Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 109

Văn bản gốc(Tây Tạng)

Trang 9 / 21 (50.000 ký tự/trang)
ད་དོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ཏུ་དུས་གཅིག་ལ་འཁོར་ལོས་སྒྱུར་བ་
གཉིས་འབྱུང་བ་མེད་དེ། འགྲན་ཟླ་མེད་པའི་ལས་བྱས་པའི་ཕྱིར་སངས་རྒྱས་བཞིན་ནོ། །འོ་ན་གཅིག་ཏུ་དེ་བཞིན་གཤེགས་པ་གཉིས་དག་ལྷན་ཅིག་ཏུ་མི་འབྱུང་བ་ཅིའི་ཕྱིར་ཞེ་ན། སྐུ་དེ་ལྟ་བུ་ཚོགས་པས་གདུལ་བར་བྱ་བའི་སྐྱེ་བོ་མི་སྲིད་པའི་ཕྱིར་རོ། །གུས་པ་དང་རིངས་པའི་དོན་དུ་ཡང་སྟེ་
སངས་རྒྱས་གཅིག་ལ་ཤིན་ཏུ་གུས་པར་འགྱུར་ཏེ་འདི་འདྲ་བ་རྙེད་པར་དཀའོ་ཞེས་སེམས་ཤིང་། འདི་གཤེགས་པའམ་ཡོངས་སུ་མྱ་ངན་ལས་འདས་ན་མགོན་མེད་པར་འགྱུར་དུ་འོང་ཞེས་བསྟན་པ་སྒྲུབ་པ་ལ་ཤིན་ཏུ་རིངས་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་གཞན་རྣམས་ན་ནི་སངས་རྒྱས་
རྣམས་ཡོད་པ་ཉིད་དེ། མང་པོ་རྣམས་མཉམ་དུ་ཚོགས་ལ་འཇུག་པ་མཐོང་བའི་ཕྱིར་དང་གཅིག་ཏུ་མང་པོ་རྣམས་ཅིག་ཅར་འབྱུང་བ་མི་རུང་བ་དེ་འབྱུང་བ་ལ་གེགས་ཅི་ཡང་མེད་པས་འཇིག་རྟེན་གྱི་ཁམས་གཞན་རྣམས་སུ་ངེས་པར་འབྱུང་ངོ་། །སངས་རྒྱས་ཀྱི་སྐུ་མང་པོས་གདུལ་བར་བྱ་བ་དང་།
སེམས་ཅན་གྱི་དོན་སྲིད་ན་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་མང་པོ་རྣམས་ཅིག་ཅར་འབྱུང་བ་འགལ་བ་མེད་དེ་ཡེ་ཤེས་ཀྱི་ནུས་པ་ཐོགས་པ་མེད་པ་ཉིད་ནའང་ཅིག་ཅར་ཡང་སེམས་ཅན་གྱི་དོན་ལ་འཇུག་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་རྣམས་སེར་སྣ་དང་ཕྲག་དོག་ལ་སོགས་

པའི་དྲི་མ་དང་བྲལ་བ་དང་རྒྱུ་མཉམ་པོར་འཇུག་པ་ཉིད་ཀྱི་ཕྱིར་རོ། །ཁ་ཅིག་ན་རེ་དུས་གཅིག་ཏུ་དེ་བཞིན་གཤེགས་པ་དུ་མ་མེད་དེ་གཅིག་ཁོ་ནས་སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ནུས་པའི་ཕྱིར་ཞེའོ། །རྟག་ཏུ་སངས་རྒྱས་གཅིག་ཉིད་དེ་དེ་ཁོ་ནས་སྐུ་ཚེ་མཐའ་ཡས་པར་བྱིན་གྱིས་རློབ་པར་ནུས་པའི་ཕྱིར་
རོ་ཞེས་ཅིས་མི་འདོད། རྒྱུའི་སྟོབས་ལས་གཞན་རྣམས་ཀྱང་འབྱུང་ངོ་ཞེ་ན། དེ་ལྟར་ན་རྒྱུའི་སྟོབས་ཉིད་ལས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་དེ་བཞིན་གཤེགས་པ་མཐའ་ཡས་པ་ཅིག་ཅར་འགྱུར་བས་འགལ་བ་ཅི་ཡོད་རིམ་གྱིས་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡང་དེ་རྣམས་
འབྱུང་བ་གནས་པ་ཁོ་ནའོ། །བྱུང་བ་དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མེད་པའི་ཕྱིར་རོ། །ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་དག་གིས་ཡོད་པ་ཁོ་ནའོ། །བསོད་ནམས་དང་མི་ལྡན་པ་རྣམས་ལ་སྣང་བར་མི་འགྱུར་བ་འབའ་ཞིག་ཡིན་གྱི་བསོད་ནམས་ཆུང་བའམ་ཆེ་བ་ཇི་ལྟ་བར་ཡང་དག་
པར་དམིགས་སོ། །འོ་ན་འདིར་དེ་བཞིན་གཤེགས་པ་དག་འཇིག་རྟེན་གྱི་ཁམས་ཅི་ཙམ་དུ་འདོད་ཅེ་ན་སྟོང་གསུམ་མོ། །གཞན་རྣམས་ན་རེ་གླིང་བཞི་པའོ་ཞེས་སོ། །བཅོམ་ལྡན་འདས་འོག་མིན་གྱི་ཁང་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྤྲུལ་པའི་སྐུས་སྟོང་གསུམ་གྱི་ནང་དུ་གཏོགས་
པའི་གླིང་བཞི་པ་རྣམས་ཐམས་ཅད་དུ་དགའ་ལྡན་དུ་སྐྱེ་བ་དང་འཆི་འཕོ་བ་དང་མི་རྣམས་སུ་སྐྱེ་བ་ཡོངས་སུ་འཛིན་པ་ལ་སོགས་པ་ཀུན་དུ་སྟོན་ཏོ་སྙམ་དུ་སེམས་སོ། བུད་མེད་ཀྱིས་ནི་འཁོར་ལོས་སྒྱུར་བ་ཉིད་དང་བརྒྱ་བྱིན་ཉིད་ལ་སོགས་པ་ཐོབ་པ་མེད་དེ་བདག་པོ་གཞན་གྱི་དབང་ཉིད་ཀྱི་ཕྱིར་རོ། །
བུད་མེད་ལ་བུད་མེད་རིན་པོ་ཆེ་ལ་སོགས་པ་ལོངས་སྤྱོད་པའི་ནུས་པ་མེད་པའི་ཕྱིར་རོ། །རང་བྱང་ཆུབ་དང་བླ་ན་མེད་པའི་བྱང་ཆུབ་ཀྱང་རྟོགས་པར་མི་འགྱུར་ཏེ། གོ་རིམས་བཞིན་དུ་དེ་བསེ་རུ་ལྟ་བུར་འདྲེ་བ་མེད་པ་དང་། ས་གསུམ་གྱི་སྟོན་པ་ཉིད་མི་སྲིད་པའི་ཕྱིར་རོ། །དེ་ནི་སྐྱེ་བོ་གཡོན་ཅན་
ཐམས་ཅད་ཀྱིས་བགྲོད་པར་བྱ་བ་དང་། ཤེས་རབ་ཆུང་བ་ཉིད་ལས་སློབ་དཔོན་མེད་པར་མངོན་པར་བྱང་ཆུབ་པར་མི་རུང་བར་ཀུན་དུ་སྤྱོད་པ་གཞན་གྱི་དབང་ཉིད་ཀྱི་ཕྱིར་རོ། །སྔགས་ཀྱི་ཚུལ་དུ་ནི་ཐབས་ཀྱི་ཁྱད་པར་གྱིས་བུད་མེད་ཀྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་རྟོགས་སོ་ཞེས་གསུངས་སོ་ཞེས་ཞར་

ལ་འོངས་པ་གཞག་གོ། །ཁམས་གསུམ་པ་འདི་ཡང་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས་རྣམ་པ་གཉིས་ཀྱང་སྟེ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་རང་བཞིན་ནོ། །དེ་ལ་ཕུང་པོ་རྣམ་ལྔ་སྟེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་
ཤེས་པའོ། །དེ་ལ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཏེ་དབང་པོ་རྣམས་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ། ཡུལ་རྣམས་དང་བཅུ་གཟུགས་ཀྱི་ཕུང་པོའོ། །གཞན་ན་རེ་རྣམ་པར་རིག་བྱེད་མ་ཡིན་པའང་ངོ་ཞེས་སོ། །དེ་ཡང་རྣམ་པ་གཉིས་ཏེ་འབྱུང་བ་རྣམས་དང་འབྱུང་བ་ལས་
གྱུར་པ་རྣམས་སོ། །དེ་ལ་འབྱུང་བ་ཆེན་པོ་བཞི་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་ཏེ་རེག་བྱའི་ནང་དུ་འདུས་སོ། །ལྷག་མའི་རེག་བྱ་ནི་འཇམ་པ་ཉིད་ལ་སོགས་པའོ། །མིག་ལ་སོགས་པ་བཅུ་རྣམས་འབྱུང་བ་ལས་གྱུར་པ་ཁོ་ན་སྟེ་འབྱུང་བ་རྣམས་ལ་ཡོད་པའི་ཕྱིར་རོ། །དཔེར་ན་
རྩྭ་དང་ཤིང་ལ་སོགས་པ་རྒྱུར་བྱས་ནས་ཡོད་པ་ཁྱིམ་དང་བུད་ཤིང་རྒྱུར་བྱས་ནས་མེ་བཞིན་ཏེ། དེ་བཞིན་དུ་འབྱུང་བ་རྣམས་ལ་བརྟེན་ནས་མིག་ལ་སོགས་པ་ཉེ་བར་སྐྱེ་བ་ནི་རྒྱུར་བྱས་པའི་གཟུགས་ཞེས་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་གང་གི་ཚེ་འབྱུང་བ་ཆེན་པོ་རྣམས་གཟུགས་བརྙན་བཞིན་རང་བཞིན་
མེད་པ་དེའི་ཚེ་དེའི་རྒྱུ་ཅན་འབྱུང་བ་ལས་གྱུར་པ་མིག་དང་གཟུགས་ལ་སོགས་པ་རང་བཞིན་མེད་པ་ཉིད་དུ་བདེ་བླག་ཏུ་རྟོགས་སོ། །གཞན་ཡང་འདོད་པའི་ཁམས་སུ་དབང་པོ་ལས་ཕྱི་རོལ་པ་ནི་རྡུལ་ཕྲ་རབ་ཀྱི་རྫས་བརྒྱད་པར་སྐྱེའོ། །དེ་ལ་རྫས་བརྒྱད་རྣམས་ནི་འདི་ལྟ་སྟེ་འབྱུང་བ་ཆེན་པོ་བཞི་དང་
གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་སོ། །ནང་གི་བདག་ཉིད་ལུས་ཀྱི་དབང་པོ་ཅན་ནི་རྫས་དགུ་པའོ། །མིག་ལ་སོགས་པའི་དབང་པོ་ཅན་ནི་དབང་པོ་གཞན་ལྡན་ཏེ་རྫས་བཅུ་པའོ། །སྒྲ་དང་བཅས་པ་ནི་སླར་ཡང་འདི་རྣམས་རྡུལ་ཕྲ་རབ་ཀྱི་རྫས་དགུ་དང་བཅུ་པ་དང་བཅུ་གཅིག་པར་སྐྱེའོ། །
དེ་ལ་རྫས་བརྒྱད་པའི་རྡུལ་ཕྲ་རབ་ལ་རྫས་བརྒྱད་པོ་དེ་རྣམས་སེ་འབྲུའི་ས་བོན་ལྟར་རང་བཞིན་སོ་སོར་རྣམ་པར་གནས་པ་ནི་མེད་དོ། །འོ་ན་ཅི་ཞེ་ན་བཏུང་བ་ལ་སོགས་པ་ལ་ཀོ་ལ་དང་ཀུ་ལད་ཐ་དང་བུ་རམ་དང་བསེ་ཡབ་ལ་སོགས་པའི་ཁུ་བ་བཞིན་འདྲེས་པར་གྱུར་ནས་རྣམ་པར་གནས་སོ། །དེ་ལ་

