞིག་གི་གནས་སྐབས་ངོས་འབྱེད་ཆ་མཐུན་ལ་དང་རིགས་ཀྱིས་ཆོས་མཆོག་གི་གནས་སྐབས་དང་། བརྒྱད་ པའི་ས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང་། མཐོང་བའི་ས་སྐྱེས་པ་བདུན་ལུས་པའི་རྒྱུན་དུ་ཞུགས་པ་དང་། དེ་ལས་གོང་དུ་འཁོར་བ་དང་འགལ་བ་བདེ་བའི་ཡེ་ཤེས་ཐོབ་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་ལ་ཞུགས་པའི་ས་དང་། བསྲབས་པའི་ས་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་ བུ་ལ་ཞུགས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པའི་ས་དང་བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་པའི་སྟེ་བྱ་བ་བྱས་སོ་ཞེས་ཤེས་པའི་ཕྱིར་བྱ་བ་བྱས་པ་དགྲ་བཅོམ་པ་དེའི་ས་ཞེས་བྱས་ནས་སོ། །ཉན་ཐོས་ཀྱི་ས་ནི་ཉན་ཐོས་ཀྱི་རྣམ་པ་བཅུ་པོ་དེ་ཁོ་ ནའོ། །རང་སངས་རྒྱས་ཀྱི་ས་ནི་རང་སངས་རྒྱས་ཀྱི་སའོ། །འགའ་ཞིག་ཏུ་རིགས་དང་བརྒྱད་པ་དང་མཐོང་བ་དང་བསྲབས་པ་དང་འདོད་ཆགས་དང་བྲལ་བར་བྱས་པ་རྟོགས་པའི་ས་རྣམས་ཉན་ཐོས་ཀྱི་སྟེ་གཞན་གྱི་མ་ཡིན་ནོ་ཞེས་ཐེག་པ་གསུམ་རྣམ་པར་གཞག་པ་ལ་དགོངས་པས། དྲུག་པོ་རྣམས་ཀྱང་ཉན་ཐོས་ཀྱིས་ ཞེས་གྲུབ་པའི་དོན་དུ་དྲུག་པོ་རྣམས་སུ་མ་འདུས་པ་ཞུགས་པ་གསུམ་གྱིས་ཞེས་རྣམ་པར་གཞག་སྟེ་དེའི་ཚེ་ཉན་ཐོས་ཀྱི་ས་རྣམ་པ་བདུན་ནོ། །ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཡང་འདི་རྣམས་ཀྱི་མྱ་ངན་ལས་འདས་པར་བརྗོད་པ་དེ་འདིར་ཉོན་མོངས་པ་རྣམས་ངེས་པར་སོང་ཞེས་བྱས་ནས་སོ། །མྱ་ངན་ འདས་དབྱིངས་ཀྱང་སྟེ། མྱ་ངན་ལས་འདས་པའི་དབྱིངས་ནི་མྱ་ངན་འདས་དབྱིངས་ཏེ། ཟག་པ་ཐམས་ཅད་ཟད་པའི་ཡེ་ཤེས་བདེན་པ་ཡོངས་སུ་ཤེས་པའོ། །གང་གི་ཕྱིར་དེ་སྐྱེས་ན་ཉོན་མོངས་པ་ཟད་པའི་ཕྱིར་སྡུག་བསྔལ་གྱི་མེ་སླར་སྐྱེ་བ་མེད་པས་སོ། །དེ་ཡང་རྣམ་པ་གཉིས་ཏེ་ཕུང་པོ་ལྷག་མ་དང་བཅས་ པ་དང་ཕུང་པོ་ལྷག་མ་མེད་པའོ། །དེ་ལ་ཕུང་པོ་ནི་ཕུང་པོ་ལྔ་པོ་ཉིད་དེ་ཉོན་མོངས་པ་མེད་པ་རྣམས་ལྷག་མར་ལུས་པའོ། །གང་དུ་དེ་རྣམས་ཀྱང་ལུས་པ་མེད་པ་དེ་ནི་ལྷག་མ་མེད་པའོ། །གང་གི་ཕྱིར་ཉན་ཐོས་རྣམས་ཚེ་ཟད་པ་ལས་བླངས་པའི་ཕུང་པོ་རྣམས་ནུབ་པ་ན། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར། ཕྱི་མ་རྣམས་མ་བླངས་ན། གང་ཟག་གི་བདག་མེད་པ་རྟོགས་པ་ལས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །སླར་ཡང་དེའི་རྣམ་པར་གཞག་པ་ཐེག་པ་གསུམ་ལ་ཅི་རིགས་པ་རྣམ་པ་བཅུ་གསུམ་གྱིས་རིག་པར་བྱ་སྟེ། མཚན་ཉིད་ལས་དང་ཟག་པ་ཉིད་དང་ཀུན་ནས་ཉོན་མོངས་པ་དང་དོན་དམ་པ་ དང་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པ་དང་རྒྱན་མེད་པ་དང་རྒྱན་དང་བཅས་པ་དང་། ཁྱད་པར་དུ་འཕགས་པ་མ་ཡིན་པ་དང་། ཁྱད་པར་དུ་འཕགས་པ་དང་། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་ལས་དང་། རྣམ་གྲངས་ལས་སོ། །དེ་ལ་མཚན་ཉིད་ནི། གང་གིས་འགོག་ན་ལམ་གྱིས་སོ། །འགོག་ པ་གང་ཡིན་ན་སྒྲིབ་པ་ཐམས་ཅད་ཀྱི་གནས་ངན་ལེན་སྤངས་པ་ན་གཞན་སྐྱེ་བ་མེད་པའོ། །གང་དུ་འགོག་ན་ཟག་པ་མེད་པའི་དབྱིངས་སུའོ་ཞེས་སོ། །ཟབ་པ་ཉིད་ལས་ནི་འདུ་བྱེད་དེ་རྣམས་ཉེ་བར་ཞི་བ་ལས་འགོག་པ་དེ་བཞིན་དུ་བརྗོད་པར་བྱ་བ་མ་ཡིན། །གཞན་མ་ཡིན་པར་མ་ཡིན་པ་སྟེ། གཞན་ཉིད་ན་དེ་དང་འབྲེལ་ པ་མེད་པ་དོན་གཞན་དུ་གྱུར་པ་ཁོ་ནར་འགྱུར་རོ། །གཞན་མ་ཡིན་པ་ཉིད་ནི་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུའོ། །གཉིས་ཀ་ནས་གཉིས་ཀར་རོ་གཉིས་ཀ་མ་ཡིན་པར་སྒྲུབ་པར་མི་ནུས་ཏེ། དེ་ནི་ངག་གི་ལམ་ཐམས་ཅད་ལས་འདས་པ་སྤྲོས་པ་མེད་པའོ། །ཀུན་ནས་ཉོན་མོངས་པ་ལས་ནི་དེའི་ཡན་ལག་གིས་ མྱ་ངན་ལས་འདས་པ་སྟེ། དེའི་ཡན་ལག་ཉོན་མོངས་པའི་རྣམ་པ་ཀུན་དུ་སྤྱོད་པའི་གནས་སྐབས་སྤངས་པའི་ཕྱིར་རོ། །འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པའི་འགོག་པ་གང་ཡིན་པའོ་ཞེས་པའི་དོན་ཏེ། ཇི་སྐད་དུ་གསུངས་པ་འདོད་པ་རྣམས་ཀྱིས་དབེན་པ་ཞེས་རྒྱ་ཆེར་རོ། །དོན་དམ་པ་ལས་ནི་ཤེས་ རབ་འདིས་ས་བོན་བཅོམ་པའི་ཕྱིར་རོ། །ཡོངས་སུ་མ་རྫོགས་པ་ལས་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་བསྡུས་པ་ནས་དགྲ་བཅོམ་པ་ཉིད་ལ་ཞུགས་པས་བསྡུས་པའི་བར་ཏེ་ཀུན་དུ་སྦྱོར་བ་ལྷག་མ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་རྫོགས་པ་ལས་ནི་དགྲ་བཅོམ་པའི་འབྲས་བུས་བསྡུས་པ་སྟེ་ཀུན་དུ་སྦྱོར་བ་ ལྷག་མ་མེད་པ་ཉིད་ཀྱི་ཕྱིར་རོ། །རྒྱན་མེད་པ་ལས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྣམས་ཀྱིའོ། །རྒྱན་དང་བཅས་པ་ལས་ནི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་རྣམས་ཀྱི་སྟེ་ཡོན་ཏན་ཁྱད་པར་དུ་འཕགས་པའི་རྒྱན་དང་ལྡན་པའི་ཕྱིར་རོ། །གཉིས་ཀའི་ཆ་ནི་ཉོན་མོངས་པའི་སྒྲིབ་པ་དང་ སྙོམས་འཇུག་གི་སྒྲིབ་པའོ། །ཁྱད་པར་དུ་འཕགས་པ་མ་ཡིན་པ་ལས་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཕྱོགས་གཅིག་ལས་གྲོལ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱིའོ། །ཁྱད་དུ་འཕགས་པ་ལས་ནི་སངས་རྒྱས་ཀྱི་སྟེ་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་སོ། །ལྷག་མ་དང་བཅས་པ་ ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །ལྷག་མ་མེད་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །རྣམ་གྲངས་ལས་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ། མ་ལུས་པར་སྤངས་པ་དང་ངེས་པར་སྤངས་པ་དང་བྱང་བར་གྱུར་པ་དང་ཟད་པ་དང་འདོད་ཆགས་ དང་བྲལ་བ་དང་འགོག་པ་དང་རྣམ་པར་ཞི་བ་དང་ནུབ་པ་དང་འདུས་མ་བྱས་པ་དང་བལྟ་དཀའ་བ་དང་གཡོ་བ་མེད་པ་དང་མི་འདུད་པ་དང་འཆི་བ་མེད་པ་དང་ཟག་པ་མེད་པ་དང་གནས་དང་། གླིང་དང་སྐྱོབ་པ་དང་སྐྱབས་དང་དཔུང་གཉེན་དང་འཆི་འཕོ་མེད་པ་དང་རིམས་ནད་མེད་པ་དང་བདེ་བ་དང་ཞི་བ་དང་དགེ་བར་འགྱུར་བ་དང་། ནད་མེད་པ་དང་མི་གཡོ་བ་དང་མྱ་ངན་ལས་འདས་པའོ་ཞེས་སོ། །དེ་ལ་མ་ལུས་པར་སྤངས་པ་ཞེས་པ་ནི་མདོར་བསྟན་པའོ། །ལྷག་མ་རྒྱས་པར་བཤད་པའོ། །ངེས་པར་སྤངས་པ་ནི་ཀུན་ནས་དཀྲིས་པ་བྱུང་བ་སྤངས་པའོ། །བྱང་བར་གྱུར་པ་ནི་བག་ལ་ཉལ་མཐར་བྱེད་པའི་ཕྱིར་ཏེ་བག་ཆགས་སྤངས་པའི་ དབང་དུ་བྱས་ནས་གསུངས་ལ། རྩ་བ་མེད་ན་གཏན་མི་སྐྱེ་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །དེ་སླར་ཡང་གཉེན་པོ་མཐོང་བ་དང་བསྒོམ་པའི་ལམ་གྱི་བྱེ་བྲག་གིས་རྣམ་པ་གཉིས་སུ་རྣམ་པར་གཞག་སྟེ་ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་པའོ། །དེ་ལ་མཐོང་བའི་ལམ་གྱི་བྲལ་བའི་དབང་དུ་བྱས་ནས་ཟད་པ་སྟེ། ཉོན་མོངས་པའི་ཕུང་པོ་ཆུང་ངུ་ཙམ་ལུས་པ་ཉིད་ཀྱི་ཕྱིར་རོ། །བསྒོམ་པའི་ལམ་གྱིས་ནི་འདོད་ཆགས་དང་བྲལ་བ་སྟེ། དེ་ནི་ས་ལས་འདོད་ཆགས་དང་བྲལ་བའི་རྟོགས་པ་རབ་ཏུ་སྒོམ་པ་ཉིད་ཀྱི་ཕྱིར་རོ། །དེ་གཉིས་ཀྱིས་བྲལ་བར་གྱུར་ན་མི་སྐྱེ་བའི་ཆོས་ཉིད་དུ་བྱས་པའི་ཕྱི་མ་ལ་སྡུག་བསྔལ་འགོག་པ་དང་མཐོང་བའི་ ཆོས་ལ་ཡིད་ཀྱི་ཕྱིར་རོ། །མི་བདེ་བ་རྣམ་པར་ཞི་བ་སྟེ་དེ་ཀུན་དུ་མི་སྤྱོད་པའི་ཕྱིར་རོ། །དེའི་ཕྱིར་དེའི་འབྲས་བུར་གྱུར་པ་སྡུག་བསྔལ་རྣམ་པ་གཉིས་སྤངས་པའི་དབང་དུ་བྱས་ནས་གསུངས་པ་འགོག་པ་དང་རྣམ་པར་ཞི་བའོ་ཞེས་སོ། །ཉེ་བར་འཚེ་བ་ལྷག་མ་མཐར་གྱུར་པ་བཟུང་ནས་ནུབ་པ་ཞེས་པ་སྟེ། དེ་ལྟར་བྱས་ནས་ མ་ལུས་པར་སྤངས་པ་རྒྱས་པར་བཤད་པར་རིག་པར་བྱའོ། །འདུས་མ་བྱས་ནི་མཚན་ཉིད་གསུམ་དང་བྲལ་བ་ཉིད་ཀྱི་ཕྱིར་ཏེ། འདུས་བྱས་ལས་བཟློག་པས་སོ། །བལྟ་དཀའ་བ་ནི་ཤའི་མིག་དང་ལྷའི་མིག་གི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་ཉིད་ཀྱི་ཕྱིར་རོ། །གཡོ་བ་མེད་པ་ནི་འགྲོ་བར་འཕོ་བ་དང་བྲལ་བ་ཉིད་ཀྱི་ཕྱིར་ རོ། །མི་འདུད་པ་ནི་འདོད་པ་དང་གཟུགས་མེད་པའི་སྲིད་པ་གསུམ་མེད་པ་ན་སྲིད་པ་རྣམས་སུ་མི་འདུད་པའི་ཕྱིར་རོ། །འཆི་བ་མེད་པ་ནི་ཕུང་པོའི་བདུད་དང་བྲལ་བའི་ཕྱིར་ཏེ་འཆི་བའི་དོན་རྟེན་ཕུང་པོ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །ཟག་པ་མེད་པ་ནི་ཉོན་མོངས་པའི་བདུད་དང་བྲལ་བའི་ཕྱིར་རོ། །གནས་ནི་རྣམ་པར་ གྲོལ་བའི་དགའ་བ་དེའི་གཞི་ཉིད་ཀྱི་ཕྱིར་རོ། །གླིང་ནི་ཁམས་གསུམ་ལས་ཡོངས་སུ་ཆད་པའི་ཕྱིར་ཏེ། འཁོར་བའི་རྒྱ་མཚོ་ཆེན་པོ་ལ་ཐང་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །སྐྱོབ་པ་ནི་ཉེ་བར་འཚེ་བ་ཐམས་ཅད་བཟློག་པའི་ཕྱིར་ཏེ། དེ་ཐོབ་ན་སྐྱེ་བ་ལ་སོགས་པའི་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ ཞེས་པའི་དོན་ཏོ། །སྐྱབས་ནི་དེར་བསམ་པ་དང་སྦྱོར་བ་འབྲས་བུ་ཡོད་པའི་གཞིའི་གནས་ཡིན་པའི་ཕྱིར་ཏེ། དེར་བྱས་པའི་བསམ་པ་དང་སྦྱོར་བ་དག་འབྲས་བུ་ཡོད་པའི་གཞིའི་གནས་ཉིད་ཀྱིས་བརྟེན་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །དཔུང་གཉེན་ནི་མཆོག་འཕགས་པ་ཉིད་དུ་འགྲོ་བའི་གཞིའི་གནས་ཡིན་ པའི་ཕྱིར་ཏེ་དགྲ་བཅོམ་པ་ཐོབ་པའི་ཐབས་ཀྱི་དམིགས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །འཆི་འཕོ་མེད་པ་ནི་མ་སྐྱེས་པ་ཉིད་ཀྱིས་ཉམས་པ་མི་སྲིད་པའི་ཕྱིར་རོ། །རིམས་ནད་མེད་པ་ནི་འདོད་པས་འཇོམས་པའི་གདུང་བ་ཐམས་ཅད་མེད་པའི་ཕྱིར་རོ། །ཡོངས་སུ་གདུང་བ་མེད་པ་ནི་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་ སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པའི་ཡོངས་སུ་གདུང་བ་ཐམས་ཅད་མེད་པས་ན་བསིལ་བར་གྱུར་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་ནི་ན་བ་དང་རྒ་བ་དང་འཆི་བའི་འཇིགས་པ་དང་བྲལ་བ་འཕགས་པའི་གནས་པའི་རྟེན་ཉིད་ཀྱི་ཕྱིར་རོ། །ཞི་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྟེན་ཉིད་ཀྱི་ཕྱིར་རོ། །བདེ་གཞི་ཉིད་ནི་འཇིག་ རྟེན་ལས་འདས་པའི་བདེ་བའི་གཞི་ཉིད་ཀྱི་ཕྱིར་རོ། །དགེ་བར་གྱུར་པ་ནི་སྦྱོར་བ་བདེ་བས་དེ་ཐོབ་པའི་དམིགས་པའི་དངོས་པོའི་ཕྱིར་རོ། །ནད་མེད་པ་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པའི་ནད་དང་བྲལ་བའི་ཕྱིར་རོ། །དཔེར་ན་རྒྱུ་གསུམ་གྱིས་ནད་འབྱུང་སྟེ་ཉེས་པ་བསགས་པས་དང་མི་འཕྲོད་པ་ བརྟེན་པས་དང་བཏང་སྙོམས་ཀྱིས་སོ། །དེ་བཞིན་ཁོ་ནར་ཉོན་མོངས་པའི་ནད་དེ་འདིའི་ཉེས་པ་རྣམས་ནི་འདོད་པའི་རྟོག་པ་ལ་སོགས་པའོ། །སྟོང་པ་ཉིད་ལ་སོགས་པ་རྣམས་ལས་གཞན་ཐམས་ཅད་མི་འཕྲོད་པའོ། །དེའི་ཕྱིར་གུས་པ་དང་བཅས་པས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་གོམས་པ་ལས་མེད་པར་ འགྱུར་རོ། །མི་གཡོ་བ་ནི་ཡུལ་གྱི་སྤྲོས་པའི་རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ཐམས་ཅད་བྲལ་བ་ཞི་ལ་བདེ་བར་གནས་པའི་དམིགས་པ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་མེད་པ་གཉིས་ཀ་རྟོགས་པའི་ ཕྱིར་ཆོས་ཀྱི་རྣམ་པར་རྟོག་པ་རྣམས་ལ་ཡང་བསྐལ་པའི་མེ་བཞིན་དུ་སེམས་ཤིང་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་མངོན་པར་དགའ་བ་མེད་དོ། །དོན་དམ་པར་ནི་སངས་རྒྱས་ཉིད་ཁོ་ན་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་དེ་ཁོ་ནར་རྣམ་པར་མི་རྟོག་པ་མཐའ་ དག་རྣམ་པ་ཐམས་ཅད་དུ་བྲལ་བའི་ཕྱིར་རོ། །གང་ཡང་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་ནི་གདུལ་བྱ་རྣམས་ཀྱི་དེ་ལྟ་བུའི་བསམ་པའི་དབང་ལས་སོ། །འོ་ན་གང་དགྲ་བཅོམ་པའི་འབྲས་བུ་ལས་ཡོངས་སུ་ཉམས་པ་འདི་ཅི་སླར་སྐྱེའམ་ཞེ་ན། འདི་ནི་མེད་དེ་གང་གི་ཕྱིར་འབྲས་བུ་ལས་ ཉམས་པ་མི་མཆི་བས་སོ། །འབྲས་བུ་ལས་ཡོངས་སུ་ཉམས་པ་ནི་སུ་ཡང་དུས་བྱེད་པ་མེད་པ་ཁོ་ན་སྟེ། དགེ་སློང་རྣམས་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དྲན་པ་ཉམས་པ་འབྱུང་ངོ་། །འོན་ཀྱང་ཡང་མྱུར་བ་ཁོ་ནར་ནུབ་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པ་ཁོ་ནར་འགྱུར་རོ་ཞེས་མདོར་ གསུངས་པའི་ཕྱིར་རོ། །གཞན་དུ་ན་ཚངས་པར་སྤྱད་པ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ། །དེ་ཡང་འབྲས་བུ་དེ་ལས་ཡོངས་སུ་ཉམས་ཀྱང་འབྲས་བུ་ད་དང་འགལ་བའི་བྱ་བ་མི་བྱེད་དེ་དཔའ་བོ་བྲེད་ཀྱང་མི་འགྱེལ་བ་བཞིན་ནོ། །དེ་ལ་གང་ལ་དབང་པོ་རྟུལ་པོ་རྣམས་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་བསྒོམ་པ་ ལ་མངོན་པར་བརྩོན་པ་དང་པོ་ཁོ་ནར་བདག་ཉིད་དུལ་བ་དང་ཞི་བ་གཅིག་པུ་མངོན་པར་སེམས་པ་རྣམས་ཏེ་དེ་ལྟར་འདོད་ཆགས་དང་བྲལ་བ་མངོན་དུ་བྱེད་ཅིང་དེ་རྣམས་མྱ་ངན་ལས་འདས་པ་ཐོབ་པའི་འདུ་ཤེས་ཀྱིས་ཟག་པ་མེད་པའི་དབྱིངས་ཁོ་ན་ལ་གནས་སོ། །གང་དབང་པོ་འབྲིང་པོ་རྣམས་ནི་བདེན་པ་སྒོམ་པ་ལ་མངོན་ པར་དགའ་བ་ཁོ་ན་གཞན་གྱི་དོན་ལ་ཅུང་ཟད་སྲེད་པ་རྣམས་ཏེ་འདོད་ཆགས་དང་བྲལ་བ་བསྐྱེད་ཀྱང་འདོད་ཆགས་དང་བྲལ་བ་མངོན་དུ་མི་བྱེད་པར་དུས་བྱེད་ཅིང་། དེ་རྣམས་ལུས་ཀྱི་ཆོས་སྟོན་པ་མངོན་པར་འདོད་པའི་དབང་གིས་ལས་དང་ལམ་གྱི་རྣམ་པར་སྨིན་པ་ལས་དམ་པའི་ཆོས་ནུབ་པར་འགྱུར་བ་ན་གཞན་གྱི་ གདམས་ངག་ལ་མི་ལྟོས་པར་ཤེས་བྱའི་སྒྲིབ་པ་གཟུང་བ་དང་འཛིན་པའི་དོན་གྱི་རྣམ་པར་རྟོག་པ་དག་རིམ་པ་བཞིན་སྤངས་པ་དང་སྤངས་པ་དག་རྐྱེན་ཉིད་འདི་པ་ཙམ་གྱི་བྱང་ཆུབ་ཀྱི་རང་བྱང་ཆུབ་མངོན་དུ་བྱས་ཤིང་རྫུ་འཕྲུལ་ལ་སོགས་པ་བསྟན་པས་སྣོད་དུ་རུང་བར་བྱས་པའི་གདུལ་བྱའི་རྣམ་པར་ཤེས་པ་ལ་སྒྲ་མེད་ཀྱང་ དོན་དེ་སྣང་ངོ་ཞེས་པས། ལུས་ཀྱི་ཆོས་བསྟན་པ་བྱས་ནས་ཟག་པ་མེད་པའི་དབྱིངས་ཁོ་ན་ལ་གནས་སོ། །དབང་པོ་རྟུལ་པོ་དང་འབྲིང་པོ་འདི་དག་ཀྱང་ཕྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྐུལ་བ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ཅིང་རིམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ མངོན་པར་འགྲུབ་པར་བྱེད་དོ། །དབང་པོ་རྣོན་པོ་རྣམས་ནི་ཡང་སྡུག་བསྔལ་ལ་སོགས་པའི་བདེན་པ་བསྒོམ་པ་ལ་མངོན་པར་དགའ་བ་གཞན་གྱི་དོན་གཅིག་པུ་ལ་སྲེད་པ། ཁམས་གསུམ་གྱི་ཉོན་མོངས་པ་སྤངས་ཀྱང་། སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱིས་སེམས་ཅན་མཐའ་དག་གདོན་པའི་བསམ་པ་ཅན་ཏེ་བཅོམ་ལྡན་ འདས་ཀྱི་དབང་ཁོ་ནས་དུས་དེའི་ཕྱིས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་རྫོགས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །གཉིས་པོ་དེ་དག་ཀྱང་བསྐལ་པ་གྲངས་མེད་བཞི་མངོན་པར་རྫོགས་ ནས་ཡང་དག་པར་རྫོགས་པར་སངས་རྒྱས་པ་ཉིད་འབའ་ཞིག་གོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱི་རྣལ་འབྱོར་དང་བྲལ་བ་ལས་མངོན་པར་མཐོ་བའི་འབྲས་བུ་མེད་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ཡང་མེད་དོ། །གང་ཡང་བསྐལ་པའི་ཚོགས་མི་ཉུང་བར་བསྒོམས་པ་བློ་ཡོངས་སུ་དག་ པ་དེ་རྣམས་ལ་ཁོ་ན་ཉིད་ལ་སྒྲོ་འདོགས་པ་མ་ལུས་པ་བཟློག་པས་སྟོང་པ་ཉིད་དང་སྤྲོས་པ་མེད་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་ཉེ་བར་བསྟན་ནོ། །དེ་རྣམས་དེ་ལ་མངོན་དུ་ཕྱོགས་པར་བྱས་ནས་དེའི་རང་བཞིན་སྦྱིན་པ་ལ་སོགས་པ་བྱ་བའི་རང་བཞིན་གྱི་ཐབས་གོམས་པ་ལས་སངས་རྒྱས་ཉིད་མངོན་ པར་འགྲུབ་པར་བྱེད་དོ། །དེ་ཡང་སྙིང་རྗེ་ཆེན་པོ་སྐྱེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དེ་ཉིད་གོང་ནས་གོང་དུ་རྣམ་པར་རྟོག་པ་སྤང་བ་ཡོངས་སུ་དག་པ་ཉིད་སྒྲུབ་པའི་དོན་དུ་སྒོམ་མོ། །ཇི་སྐད་དུ་བཅོམ་ལྡན་འདས་མ་བདུན་བརྒྱ་པར་གསུངས་པ་འཇམ་དཔལ་མི་གནས་པ་ལ་དེ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ པ་ཅི་ཡོད། བཅོམ་ལྡན་འདས་གང་ཅི་ལ་ཡང་མི་གནས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ། །གང་ཆོས་གང་གི་ཡང་གནས་པའམ་མི་གནས་པ་མི་དམིགས་པ་གནས་པ་སྟེ། གང་ཆོས་གང་ཡང་མི་སེམས་ལ་རྣམ་པར་མི་རིག་པའོ། །བཀའ་སྩལ་པ་འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སེམས་ སམ། གསོལ་པ། བཅོམ་ལྡན་འདས་མི་སེམས་ལགས་སོ། །གང་བསམ་གྱིས་མི་ཁྱབ་པ་ཉིད་དེ་ཁོ་ན་ནི་མྱ་ངན་ལས་འདས་པ་དང་སྐྱེ་བ་མ་མཆིས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཆོས་ཀྱི་དབྱིངས་དང་རྒྱུ་བ་མེད་པའི་དབྱིངས་ཤེས་པ་ནི་གཉིས་སུ་མ་མཆིས་གཉིས་སུ་བགྱིར་མ་མཆིས་པའོ། །གང་དེ་ལྟ་བུའི་ཡེ་ཤེས་ དེ་དམིགས་སུ་མ་མཆིས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཡེ་ཤེས་སོ། །བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་ཆོས་གང་ཡང་མི་དམིགས་པ་ན་གནས་པ་མ་མཆིས་ཏེ། ཆོས་གང་ལེན་པའམ་འདོར་བའོ། །ཆོས་གང་ཡང་འགྲིབ་པའམ་འཕེལ་བ་མི་དམིགས་སོ། །བཅོམ་ལྡན་འདས་ སྐྱེ་བ་མ་མཆིས་པ་ལ་ནི་འཕེལ་བའམ་འགྲིབ་པ་ཉིད་མ་མཆིས་སོ། །ཞེས་སོ། །དེའི་ཡང་མཚན་ཉིད་ལ་སོགས་པ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི། །བདག་དང་ཕུང་སོགས་རྣམ་རིག་གི། །རྟོག་པས་མངོན་པར་མ་བསྒྲིབས་ཤིང་། །སྟོང་པར་སངས་རྒྱས་རྟག་ཏུ་བཞེད། །བདག་ ཏུ་འཛིན་པ་བཟློག་དོན་དུ། །ཕུང་པོ་ཁམས་སོགས་བསྟན་པ་སྟེ། །དེ་ཡང་སེམས་ཙམ་རྣམ་གཞག་པས། །སྐལ་བ་ཆེན་པོ་རྣམས་ཀྱིས་བཤིག །འདི་དག་ཐམས་ཅད་སེམས་ཙམ་དུ། །རྣམ་རིག་སྨྲ་བ་རྣམས་ལ་གྲུབ། །རྣམ་རིག་རང་བཞིན་ཅི་ཡིན་ལ། །ད་ནི་དེ་འདིར་བརྗོད་པར་བྱ། །འདི་རྣམས་ཐམས་ཅད་སེམས་ ཙམ་ཞེས། །ཐུབ་པ་ཡིས་ནི་གང་བསྟན་པ། །བྱིས་རྣམས་སྐྲག་པ་སྤང་དོན་ཏེ། །དེ་ནི་དེ་བཞིན་ཉིད་མ་ཡིན། །སྟོང་ཉིད་བདག་ཉིད་ཚུལ་གཅིག་གི། །སེམས་འདི་ཉིད་ལ་ཀུན་བརྟགས་དང་། །གཞན་གྱི་དབང་དང་ཡོངས་གྲུབ་པ། །ཉིད་དུ་ཡང་ནི་བརྟགས་པ་ཡིན། །ཐེག་ཆེན་ལ་དགའི་བདག་ཉིད་རྣམས། ། ཆོས་ལ་བདག་མེད་དང་མཚུངས་པའོ། །སྟོང་ཉིད་མཁའ་མཉམ་ཡེ་ཤེས་ནི། །བྱང་ཆུབ་སྙིང་པོར་སོན་གྱུར་པ། །དུས་གསུམ་བྱས་པ་ལ་བརྟེན་པའི། །སངས་རྒྱས་བདག་ཉིད་ཀུན་གྱིས་མཁྱེན། །དམིགས་མེད་སྒྱུ་མ་ལྟ་བུ་ཡི། །སྟོང་ཉིད་སྲིད་པ་འཇིག་བྱེད་དོ། །ཞི་བ་ཆོས་རྣམས་ཀུན་གྱི་གནས། ། འདི་ནི་རྟག་ཏུ་བསྒོམ་པར་བགྱི། །སྐྱེ་བ་མེད་ཅེས་སྟོང་པ་ཞེས། །དམིགས་པ་མེད་ཅེས་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་སྒོམ་པ། །འདི་ནི་འདིར་དེ་སྒོམ་པ་མིན། །དགེ་དང་མི་དགེའི་རྣམ་རྟོག་རྣམས། །རྒྱུན་གཅོད་པ་ཡི་མཚན་ཉིད་ནི། །སངས་རྒྱས་རྣམས་ཀྱིས་སྟོང་པར་ གསུངས། །གཞན་ནི་སྟོང་ཉིད་མིན་པར་བཞེད། །དམིགས་པ་མེད་པའི་སེམས་ཀྱིས་ནི། །ནམ་མཁའི་མཚན་ཉིད་ལ་གནས་པས། །ནམ་མཁའ་སྒོམ་པ་འདི་ཁོ་ན། །སྟོང་པ་ཉིད་ནི་སྟོང་པར་དགོངས། །གང་ཕྱིར་ཆོས་རྣམས་སྐྱེ་མེད་མིན། །སྟོང་པ་ཉིད་ཅེས་རབ་ཏུ་བསྒྲགས། །མདོར་ ན་ཕུང་པོ་ལྔ་པོ་རྣམས། །ཆོས་རྣམས་ཐམས་ཅད་ཡིན་ཞེས་བཤད། །ཇི་ལྟའི་དེ་ཉིད་བརྗོད་པ་ན། །ཀུན་རྫོབ་ཆད་པ་ཉིད་མ་ཡིན། །ཀུན་རྫོབ་ལས་ནི་ལོགས་པར་རུ། །དེ་བཞིན་ཉིད་ནི་དམིགས་པ་མེད། །གང་ཕྱིར་ཀུན་རྫོབ་སྟོང་ཉིད་བརྗོད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །མེད་ན་མ་འབྱུང་ངེས་ པའི་ཕྱིར། །བྱས་དང་མི་རྟག་པ་དག་བཞིན། །ཀུན་རྫོབ་ཉོན་མོངས་ལས་ལས་བྱུང་། །ལས་ནི་སེམས་ལས་ཡང་དག་བྱུང་། །སེམས་ཀྱང་བག་ཆགས་ཀྱིས་ཡིད་ལ། །བག་ཆགས་བྲལ་ལས་བདེ་བའོ། །བདེ་བའི་སེམས་ནི་ཞི་བ་ཉིད། །ཞི་བའི་སེམས་ནི་རྨོངས་མེད་ལ། །རྨོངས་མེད་པས་ནི་དེ་ཉིད་ རིག །དེ་ཉིད་རིག་པས་གྲོལ་བ་ཐོབ། །བྱང་ཆུབ་སེམས་མཆོག་དེ་ཉིད་དང་། །སྟོང་པ་ཉིད་ཅེས་བཤད་པ་སྟེ། །དེ་བཞིན་ཉིད་དང་ཡང་དག་མཐའ། །སྡུག་བསྔལ་བདག་མེད་སོགས་དེ་བཞིན། །གཞན་དོན་རོ་གཅིག་བྱང་ཆུབ་ནི། །བྱང་སེམས་མྱུ་གུ་ལས་བྱུང་བ། །སྙིང་རྗེའི་རྩ་བ་བརྟན་པ་ནི། ། རྒྱལ་བའི་སྲས་ཀྱིས་སྒོམ་པར་བྱེད། །གང་སྒོམ་པ་ཡིས་བརྟན་པ་རྣམས། །བསམ་གཏན་གྱི་ཡང་བདེ་སྤངས་ནས། །ཕ་རོལ་སྡུག་བསྔལ་གྱིས་གདུངས་ཏེ། །མནར་མེད་པར་ཡང་འཇུག་འགྱུར་བ། །འདི་ནི་ངོ་མཚར་འདི་བསྔགས་འོས། །འདི་ནི་ཁྲིམས་མཆོག་དམ་པ་སྟེ། །དེ་ལྟ་མོད་ ཀྱི་དེ་རྣམས་ཀྱི། །རང་གི་ལུས་དང་དོན་གཏོང་མཚར། །ཆོས་འདི་རྣམས་ནི་སྟོང་ཤེས་ནས། །ལས་དང་འབྲས་བུ་བསྟེན་གང་དེ། །ངོ་མཚར་ལས་ཀྱང་ངོ་མཚར་ཞིང་། །རྨད་བྱུང་ལས་ཀྱང་རྨད་བྱུང་ངོ་། །སེམས་ཅན་བསྐྱབ་པའི་བསམ་པ་ཡིས། །སྲིད་པའི་འདམ་དུ་སྐྱེས་ཀྱང་འདི། །དེ་བྱུང་སྐྱོན་གྱིས་ མི་གོས་ཏེ། །པདྨའི་འདབ་མ་ཆུ་ཡིས་བཞིན། །འདི་རྣམས་སྟོང་ཉིད་ཡེ་ཤེས་མེས། །ཉོན་མོངས་བུད་ཤིང་རྣམས་བསྲེགས་ཤིང་། །འོན་ཀྱང་སྙིང་རྗེས་བརླན་པ་ཡིས། །བཟང་པོ་ལ་སོགས་རྒྱལ་སྲས་རྣམས། །ཚངས་དབང་ཉེ་དབང་དྲག་སོགས་ཀྱིས། །གཟུགས་བརྙན་དུ་ནི་རབ་བཞུགས་རྣམས། ། འགྲོ་བ་འདུལ་བའི་སྦྱོར་བ་ཡིས། །སྙིང་རྗེ་བསམ་པས་ཟློས་གར་མཛད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་སྒྲུབ་པ་དང་བྲལ་བ་ཡང་འཁོར་བར་འབྲས་བུ་ཆེན་པོར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཇི་སྐད་དུ་འཕགས་པ་རྒྱལ་པོ་ལ་གདམས་པའི་མདོར་གསུངས་པ། དེའི་ཕྱིར་རྒྱལ་པོ་ ཁྱོད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ལ་འདུན་པ་དང་དད་པ་དང་དོན་དུ་གཉེར་བ་དང་སྨོན་ལམ་འདི་ཁོ་ན་འགྲོ་ཡང་རུང་འགྲེང་ཡང་རུང་བགྲོད་ཀྱང་རུང་། འདུག་ཀྱང་རུང་ཉལ་ཀྱང་རུང་། གཉིད་མ་ལོག་ཀྱང་རུང་ཟ་ཡང་རུང་འཐུང་ཡང་རུང་རྟག་པར་རྒྱུན་དུ་རྗེས་སུ་དྲན་པར་ཡིད་ལ་གྱིས་ཤིག །བསྒོམས་ ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོ་སྐྱེ་བོ་ཐམས་ཅད་དང་བདག་གི་ཡང་འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་དགེ་བའི་རྩ་བ་རྣམས་བསྡམས་ནས་རྗེས་སུ་ཡི་རང་བར་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ ཐོབ་པར་བྱ་བ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཆེད་དུ། ཉི་མ་ཉི་མར་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག་ཅེས་པ་ལ་སོགས་པ་གསུངས་ནས་དེ་སླར་ཡང་གསུངས་པ། རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ དགེ་བའི་རྩ་བའི་རྣམ་པར་སྨིན་པས་ལན་དུ་མར་ལྷའི་ནང་དུ་སྐྱེས། ལན་དུ་མར་མིའི་ནང་དུ་སྐྱེས་ལ། སླར་ཡང་ལྷ་དང་མི་རྣམས་སུ་སྐྱེ་བ་ཐམས་ཅད་དུ་ཡང་རྒྱལ་སྲིད་ལ་དབང་བྱེད་པ་ཉིད་དུ་འགྱུར་རོ། །ཞེས་སོ། །གང་ཡང་སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་ཤིན་དུ་ཡང་འབྲས་བུ་ཡངས་པ་ཁོ་ནའོ་ ཞེས་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་དཔས་བྱིན་གྱིས་ཞུས་པར་གསུངས་པ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་སླར་ཡང་ལྷག་པར་འགྱུར། །གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ རྣམས་མི་གང་གིས། །རིན་ཆེན་དམ་པས་ཀུན་བཀང་བ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་ཞིག་ཐལ་མོ་སྦྱར་གྱུར་ཏེ། བྱང་ཆུབ་ཆེད་དུ་སེམས་བསྐྱེད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །གང་གིས་མཐའ་ཡང་མ་མཆིས་སོ། །ཞེས་སོ། །འཕགས་པ་སྡོང་པོ་བཀོད་པར་ ཡང་། །རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་གྱུར་པའོ་ཞེས་རྒྱས་པར་རོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་པ། མི་གང་སྐད་ཅིག་གཅིག་ཙམ་ཡང་། །བྱང་ཆུབ་སེམས་ནི་རབ་སྒོམ་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །འདི་ ཙམ་ཞེས་པ་བགྲང་མི་ནུས། །ཉོན་མོངས་མེད་གྱུར་རིན་ཆེན་སེམས། །འདི་ནི་གཅིག་ཏུ་གྲོལ་བ་སྟེ། །ཉོན་མོངས་བདུད་སོགས་ཆོམ་རྐུན་གྱིས། །གཞོམ་བྱ་མ་ཡིན་དབྲོག་བྱ་མིན། །འདི་ནི་ཐེག་ཆེན་གཙོ་བོ་སྟེ། །འདི་ནི་བྱང་ཆུབ་སེམས་མཆོག་ཡིན། །མཉམ་པར་གཞག་རྣམས་ བྱང་ཆུབ་སེམས། །འབད་པ་ཡིས་ནི་བསྐྱེད་པར་གྱིས། །འཁོར་བར་བདག་གཞན་དོན་སྒྲུབ་ལ། །བྱང་ཆུབ་སེམས་ལས་མ་གཏོགས་པ། །གཞན་གང་སངས་རྒྱས་རྣམས་ཀྱིས་ནི། །སྔོན་ཆད་ནམ་ཡང་གཟིགས་པ་མེད། །ཅེས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཡང་དཔེར་ན་ལོང་བས་མར་མེ་གཟུང་ བ་གཞན་ལ་ཕན་པར་འགྱུར་བ་དེ་བཞིན་དུ་དོན་མི་ཤེས་པར་ཐོས་པ་འཛིན་པའོ་ཞེས་ཐོས་པའི་དོན་རྟོགས་པར་བྱས་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བ་སྔོན་མ་ཅན་ཏེ། དེ་ཇི་ལྟར་གཟུང་བ་ནི་སྔར་བརྗོད་པ་དེ་བཞིན་ནོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི། དཔེར་ན་སོ་སོར་ རྟོག་པ་མེད་པའི་མེལ་ཚེ་བ་སྒྲ་འདོན་གྱི་ན་གཉིད་མ་ལོག་ཀྱང་ཆོམ་རྐུན་པ་རྣམས་ཀྱིས་རྐུ་བ་དེ་བཞིན་དུ་སྒྲ་ཙམ་ལ་བརྩོན་པ་ཐོས་པ་མང་ཡང་སོ་སོར་རྟོག་པ་མེད་པ་ནི་ཉོན་མོངས་པའི་ཆོམ་རྐུན་པ་རྣམས་ཀྱིས་འཇོམས་པས་ན་སྒྲུབ་པ་ལ་སྦྱར་རོ། །དེ་ཏིང་ངེ་འཛིན་རྒྱལ་པོའི་མདོར་གསུངས་པ། གཞོན་ནུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བར་འགྱུར་བ་མེད་དོ་ཞེས་སོ། །སྒྲུབ་པ་ཡང་མདོར་བསྡུ་ན་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་སྦྱིན་པ་ལ་སོགས་པའི་ཐབས་སྒྲུབ་པའོ། །དེ་བཞིན་དུ་འདི་ལྟ་བུའི་སྒྲུབ་པ་ཡང་རྙེད་པར་དཀའ་བ་ཉིད་དུ་འཕགས་པ་སྡོང་ པོ་བཀོད་པར་གསུངས་པ། རིགས་ཀྱི་བུ་སེམས་ཅན་གྱི་རིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྨོན་པའི་སེམས་ཅན་དེ་རྣམས་རྙེད་པར་དཀའོ། །དེ་བས་ཀྱང་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་པ་ལ་ཡང་དག་པར་ཞུགས་པ་དེ་རྣམས་ཤིན་ཏུ་རྙེད་པར་དཀའོ་ཞེས་སོ། །བྱང་ཆུབ་ ཀྱི་སེམས་དེ་ཡང་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཁོ་ན་བསྐྱེད་པར་བྱའོ། །དེ་ལ་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་དུ་རྟོགས་པ་ནི་ཤེས་རབ་བོ། །སྤྲོས་པ་མེད་པ་ཉིད་འདི་ཅི་ཞེ་ན། མདོར་བསྡུ་ན་ཇི་སྲིད་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་དེ་ཐམས་ཅད་ཕྱིན་ཅི་ལོག་དང་སྤྲོས་པ་སྟེ་ སྤྲོས་པ་མེད་པ་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དོ། །དེ་ལྟར་ན་སྟོང་པ་ཉིད་ཁོ་ན་སྤྲོས་པའོ་ཞེ་ན། སྟོང་པ་ཉིད་ཀྱི་སྒྲས་ཅུང་ཟད་ཀྱང་སྒྲུབ་པ་མེད་དེ་གང་གི་ཕྱིར། སྒྲུབ་པའི་སྒྲའི་དོན་མ་ཡིན་གྱི་འོན་ཀྱང་སྒྲོ་འདོགས་པ་ལས་ལྡོག་པ་ཙམ་མོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་ཚིག་གསལ་བ་ནི་སྒྲོ་འདོགས་པ་མཐའ་དག་ལས་ལྡོག་ པ་རྟོགས་པར་བྱེད་པས་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་རང་བཞིན་གསལ་བར་བྱེད་ཀྱི་གང་གིས་དེ་ཁོ་ན་སྤྲོས་པ་ཡིན་པ་སྟོང་པ་ཉིད་ཁོ་ནར་སྒྲུབ་པ་མ་ཡིན་ནོ། །སྤྲོས་པ་མེད་པ་ཉིད་སྤྲོས་པའོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་སྤྲོས་པ་མེད་པ་ཞེས་བྱ་བའི་སྤྲོས་པ་ཡོད་པ་མ་ཡིན་ན་དེ་ཅི་ལྟར་སྤྲོས་པ་ ཡིན། དེའི་ཚེ་མེད་པ་ཁོ་ན་དེ་ཁོ་ན་ཉིད་དོ་ཞེས་མི་རིགས་པས་སོ། །དེ་ལྟར་ན་སྒྲོ་འདོགས་པ་མཐའ་དག་ལས་ལྡོག་པ་དེ་ཁོ་ན་ཉིད་དོ་ཞེ་ན། དེ་ལྟར་མ་ཡིན་ཏེ་གང་གི་ཕྱིར་ལྡོག་པ་ནི་དངོས་པོ་མེད་པ་ཡིན་ལ་དངོས་པོ་མེད་པ་ཡང་ཅི་ལྟར་དེ་ཁོ་ན་ཉིད་ཡིན་ཏེ་སྐུར་པ་འདེབས་པའི་མཐའ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་སྒྲོ་འདོགས་ པ་མཐའ་དག་ལས་ལྡོག་པས་དེ་ཁོ་ན་ཉིད་སྟན་པ་ན། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཚུལ་དུ་དེ་ཁོ་ན་ཉིད་མ་ཐོབ་ནས་མངོན་པར་ཞེན་པར་འགྱུར་རོ། །དེས་ན་སྟོང་པ་ཉིད་ལ་སོགས་པའི་སྒྲ་རྣམས་ཀྱིས་མངོན་པར་ཞེན་པ་དེ་བསལ་བར་བྱས་པ་ན་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་གསལ་བར་བྱེད་པས་དེ་བརྗེད་བྱར་ བཏགས་ནས་བརྗོད་དེ་སྟོང་པ་ཉིད་ལ་སོགས་པའི་སྒྲ་རྣམས་ལས་སྒྲོ་འདོགས་པ་མཐའ་དང་བྲལ་བའི་ངོ་བོ་དེ་ཁོ་ན་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་རོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་ཁོ་ན་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་ཀྱི་ཡིན་ལ་སྤྲོས་པ་མེད་པ་རྟོགས་པ་ཡང་ཤེས་རབ་བོ། །ཐབས་ནི་བཅོམ་ལྡན་འདས་མ་སྙིང་རྗེ་ ཆེན་པོའོ། །དེ་ཡང་རྣམ་པ་གསུམ་སྟེ་དེ་ལ་སེམས་ཅན་ལ་དམིགས་པ་ནི་སྡུག་བསྔལ་ཉིད་ཀྱི་སྡུག་བསྔལ་ཉིད་དང་ཡོངས་སུ་འགྱུར་བའི་སྡུག་བསྔལ་ཉིད་དག་གིས་ཉིན་དང་ཉིན་དུ་ཡོངས་སུ་སྐྱོ་བའི་སེམས་ཅན་རྣམས་ལ་དམིགས་ནས་སྐྱེ་བ་གང་ཡིན་པའོ། །ཆོས་ལ་དམིགས་པ་ནི་གང་སྐད་ཅིག་སོ་སོར་མི་རྟག་པ་ཉིད་ ཀྱིས་ཕོངས་པར་ལྟུང་བའི་ཆོས་ཐམས་ཅད་ལ་དམིགས་ནས་སྐྱེ་བའོ། །དམིགས་པ་མེད་པ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ལ་དམིགས་ནས་བསྐྱེད་པའོ། །དེ་ལ་དམིགས་པ་མེད་པའི་སྙིང་རྗེ་སྒོམ་པའི་གནས་སྐབས་ན། ཐབས་དང་ཤེས་རབ་དག་འདི་བདག་ཉིད་དུ་སྒོམ་ལ་སྙིང་རྗེའི་ཅིག་ཤོས་སྒོམ་པའི་གནས་ སྐབས་ན་ནི་མ་ཡིན་ཏེ། དེ་ནི་དངོས་པོའི་རང་བཞིན་དུ་དམིགས་པ་ཉིད་ཀྱིས་སྤྲོས་པ་མེད་པ་ཉིད་མེད་པའི་ཕྱིར་ཤེས་རབ་ཀྱི་རང་བཞིན་དུ་སྐྱེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་བདག་ཉིད་དུ་སྒོམ་པས་ན་ལྷན་ཅིག་སྒོམ་པ་ཁོ་ན་སྟེ་ཤེས་རབ་དང་ཐབས་ཀྱི་ཐ་སྙད་ཐ་དད་པ་ནི་ལྡོག་པ་བྱས་པའོ། །ཇི་སྐད་དུ་བཅོམ་ལྡན་འདས་མར་གསུངས་པ། རབ་འབྱོར་དངོས་པོ་མེད་པའི་རང་བཞིན་གྱི་ཆོས་རྣམས་ལ་དངོས་པོར་འདུ་ཤེས་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མེད་དེ་ཕྱིན་ཅི་ལོག་པའི་ཕྱིར་རོ། །འོན་ཀྱང་ཆོས་ཀྱི་འདུ་ཤེས་ཐམས་ཅད་སྒོམ་པ་རྣམ་པར་མི་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ། །དེ་བཞིན་དུ་དངོས་པོའི་འདུ་ཤེས་ཅན་ལ་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་སྒོམ་པ་མེད་པ་དེ་འདི་ནི་བདག་དང་འདི་ལ་དང་འདི་སྦྱིན་ནོ་ཞེས་དེ་ལྟར་འདུ་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་ཇི་སྲིད་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་ལ་སྟེ། ཇི་སྲིད་དུ་གང་ཀུན་རྫོབ་དེ་ཁོ་ན་དོན་དམ་པ་སྟེ་གང་གི་ཕྱིར་དེ་དག་དེ་བཞིན་ཉིད་དུ་གཅིག་པ་ཁོ་ནའོ། །འོན་ཀྱང་ཕུང་པོ་རྣམས་ལ་དངོས་པོར་འདུ་ཤེས་ པ་རྣམས་ལ་དོན་དམ་པ་དེ་ནི་དངོས་པོ་མེད་པའོ་ཞེས་ཀུན་རྫོབ་ཏུ་བསྟན་ལ། དངོས་པོ་མེད་པར་འདུ་ཤེས་པ་རྣམས་ལ་དངོས་པོའོ་ཞེས་ཏེ། དོན་དམ་པར་ནི་དངོས་པོ་དམིགས་སུ་མེད་དེ་དངོས་པོ་མེད་པ་ཡང་མེད་དོ་ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་པ། སོ་སོའི་སྐྱེ་བོ་ དངོས་བདག་ཅན། །རང་གི་སེམས་ཀྱིས་བསླུས་གྱུར་ཏེ། །དངོས་དང་དངོས་མེད་ཕྱིན་ཅི་ལོག །ཉེས་པ་ཉོན་མོངས་དབང་དུ་གྱུར། །དངོས་པོ་ལ་མཁས་རྣམས་ཀྱིས་ནི། །དངོས་པོ་མི་རྟག་སླུ་བའི་ཆོས། །གསོག་དང་སྟོང་པ་བདག་མེད་དང་། །རྣམ་པར་དབེན་པ་ཞེས་པར་མཐོང་། །ཞེས་སོ། །དེ་ལ་དང་པོར་ རེ་ཞིག་རྣལ་འབྱོར་པ་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་ཏེ་ཞི་གནས་ཀྱི་ཚོགས་རྣམས་ལ་གནས་པས་ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་ལུས་དྲང་པོར་གཞག་ནས་སྟན་བདེ་བ་ལ་འདུག་སྟེ། སེམས་རྩེ་གཅིག་པའི་མཚན་ཉིད་ཅན་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །འོ་ན་སེམས་རྩེ་གཅིག་གཞག་ པའི་ཆེད་དུ་རྣམ་པར་གཡེང་བ་སྤང་བའི་དོན་དུ་གོམས་པར་བྱེད་པ་ཡིན་ན། དབུ་མ་རྣམས་ནི་གཡོ་བའི་ཆུའི་ནང་གི་ཟླ་བ་ལྟར་འགྲོ་བ་གཡོ་ཞིང་རང་བཞིན་སྟོང་པ་ཞེས་པ་དང་ཀུན་རྫོབ་པ་སྐད་ཅིག་མར་སྨྲ་བ་རྣམས་ཀྱི་སེམས་རྣམ་པར་གཡེང་བ་ཡོད་པ་མ་ཡིན་ཏེ། དོན་སོ་སོར་ངེས་པ་ཉིད་ཀྱིས་ཐམས་ཅད་རྩེ་གཅིག་པ་ ཉིད་ཀྱི་ཕྱིར་རོ་ཞེ་ན། འདི་ནི་འབྲེལ་པ་མེད་དེ། ཉམས་སུ་མྱོང་བས་གྲུབ་པར་སེམས་འགའ་ཞིག་དེ་ཁོ་ན་ཉིད་ལ་ཡང་དག་པར་ཕྱོགས་པ་དང་། འགའ་ཞིག་ཕྱིན་ཅི་ལོག་དང་གཞན་ནི་བྱ་བ་ལ་སོགས་པ་ཙམ་ལ་མཆོག་ཏུ་འཛིན་པའི་ཕྱིར་རོ། །དེ་ལ་ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་ལས་གཞན་དུ་ཕྱོགས་པའི་ སེམས་ཐམས་ཅད་རྣམ་པར་གཡེང་བ་ཁོ་ནར་བརྗོད་ལ་དེ་ཁོ་ན་ཉིད་ལ་གཅིག་ཏུ་གནས་པ་ནི་མཉམ་པར་གཞག་པ་ཞེས་པ་འདི་ཙམ་ཅིས་མི་ཐོབ་གང་གི་ཕྱིར་གདོན་མི་ཟ་བར་གཅིག་སེམས་ཁོ་ན་སྣ་ཚོགས་པའི་སྤྱོད་ཡུལ་སྤྱོད་པ་ཉིད་དུ་བཙལ་བར་བྱའོ། །ཅི་སྟེ་ཡང་དེ་ཁོ་ན་མངོན་དུ་བྱེད་པའི་དུས་ཀྱི་སྔ་རོལ་དུ་བདག་གོ་ཞེས་ པ་གཅིག་གི་རྣམ་པར་འཛིན་པ་ཡང་དག་པར་འབྱུང་བ་སྲིད་པའི་ཕྱིར་དེ་ཡང་ཐ་སྙད་དུ་ཡོད་དོ། །གང་ལས་བདག་གི་སྐྱོན་ཟད་པར་འགྱུར་ཞེའམ་གོམས་པ་ལ་འཇུག་པ་བགེགས་མེད་པར་འགྱུར་ལ་ཐོབ་པར་བྱ་བའི་ཀུན་དུ་རྟོག་པ་ཐམས་ཅད་འཇུག་པར་བྱེད་པའོ། །དེ་གལ་ཏེ་ཡོད་ན་དངོས་པོ་དེ་ལྟར་གྱུར་པ་ལས་ལོག་པར་ ཡང་འཇུག་པ་ཅིས་འགྲུབ་པར་བྱེད་གང་གིས་དེའི་ཚེ་རྗེས་སུ་དཔག་པས་དེ་ལྟར་ངེས་པ་དེ་ཅི་ལྟར་འཇུག་ཅེ་ན། ངེས་པ་དེའི་བདག་ཉིད་དུ་གྱུར་པ་མེད་པའི་ཕྱིར་ཐོག་མ་མེད་པ་ནས་མ་རིག་པའི་བག་ཆགས་ཀྱིས་སེམས་དབང་དུ་བྱས་པས་ངེས་པ་ནར་མ་མ་ཡིན་པ་ཁོ་ནའི་ཐ་སྙད་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ མཐོང་བའི་ལམ་ཐོབ་ཀྱང་བསྒོམ་པའི་ལམ་ལ་ལྟོས་པའོ། །དེ་ཉིད་ཀྱི་ཕྱིར་དེའི་འབྲས་བུ་ཐོབ་པ་ལས་ཚུ་རོལ་གྱི་གོམས་པ་ནི་མ་རིག་པ་ཁོ་ནས་ཡང་དག་པར་འབྱུང་ངོ་། །དེ་ལ་དང་པོར་རེ་ཞིག་རྒྱས་པར་ཁམས་བཅོ་བརྒྱད་ལ་སོགས་པའི་རྣམ་པའི་དབྱེ་བས་དངོས་པོ་མཐའ་དག་ལ་རྣམ་པར་དཔྱད་པར་བྱ་སྟེ་འདི་ ཙམ་ཁོ་ན་ཆོས་ཐམས་ཅད་དོ་ཞེས་པ་དེ་ལྟར་ངེས་ནས་སླར་ཡང་སེམས་དེ་ཁོ་ན་ལ་རྒྱུན་དུ་གཏད་པར་བྱའོ། །དེ་ལ་མདོར་བསྡུ་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྐྱོན་ནི་དྲུག་ཏུ་འགྱུར་ཏེ། འདི་ལྟ་སྟེ་ལེ་ལོ་དང་དམིགས་པ་བརྗེད་པ་དང་བྱིང་བ་དང་རྒོད་པ་དང་རྩོད་པ་མེད་པ་དང་རྩོལ་བ་ཞེས་པའོ། །འདི་རྣམས་ཀྱི་གཉེན་ པོ་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱའོ། །འདི་ལྟ་སྟེ་དད་པ་དང་འདུན་པ་དང་རྩོལ་བ་དང་ཤིན་ཏུ་སྦྱངས་པ་དང་དྲན་པ་དང་ཤེས་བཞིན་དང་སེམས་པ་དང་བཏང་སྙོམས་ཤེས་པའོ། །དེ་ལ་དང་པོ་བཞིའི་ནི་ལེ་ལོའི་གཉེན་པོ་རྣམས་ཏེ་དེ་ལྟར་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ ཅན་གྱི་དད་པས་རྣལ་འབྱོར་པ་དེ་ལ་མངོན་པར་འདོད་པ་སྐྱེད་པར་བྱེད་དོ། །དེ་ལས་རྩོལ་བའོ། །དེ་ལས་ལུས་དང་སེམས་ལས་སུ་རུང་བ་ཉིད་དོ། །དེ་ལས་ལེ་ལོ་རྣམ་པར་ལྡོག་གོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་བྱིང་བ་དང་རྒོད་པ་དག་གི་སྟེ་དེས་བྱིང་བ་དང་རྒོད་པ་དང་ཉེ་བར་མཚོན་པའི་ ཕྱིར་རོ། །བྱིང་བ་དང་རྒོད་པ་རབ་ཏུ་ཞི་བའི་དུས་ན་ནི་རྩོལ་བ་མེད་པ་སྐྱོན་ཏེ་དེའི་གཉེན་པོར་སེམས་པ་བསྒོམ་པར་བྱའོ། །བྱིང་བ་དང་རྒོད་པ་ཞི་བར་གྱུར་ནས་གང་གི་ཚེ་སེམས་རང་གི་ངང་གིས་འཇུག་པ་དེའི་ཚེ་རྩོལ་བ་སྐྱོན་ཏེ། དེའི་གཉེན་པོར་དེའི་ཚེ་བཏང་སྙོམས་བསྒོམ་པར་བྱའོ། །སྤོང་བ་བརྒྱད་པོ་འདི་རྣམས་ཀྱི་རྒྱུས་ཏིང་ ངེ་འཛིན་ལས་སུ་རུང་བར་གྱུར་ལ་དེས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྣམས་མངོན་པར་འགྲུབ་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་གསུངས་པ། སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་མོ་ཞེས་སོ། །ཞི་གནས་ཀྱི་རིམ་པ་འདི་ཉིད་བཅོམ་ལྡན་འདས་མར་གསུངས་པ། ཇི་ལྟར་ཡང་བྱང་ ཆུབ་སེམས་དཔའ་དེ་ནང་ལ་སེམས་འཇོག་གོ། །རྒྱུན་ཏུ་འཇོག་གོ། །གླན་ཏེ་འཇོག་གོ། །ཉེ་བར་འཇོག་གོ། །འདུལ་བར་བྱེད་དོ། །ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་དོ། །རྩེ་གཅིག་ཏུ་བྱེད་དོ། །མཉམ་པར་འཇོག་གོ་ཞེས་སོ། །དེ་ལ་འཇོག་སྟེ་ཏིང་ངེ་འཛིན་གྱི་དམིགས་པ་ལ་སེམས་ གཏོད་དོ། །རྒྱུན་དུ་འཇོག་སྟེ་རྒྱུན་གྱིས་འཇུག་པ་ལ་དེ་བཞིན་ཁོ་ནར་འཇོག་སྟེ་གཞན་དུ་འགྲོ་བ་འགོག་པའི་ཕྱིར་རོ། །གླན་ཏེ་འཇོག་སྟེ་སེམས་རང་བཞིན་གྱིས་གཡོ་བ་ཉིད་ཀྱི་ཕྱིར་ཅི་ཞིག་ལྟར་གཞན་དུ་འགྲོ་བ་ན་དེ་རྟོགས་ནས་མྱུར་དུ་སྡུད་པའི་ཕྱིར་རོ། །ཉེ་བར་འཇོག་སྟེ་སེམས་བརྟན་པར་གྱུར་ཀྱང་རང་བཞིན་གྱིས་ རགས་པ་ཉིད་ཀྱིས་ན་གཞན་དུ་ཡང་རྣམ་པར་གྲོལ་བ་ལས་གོང་ནས་གོང་དུ་ཕྲ་བར་བྱེད་པས་དེ་ཁོ་ན་ལ་འཇོག་པའི་ཕྱིར་རོ། །དུལ་བར་བྱེད་དེ་སེམས་རང་བཞིན་གྱིས་རྣམ་པར་གཡེང་བ་ལ་དགའ་བ་ཏིང་ངེ་འཛིན་ལ་དགའ་བར་བྱེད་དེ་ཏིང་ངེ་འཛིན་གྱི་ཕན་ཡོན་མཐོང་བ་ལས་སོ། །ཏིང་ངེ་འཛིན་གྱི་ཕན་ཡོན་རྣམས་ཀྱང་ དེ་བཞིན་གཤེགས་པའི་བར་གྱི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཐམས་ཅད་དོ། །ཞི་བར་བྱེད་དེ་དེ་ལྟར་ན་ཡང་གལ་ཏེ་ཏིང་ངེ་འཛིན་ལ་དེ་མི་དགའ་བར་གྱུར་པ་དེའི་ཚེ་རྣམ་པར་གཡེང་བ་ལ་དགའ་ལ་དེའི་ཕྱིར་དེ་ཞི་བར་བྱེད་པ་སྟེ། རྣམ་པར་གཡེང་བའི་ཉེས་པ་མཐོང་བ་ལས་སོ། །རྣམ་པར་གཡེང་བའི་སྐྱོན་ཡང་མནར་ མེད་པ་ཇི་སྲིད་པའི་ཡང་སྡུག་བསྔལ་ཐམས་ཅད་དོ། །རྣམ་པར་ཞི་བར་བྱེད་དེ་བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་སྐྱེས་པ་རྣམས་ཞི་བར་བྱེད་པའི་ཕྱིར་མི་དགའ་བ་དང་ལྡན་པའོ། །རྩེ་གཅིག་ཏུ་བྱེད་དེ་དམིགས་པ་གཅིག་ལ་ཤིན་ཏུ་དང་ཆོས་མཐུན་པའི་ཕྱིར་ཤིན་ཏུ་བྱ་སྟེ་ཤིན་ཏུ་གཅིག་པ་དེ་ལྟར་བྱེད་ཅིང་། རྣམ་པ་ བདུན་རྣམས་ཀྱིས་སྐྱོན་དང་བྲལ་བའི་སེམས་རྩོལ་བ་ལས་དེ་ལྟ་བུ་ཁོ་ནར་རང་གི་ངང་གིས་འཇུག་པར་བྱེད་དོ་ཞེས་པའི་དོན་ཏོ། །མཉམ་པར་འཇོག་སྟེ་རང་གི་ངང་གིས་ཞུགས་ནས་རོ་མྱོང་བ་མེད་པའི་ཕྱིར་ལྷུན་གྱིས་གྲུབ་ཅིང་རང་གི་ངང་གིས་འཇུག་པ་ཉིད་ཀྱིས་ཡང་དག་པའི་དམིགས་པ་ལ་སེམས་འཛིན་པར་བྱེད་པའོ། །མདོ་སྡེ་ རྒྱན་དུ་གསུངས་པ། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལས་སླར་ཡང་གླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ནི། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བ་ཡིས། །ཏིང་ངེ་འཛིན་ལ་སེམས་དགའ་བྱ། །རྣམ་གཡེང་ཉེས་པ་ མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་ཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ཅེས་སོ། །གཞན་ཡང་ཏིང་ངེ་འཛིན་ནི་ལུས་དང་ སེམས་དག་རྣམ་པར་དབེན་པ་ཁོ་ན་ལས་འབྱུང་ངོ་ཞེས་སྔར་བརྗོད་ཟིན་ཏོ། །དེ་ལྟར་གང་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེད་པར་རང་གིས་འབྱུང་བ་ཉིད་ཀྱིས་ཇི་སྲིད་འདོད་པར་སེམས་འཇུག་པར་འགྱུར་བ་དེའི་ཚེ་ཞི་གནས་རྫོགས་པར་རིག་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་བསྐྱེད་ནས་སེམས་ཅན་ལ་དམིགས་ པ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ཤིང་དངོས་པོ་དང་དངོས་པོ་མེད་པ་དང་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ལ་སོགས་པར་ཡིད་ལ་བྱེད་པ་མེད་པར་བྱས་པས་ཐམས་ཅད་ལས་ཡིད་གླན་ཏེ་ཅི་ཡང་སེམས་པ་མེད་པར་བྱའོ། །དེ་དེ་ལྟར་སེམས་པ་མེད་པ་ལས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་སྐྱེད་པར་བྱེད་དེ་ཚད་མ་དང་གཞལ་བྱ་དང་འབྲས་བུའི་ཆ་དང་ཡང་དག་པར་བྲལ་བས་ན་རང་གསལ་བའི་རང་བཞིན་ནོ། །དེ་མཐོང་བ་མེད་པའི་ཚུལ་གྱིས་མངོན་སུམ་དུ་རྟོགས་ནས་དེའི་མཐུས། ཀྱེ་མ་མ་ལ་གཏི་མུག་གི་ནུས་པ་གང་གིས་སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ཡང་བདག་ ཉིད་ཀྱིས་མ་རྟོགས་པས་འདི་རྣམས་ཅི་ལྟར་རྟོགས་པར་བྱ་ཞེས་རྣམ་པར་བསམས་ནས་དེའི་བདག་ཉིད་ཁོ་ནར་འགྲོ་བ་ཐམས་ཅད་ལ་དམིགས་ཏེ་དམིགས་པ་མེད་པའི་རང་བཞིན་སྙིང་རྗེ་ཆེན་པོ་བསྐྱེད་ནས་དེའི་བདག་ཉིད་ཁོ་ནར་བདག་དང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དང་སྙིང་རྗེ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པས་དེའི་བདག་ཉིད་ཀྱི་ཕྱིར་དབྱེར་མེད་པའི་རང་བཞིན་གཉིས་སུ་མེད་པ་རོ་གཅིག་ཏུ་གྱུར་པར་བལྟ་བར་བྱའོ། །དེ་ཁོ་ན་ཉིད་མཐོང་བ་འདི་ནི་གང་ཤེས་རབ་ཀྱིས་ངེས་པར་བརྟགས་པ་ལས་ཆོས་ཐམས་ཅད་མཐོང་བ་མེད་པ་ཁོ་ན་ཡིན་གྱི། གཉིད་ལོག་པ་དང་བརྒྱལ་བ་དག་གི་མིག་བཞིན་དུ་གང་ཡིད་ལ་བྱེད་པ་མེད་པ་ལས་ནི་མ་ ཡིན་ཏེ། དེ་ལྟ་ན་བག་ཆགས་མ་སྤངས་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལངས་པ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པར་མངོན་པར་ཞེན་པའི་རྩ་བ་ཅན་འདོད་ཆགས་ལ་སོགས་པ་རྣམས་སྐྱེ་བའི་ཕྱིར་རྣལ་འབྱོར་པ་གྲོལ་བ་མེད་པ་ཁོ་ནར་འགྱུར་རོ། །ཐོག་མ་མེད་པའི་དུས་ཅན་གྱི་མངོན་པར་ ཞེན་པ་ཡིད་ལ་བྱེད་པ་ཡོངས་སུ་དོར་བ་ཙམ་ལས་སྤོང་བ་ཡང་མ་ཡིན་ཏེ་འདུ་ཤེས་མེད་པའི་སྙོམས་པར་ཞུགས་པ་ལ་སོགས་པས་ཀྱང་སྤང་བར་ཐལ་བའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཡུལ་ལ་ཐེ་ཚོམ་སྤོང་བ་མེད་པར་ནི་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤང་བར་ཡང་ནུས་པ་མ་ཡིན་ཏེ་མེ་མ་སྤངས་ན་སྲེག་ པ་མི་སྤོང་བ་བཞིན་ནོ། །དེའི་ཕྱིར་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཁོ་ན་ལས་གཟུགས་ལ་སོགས་པར་མངོན་པར་ཞེན་པ་དང་བྲལ་བར་བྱའོ་ཞེས་ངེས་སོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ལ་ཡང་ཞི་གནས་དང་ལྷག་མཐོང་དག་ཕན་ཚུན་རྗེས་སུ་མཐུན་པའོ། །དེ་ལྟར་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་ཞི་གནས་ཀྱི་སྣང་ བ་ཡོད་ན་ཤེས་རབ་ཀྱི་མིང་གཞན་པ་ལྷག་མཐོང་གིས་ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ངོ་བོ་རྣམ་པར་དཔྱད་པ་ལ་རྣལ་འབྱོར་པ་ཐེ་ཚོམ་དང་བྲལ་ལོ། །དེ་དང་བྲལ་ན་གཟུགས་ལ་སོགས་པར་མངོན་པར་ཞེན་པ་ལ་སོགས་པ་དང་བྲལ་བའོ། །དེ་དང་བྲལ་ན་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ སོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཚེ་ཞི་གནས་དང་ཤེས་རབ་དག་དེའི་བདག་ཉིད་ཀྱི་ཕྱིར་དང་། རྗོད་པའི་རིམ་པས་ཤེས་རབ་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པ་ཉིད་ཀྱི་ཕྱིར་ཟུང་དུ་འབྲེལ་པའི་ལམ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རང་བཞིན་མཆོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་བསོད་ནམས་ཐམས་ཅད་ཀྱི་རང་ བཞིན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་བདག་ཉིད་དེ། བྱང་ཆུབ་སེམས་དཔའ་ཡང་དེའི་རང་བཞིན་ཡིན་ལ། རྣལ་འབྱོར་དེ་ཡང་གནས་སྐབས་དེར་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཟུང་དུ་འབྲེལ་བའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ། འདོད་ཆགས་ལ་སོགས་པའི་དྲི་མ་དང་རྙོག་པ་མཐའ་དག་དང་བྲལ་བ་ཉིད་དང་དེ་ལས་གཞན་ པའི་ཡེ་ཤེས་ཁྱད་པར་ཅན་གྱི་རྒྱུ་ཉིད་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཐ་དད་པ་མཐའ་དག་མཆོག་ཏུ་འཛིན་པ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཕྱིན་ཅི་ལོག་མ་ལུས་པ་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །འགྲོ་བ་མ་ལུས་པ་ལ་ཕན་པ་སྒྲུབ་ པའི་ངོ་བོ་ཉིད་ཀྱི་ཕྱིར་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །གཟུང་བ་དང་འཛིན་པའི་རྣམ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དམིགས་པ་ལས་ལྡོག་པས་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །མཚན་མ་མཐའ་དག་ལས་བཟློག་པས་མཚན་མ་མེད་པའི་བདག་ཉིད་དོ། ། ལོག་པའི་སྨོན་ལམ་ལས་ལྡོག་པས་སྨོན་པ་མེད་པའི་བདག་ཉིད་དོ། །ཕྱིན་ཅི་ལོག་གི་འདུ་བྱེད་ལས་བཟློག་པས་མངོན་པར་འདུ་བྱེད་པ་མེད་པའི་བདག་ཉིད་དོ་ཞེས་རྣམ་པར་ཐར་པ་སྒོ་བཞིའི་རང་བཞིན་ནོ། །དེ་བཞིན་དུ་དེ་ཁོ་ན་མིག་ལ་སོགས་པར་དམིགས་པ་ལས་ལྡོག་པས་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གཟུགས་ལ་ སོགས་པར་དམིགས་པ་ལས་ལྡོག་པས་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཕྱི་ནང་གི་རྟེན་དུ་དམིགས་པ་ལས་ལྡོག་པས་ཕྱི་ནང་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །དབང་པོ་རྣམས་ཀྱི་རྟེན་ནི་སེམས་ཀྱིས་ཟིན་པའི་ཕྱི་ནང་དང་ཕྱི་རོལ་ཡང་སྟེ་དབང་པོས་བསྡུས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྟོང་པ་ཉིད་དུ་དམིགས་པ་ལས་ལྡོག་པས་ སྟོང་པ་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །སྣོད་ཀྱི་འཇིག་རྟེན་དུ་ལྷག་པར་ཞེན་པ་ལས་ལྡོག་པས་ཆེན་པོ་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །དོན་དམ་པར་དམིགས་པ་ལས་ལྡོག་པས་དོན་དམ་པ་ཉིད་ཀྱི་བདག་ཉིད་དོ། །འདུས་བྱས་བསོད་ནམས་ཀྱི་ཚོགས་སུ་དམིགས་པ་ལས་ལྡོག་པས་འདུས་བྱས་སྟོང་པ་ཉིད་ཀྱི་བདག་ཉིད་དོ། ། འདུས་མ་བྱས་སྟོང་པ་ཉིད་བྱང་ཆུབ་ཀྱི་ཚོགས་སུ་ཉེ་བར་དམིགས་པ་ལས་ལྡོག་པས་འདུས་མ་བྱས་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐར་དམིགས་པ་ལས་ལྡོག་པས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཐོག་མ་དང་ཐ་མའི་མཐའ་དང་བྲལ་བའི་འཁོར་བར་དམིགས་ པ་ལས་ལྡོག་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །དགེ་བའི་ཕྱོགས་ཡོངས་སུ་མི་འདོར་བར་དམིགས་པས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དུ་དམིགས་པ་ལས་ལྡོག་པས་རང་བཞིན་སྟོང་པ་ཉིད་ཀྱི་རང་གི་ངོ་བོ་སྟེ། དེ་བཞིན་གཤེགས་པ་ལ་ སོགས་པ་རྣམས་ཀྱིས་མ་མཛད་པའི་ཕྱིར་ཆོས་རྣམས་ཀྱི་ཆོས་ཉིད་ནི་རང་བཞིན་ནོ། །སྟོབས་དང་མི་འཇིགས་པ་ལ་སོགས་པའི་ངོ་བོའི་ཆོས་ཀྱི་སྐུར་དམིགས་པ་ལས་ལྡོག་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །རང་དང་སྤྱིའི་མཚན་ཉིད་དུ་དམིགས་པ་ལས་ལྡོག་པས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ བདག་ཉིད་དོ། །དམིགས་པ་མེད་པར་དམིགས་པ་ལས་ལྡོག་པས་མི་དམིགས་པ་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །ཕན་ཚུན་མི་དམིགས་པའི་ཕྱིར་དམིགས་པ་མེད་པ་ནི་འདིར་དུས་གསུམ་མོ། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་དམིགས་པ་ལས་ལྡོག་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་དོ། ། དངོས་པོ་མེད་པ་ཡང་འདི་ཡིན་ལ་ངོ་བོ་ཉིད་ཀྱང་ཡིན་པས་དངོས་པོ་མེད་པའི་ངོ་བོ་ཉིད་དེ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་དོ། །དེ་ཅི་ལྟར་དངོས་པོ་མེད་པ་ཡིན་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །དངོས་པོར་དམིགས་པ་ལས་ལྡོག་པས་དངོས་པོ་སྟོང་པ་ཉིད་ཀྱི་བདག་ཉིད་དེ། སྐྱེ་ བས་ན་དངོས་པོ་སྟེ་ཕུང་པོ་ལྔ་རྣམས་སོ། །དངོས་པོ་མེད་པར་དམིགས་པ་ལས་ལྡོག་པས་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་བདག་ཉིད་དེ། སྐྱེ་བ་མེད་པས་དངོས་པོ་མེད་པ་སྟེ་ནམ་མཁའོ། །རང་གི་ངོ་བོར་དམིགས་པ་ལས་ལྡོག་པས་རང་གི་ངོ་བོ་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །ཆོས་རྣམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་ པར་མ་བཅོས་པ་ནི་རང་གི་ངོ་བོ་སྟེ་སྟོང་པ་ཉིད་ཁོ་ནའོ། །ཕ་རོལ་གྱི་ངོ་བོར་དམིགས་པ་ལས་ལྡོག་པས་ཕ་རོལ་གྱི་ངོ་བོ་སྟོང་པ་ཉིད་ཀྱི་བདག་ཉིད་དེ། མཆོག་ཉིད་ཀྱི་ཕྱིར་འདི་ཕ་རོལ་ཡང་ཡིན་ལ་གཞན་རྣམས་ཀྱིས་མ་བྱས་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཡང་ངོ་བོ་ཡིན་པས་ཕ་རོལ་གྱི་ངོ་བོ་སྟེ་དེ་བཞིན་ཉིད་དོ་ ཞེས་པས་འདི་ནི་སྟོང་པ་ཉིད་ཉི་ཤུ་རྣམས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་སེར་སྣ་དང་ཚུལ་ཁྲིམས་འཆལ་པ་དང་མི་བཟོད་པ་དང་ལེ་ལོ་དང་རྣམ་པར་གཡེང་བ་དང་འཆལ་པའི་ཤེས་རབ་དང་ཐབས་མ་ཡིན་པ་དང་ལོག་པའི་སྨོན་ལམ་དང་སྟོབས་མེད་པ་ཉིད་དང་མི་ཤེས་པ་ལས་ལྡོག་པས་སྦྱིན་པ་དང་ཚུལ་ ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ། །དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་གྱི་རང་བཞིན་ནོ་ཞེས་པས་བསོད་ནམས་ཀྱི་བདག་ཉིད་དོ། །འདིའི་རང་བཞིན་ཁོ་ནའི་ཏིང་ངེ་འཛིན་རྣམས་གནས་སྐབས་ཀྱི་ ཁྱད་པར་ལ་བྱ་བ་རྣམས་སོ་སོ་སོ་སོར་བྱེད་པའི་ཕྱིར་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་ཅེས་པ་ལ་སོགས་པ་མིང་སྣ་ཚོགས་པ་རྣམས་ཀྱིས་བརྗོད་ཀྱི་རང་བཞིན་ཐ་དད་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་ནི་གང་གི་དབང་གིས་ཡོ་བྱད་ཐམས་ཅད་ནམ་མཁའ་ལས་སྐྱེ་བ་དེ་ནི་ནམ་མཁར་རམ་འདིའི་མཛོད་དོ་ཞེས་པས་ནམ་མཁའ་ མཛོད་ཀྱི་ཏིང་ངེ་འཛིན་ཞེས་པ་ལ་སོགས་པ་བྱ་བ་ཐ་དད་པ་སྟེ་མདོ་ཇི་ལྟ་བར་ཤེས་པར་བྱའོ། །སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་པ་རྣམས་རང་བཞིན་མེད་པའི་ཕྱིར་རྟག་པ་དང་མི་རྟག་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་ངོ་བོའི་རྣམ་པ་རྣམ་པར་གཅོད་པ་ལས་ལྡོག་ པའི་བདག་ཉིད་དེ། དེ་ཉིད་ཀྱི་ཕྱིར་མེད་པ་ལ་སོགས་པ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པའི་བདག་ཉིད་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་ལམ་ཤེས་པ་ཉིད་ཀྱི་རྣམ་པའི་བདག་ཉིད་ཀྱང་ངོ་། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་ཉིད་ཀྱིས་དང་གཉེན་པོའི་ལམ་ལ་སྟོང་པ་ཉིད་དང་མཚན་མ་མེད་ པ་དང་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་རྣམས་དང་། སྤྲུལ་པའི་ལམ་ལ་རྣམ་པར་ཐར་པ་གསུམ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ལ་ཐར་པ་དང་མཐུན་པར་གནས་པའི་རང་བཞིན་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་འདུ་ཤེས་དང་ཚོར་བ་ འགོག་པ་དང་འཇིག་རྟེན་ལས་འདས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ལ་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འགོག་པ་དང་མཐོང་བའི་ལམ་ལ་བར་ཆད་མེད་པའི་ལམ་བཞི་དང་སངས་རྒྱས་ཉིད་ཀྱི་ལམ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་སོ་ཞེས་པ་རྣམ་པ་སུམ་ཅུ་རྩ་བཞི་ཉིད་ཀྱིས་དང་སྟོབས་དང་ མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དང་། ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་རང་འབྱུང་དང་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཉིད་དེ་རྣམ་པ་སུམ་ཅུ་རྩ་དགུ་ཉིད་ཀྱིས་ན་དམིགས་ པ་དང་ཡེ་ཤེས་ཀྱི་རྣམ་པའི་རང་གི་ངོ་བོ་ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིའང་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དག་ནང་དུ་འདུས་པའི་ཕྱིར་ལམ་ཐམས་ཅད་ཀྱི་བདག་ཉིད་དོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དང་རྫོགས་པའི་སངས་རྒྱས་ཀྱི་གཟུངས་དང་མངོན་པར་ཤེས་པ་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་བདག་ཉིད་དོ། །ཚངས་པ་ལ་སོགས་པ་ནས་བ་ལང་རྫིའི་བར་གྱི་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་གང་ཅུང་ཟད་ཡེ་ཤེས་སམ་ཏིང་ངེ་འཛིན་གཞན་ལ་ཕན་པའི་ཐབས་སུ་གྱུར་ པ་དེ་ཐམས་ཅད་འདི་ཉིད་དུ་སྟེ། དེ་ནི་ཐབས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ཆོས་འདི་རྣམས་རིམ་གྱིས་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་འདི་སེམས་བསྐྱེད་པ་འགའ་ཞིག་ཁོ་ན་ལ་བྱ་བ་ལ་སོགས་པའི་ཁྱད་པར་གྱི་སྒོ་ནས་ལྡོག་པ་ ཐ་དད་པས་འགའ་ཞིག་ཁོ་ན་རྣམ་པར་གཞག་གི། ཐམས་ཅད་དུ་ཐམས་ཅད་རྣམས་མ་ཡིན་ནོ། །དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པའི་གནས་སྐབས་ན་སྤྲོས་པ་མེད་པའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་རྣལ་འབྱོར་གྱི་བདག་ཉིད་ནི་གནས་སྐབས་ཀྱི་དབྱེ་བ་ཇི་ལྟ་བར་ཐ་དད་ པར་ཇི་ལྟར་རིགས་པར་བཤད་པའི་ཆོས་ཀྱི་རང་བཞིན་དུ་མགོན་པོ་རྣམས་ཀྱིས་རྣམ་པར་གཞག་གོ། །དེའི་རྟགས་ནི་ཕལ་ཆེར། མི་སེམས་བཞིན་དུ་སྣང་མེད་དང་། །གཉིད་ལོག་བཞིན་དུ་མི་འཕྲོ་བར། །ངལ་བ་ངལ་བསོ་བཞིན་དུ་ཡང་། །སེམས་ནི་བདག་མེད་ལ་དམིགས་ནས། །མིག་དག་རེངས་པར་བྱེད་པ་དང་། །མགོ་ བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་བྱུང་མི་གཡོ་དང་། །སྟོང་ཉིད་མཐོང་བའི་སྟོང་པ་ཉིད། །གང་གི་ཚེ་རྣལ་འབྱོར་དེ་ལས་ལངས་པ་དེའི་ཚེ་ཡང་མཉམ་པར་མ་བཞག་པའི་གནས་སྐབས་ན་མོས་པས་དེ་བཞིན་ཉིད་ཁོ་ནར་བསྒོམ་པར་བྱའོ། །ཇི་སྐད་དུ་གསུངས་པ། གང་རྣམས་རྣམ་པར་དབེན་པ་ཞེས། །ཡིད་ནི་གཡོ་ བའང་མི་གཡོ་བ། །དེ་རྣམས་ཉོན་མོངས་སྦྲུལ་འཁྲུགས་པའི། །སྲིད་པའི་རྒྱ་མཚོ་འཇིགས་རུང་བརྒལ། །ཞེས་སོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་སུ་ཡང་གསུངས་པ། བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པས་ནི་ཤེས་བྱ་དང་ཁྱད་པར་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ ཆོས་རྣམས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་། །དེའི་རྗེས་ལ་ཐོབ་པས་ནི་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་དང་མིག་ཡོར་དང་བྲག་ཅ་དང་གཟུགས་བརྙན་དང་སྤྲུལ་པ་དང་མཚུངས་པར་མཐོང་ངོ་། །དེ་ནས་བདེ་བ་ཆེན་པོ་ལ་གནས་པའི་སེམས་དང་ཡངས་པ་ཉིད་འཐོབ་པོ། །ཕུན་སུམ་ཚོགས་པའི་སེམས་ ཆེན་པོ་ཡངས་པ་ཉིད་དང་ཤེས་རབ་ཆེན་པོ་དང་ཡེ་ཤེས་ཡངས་པ་ཉིད་ཀྱང་ངོ་ཞེས་རྒྱ་ཆེར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཐབས་བསྟན་པའི་དུས་སུ་ཡང་ཕྱིན་ཅི་མ་ལོག་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལས་སྦྱོར་བ་དང་། འཇུག་ལ་སྒྱུ་མ་བཞིན་དུ་སྒོམ་པ་ཇི་ལྟ་བ་བཞིན་དུ་དངོས་པོའི་དེ་ཁོ་ན་ ཉིད་ལ་མངོན་པར་ཞེན་པ་མེད་པའི་ཤེས་རབ་ཡང་དག་པར་འབྱུང་བ་ཁོ་ནའོ་ཞེས་པ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་འབྱུང་བའི་ལམ་འབྱུང་བ་ཁོ་ནའོ། །འདི་ཁོ་ན་རིག་པ་ཆེན་མོ་མཆོག་གི་སྤྱོད་པ་བསླབ་པ་བླ་ན་མེད་པ་ཡང་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པར་གསུངས་པ། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིག་སྔགས་ཆེ། །སེམས་ཅན་ཁམས་མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད། །གང་དག་འདས་དང་གང་ཡང་ཕྱོགས་བཅུའི་འཇིག་རྟེན་མགོན། །རིག་སྔགས་འདི་བསླབས་ཆོས་ཀྱི་རྒྱལ་པོ་བླ་མེད་འགྱུར། །གང་ཞིག་འདིར་བརྗོད་སངས་རྒྱས་ཆོས་རྣམས་མི་རྟོག་སྟེ། །སྟོབས་ དང་རྫུ་འཕྲུལ་རྐང་པ་བྱང་ཆུབ་ཞི་མི་རྟོག །རྣམ་པར་མི་རྟོག་རྟོག་བྲལ་བྱིན་གྱི་རླབས་ཀྱིས་སྤྱོད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །འཛམ་བུའི་གླིང་འདིར་སེམས་ཅན་ཇི་སྙེད་མ་ལུས་པ། །དེ་རྣམས་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལོ་སྟོང་བྱེ་བ་མང་པོར་སྦྱིན་པ་སྦྱིན་བྱས་ལ། ། ཀུན་ཀྱང་འགྲོ་བའི་དོན་རྒྱུར་བྱང་ཆུབ་ཡོངས་བསྔོ་ཡང་། །གང་ཞིག་ཤེས་རབ་ཕ་རོལ་ཕྱིན་ལ་མངོན་བརྩོན་པ། །ཐ་ན་ཉི་མ་གཅིག་ཅིག་རྗེས་སུ་མཐུན་བྱེད་ན། །དེ་ལ་སྦྱིན་པའི་ཕུང་པོས་བསོད་ནམས་ཆར་མི་ཕོད། །དེ་ཕྱིར་གཡེལ་མེད་རྟག་ཏུ་ཤེས་རབ་འཇུག་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པའི་རྣལ་ འབྱོར་པ། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །དེ་ཚེ་མཁས་པ་འགྲོ་བ་ཀུན་གྱི་སྦྱིན་གནས་འགྱུར། །རྟག་ཏུ་ཡུལ་འཁོར་བསོད་སྙོམས་དོན་ཡོད་ཡོངས་སུ་སྤྱོད། །བྱང་ཆུབ་སེམས་དཔའ་གང་འདིར་ཡུན་རིང་འབྲེལ་པ་ཡི། །ལྷ་མི་ངན་སོང་གསུམ་གྱི་སེམས་ཅན་དགྲོལ་བའི་ཕྱིར། །ལམ་ ཡངས་ཕ་རོལ་སེམས་ཅན་ཁམས་ལ་སྟོན་འདོད་པས། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་ལ་བརྩོན་པར་བྱ། །བསླབ་པ་འདི་ནི་འདྲེན་པས་བསླབ་པ་ཡོངས་བརྗོད་པ། །ཇི་སྙེད་ཀུན་གྱི་མཆོག་དང་གོང་ན་མེད་པ་ཡིན། །མཁས་པ་གང་ཞིག་བསླབ་ཀུན་ཕ་རོལ་འགྲོ་འདོད་པས། །སངས་རྒྱས་བསླབ་པ་ཤེས་རབ་ཕ་རོལ་ཕྱིན་ འདིར་སློབ། །དེ་ལྟར་སྤྱོད་མཁས་རྣམས་ལ་ལྷ་ཚོགས་མང་པོ་རྣམས། །ཐལ་མོ་སྦྱར་བར་བྱས་ཤིང་བཏུད་ནས་ཕྱག་འཚལ་བྱེད། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙེད་པའང་། །ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་སྒྲོགས་པར་མཛད། །སེམས་ཅན་ཀུན་གྱི་ཡོན་ཏན་མཆོག་ཏུ་འགྲོ་བ་དང་། ། སངས་རྒྱས་ཡེ་ཤེས་མཆོག་ཏུ་རྨད་བྱུང་མཆོག་རེག་དང་། །ཆོས་ཀྱི་སྦྱིན་པ་རབ་མཆོག་དམ་པ་སྦྱིན་འདོད་གང་། །ཕན་མཛད་རྣམས་ཀྱིས་གནས་མཆོག་འདི་ལ་བརྟེན་པར་གྱིས། །ཞེས་སོ། །དེ་ལྟར་འདི་ནི་དབང་པོ་རྣོན་པོ་ཉིད་ཡིན་པའི་ཕྱིར་སོ་སོ་སྐྱེ་བོའི་གནས་སྐབས་ན་ཚོགས་གཉིས་རྫོགས་པ་ལ་རྟག་ཏུ་མངོན་པར་སྦྱོར་བར་ འདོད་པ་ཁོ་ན་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཁོ་ནའི་སྦྱིན་པ་ལ་སོགས་པའི་ཐབས་ལ་འཇུག་གོ། །ཐབས་ཀྱང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་ཚད་མེད་པ་དང་བསྡུ་བའི་དངོས་པོ་ལ་སོགས་པའི་བྱེ་བྲག་གིས་ཏེ། དེ་ལྟར་ཁོ་ནར་ཡང་འཕགས་པ་བློ་གྲོས་མི་ཟད་པ་དང་མདོ་སྡེ་ དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་སྡེ་རྣམས་སུ་གསུངས་སོ། །ཤེས་རབ་ནི་ཐབས་དེ་ཁོ་ན་ཕྱིན་ཅི་མ་ལོག་པའི་རང་བཞིན་དུ་ཡོངས་སུ་གཅོད་པའི་རྒྱུའོ། །གང་གི་ཕྱིར་དེས་ཡང་དག་པའི་ཐབས་སུ་རྣམ་པར་ཕྱེ་ནས། ཕྱིན་ཅི་མ་ལོག་པས་ཇི་ལྟ་བ་བཞིན་དུ་རང་གཞན་གྱི་དོན་སྒྲུབ་པའི་ཕྱིར་སྔགས་ཀྱིས་ཟིན་པའི་དུག་ཟ་བ་བཞིན་ དུ་ལོངས་སྤྱད་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་བཞིན་དུ་ཡང་ག་ཡཱ་མགོའི་མདོ་ལས་གསུངས་པ། ཐབས་ནི་བསྡུ་བའི་ཡེ་ཤེས་ཏེ། །ཤེས་རབ་ཡང་གཅོད་ཡེ་ཤེས་སོ། །ཞེས་སོ། །དེའི་ཕྱིར་གཉི་ག་དུས་ཐམས་ཅད་ཁོ་ནར་བསྟན་པར་བྱའོ། །དེ་ལྟར་ནི་སྙིང་རྗེ་ཆེན་པོས་སྦྱིན་པ་ལ་སོགས་པའི་ཐབས་ ཀྱིས་གཟུགས་ཀྱི་སྐུ་འཁོར་བ་ལ་སོགས་པའི་སྐལ་བ་ཆེན་པོ་ཉིད་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པའི་ཕྱིར་བཅོམ་ལྡན་འདས་རྣམས་མྱ་ངན་ལས་འདས་པར་མི་གནས་ལ་ཤེས་རབ་ཀྱིས་ཀྱང་ཕྱིན་ཅི་ལོག་ཐམས་ཅད་སྤངས་པའི་ཕྱིར་འཁོར་བར་མ་ཡིན་ཏེ། འཁོར་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཡིན་པ་ ཉིད་ཀྱི་ཕྱིར་རོ། །དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་གོམས་པར་བྱེད་དོ། །དབང་པོ་འབྲིང་པོ་དང་དབང་པོ་རྟུལ་པོ་དག་ཀྱང་དེ་ལྟར་གོམས་པར་བྱེད་ལ། འོན་ཀྱང་དབང་པོ་འབྲིང་པོས་ཆོས་ཐམས་ཅད་སྐྱེ་མཆེད་བཅུ་གཉིས་ཀྱི་རྣམ་པ་ཁོ་ནར་དམིགས་ནས་ཞི་གནས་སྐྱེད་པར་བྱེད་ཅིང་། དབང་པོ་རྟུལ་པོས་ ནི་ཕུང་པོ་ལྔའི་རྣམ་པ་ཁོ་ནར་ཆོས་ཐམས་ཅད་དམིགས་ནས་ཞི་གནས་སྐྱེད་པར་བྱེད་དེ། །དངོས་སུ་ནི་རྒྱ་མཚོའི་ཆུའི་ཐིགས་པ་མྱངས་པ་བཞིན་ནོ། །གང་གིས་དངོས་པོ་གཅིག་ལྟ་བ། །དེ་ཡིས་ཐམས་ཅད་མཐོང་བྱེད་གསུངས། །གཅིག་གིས་སྟོང་ཉིད་གང་ཡིན་པ། །དེ་ཉིད་ཀུན་གྱིས་སྟོང་ཉིད་དོ། །ཞེས་སོ། །གསང་ སྔགས་ཀྱི་ཚུལ་ལས་ཀྱང་ཡུངས་ཀར་གྱི་ཚད་ཀྱི་དཀར་པོ་ལ་སོགས་པ་སྣང་བ་ལ་ཡང་དམིགས་ནས་ཞི་གནས་དང་ལྷག་མཐོང་དག་སྐྱེད་པར་བྱེད་དོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་པོ་འདི་རྣམས་ཀྱང་སྤྲོས་པ་མེད་པར་སྦྱིན་པ་ལ་སོགས་པའི་བྱ་བ་མངོན་པར་རྫོགས་ཏེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་ཉིད་ ཀྱིས་བྱ་བའི་རང་བཞིན་གྱིས་ཐབས་ལ་གོམས་པ་མཐར་ཕྱིན་པ་ཉིད་ཀྱི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་རྣམས་མངོན་པར་རྫོགས་ནས་སངས་རྒྱས་ཉིད་རྣམས་ཀྱིས་སོ། །སྦྱིན་པ་ལ་སོགས་པས་ཡོངས་སུ་བསྐོར་བའི་བྱང་ཆུབ་ཀྱི་སེམས་གོམས་པ་ཉིད་ནི་རིམ་གྱིས་སེམས་ཉི་ཤུ་རྩ་གཉིས་རྣམས་སུ་བསྐྱེད་པར་བྱའོ། ། དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཁོ་ན་སྡིག་པ་ཐམས་ཅད་སྦྱོང་བར་བྱེད་པ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡོངས་སུ་འབྱིན་པ་རང་གཞན་ཐམས་ཅད་ལེགས་པར་བྱེད་པའོ་ཞེས་པའོ། །ཐུབ་པའི་དགོངས་པའི་རྒྱན་དུ་ བྱང་ཆུབ་ཀྱི་སེམས་སྒོམ་པའི་སྣང་བའི་ལེའུ་སྟེ་གཉིས་པའོ།། །།སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་དེ་རྣམས་ཁོ་ན་ཐེག་པ་ཆེན་པོའོ། །དེ་ཡང་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའོ། །དེ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཁོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་ རྟོགས་པ་བརྒྱད་རྣམས་སོ། །དེ་ལྟར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། སེམས་བསྐྱེད་པ་ལ་སོགས་པའི་ངོ་བོ་རྒྱུ་དང་འབྲས་བུའི་བདག་ཉིད་རྣམ་པ་མ་ལུས་པ་ཉིད་ཀྱིས་དངོས་པོ་མཐའ་དག་ཡོངས་སུ་ཤེས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་དང་འབྲེལ་པ་སྟེ། གང་གི་ཕྱིར་རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་སངས་རྒྱས་ཉིད་ཡིན་ལ། དེ་ནི་སྐྱེས་བུའི་དོན་གྱི་མཆོག་གོ། །དེ་ཁོ་ན་རྒྱས་པ་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་སྟེ། གང་གི་ཕྱིར་མངོན་པར་རྟོགས་པ་བདུན་རྣམས་ཀྱིས་མངོན་པར་རྟོགས་པར་བྱ་ཞིང་ཐོབ་པར་བྱ་བའོ། །དེའི་དོན་ཉིད་ཀྱི་ཕྱིར་དེའི་ལམ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ བཏགས་པ་པ་སྟེ་མངོན་པར་རྟོགས་པ་བདུན་གྱི་བདག་ཉིད་དོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ནང་དུ་འདུས་པའི་ཕྱིར་དེ་བཞིན་དུ་དངོས་དང་བཏགས་པ་པའོ། །ཇི་སྐད་དུ་མདོ་སྡེ་རྒྱན་དུ་གསུངས་པ། སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། ། རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །ཞེས་སོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་དུ་སྦྱོར་བས། །གཞུང་ལམ་དག་ལ་དེ་སྒྲས་ཡིན། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་བྱམས་ པས་གསུངས་པ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལ་བཤད་པ་གང་། །ཞེས་སོ། །འདིས་ནི་འདི་བཙལ་བྱ་བའམ། འདིས་ཚོལ་བ་ཞེས་པས་ལམ་སྟེ། མངོན་པར་རྟོགས་པ་བདུན་ནང་དུ་འདུས་པ་འབྲས་བུ་དང་རྒྱུའི་ངོ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསལ་བར་བྱས་ སོ། །དེ་ཡང་འགྲོ་བར་འདོད་པ་དང་འགྲོ་བ་པོའི་བྱེ་བྲག་བཞིན་དུ་སྨོན་པ་དང་འཇུག་པའི་རང་བཞིན་གྱི་དབྱེ་བ་ལས་རྣམ་པ་གཉིས་སོ། །ཡང་དང་པོ་རྣམ་པ་གསུམ་སྨོན་པའི་སེམས་ཡིན་ལ་བཅུ་དགུ་འཇུག་པ་ཉིད་དེ་ཉི་ཤུ་རྩ་གཉིས་ནི་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་སོ། །དེ་རྣམས་ཀྱང་ཀུན་ རྫོབ་ཏུ་ཁྱད་པར་དང་བཅས་ལ་དོན་དམ་པར་ཁྱད་པར་དང་བཅས་པ་མ་ཡིན་ཁྱད་པར་མེད་པ་ཡང་མ་ཡིན་ནོ་ཞེས་སྒྲུབ་བྱེད་དང་བཅས་པ་སྔར་བརྗོད་ཟིན་ཏེ། ཀུན་རྫོབ་ཏུ་ཡང་དེ་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་ལ་སོགས་པ་ནི་ཐུན་མོང་བའོ། །ཆོས་འགའ་ཞིག་ཀྱང་ཐུན་མོང་མ་ཡིན་པ་སྟེ་དྲན་པ་ཉེ་བར་གཞག་པ་དང་སྦྱིན་པ་ལ་སོགས་པ་ སེམས་བསྐྱེད་པ་ཐམས་ཅད་ཀྱི་གནས་སྐབས་ཀྱི་རང་བཞིན་ཏེ། སྔར་ཁོང་དུ་ཆུད་པའི་ཆོས་ཕྱི་མར་རྗེས་སུ་འཇུག་གོ་ཞེས་པ་ནི་རིགས་པའོ། །འགའ་ཞིག་ནི་ཐུན་མོང་མ་ཡིན་པ་སྟེ། ཡང་དག་པར་སྤོང་བ་ལ་སོགས་པ་སེམས་བསྐྱེད་པའི་གནས་སྐབས་ཀྱི་ཁྱད་པར་རོ། །གང་གི་ཚེ་གདུལ་བྱའི་ངོར་ཇི་སྐད་བཤད་པའི་ལྡོག་ པ་ཐ་དད་པ་ལས་སྟོང་པ་ཉིད་རྣམ་པ་ཉི་ཤུ་སེམས་བསྐྱེད་པའི་གནས་སྐབས་ཀྱི་ཁྱད་པར་རྣམས་ལ་རྣམ་པར་གཞག་པ་དེའི་ཚེ་དེ་ཡང་ཐུན་མོང་མ་ཡིན་པ་ཡིན་པ་སྟེ། དེ་ལྟར་ནི་ནང་དང་ཕྱི་དང་ཕྱི་ནང་སྟོང་པ་ཉིད་ནི་སེམས་བསྐྱེད་པ་དང་པོ་ནས་བརྩམས་ཏེ་མོས་པས་སྤྱོད་པའི་ས་ལའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ས་དེའི་ གནས་སྐབས་ཀྱི་ཁྱད་པར་བར་ཆད་མེད་པ་སྦྱོར་བའི་ལམ་ལའོ། །ཆེན་པོ་སྟོང་པ་ཉིད་ནི་ཀུན་དུ་འགྲོ་བའི་དོན་གྱིས་ས་དང་པོ་ལའོ། །དོན་དམ་པ་སྟོང་པ་ཉིད་མཆོག་གི་དོན་གྱིས་གཉིས་པ་ལའོ། །འདུས་བྱས་སྟོང་པ་ཉིད་ནི་རྒྱུ་མཐུན་པའི་དོན་གྱིས་གསུམ་པ་ལའོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཡོངས་སུ་འཛིན་པ་མེད་ པའི་དོན་གྱིས་བཞི་པ་ལའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་རྒྱུ་ཐ་དད་པ་མེད་པའི་དོན་གྱིས་ལྔ་པ་ལའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པའི་དོན་གྱིས་དྲུག་པ་ལའོ། །དོར་བ་མེད་པ་སྟོང་པ་ཉིད་ནི་སྣ་ཚོགས་པ་ཉིད་མེད་པའི་དོན་གྱིས་བདུན་པ་ལའོ། །རང་ བཞིན་སྟོང་པ་ཉིད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་རྣམ་པར་འགྱུར་བ་མི་བརྟན་པའི་ཕྱིར་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་པ་གཉིས་ནི་འགྲིབ་པ་མེད་ཅིང་འཕེལ་བ་མེད་པའི་དོན་གྱིས་དང་རྣམ་པར་མི་རྟོག་པ་དང་ཞིང་ཡོངས་སུ་དག་པ་ལ་དབང་བ་ཉིད་གཉིས་ཀྱི་རྟེན་ཉིད་ཀྱིས་ནི་འབྲས་བུའི་ས་ཉིད་ཀྱི་ཕྱིར་སོ་སོར་རྟོག་པ་དང་ཡོངས་སུ་སྦྱོང་ བའི་དབྱེ་བས་བརྒྱད་པ་ལའོ། །མཚན་ཉིད་སྟོང་པ་ཉིད་དང་མི