རྡུལ་ཕྲ་རབ་ལ་རེ་རེའང་རྫས་བདུན་བདུན་ལས་ཐ་དད་པར་མ་གྲུབ་པ་ཉིད་ཀྱི་ཕྱིར་རང་བཞིན་གྲུབ་པ་མེད་དེ། ཕན་ཚུན་ལྟོས་པ་ཉིད་ཀྱིས་སྐྱེ་བའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ཏེ་རེ་རེའང་རྫས་བདུན་བདུན་རྣམས་རྒྱུར་བྱས་ནས་ཉེ་བར་དམིགས་པའི་ཕྱིར་རོ། །རིགས་པ་འདི་རྫས་བཅུ་
དང་བཅུ་གཅིག་གི་རྡུལ་ཕྲ་རབ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ལྟར་དབང་པོ་དང་ཡུལ་རྣམས་གཟུགས་བརྙན་ལྟ་བུའོ། །དེ་ལས་སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་ཡང་སྟེ་གཟུགས་བརྙན་དང་འདྲ་བའི་རྟེན་དང་དམིགས་པ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཇི་ལྟར་འབྱུང་
བ་ཆེན་པོ་རྣམས་ཕན་ཚུན་ལྟོས་ནས་སྐྱེ་བ་ཉིད་ཀྱི་ཕྱིར་རང་བཞིན་གྲུབ་པ་མེད་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་ཡང་སྟེ་ཕན་ཚུན་གྱི་སྟོབས་ལས་བསྐྱེད་པས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་པ་རྣམས་ནི་གཟུགས་བརྙན་ལྟ་བུ་ཉིད་ལ་ཤིན་ཏུ་མི་འཇུག་གོ། །དེ་བཞིན་དུ་མཚོན་ཆ་དང་མཚན་
ཉིད་ལ་ཡང་སྦྱར་བར་བྱའོ། །དེ་ལ་ས་ནི་མཁྲང་བ་ཉིད་དང་མཁྲེགས་པ་ཉིད་དང་སྲ་བ་ཉིད་དེ་འཛིན་པའི་ལས་ཅན་ནོ། །ཆུའི་ཁམས་ནི་གཤེར་བ་ཉིད་དང་སྣུམ་པ་ཉིད་དེ་སྡུད་པའི་ལས་ཅན་ནོ། །མེ་ནི་དྲོ་བ་ཉིད་དེ་སྨིན་པ་ཉིད་དང་སྐེམས་པའི་ལས་ཅན་ནོ། །རླུང་ནི་ཡང་ཞིང་གཡོ་བ་ཉིད་དེ་
འཕེལ་བ་དང་འགྲོ་བར་བྱེད་པའི་ལས་ཅན་ནོ། །འདི་ལྟར་འཕེལ་བ་ནི་ཆ་ཤས་ལྷག་པོ་བསྐྱེད་པའོ། །འབྱུང་བ་ཆེན་པོ་འདི་རྣམས་ཀྱི་ཡང་གཅིག་གང་ན་ཡོད་པ་དེ་ན་ལྷག་མ་རྣམས་ཏེ། གང་གི་ཕྱིར་རྡོ་ལ་སོགས་པ་སའི་རྫས་ལ་སྡུད་པ་ལ་སོགས་པའི་ལས་མཐོང་བ་ལས་ཆུ་དང་མེ་དང་རླུང་རྣམས་ཡོད་པ་
ཉིད་དུ་རྗེས་སུ་དཔག་གོ། །ཆུ་ལ་གྲུ་འཛིན་པ་དང་དྲོ་བ་དང་འབབ་པ་མཐོང་བའི་ཕྱིར་ས་དང་མེ་དང་རླུང་རྣམས་སོ། །མེ་འབར་བ་ལ་བསྟན་པ་དང་གོང་བུར་འདྲིལ་བ་དང་གཡོ་བ་མཐོང་བའི་ཕྱིར་ས་དང་ཆུ་དང་རླུང་རྣམས་སོ། །རླུང་ལ་འཛིན་པ་དང་གྲང་བ་དང་དྲོ་བའི་རེག་པ་མཐོང་བའི་ལས་ས་
དང་ཆུ་དང་མེ་རྣམས་སོ། །ནམ་མཁའ་ནི་ཆེན་པོ་ཉིད་དུ་ཡོད་མོད་འབྱུང་བ་ཉིད་ནི་མ་ཡིན་ཏེ་འདུས་མ་བྱས་པ་ཉིད་ཀྱིས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ཀྱི་ཁྱད་པར་བསྐྱེད་པ་ཉིད་མེད་པའི་ཕྱིར་རོ་ཞེས་པས་ནམ་མཁའ་འབྱུང་བ་ཆེན་པོ་མ་ཡིན་ནོ། །མིག་གི་དབང་པོ་ནི་མིག་གི་ཟླུམ་

སྐོར་ན་མིག་འབྲས་ཀྱི་ནང་ན་གནས་པ་མི་མཐོང་བ་རྒུན་འབྲུམ་གྱི་འབྲས་བུའི་ཚད་ཙམ་པ་ཟི་རའི་མེ་ཏོག་དང་འདྲ་བར་གནས་པ་ཤིན་ཏུ་དང་བའི་པགས་པས་གཡོགས་པའོ། །རྣ་བའི་དབང་པོ་ནི་གྲོ་ག་གཅུས་པ་ལྟ་བུ་རྣ་བའི་ནང་ན་གནས་པའོ། །སྣའི་དབང་པོ་ནི་དྲིལ་བུའི་
ནང་གི་ལྕེ་ལྟ་བུའོ། །ལྕེའི་དབང་པོ་ནི་ཟླ་བ་ཕྱེད་པ་ལྟ་བུའོ། །ལུས་ཀྱི་དབང་པོ་ནི་ལུས་ལྟ་བུར་གནས་སོ། །ལྔ་པོ་འདི་རྣམས་རང་གི་དོན་དམིགས་པ་ལ་དབང་བྱེད་པ་ཉིད་ཀྱི་ཕྱིར་དབང་པོ་རྣམས་སོ། །གཟུགས་ཀྱི་སྐྱེ་མཆེད་ནི་ཁ་དོག་དང་དབྱིབས་ཤེས་པ་རྣམ་པ་གཉིས་སོ། །ཁ་དོག་ནི་
སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་སྤྲིན་དང་དུ་བ་དང་རྡུལ་དང་ཁུག་རྣ་དང་གྲིབ་མ་དང་ཉི་འོད་དང་སྣང་བ་དང་མུན་པའོ། །དབྱིབས་ནི་རིང་པོ་དང་ཐུང་ངུ་དང་ལྷམ་པ་དང་ཟླུམ་པོ་དང་མཐོན་པོ་དང་དམའ་བ་དང་། དབྱིབས་མཉམ་པ་དང་དབྱིབས་མི་མཉམ་པའོ། །ཉི་འོད་ནི་ཉི་མའི་
འོད་དོ། །སྣང་བ་ནི་ཟླ་བ་དང་སྐར་མ་དང་མེ་དང་སྨན་དང་ནོར་བུ་རྣམས་ཀྱི་འོད་དོ། །སྒྲ་ནི་ཟིན་པ་དང་མ་ཟིན་པ་དང་གཉིས་ཀའི་འབྱུང་བ་ཆེན་པོའི་རྒྱུ་ཅན་ནོ། །ཟིན་པ་ནི་སེམས་དང་བཅས་པའོ། །མ་ཟིན་པ་ནི་སེན་མོ་དང་སྐྲ་ལ་སོགས་པ་གང་གཅད་པ་ལ་ནད་མེད་པའོ། །དྲི་ནི་གསལ་
ལོ། །རོ་ནི་རྣམ་པ་དྲུག་སྟེ་མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་ཚ་བ་དང་ཁ་བ་དང་བསྐ་བའི་བྱེ་བྲག་གིས་སོ། །རེག་བྱ་ནི་བཅུ་གཅིག་གི་བདག་ཉིད་དེ་འབྱུང་བ་ཆེན་པོ་བཞི་རྣམས་དང་། འཇམ་པ་ཉིད་དང་། རྩུབ་པ་ཉིད་དང་། ལྕི་བ་ཉིད་དང་། ཡང་བ་ཉིད་དང་། གྲང་བ་དང་། བཀྲེས་པ་དང་
སྐོམ་པའོ། །ལྟོ་བའི་ནང་གི་གང་ལུས་ཀྱི་དབང་པོས་རེག་པར་བྱ་བ་དེ་བཀྲེས་པ་སྟེ་བཟའ་བ་མངོན་པར་འདོད་པར་བྱེད་པ་དང་། སྐོམ་པ་ནི་བཏུང་བ་མངོན་པར་འདོད་པ་སྟེ་རྒྱུ་ལས་འབྲས་བུ་བཏགས་པའི་ཕྱིར་རོ། །ཆུ་དང་མེའི་ཁམས་ཤས་ཆེ་བའི་འབྱུང་བ་འདུས་ན་འཇམ་པ་ཉིད་དོ། །
ས་དང་རླུང་ཤས་ཆེ་ན་རྩུབ་པ་ཉིད་དོ། །ས་དང་ཆུ་ཤས་ཆེ་ན་ལྕི་བ་ཉིད་དོ། །མེ་དང་རླུང་ཤས་ཆེ་ན་ཡང་བ་ཉིད་དོ། །ཆུ་དང་རླུང་ཤས་ཆེ་ན་གྲང་བའོ། །རླུང་ཤས་ཆེ་ན་བཀྲེས་སོ། །མེ་དང་རླུང་ཤས་ཆེ་ན་སྐོམ་པའོ་ཞེས་པ་དབང་པོ་ལྔའི་ཡུལ་རྣམས་སོ། །དེ་ལ་མིག་ལ་སོགས་པ་ལྔ་རྣམས་

ནི་རང་གི་འབྲས་བུ་རྣམ་པར་ཤེས་པ་ལས་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཁོ་ནའོ། །གཟུགས་ལ་སོགས་པ་ལྔ་རྣམས་ནི་མིག་ལ་སོགས་པ་ལྔའི་རྣམ་པར་ཤེས་པ་རྣམས་ཀྱིས་རྣམ་པར་ཤེས་པར་བྱ་བའོ། །རྣམ་པར་རིག་བྱེད་མ་ཡིན་
པ་ནི་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་སྔར་བསྒྲུབས་ཟིན་ཏོ། །དེའི་ཕྱིར་བཅུ་པོ་ཉིད་གཟུགས་སུ་རུང་། གང་རྣམས་གང་དུ་གནོད་པར་བྱ་བ་དང་ཐོགས་པར་བྱ་བའོ་ཞེས་པས་ཐོགས་པ་དང་བཅས་པའི་གཟུགས་རྣམས་སོ། །དེ་རྣམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོར་བཤད་དོ། །ཚིམ་
པར་བྱ་བ་དང་ཡོངས་སུ་གདུང་བར་བྱེད་པ་དང་དེ་གཉིས་ལས་རྣམ་པར་གྲོལ་བའི་ཡུལ་གྱི་རང་གི་ངོ་བོ་མངོན་སུམ་དུ་བྱ་བས་ཡུལ་ཉམས་སུ་མྱོང་བ་རྣམ་པར་ཤེས་པའི་ཉམས་སུ་མྱོང་བ་རིག་པ་ནི་ཚོར་བ་ཞེས་བརྗོད་དོ། །དེ་ལ་བྱེ་བྲག་སྨྲ་བ་རྣམས་ན་རེ་སེམས་ནི་གཙོ་བོ་ཡིན་ལ་སེམས་ལས་བྱུང་བ་རྣམས་
མ་ཡིན་ནོ། །དེ་རྣམས་ནི་སེམས་ཀྱི་འདི་རྣམས་སམ་སེམས་ལ་ཡོད་པ་རྣམས་ཡིན་པས་སེམས་ཀྱི་བྱ་བའི་རང་བཞིན་ཏེ་ཐ་དད་དུ་གྲུབ་བོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་དུས་སུ་ནི་ཤེས་རབ་སེམས་ལས་བྱུང་བ་ཆ་ཤས་ཀྱང་གསལ་ལ། ལ་ལ་ལ་ལར་ཆོས་གཙོ་བོ་སྟེ། དཔེར་ན་མངོན་པར་
ཡིད་ཆེས་པའི་དུས་ན་དད་པ་ལ་སོགས་པ་ཟག་པ་མེད་པའི་ཕུང་པོ་ལྔའི་ཚོགས་པ་ལྟ་བུའོ་ཞེས་སོ། །རྣལ་འབྱོར་སྤྱོད་པ་པ་རྣམས་ན་རེ་སེམས་ཀྱི་བྱ་བའི་རང་བཞིན་སེམས་ཀྱི་གནས་སྐབས་ཀྱི་ཁྱད་པར་སེམས་ལས་བྱུང་བ་སྟེ་སེམས་ལས་ཐ་དད་པ་མ་ཡིན་ནོ་ཞེས་སོ། །དབུ་མ་པ་
རྣམས་ན་རེ་ཀུན་རྫོབ་ཏུ་མ་བརྟགས་ན་ཉམས་དགའ་བ་ཉིད་ཀྱི་ཕྱིར་ཇི་ལྟ་བ་དེ་ལྟ་སྟེ་ཁ་ཅིག་ཏུ་དེ་ཉིད་དང་འགའ་ཞིག་ཏུ་གཞན་ཉིད་ལྟ་བུ་ཐ་སྙད་བྱེད་ལ་དོན་དམ་པར་ནི་དེ་ཉིད་དང་གཞན་ཉིད་དུ་ཡང་མི་རིགས་སོ། །ཚོར་བ་དེ་ཡང་ལུས་ཀྱི་དང་སེམས་ཀྱིའོ། །སླར་ཡང་རྣམ་པ་གསུམ་སྟེ་
བདག་དང་སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །སླར་ཡང་རྣམ་པ་ལྔ་སྟེ་བདེ་བ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་སོ། །དེ་ལ་གཟུགས་ཅན་གྱི་དབང་པོ་ལ་བརྟེན་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དང་།

བསམ་གཏན་གསུམ་པ་ན་ཡིད་ཀྱི་ཡང་སྟེ་སིམ་པའི་ཚོར་བ་ནི་བདེ་བའི་དབང་པོའོ། །གཟུགས་ཅན་གྱི་དབང་པོའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་སིམ་པ་མ་ཡིན་པའི་ཚོར་བ་ནི་སྡུག་བསྔལ་གྱི་ཕུང་པོའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཚིམ་
པའི་ཚོར་བ་ནི་བདེ་བའི་དབང་པོའོ། །ཡིད་ཉིད་ཚིམ་པ་མ་ཡིན་པ་ནི་ཡིད་མི་བདེ་བའི་དབང་པོའོ། །ཐམས་ཅད་ཀྱི་ཉིད་སིམ་པ་ཡང་མ་ཡིན་སིམ་པ་མ་ཡིན་པ་ཡང་མ་ཡིན་པའི་ཚོར་བ་ནི་བཏང་སྙོམས་ཀྱི་དབང་པོའོ། །གང་གི་ཕྱིར་སེམས་ཀྱི་བདེ་བ་དང་སྡུག་བསྔལ་ཕལ་ཆེར་རྣམ་པར་རྟོག་པ་ལས་
སྐྱེས་ཤིང་ལུས་ཀྱི་ནི་མ་ཡིན་ཏེ། ཡུལ་གྱི་དབང་ལས་དགྲ་བཅོམ་པ་རྣམས་ལ་ཡང་སྐྱེ་བའི་ཕྱིར་རོ། །སླར་ཡང་རྣམ་པ་དྲུག་སྟེ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བ་ཇི་སྲིད་པའི་བར་རོ་ཞེས་པ་ཚོར་བའི་ཕུང་པོ་བརྗོད་ཟིན་ཏོ། །འདིར་བུམ་པ་དང་སྣམ་
བུ་དང་གཟུགས་ལ་སོགས་པ་འདུས་བྱས་རྣམས་ལ་འདུས་བྱས་སུ་ཐུན་མོང་བ་ཉིད་ནའང་སོ་སོ་རང་གི་རྒྱུ་དང་རྐྱེན་རྣམས་ལ་ཁྱད་པར་ཡོད་དོ། །དེའི་ཁྱད་པར་ལས་ཀྱང་ལྟོ་ལྡིར་བ་ལ་སོགས་པའི་ཕན་ཚུན་ཁྱད་པར་ཡོད་དོ། །ཁྱད་པར་དེ་ཉིད་མཚན་མ་ཞེས་བརྗོད་དེ་དེས་དོན་རྣམས་ཁྱད་པར་དུ་
རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །བུམ་པ་ཉིད་ལ་སོགས་པའི་མཚན་མ་དེ་སེམས་ལས་བྱུང་བའི་ཆོས་གང་གིས་འཛིན་པ་དང་འདུ་ཤེས་པ་དང་ཡོངས་སུ་གཅོད་པར་བྱེད་པ་དེ་ནི་མཚན་མར་འཛིན་པའི་བདག་ཉིད་འདུ་ཤེས་ཞེས་བརྗོད་དོ། །འདི་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་མཚུངས་པར་མི་
ལྡན་པའི་མིང་དང་ལྷན་ཅིག་དོན་གཅིག་ལ་འཇུག་པའི་འདུ་ཤེས་ནི་མིང་གི་དོན་གསལ་བར་བྱེད་ཅིང་འདུ་ཤེས་ཀྱིས་ཤེས་པར་བྱེད་དོ། །དེ་ནི་མིང་དང་མཚན་མ་དང་དོན་གྱི་བརྡས་ཤེས་པ་རྣམས་ཀྱི་གསལ་བ་སྟེ། དེ་རྣམས་ངག་ལས་མིང་ངེས་པར་བྱེད་ཅིང་མིང་ལས་ཀྱང་དོན་ནོ། །དེ་ཉིད་ཀྱི་ཕྱིར་ངག་
མིང་ལ་འཇུག་ཅིང་མིང་གིས་དོན་གསལ་བར་བྱེད་དོ། །བརྡ་ལ་མ་བྱང་བ་ནི་མི་གསལ་བའི་འདུ་ཤེས་ཀྱིས་མིང་གིས་དོན་རྟོགས་པར་མི་བྱེད་ལ། མིང་གིས་དོན་རྟོགས་སུ་འཇུག་པར་ཡང་མི་བྱེད་དོ་ཞེས་ཟེར་རོ། །དེ་ཡང་གཞན་དུ་རྣམ་པར་དཔྱད་ཟིན་ཏོ། །རིགས་པ་ནི། །ཕྱི་རོལ་དུའམ་ཡིད་

ལའང་རུང་སྟེ་གང་དུའང་སྒྲ་དང་འདྲེས་མེད་ལ། །སླར་ཡང་ཡི་གེའི་རྣམ་པ་དང་འདྲེས་དོན་གྱི་རྣམ་པ་ཅུང་ཟད་སྤྲོ། །མི་བདེན་བདག་ཉིད་དུ་གནས་གང་ཡང་བློ་ཉིད་ཀྱིས་ཞེན་པ། །དེ་དག་ཕྱི་རོལ་དང་ནི་ངག་ལ་ངེས་པར་འཛིན་ཏེ་དེ་ཕྱིར་རྣམ་པར་རྟོག་པར་གཞག །ཅེས་སོ། །འདུ་ཤེས་དེ་ཡང་
རྣམ་པ་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བར་རོ་ཞེས་པ་འདུ་ཤེས་ཀྱི་ཕུང་པོའོ། །འདུ་བྱེད་ཀྱི་ཕུང་པོ་ནི་སེམས་བྱུང་སྟེ། དེ་ལས་ཚོར་བ་དང་འདུ་ཤེས་དག་བྱུང་སྟེ་རྩོད་པའི་རྩ་བ་ཉིད་དང་འཁོར་བའི་རྒྱུ་ཉིད་
ཀྱི་ཕྱིར་ཕུང་པོ་ལོགས་སུ་བྱས་སོ། །རྩོད་པའི་རྩ་བ་ནི་གཉིས་ཏེ་འདོད་པ་ལ་ལྷག་པར་ཆགས་པ་དང་ལྟ་བ་ལ་ལྷག་པར་ཆགས་པའོ། །དེ་དག་གི་གཙོ་བོའི་རྒྱུ་ནི་གོ་རིམས་བཞིན་དུ་ཚོར་བ་དང་འདུ་ཤེས་དག་གོ། །འཁོར་བའི་རྒྱུར་གྱུར་པ་ཡང་དེ་དག་སྟེ་ཚོར་བ་ལ་ཆགས་པ་དང་འདུ་ཤེས་ཕྱིན་
ཅི་ལོག་པར་འཁོར་བའི་ཕྱིར་རོ། །དེ་ལས་གཞན་པའི་སེམས་ལས་བྱུང་བ་རྣམས་ནི་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་དང་འདུན་པ་དང་མོས་པ་དང་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྟོག་པ་དང་དཔྱོད་པ་དང་བག་ཡོད་པ་དང་བག་མེད་པ་དང་།
ཡིད་འབྱུང་བ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་ཤིན་ཏུ་སྦྱངས་པ་མ་ཡིན་པ་དང་། རྣམ་པར་འཚེ་བ་དང་རྣམ་པར་མི་འཚེ་བ་དང་། ངོ་ཚ་དང་ཁྲེལ་ཡོད་པ་དང་བཏང་སྙོམས་དང་རྣམ་པར་གྲོལ་བ་དང་དགེ་བའི་རྩ་བ་རྣམས་དང་མི་དགེ་བའི་རྩ་བ་རྣམས་དང་ལུང་དུ་མ་བསྟན་པའི་
རྩ་བ་རྣམས་དང་། ཀུན་དུ་སྦྱོར་བ་རྣམས་དང་འཆིང་བ་རྣམས་དང་། ཕྲ་རྒྱས་རྣམས་དང་ཉེ་བའི་ཉོན་མོངས་པ་རྣམས་དང་ཀུན་ནས་དཀྲིས་པ་རྣམས་དང་། ཟག་པ་རྣམས་དང་ཆུ་བོ་རྣམས་དང་སྦྱོར་བ་རྣམས་དང་ཉེ་བར་ལེན་པ་རྣམས་དང་མདུད་པ་རྣམས་དང་སྒྲིབ་པ་རྣམས་དང་ཤེས་པ་
རྣམས་དང་བཟོད་པ་རྣམས་ཏེ་འདུ་བྱེད་རྣམས་སོ། །དེ་ལ་སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། སེམས་བྱ་བ་དང་བཅས་པའི་རང་བཞིན་ཐོབ་པས་དེ་དང་དེ་ལ་འཇུག་པར་བྱེད་པའི་ལས་ཅན་གྱི་རང་བཞིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ་དགེ་བ་དང་མི་དགེ་བ་དང་

ལུང་དུ་མ་བསྟན་པའོ། །ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་མཚུངས་པར་ལྡན་པས་དྲུག་གོ། །རེག་པ་ནི་ཕ་དང་མ་དང་བུར་གཞག་པ་བྱ་བ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་འདུས་པ་སྟེ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་འདུས་
པ་ཡོད་པ་ན་བདེ་བ་ལ་སོགས་པའི་ཚོར་བ་བསྐྱེད་པ་དང་རྗེས་སུ་མཐུན་པའི་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་གང་ཡིན་པ་འདྲ་བ་ཙམ་གྱིས་བདེ་བ་ལ་སོགས་པའི་ཚོར་བ་སྐྱེད་པར་བྱེད་པ་དེ་ནི་སེམས་ལས་བྱུང་བ་རེག་པ་ཞེས་བརྗོད་དོ། །དབང་པོའི་རྣམ་པར་འགྱུར་བ་ལ་དེ་དང་འདྲ་བ་ལས་རེག་
གོ་ཞེས་བྱས་ནས་སོ། །དེའི་ཕྱིར་དབང་པོའི་བྱེ་བྲག་གིས་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རོ། །ཆོས་མངོན་པར་ཡང་གསུངས་པ། གསུམ་འདུས་པ་ན་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་ནི་རེག་པ་སྟེ་ཚོར་བ་སྐྱེད་པའི་བརྟེན་བྱེད་པའི་ལས་ཅན་ནོ་ཞེས་སོ། །འདུས་
པ་ཞེས་བྱ་བ་ནི་འབྲས་བུ་དང་རྒྱུའི་དངོས་པོར་གནས་པ་གསུམ་པོ་རྣམས་གང་ཕན་ཚུན་དུ་རེག་པའོ། །ཡིད་ལ་བྱེད་པ་ནི་སེམས་ཡུལ་ལ་ཕྱོགས་པར་བྱེད་པ་སྟེ། ཡུལ་ལ་བསྟོད་པ་དང་བཅས་པ་ཞེས་པའི་དོན་ཏོ། །ཏིང་ངེ་འཛིན་ནི་རྣམ་པར་གཡེང་བའི་གཉེན་པོའི་ཆོས་ཏེ་རྒྱུན་མི་དམིགས་པ་
གཅིག་པའི་རྒྱུ་ཡིན་ལ་ཡིད་ལ་བྱེད་པ་ནི་ཡུལ་ལས་དེའི་སྐད་ཅིག་སེམས་འཕྲོ་བར་མི་བྱེད་པའོ། །འདུན་པ་ནི་རྣམ་པར་ཤེས་པའི་བྱེད་པར་འདོད་པ་ཉིད་དོ། །སྲེད་པ་ལས་འདུན་པ་ཐ་དད་དེ། ཇི་ལྟར་ལ་ཆ་ནི་ཤིང་ཚན་མོ་དག་མི་འབྲལ་བར་བྱེད་པའི་རྒྱུ་ཡིན་པ་དེ་བཞིན་དུ་སྲེད་པ་ནི་སེམས་ཡུལ་
ལ་མངོན་པར་ཆགས་པ་ལས་མི་འབྲལ་བའི་རྒྱུ་ཡིན་ལ་འདུན་པ་ནི་བྱ་བའི་བསམ་པ་ཉིད་ཙམ་ཡིན་པས་སོ། །མོས་པ་ནི་སེམས་རང་གི་ཡུལ་ལ་གང་རང་གི་ངོ་བོར་མོས་པས་ཏེ་ཕྱེ་མ་ལེབ་མེ་ལ་བཞིན་དུ་ལྷག་པར་མོས་པ་དང་བཅས་པའོ། །ཡིད་ལ་བྱེད་པ་ནི་ཡུལ་ཡིད་ལ་བྱེད་པ་སྟེ་དེར་ནི་ཡིད་
ཀྱི་དབང་དུ་བྱས་ལ་འདིར་ནི་ཡུལ་གྱིའོ། །དད་པ་ནི་བདེན་པ་དང་དཀོན་མཆོག་དང་ལས་ཀྱི་འབྲས་བུ་རྣམས་ལ་ཡོད་པ་ཉིད་དང་ཡོན་ཏན་ཅན་ཉིད་དང་ནུས་པ་ཉིད་དུ་མངོན་པར་ཡིད་ཆེས་པའོ། །དེ་དབྱེ་ན་ནི་དེ་ཡོད་པ་ཉིད་ལ་མངོན་པར་ཡིད་ཆེས་པའི་རྣམ་པའི་དད་པ་དང་ཡོན་ཏན་ཅན་ཉིད་ལ་

རབ་ཏུ་དང་བའི་རྣམ་པ་དང་། ནུས་པ་ཉིད་ལ་བདག་གི་ས་ཐོབ་པའང་འགྲུབ་པར་ནུས་སོ་ཞེས་མངོན་པར་འདོད་པའི་རྣམ་པའོ། །བདེན་པ་ནི་སྡུག་བསྔལ་ལ་སོགས་པ་བཞི་པོ་རྣམས་སོ། །རྣམ་པ་གཉིས་ཀྱང་སྟེ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གོ། །བརྩོན་འགྲུས་ནི་དགེ་བ་ལ་
སྤྲོ་བའོ། །དྲན་པ་ནི་གང་བྱས་པ་དང་བྱེད་བཞིན་པ་དང་བྱ་བའི་ལས་རྣམས་ལ་སེམས་ཀྱི་བརྗེད་པ་མེད་པ་དང་སེམས་མངོན་པར་བརྗོད་པ་དེའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དེ། རྩེ་གཅིག་ཏུ་དམིགས་པའོ། །ཤེས་རབ་ནི་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་སྟེ་ཐེ་ཚོམ་
བཟློག་པའི་ལས་ཅན་ནོ། །གང་དངོས་པོ་ལ་གང་ཟག་དང་ཆོས་ཀྱི་བདག་རང་གི་བློས་ཡན་ལག་རྣམ་པར་ཕྱེ་ནས་གང་རང་གི་ངོ་བོ་ཚོལ་བ་སྟེ། གང་ཟག་དང་ཆོས་རྣམས་ལ་རང་གི་ངོ་བོ་བརྟགས་པ་ན་རང་བཞིན་མེད་པ་ཉིད་ཀྱིས་ཅུང་ཟད་ཀྱང་མི་དམིགས་སོ། །རྟོག་པ་ནི་གང་དང་ལྡན་པ་
ལས་རྣམ་པར་ཤེས་པ་བུམ་པའི་རིང་བ་དང་མཛེས་པ་ཙམ་བཞིན་དུ་རགས་པའི་དམིགས་པ་ཡོངས་སུ་གཅོད་པ་དེ་ཀུན་དུ་རྟོག་པའི་མིང་ཅན་ནོ། །དཔྱོད་པ་ནི་བུམ་པ་རྙིང་པ་དང་བརྟན་པ་ཞེས་ཕྲ་མོ་ལྟ་བར་ཞུགས་པའི་སེམས་ལས་བྱུང་བའི་ཆོས་སོ། །བག་མེད་པ་ནི་དགེ་བའི་ཆོས་རྣམས་མི་
སྒོམ་པ་སྟེ་མི་སྒྲུབ་པའོ། །བག་ཡོད་ནི་དེ་ལས་བཟློག་པའོ། །ཡིད་འབྱུང་བ་ནི་ཆོས་གང་དང་ལྡན་པ་ལས་སེམས་འཁོར་བའི་སྐྱོན་མཐོང་བ་ཉིད་ལས་འཁོར་བ་ལས་ཡིད་འབྱུང་བ་སྟེ་དེ་ནི་ཉོན་མོངས་པ་སྤོང་བ་དང་རྗེས་སུ་མཐུན་པའི་ཡང་དག་པའི་ཤུགས་སོ། །མཆོག་ཏུ་དགའ་བ་ནི་སེམས་
རབ་ཏུ་དགའ་བ་དང་ཆགས་པ་སྟེ་ཡིད་བདེ་བ་ལས་ཐ་དད་དུ་གྱུར་པའོ། །ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་དག་ལས་སུ་རུང་བའོ། །ཤིན་ཏུ་སྦྱངས་པ་མ་ཡིན་པ་ནི་ལུས་དང་སེམས་དག་གི་ལྕི་བ་ཉིད་དང་རྨུགས་པ་དང་གཉིད་ཀྱི་བདག་ཉིད་དོ། །རྣམ་པར་འཚེ་བ་ནི་ཆོས་གང་དང་ལྡན་པ་
ལས་ཁྲོ་བའི་རྐྱེན་གྱིས་ཐལ་ལྕག་ལ་སོགས་པས་གཞན་ལ་ཐོ་འཚམས་པ་དེའོ། །དེ་དང་འགལ་བའི་ཆོས་ནི་རྣམ་པར་མི་འཚེ་བའོ། །ངོ་ཚ་ན་གང་གི་དབང་གིས་བདག་ཉིད་དང་ཆོས་ཀྱི་དབང་དུ་བྱས་པས་སྡིག་པ་ལས་བཟློག་པ་སྟེ། དེ་ནི་སྡིག་པ་ལ་མི་འཇུག་པའི་རྒྱུའི་ཆོས་ངོ་ཚ་ཞེས་བྱ་

བའོ། །ཁྲེལ་ཡོད་ནི་གཞན་ལ་ལྟོས་ནས་སྐྱོན་རྣམས་ཀྱིས་ངོ་ཚ་བར་བྱེད་པའོ། །བཏང་སྙོམས་ནི་ཆོས་གང་གིས་དམིགས་པ་ལ་སེམས་མཉམ་དུ་འཇུག་པ་སྟེ་དེ་ནི་སེམས་མཉམ་པ་ཉིད་དོ། །དེས་ནི་སེམས་རྗེས་སུ་ཆགས་པར་མི་བྱེད་ཁོང་ཁྲོ་བར་མི་བྱེད་དོ། །དེ་ཡང་
དགྲ་བཅོམ་པ་རྣམས་ཀྱི་ཡེ་ཤེས་ཀྱང་ལྡན་པ་སོ་སོར་བརྟགས་པའི་བཏང་སྙོམས་ཏེ། སོ་སོ་སྐྱེ་བོ་རྣམས་ཀྱི་ནི་ཡེ་ཤེས་དང་ལྡན་པ་མ་ཡིན་པ་སོ་སོར་མ་བརྟགས་པའི་བཏང་སྙོམས་སོ། །རྣམ་པར་གྲོལ་བ་ནི་སེམས་དྲི་མ་མེད་པ་ཉིད་དེ་ཉོན་མོངས་པ་ལ་སོགས་པ་སྤངས་པ་ཡོད་ན་རྣམ་པར་
གྲོལ་བ་མྱ་ངན་ལས་འདས་པ་ཞེས་བྱ་བ་སེམས་ལས་བྱུང་བའི་ཆོས་སྐྱེ་བོ་དེ་ལ་དགེ་ལེགས་ཀྱི་དོན་ནི་དགེ་བའི་དོན་ཏེ་རྣམ་པར་གྲོལ་བ་ཡང་ཉེ་བར་འཚེ་བ་མཐའ་དག་ལས་ལོག་པའི་ངོ་བོ་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་མེད་པའི་དགེ་བ་སྟེ་ནད་མེད་པ་ཉིད་བཞིན་ནོ། །ལམ་གྱི་བདེན་པ་ནི་དེ་ཐོབ་
པའི་རྒྱུ་ཉིད་ཀྱི་ཕྱིར་དགེ་བའོ། །དེ་ལས་གཞན་པའི་བདེན་པ་གཉིས་ནི་ཟག་པ་དང་བཅས་པ་སྟེ་རྣམ་པར་སྨིན་པ་འདོད་པ་ཉིད་ཀྱིས་རྗེས་སུ་མཐུན་པའི་གཟུགས་བརྙན་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་རོ། །དགེ་བའི་རྩ་བ་རྣམས་ནི་གསུམ་སྟེ་འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་
དང་། གཏི་མུག་མེད་པའོ། །དེ་ལ་འདོད་ཆགས་མེད་པ་ནི་སྲེད་པ་དང་འགལ་བའི་ཆོས་ཏེ་དངོས་པོ་རྣམས་ལ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་དོ། །ཞེ་སྡང་མེད་པ་ནི་ཁོང་ཁྲོ་དང་འགལ་བའི་ཆོས་ཏེ་སེམས་ཅན་རྣམས་ལ་མནར་སེམས་མེད་པ་ཉིད་མཚན་ཉིད་ཅན་ནོ། །གཏི་མུག་མེད་པ་ནི་མ་
རིག་པ་དང་འགལ་བའི་ཆོས་ཏེ་ཤེས་རབ་ཀྱི་རང་བཞིན་ནོ། །འདི་རྣམས་ནི་རང་ཉིད་དགེ་བ་དགེ་བ་གཞན་རྣམས་ཀྱི་རྩ་བར་གྱུར་པ་ཤིང་གི་རྩ་བ་བཞིན་བསྐྱེད་པ་དང་གནས་པ་དང་འཕེལ་བའི་རྒྱུའོ། །འདི་ལས་བཟློག་པས་ན་གསུམ་ནི་མི་དགེ་བའི་རྩ་བ་རྣམས་ཏེ་འདོད་ཆགས་དང་། ཞེ་སྡང་དང་།
གཏི་མུག་གོ། །དེ་ལ་འདོད་པར་གཏོགས་པའི་འདོད་ཆགས་ཐམས་ཅད་ནི་ཆགས་པ་མི་དགེ་བའི་རྩ་བའོ། །ཞེ་སྡང་ཐམས་ཅད་ཀྱང་ངོ་། །འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དང་དེ་དང་མཚུངས་པར་ལྡན་པའི་གཏི་མུག་མ་གཏོགས་པ་འདོད་པ་ན་སྤྱོད་པའི་མ་རིག་པ་ཐམས་ཅད་ནི་གཏི་

མུག་མི་དགེ་བའི་རྩ་བའོ། །ལུང་དུ་མ་བསྟན་པའི་རྩ་བ་རྣམ་གསུམ་སྟེ་སྲིད་པ་དང་མ་རིག་པ་དང་བློའོ། །དེ་ལ་འདོད་པ་ན་སྤྱོད་པའི་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དང་དེ་དང་མཚུངས་པར་ལྡན་པའི་གཏི་མུག་མ་གཏོགས་པར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་མི་དགེ་
བ་སྟེ་མི་འདོད་པའི་རྣམ་པར་སྨིན་པ་ཅན་ཉིད་ཀྱི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་འདོད་པའི་ཁམས་སུའང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་གསུམ་སྟེ་འདི་ཐམས་ཅད་ལུང་དུ་མ་བསྟན་པའོ། །དེ་ལ་གང་དང་
གང་ཞིག་སྲེད་པ་དང་མ་རིག་པ་དང་ཤེས་རབ་ལུང་དུ་མ་བསྟན་པ་དེ་ཐམས་ཅད་ནི་ལུང་དུ་མ་བསྟན་པའི་རྩ་བ་སྟེ། རང་ཉིད་ལུང་དུ་མ་བསྟན་པ་ཉིད་ཀྱི་ཕྱིར་དང་། ལུང་དུ་མ་བསྟན་པ་གཞན་གྱི་རྩ་བ་ཉིད་ཡིན་པའི་ཕྱིར་རོ། །ལུང་དུ་མ་བསྟན་པ་གཞན་ནི་རྩ་བ་མ་ཡིན་ཏེ་མི་བརྟན་པ་ཉིད་དང་སྟེང་དུ་
འཇུག་པ་ཉིད་ལས་རྩ་བ་དང་ཆོས་མི་མཐུན་པའི་ཕྱིར་རོ། །ཡང་ཆོས་མངོན་པར་གསུངས་པ། དགེ་བའི་རྩ་བ་གསུམ་རྣམས་དང་། ངོ་ཚ་དང་ཁྲེལ་ཡོད་པ་རང་བཞིན་གྱིས་དགེ་བ་སྟེ་ཕན་པའི་སྨན་བཞིན་ནོ། །དེ་དག་དང་མཚུངས་པར་ལྡན་པས་ནི་ཆོས་གཞན་དགེ་བ་རྣམས་ཏེ་སྨན་དང་བསྲེས་
པའི་ཆུ་བཞིན་ནོ། །དེ་རྣམས་ཀྱིས་ཀུན་ནས་བསླང་བས་ནི་སེམས་དང་ངག་གི་ལས་དག་དང་བྱེ་བྲག་ཏུ་སྨྲ་བའི་འདོད་པས་སེམས་དང་ལྡན་པ་མ་ཡིན་པ་ཐོབ་པ་ལ་སོགས་པ་དགེ་བ་རྣམས་ཀྱང་སྟེ་སྨན་དང་འདྲེས་པའི་ཆུ་ལས་ཡང་དག་པར་བྱུང་བའི་འོ་མ་བཞིན་ནོ། །ཀུན་དུ་སྦྱོར་བ་རྣམས་ནི་དགུ་སྟེ་འདོད་
ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་དང་ལྡན་པ་དང་མཆོག་ཏུ་འཛིན་པ་དང་ཕྲག་དོག་དང་སེར་སྣའོ། །སྲིད་པའི་སྡུག་བསྔལ་ལ་ཀུན་དུ་སྦྱོར་བའི་ཕྱིར་ཀུན་དུ་སྦྱོར་བའོ། །དེ་ལ་འདོད་ཆགས་ནི་རྗེས་སུ་ཆགས་པ་དང་སྲེད་པ་དང་། ལྷག་པར་ཞེན་པ་དང་ཞེན་
པའོ། །ཁོང་ཁྲོ་ནི་གནོད་སེམས་དང་ཞེ་སྡང་སྟེ་སེམས་ཅན་གྱི་ཡུལ་ལ་ཀུན་ནས་མནར་སེམས་པའོ། །ང་རྒྱལ་ནི་རྣམ་པ་བདུན་ཏེ་དེ་ལ་ཡང་དག་པའམ་ཡང་དག་པ་མ་ཡིན་པས་གཞན་ལས་བདག་ཁྱད་པར་འཕགས་པར་རྟོག་ཅིང་སེམས་པ་གང་ཞིག་སེམས་ཀྱི་རང་བཞིན་གྱི་རྣམ་པར་

འགྱུར་བ་ལྟུང་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་འདི་ནི་ང་རྒྱལ་གྱི་སྤྱིའོ། །དེ་ནི་འཇུག་པའི་བྱེ་བྲག་གིས་ཐ་དད་པ་སྟེ་དེ་ལ་ཐོས་པ་དང་ཚུལ་ཁྲིམས་དང་རིགས་དང་གཟུགས་དང་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་དམན་པ་ལས་བདག་ཉིད་དམན་པ་
དང་འདྲ་བ་དང་ལྷག་པའམ་མཚུངས་པ་དང་མཚུངས་པར་ཉེ་བར་དམིགས་ནས་ཡོངས་སུ་རྟོག་པའི་ཁྱད་པར་ནི་ང་རྒྱལ་ལོ། །ཁྱད་པར་དུ་འཕགས་པ་རྣམས་དང་བདག་དམན་པ་མཉམ་པ་ཉིད་དུ་མངོན་པར་ང་རྒྱལ་བ་ནི་ལྷག་པའི་ང་རྒྱལ་ལོ། །ཁྱད་པར་དུ་འཕགས་པ་ལས་ཀྱང་བདག་ཁྱད་
པར་དུ་འཕགས་པར་སེམས་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྟོང་པ་རྣམས་ལ་ངའོ་ཞེས་ཡོངས་སུ་རྟོག་པ་ནི་ངའོ་སྙམ་པའི་ང་རྒྱལ་ཏེ་བདག་ཏུ་ང་རྒྱལ་བ་ཡང་ངོ་། །ཟག་པ་དང་བཅས་པའི་ཕུང་པོ་རྣམས་ཉེ་བར་ལེན་པ་སྟེ་བདག་ཏུ་འདོགས་པའི་རྒྱུ་ཉིད་ཀྱི་ཕྱིར་
རམ། ཡང་ན་ཉོན་མོངས་པ་རྣམས་ནི་དེ་རྣམས་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ཉེ་བར་ལེན་པ་རྣམས་བཟུང་བྱའི་ཕྱིར་ཉེ་བར་ལེན་པ་རྣམས་ཏེ། དེ་རྣམས་ལས་ཡང་དག་པར་བྱུང་བས་ཉེ་བར་ལེན་པའི་ཕུང་པོ་རྣམས་སོ། །དེ་རྣམས་ཀྱང་སྟོང་པ་བརྟེན་ནས་གདགས་པར་བྱ་བ་རྣམས་ཏེ་བདག་གི་དངོས་
པོ་དང་བྲལ་བའི་ཕྱིར་དང་རང་བཞིན་དང་བྲལ་བའི་ཕྱིར་རོ། །དེ་རྣམས་ལ་རྨོངས་པ་ལས་ངའོ་ཞེས་འཛིན་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །བསམ་གཏན་དང་ཏིང་ངེ་འཛིན་དང་ལམ་དང་འབྲས་བུ་ལ་སོགས་པའི་རྟོགས་པ་མཆོག་ཏུ་ཁྱད་པར་དུ་འཕགས་པ་ཐོབ་པ་མེད་པར་བདག་གིས་ཐོབ་པོ་ཞེས་
མངོན་དུ་ཕྱོགས་པས་སེམས་པ་ནི་མངོན་པའི་ང་རྒྱལ་ལོ། །ལོག་པའི་ལས་གསོད་པ་དང་རྐུ་བ་ལ་སོགས་པ་སྡིག་པའི་བྱ་བ་ལ་བསྔགས་པ་དང་མཐོ་བར་གྱུར་པ་ནི་ལོག་པའི་ང་རྒྱལ་ལོ། །བདག་ཉིད་ལ་བྱ་བ་ཐམས་ཅད་སྒྲུབ་པའི་ནུས་པ་མེད་པར་ཡོངས་སུ་རྟོག་པ་དང་བདག་ཉིད་ལ་དམན་པར་
ཡོངས་སུ་རྟོག་པ་ནི་ཅུང་ཟད་ཀྱི་ང་རྒྱལ་ལོ། །མ་རིག་པ་ནི་ཆོས་གང་དང་ལྡན་པ་ལས་བདེན་པའི་དོན་མི་མཐོང་བ་དང་དངོས་པོ་རྣམས་ལ་ཡོད་པ་མ་ཡིན་པའི་རང་བཞིན་གང་ཟག་གམ་ཆོས་སུ་སྒྲོ་འདོགས་པ་དེ་སྟེ། རིག་པའི་མི་མཐུན་པའི་ཕྱོགས་དཀོན་མཆོག་གསུམ་དང་བདེན་པ་མི་ཤེས་པ་ཙམ་མོ། །

རིག་པ་ནི་ཆོས་ཀྱི་རང་བཞིན་གྱི་ཡུལ་ཟག་པ་མེད་པའི་ཡེ་ཤེས་སོ། །ཐེ་ཚོམ་དང་བདེན་པ་དང་དཀོན་མཆོག་གསུམ་ལ་སོགས་པ་རྣམས་ལ་ཡོད་མེད་གཉིས་ཀའི་རྣམ་པར་ཞུགས་པ་ཉོན་མོངས་པ་ཅན་གྱི་ཤེས་རབ་དོགས་པའི་བདག་ཉིད་དོ། །ལྟ་བ་ནི་རྣམ་པ་གསུམ་སྟེ། དེ་ལ་ཥདླྀ་འཇིག་པ་ལའོ་
ཞེས་པ་འཇིག་གོ། །ཉམས་པར་བྱ་བའོ་ཞེས་པ་འཇིག་པའོ། །ཙི་ཉི་སོགས་པ་ལའོ་ཞེས་པ་བསགས་པ་ནི་ཚོགས་སོ། །འཇིག་པ་ཡང་ཡིན་ཚོགས་ཀྱང་ཡིན་པ་སྟེ་རྣམ་པར་འཇིག་པའི་བདག་ཉིད་ཀྱི་ཚོགས་པ་ནི་འཇིག་ཚོགས་སོ། །དེ་ལ་ཉོན་མོངས་པ་ཅན་གྱི་ཤེས་རབ་ཀྱིས་ངར་བྱེད་པ་དང་།
ང་ཡིར་བྱེད་པར་ཞུགས་པ་ནི་འཇིག་ཚོགས་ལ་ལྟ་བའོ། །དེ་ཡང་ཉེ་བར་ལེན་པའི་ཕུང་པོ་རང་བཞིན་མེད་པ་ལ་ཕྱིན་ཅི་ལོག་ཏུ་རྟག་པའི་ངོ་བོ་ཉིད་དུ་གཟུང་བ་རྣམས་ལ་གང་ཟག་ཏུ་ལྷག་པར་སྒྲོ་འདོགས་པས་རྣམ་པ་ཉི་ཤུར་རབ་ཏུ་འཇུག་གོ། །འདི་ལྟ་སྟེ་གཟུགས་དང་གཟུགས་དང་ལྡན་པ་དང་གཟུགས་
ལ་བདག་དང་བདག་ལ་གཟུགས་སོ་ཞེས་པ་གཟུགས་ཀྱི་ཕུང་པོ་ལ་མཆོག་ཏུ་འཛིན་པས་འཇིག་ཚོགས་ལ་ལྟ་བའི་ཆ་ཤས་བཞི་རྣམས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ལ་མཆོག་ཏུ་འཛིན་ལས་སོ་སོར་བཞི་རྣམས་སོ། །ཉེ་བར་ལེན་
པའི་ཕུང་པོ་ལྔ་པོ་རྣམས་ལ་ཀྱེ་མ་བདག་དང་འཇིག་རྟེན་འདི་རྟག་པའམ། ཆད་པ་དང་དེ་བཞིན་དུ་ཡོད་པ་དང་མེད་པ་ཞེས་པ་འདི་ལྟ་བུ་ལ་སོགས་པ་མཐའ་གཉིས་གཉིས་སུ་རྟོག་པའི་འཇུག་པ་ཤེས་རབ་ཉོན་མོངས་པ་ཅན་མཐའ་གཉིས་སུ་འཛིན་ཞིང་མངོན་པར་ཞེན་པ་ཉིད་ཀྱི་ལྟ་བ་ནི་མཐར་འཛིན་པར་
ལྟ་བའོ། །རྒྱུ་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་གསུམ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ལ་སྐུར་པ་འདེབས་པ་མེད་པའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་ནི་ལོག་པར་ལྟ་བའོ། །མཆོག་ཏུ་འཛིན་པ་ནི་རྣམ་པ་གཉིས་ཏེ། དེ་ལ་དངོས་པོ་དམན་པ་ཟག་པ་དང་བཅས་
པ་ལ་མཆོག་ཏུ་འཛིན་ཏེ་འདི་ནི་བདེན་ཏེ་གཞན་གཏི་མུག་གོ་ཞེས་པ་འདི་ལྟ་བུར་མངོན་པར་ཞེན་པ་ནི་ལྟ་བ་ལ་སོགས་པ་མཆོག་ཏུ་འཛིན་པ་ལྟ་བ་མཆོག་ཏུ་འཛིན་པ་སྟེ་སོགས་པ་ཕྱིས་པ་ལས་སོ། །རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་དང་ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་

མཆོག་ཏུ་འཛིན་པ་སྟེ་འདིར་ཡང་སོགས་ཀྱི་སྒྲ་ཕྱིས་པའོ། །འདི་ནི་ཟག་པ་དང་བཅས་པའི་དངོས་པོ་མ་དག་པ་རྣམ་པར་གྲོལ་བའི་ལམ་གྱི་བདག་ཉིད་མ་ཡིན་པ་ཐམས་ཅད་ཉིད་ལ་དག་པ་དང་གྲོལ་བའི་ལམ་ཉིད་དུ་འཛིན་པའི་ཕྱིར་རོ། །ཕྲག་དོག་ནི་གཞན་གྱི་ཡོན་ཏན་གྱིས་གདུང་བའོ། །
སེར་སྣ་ནི་ཆོས་ལ་སོགས་པ་སྦྱིན་པ་ལ་མཁས་པ་དང་འགལ་བའི་སེམས་འཛིན་པའོ། །འཆིང་བ་རྣམས་ནི་གསུམ་སྟེ། འདོད་ཆགས་དང་ཞེ་སྡང་གཏི་མུག་གོ། །འདི་རྣམས་ཀྱིས་བཅིངས་པ་རྣམས་ཁམས་གསུམ་ལས་མི་འདའ་བའི་ཕྱིར་རོ། །ཕྲ་རྒྱས་རྣམས་ནི་དྲུག་སྟེ་འདོད་ཆགས་དང་།
ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་དང་ལྟ་བའོ། །འདིར་འདོད་ཆགས་རྣམ་པ་གཉིས་ཏེ་འདོད་པའི་འདོད་ཆགས་དང་། གཟུགས་དང་གཟུགས་མེད་པའི་འདོད་ཆགས་སོ། །ལྟ་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམ་པ་ལྔར་ཕྱེ་བས་ཕྲ་རྒྱས་བཅུ་རྣམས་ཏེ་རང་གི་ངོ་བོ་ཡིས་རྣམ་པ་
ཐ་དད་པ་དང་། ཁམས་ཀྱི་རྣམ་པའི་དབྱེ་བ་བཅུ་གཉིས་ཀྱིས་ལྷག་པའི་བརྒྱ་དང་དགུ་བཅུ་རྩ་བརྒྱད་དུ་ཡང་འགྱུར་ཏེ་ཇི་ལྟར་འཆད་པར་འགྱུར་བ་དེ་ཇི་ལྟ་བུའོ། །གནས་པ་དང་སྐྱེ་བའི་རྗེས་སུ་མཐུན་པའི་དངོས་པོ་རྣམས་ལ། ཇི་ལྟར་སྲིད་པའི་དམིགས་པ་དང་མཚུངས་པར་ལྡན་པ་དག་ལ་རྒྱས་པར་
འགྱུར་བས་ཕྲ་རྒྱས་སོ། །ཡང་ན་འཇུག་པ་མཚོན་པར་དཀའ་བ་ཉིད་ཀྱིས་སམ་ཕྲ་བས་བདག་ཉིད་ཀྱི་རྒྱུད་རྗེས་སུ་འབྲེལ་པའི་ཕྱིར་བག་ལ་ཉལ་ལོ། །འདི་རྣམས་ཀྱི་སྐྱེ་བའི་རིམ་པ་ཡང་ཇི་ལྟར་གནས་པའི་དངོས་པོ་ཇི་ལྟ་བ་བཞིན་མ་རྟོགས་པ་ལས་ཡོད་པ་མ་ཡིན་པའི་རང་བཞིན་སྒྲོ་འདོགས་པས་
ན་སྔོན་ལ་མ་རིག་པའོ། །དེ་ནས་ཡང་དག་པ་དང་ལོག་པའི་ཕྱོགས་གཉིས་ཐོས་ནས་འདི་བདེན་ནམ་མི་བདེན་ཞེས་ཐེ་ཚོམ་མོ། །དེ་ནས་ལོག་པའི་ཕྱོགས་གོམས་པ་ལས་དངོས་པོ་ལ་ཡང་དག་པར་གོམས་པས་ཕྱིན་ཅི་ལོག་ཏུ་ལྟ་བ་ལོག་པར་ལྟ་བའོ། །འདིར་ལོག་པར་ལྟ་བ་ནི་ལྡོག་པར་ངེས་
པ་སྟེ། འདི་ལྟ་སྟེ་བདག་ཉིད་གཟུང་བར་བྱའི་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་བདག་ཉིད་ནི་མ་ཡིན་ནོ། །དེ་ནས་འཇིག་ཚོགས་ལ་ལྟ་བའོ། །དེ་ནས་མཐར་འཛིན་པར་ལྟ་བའོ། །དེ་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ་གང་ལ་མཐར་འཛིན་པ་དེས་དག་པར་

བརྩི་བའི་ཕྱིར་རོ། །དེ་ནས་ལྟ་བ་མཆོག་ཏུ་འཛིན་པ་སྟེ་གང་གིས་དག་པར་རྟོགས་པ་དེ་མཆོག་ཏུ་འཛིན་པའི་ཕྱིར་རོ། །དེ་ནས་རང་གི་ལྟ་བ་ལ་ཆགས་པའོ། །ལྟ་བ་དེས་ཁེངས་པ་ནི་གཞན་ལ་ཞེ་སྡང་ངོ་ཞེས་པའི་རིམ་པའོ། །རྒྱུ་རྣམ་པ་གསུམ་རྣམས་ཀྱིས་རེ་རེ་ཡང་སྐྱེད་པར་བྱེད་དེ་གལ་ཏེ་ཕྲ་
རྒྱས་སྤངས་པ་མ་ཡིན་པར་གྱུར་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ཡུལ་ཉེ་བར་གནས་པར་གྱུར་ནའོ། །དེ་འདི་རྣམས་རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་རྣམས་སུ་འགྱུར་རོ། །ཕྲ་རྒྱས་དྲུག་པོ་འདི་རྣམས་ཀྱང་ལུས་དང་ངག་དང་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པའི་ཕྱིར་ཉོན་མོངས་
པ་རྣམས་སུ་ཡང་བརྗོད་དོ། །གང་ཉོན་མོངས་པ་དེ་རྣམས་ཉེ་བའི་ཉོན་མོངས་པ་ཡང་ངོ་། །གང་གཞན་སེམས་ལས་བྱུང་བའི་ཆོས་ཉོན་མོངས་པ་ཅན་སྒྱུ་ལ་སོགས་པ་དེ་རྣམས་ནི་ཉེ་བའི་ཉོན་མོངས་པ་ཁོ་ན་སྟེ་སེམས་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །དེ་ལ་སྒྱུ་ནི་གཞན་སླུ་བ་སྟེ། གང་གིས་
རྣམ་པར་རྨོངས་པར་བྱེད་པའམ་གང་ལས་གཞན་རྣམས་ཀྱི་བསམ་པ་མི་ཤེས་པར་འགྱུར་ལ། སྒྱུ་མ་བཞིན་དུ་རང་གི་ངོ་བོ་སྦས་ནས་སེམས་ཇི་བཞིན་མ་ཡིན་པའི་བདག་ཉིད་དུ་འཇུག་སྟེ། ཆོས་གང་དང་ལྡན་པ་ལས་ཕ་རོལ་རྣམས་སླུ་བར་བྱེད་པ་དེ་སྒྱུའོ། །རྒྱགས་ཤིང་དྲེགས་པ་ནི་རྒྱགས་
པ་སྟེ་གང་གི་དབང་ལས་གཞན་རྣམས་ལ་ལུས་དང་སེམས་ཀྱི་རྒྱུན་མི་གུས་པ་དང་བཅས་པར་འགྱུར་བའོ། །རྣམ་པར་འཚེ་བ་ནི་ཁྲོ་བའི་རྐྱེན་གྱིས་ཐལ་ལྕག་ལ་སོགས་པ་རྡེག་པའི་རྒྱུའི་ཆོས་སོ། །འཚིག་པ་ནི་སྡིག་པ་དང་འགྲོགས་པ་སྟེ་སོ་རྣམས་ཀྱིས་ཟས་འཛིན་པ་བཞིན་དུ་སྡིག་པས་
བཙིར་ནས་གནས་པའོ། །འཁོན་དུ་འཛིན་པ་ནི་མི་མཛའ་བ་དང་རྗེས་སུ་འབྲེལ་པ་སྟེ་སེམས་ལ་ཁྲོ་བར་བྱ་བའི་དངོས་པོ་ལན་མང་དུ་བྱེད་པའོ། །གཡོ་ནི་ཆོས་གང་དང་ལྡན་པ་ལས་ཇི་ལྟར་གནས་པའི་རིགས་པ་དང་མི་རིགས་པ་འཁྱོག་པོ་མི་གསལ་བར་འཇུག་པ་དེ་སྟེ་སེམས་ཀྱི་རྒྱུན་གྱ་གྱུའོ། །དེ་
ལ་འདི་རྣམས་ཀྱི་རྒྱུ་དང་རྒྱགས་པ་དག་འདོད་ཆགས་ཀྱི་དྲི་མའི་རྒྱུ་མཐུན་པའོ། །འཁོན་དུ་འཛིན་པ་དང་རྣམ་པར་འཚེ་བ་ནི་ཁོང་ཁྲོའིའོ། །འཚིག་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །གཡོ་ནི་ལོག་པར་ལྟ་བའིའོ། །ཀུན་ནས་དཀྲིས་པ་རྣམ་པ་བཅུ་སྟེ་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པ་

དང་ཕྲག་དོག་དང་སེར་སྣ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཁྲོ་བ་དང་འཆབ་པའོ། །རྨུགས་པ་ནི་འདི་འདར་བ་ཉིད་དང་ལུས་དང་ངག་དག་ལྕི་བ་ཉིད་དུ་གྱུར་པས་སེམས་དམིགས་པ་རྟོགས་པ་ལ་ལས་སུ་མི་རུང་བའོ། །གཉིད་ནི་གཉིད་དེ་རྣམ་པར་ཤེས་པ་ལྔ་འཇུག་པ་
དང་འགལ་བའི་ཆོས་ཡིད་ཀྱི་རྣམ་པར་ཤེས་པའང་བླུན་པར་འགྱུར་བའི་རྒྱུའོ། །གཉིད་མཐུག་པོའི་གནས་སྐབས་ན་ནི་རིག་པ་མེད་ལ་གཉིད་དང་བྲལ་བ་ན་སྔར་གྱི་ཤེས་པས་འདུས་བྱས་པ་ལས་བློ་དེ་ལྟ་བུའི་རྣམ་པ་རྣམས་འབྱུང་སྟེ་དེའི་ཕྱིར་ལུས་ནི་སྒྱུ་མ་ཡིན་ནོ་ཞེས་ཀྱང་ཟེར་རོ། །ངོ་ཚ་མེད་པ་ནི་ཆོས་
གང་དང་ལྡན་པ་ལས་བདག་ཉིད་ལ་ལྟོས་ནས་འཛེམ་པ་དང་བྲལ་ཞིང་སྡིག་པ་ལ་འཇུག་པ་སྟེ་དེ་རང་བཞིན་གྱིས་ངན་པའི་ཆོས་སོ། །ཁྲེལ་མེད་པ་ནི་དེ་ཉིད་གཞན་ལ་ལྟོས་པས་སོ། །ཁྲོ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་སེམས་རབ་ཏུ་ཁྲོ་བ་ཙམ་སྟེ་ད་ལྟར་འབྱུང་འགྱུར་གྱིས་སེམས་
དེ་ཉིད་དྲག་པོ་ཉིད་དུ་བྱེད་པ་སྟེ་གཏུམ་པའོ། །འཆབ་པ་ནི་སྡིག་པ་སྦེད་པའོ། །ཀུན་ནས་སྦྲེལ་ཏེ་ཀུན་ནས་བཅིངས་ནས་གནས་པས་ཀུན་ནས་དཀྲིས་པ་རྣམས་ཏེ་དགེ་བའི་ཕྱོགས་ལ་འཇུག་པ་དང་ཤིན་ཏུ་འགལ་བ་ཉིད་ཀྱི་ཕྱིར་རོ། །འདི་རྣམས་ལ་ཡང་རྨུགས་པ་དང་གཉིད་དང་ཁྲེལ་མེད་པ་རྣམས་ནི་
མ་རིག་པའི་རྒྱུ་མཐུན་པའོ། །འགྱོད་པ་ནི་ཐེ་ཚོམ་གྱི་རྒྱུ་མཐུན་པའོ། །ངོ་ཚ་མེད་པ་དང་རྒོད་པ་དང་སེར་སྣ་རྣམས་དང་འདོད་ཆགས་ཀྱི་རྒྱུ་མཐུན་པའོ། །ཁྲོ་བ་དང་ཕྲག་དོག་དང་ཁོང་ཁྲོས་ཀུན་བསླང་བའོ། །འཆབ་པ་ནི་སྲེད་པའམ་མ་རིག་པའི་རྒྱུ་མཐུན་ཏེ། འདི་རྣམས་དྲི་མ་བཅུ་རྣམས་དང་ཉེ་བའི་
ཉོན་མོངས་པ་རྣམས་སོ། །ཟག་པ་རྣམ་གསུམ་སྟེ་འདོད་པ་དང་སྲིད་པ་དང་མ་རིག་པའི་ཟག་པའོ། །དེ་ལ་མ་རིག་པ་མ་གཏོགས་པ་གཞན་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པ་བཅུ་དང་བཅས་པ་རྣམས་ནི་འདོད་པའི་ཟག་པའོ། །མ་རིག་པ་བོར་བའི་ཕྲ་རྒྱས་ཉིད་གཟུགས་དང་གཟུགས་
མེད་པ་ན་སྤྱོད་པ་ལུང་དུ་མ་བསྟན་པ་ཁ་ནང་དུ་བལྟས་ནས་འཇུག་པ་མཉམ་པར་གཞག་པའི་ས་རྣམས་ནི་སྲིད་པའི་ཟག་པའོ། །ཁམས་གསུམ་པའི་མ་རིག་པ་ནི་མ་རིག་པའི་ཟག་པའོ། །འདི་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་སྟེ་དེའི་ཕྱིར་ལོགས་སུ་རྣམ་པར་གཞག་གོ། །སྲིད་པའི་

རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་འཛག་པའི་ཕྱིར་རམ་འདི་རྣམས་ཀྱིས་ཟག་པར་བྱེད་པའམ་རྒྱུད་ཡུལ་ལ་གནས་པར་བྱེད་པའི་ཕྱིར་ཟག་པའོ། །ཆུ་བོ་རྣམས་ནི་བཞི་སྟེ་དེ་ལ་ལྟ་བ་རྣམས་ལས་གཞན་པ་འདོད་པ་དང་སྲིད་པ་དང་མ་རིག་པའི་ཟག་པ་རྣམས་ཁོ་ན་འདོད་པ་དང་སྲིད་པ་དང་
མ་རིག་པའི་ཆུ་བོ་གསུམ་མོ། །ཁམས་གསུམ་པའི་ལྟ་བ་རྣམས་ལྟ་བའི་ཆུ་བོ་སྟེ་བཞི་པའོ། །ཁྱེར་བས་ན་ཆུ་བོ་སྟེ་དེ་རྣམས་ཀྱིས་དེ་དང་ལྡན་པ་ཁྱེར་བས་ཏེ་དེའི་རྗེས་སུ་སྒྲུབ་པའི་ཕྱིར་རོ། །སྦྱོར་བ་རྣམས་ནི་ཆུ་བོ་བཞི་པོ་ཁོ་ན་སྟེ་སྡུག་བསྔལ་སྣ་ཚོགས་ལ་ཀུན་དུ་སྦྱོར་བས་ལྡན་པར་བྱེད་པའམ་ཡང་ཡང་
དུ་རྗེས་སུ་འབྲེལ་པ་ཡུལ་རྣམས་ལ་སྦྱོར་བར་བྱེད་པས་སྦྱོར་བའོ། །ཉེ་བར་ལེན་པ་རྣམས་བཞི་སྟེ་འདོད་པའི་སྦྱོར་བ་ཉིད་མ་རིག་པ་དང་བཅས་པ་འདོད་པའི་ཉེ་བར་ལེན་པ་དང་ལྟ་བའི་སྦྱོར་བ་ཉིད་ཚུལ་ཁྲིམས་དང་བརྟུལ་ཞུགས་མ་གཏོགས་པའི་ལྟ་བ་ཉེ་བར་ལེན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་
ཉེ་བར་ལེན་པ་དང་སྲིད་པའི་སྦྱོར་བ་ཉིད་མ་རིག་པ་བསྣན་པ་རྨུགས་པ་དང་རྒོད་པ་དང་བཅས་པ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པ་ལྟ་བ་རྣམས་ལས་ཅིའི་ཕྱིར་ཕྱུང་ཞེ་ན། ལམ་གྱི་དགྲ་ཟླར་གྱུར་པ་ཉིད་ཀྱི་ཕྱིར་དང་ཕྱོགས་གཉི་ག་སླུ་བར་བྱེད་པ་ཉིད་ཀྱི་
ཕྱིར་ཏེ་གང་གི་ཕྱིར་ཁྱིམ་པ་རྣམས་འདིས་བསླུས་ཏེ་མི་བཟའ་བ་ལ་སོགས་པ་རྣམས་ལ་ལམ་དུ་འདུ་ཤེས་པས་སོ། །རབ་ཏུ་བྱུང་བ་རྣམས་ཀྱང་སྟེ་འདོད་པའི་ཡུལ་ཡོངས་སུ་སྤངས་པས་དག་པར་རྟོགས་པས་འགྲོ་བའི་ཕྱིར་རོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་པས་ན་ཉེ་བར་ལེན་པ་རྣམས་སོ། །མདུད་
པ་རྣམས་ནི་བཞི་ཡིན་ཞིང་འདོད་པའི་ཁམས་ཁོ་ན་སྟེ། མ་རིག་པ་དང་གནོད་སེམས་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་འདི་བདེན་པར་མངོན་པར་ཞེན་པའོ། །མ་རིག་པ་ཉིད་ལུས་ཀྱི་མདུད་པ་སྟེ་རྣམ་པ་སྣ་ཚོགས་པའི་འདོད་པ་ཐོབ་པ་རྣམས་ལ་མི་འཆད་པར་འཇུག་པའི་ཕྱིར་རོ། །
དེ་བཞིན་དུ་ལྷག་མ་ལ་སྦྱར་བར་བྱའོ། །སྒྲིབ་པ་རྣམས་ནི་ལྔ་སྟེ་འདོད་པ་ལ་འདུན་པ་དང་གནོད་སེམས་དང་རྨུགས་པ་དང་གཉིད་དང་རྒོད་འགྱོད་དང་ཐེ་ཚོམ་མོ། །འདོད་པའི་ཁམས་ཁོ་ན་སྒྲིབ་པ་རྣམས་ཏེ་ཤིན་ཏུ་མི་དགེ་བ་ཉིད་ཀྱི་ཕྱིར་རོ། །དགེ་བའི་ཕྱོགས་ལ་སྒྲིབ་པར་བྱེད་པ་ཉིད་ཀྱི་ཕྱིར་སྒྲིབ་པ་

རྣམས་སོ། །གཉིད་དང་རྨུགས་པ་དག་སྒྲིབ་པ་གཅིག་ཏུ་བརྗོད་པ་དང་རྒོད་པ་དང་འགྱོད་པ་གཉིས་དག་ཀྱང་གཅིག་པ་རྒྱུ་ཅི་ཡིན་ཞེ་ན། ཟས་དང་ཟས་མ་ཡིན་པ་དང་བྱ་བ་གཅིག་པའི་ཕྱིར། གཉིད་དང་རྨུགས་པ་དག་ཟས་གཅིག་པ་ནི་ཆོས་ལྔ་སྟེ། རྨྱོ་བ་དང་མི་དགའ་བ་དང་
གཡལ་བ་དང་ཁ་ཟས་ཀྱི་དྲོད་མ་ཤེས་པ་དང་སེམས་ཞུམ་པ་ཉིད་དོ། །ཟས་མ་ཡིན་པ་ནི་སྣང་བའི་འདུ་ཤེས་སོ། །བྱ་བ་ཡང་གཅིག་སྟེ་གཉིས་ཀས་ཀྱང་སེམས་ཞུམ་པར་བྱེད་པའི་ཕྱིར་རོ། །རྒོད་པ་དང་འགྱོད་པ་དག་གི་ཟས་བཞི་སྟེ་ཉེ་དུའི་རྣམ་པར་རྟོག་པ་ལྗོངས་ཀྱི་རྣམ་པར་རྟོག་པ་དང་
མི་འཆི་བའི་རྣམ་པར་རྟོག་པ་དང་སྔོན་དགོད་པ་དང་རྩེས་པ་དང་ཡོངས་སུ་སྤྱད་པ་རྣམས་རྗེས་སུ་དྲན་པར་གྱུར་པའོ་ཞེས་པའོ། །ཟས་མ་ཡིན་པ་ཞི་གནས་སོ། །བྱ་བ་ཡང་གཅིག་སྟེ་གཉི་ག་ཡང་སེམས་ཉེ་བར་མ་ཞི་བ་འཇུག་པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་ཉོན་མོངས་པ་ཐམས་ཅད་
སྒྲིབ་པ་ཡིན་ན་ཅིའི་ཕྱིར་ལྔ་ཁོ་ན་བཤད་ཅེ་ན་ཕུང་པོ་ལ་གནོད་པ་དང་ཐེ་ཚོམ་ཟ་བར་བྱེད་པའི་ཕྱིར་ཏེ། གང་གི་ཕྱིར་འདོད་པ་ལ་འདུན་པ་དང་གནོད་སེམས་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་གནོད་པར་བྱེད་དོ། །གཉིད་དང་རྨུགས་པས་ཤེས་རབ་ཀྱི་ཕུང་པོ་ལའོ། །རྒོད་པ་དང་འགྱོད་པས་ཏིང་ངེ་
འཛིན་གྱི་ཕུང་པོ་ལའོ། །ཏིང་ངེ་འཛིན་དང་ཤེས་རབ་དག་མེད་ན་བདེན་པ་རྣམས་ལ་ཐེ་ཚོམ་ཟ་བར་འགྱུར་རོ་ཞེས་པ་དེའི་ཕྱིར་ལྔའོ། །ཤེས་པ་རྣམས་ནི་བཅུ་གཉིས་ཏེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་དང་ཟད་པ་དང་མི་སྐྱེ་བ་དང་ཆོས་དང་རྗེས་སུ་དང་གཞན་གྱི་སེམས་དང་ཀུན་
རྫོབ་དང་ཡོངས་སུ་འདྲིས་པ་དང་སྒྲ་ཇི་བཞིན་ཤེས་པའོ། །བཟོད་པ་རྣམས་ནི་བརྒྱད་དེ་སྡུག་བསྔལ་ལ་ཆོས་བྱས་པའི་བཟོད་པ་ལ་སོགས་པའོ་ཞེས་པ་སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་བརྗོད་ཟིན་ཏོ། །སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་འགའ་ཞིག་ཁས་
ལེན་པར་བྱེད་པ་འདི་ལྟ་སྟེ། ཐོབ་པ་དང་མ་ཐོབ་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པ་དང་སྲོག་གི་དབང་པོ་དང་། །རིགས་མཐུན་པ་ཉིད་དང་ཡུལ་ལ་དམིགས་པ་དང་ཕུང་པོ་སོ་སོར་ཐོབ་པ་དང་སྐྱེ་མཆེད་ལ་དམིགས་པ་

དང་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་དང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་དང་ཚོགས་པ་དང་མ་ཚོགས་པའོ། །དེ་ལ་ཐོབ་པ་ནི་རྙེད་པ་དང་ཡང་དག་པར་ལྡན་པའོ། །དེ་ཡང་རྣམ་པ་གཉིས་ནི་མ་ཐོབ་པ་དང་ཉམས་པ་རྙེད་པ་དང་ཐོབ་པ་ཡང་དག་པར་ལྡན་པའོ། །
བཟློག་པ་ལས་མ་ཐོབ་པའོ། །ཐོབ་པ་དང་མ་ཐོབ་པ་འདི་དག་ཀྱང་རང་གི་རྒྱུད་དུ་གཏོགས་པ་རྣམས་ཀྱི་ལུང་དུ་མ་བསྟན་པ་དང་དགེ་བའི་ལས་དད་པ་དང་ཐོས་པ་དང་བསམ་པ་ལས་བྱུང་བ་ལ་སོགས་པ་རྣམས་ཀྱི་སྟེ། སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་
དག་གི་ཡང་ངོ་། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ་གོང་མའི་འདོད་ཆགས་དང་མ་བྲལ་བའི་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་གང་ཡིན་པའོ། །འགོག་
པའི་སྙོམས་པར་འཇུག་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ལ་འདོད་ཆགས་དང་བྲལ་བའི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་གང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པའོ། །འདུ་ཤེས་མེད་པ་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འབྲས་
བུ་སྟེ། འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷར་སྐྱེས་པའི་གང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པའོ། །སྲོག་གི་དབང་པོ་ནི་ཁམས་གསུམ་པའི་ཚེའོ། །རིགས་མཐུན་པ་ཉིད་ནི་སེམས་ཅན་མཚུངས་པ་དང་སེམས་ཅན་འདྲ་བ་ཉིད་དེ་སེམས་ཅན་རྣམས་དོན་གཅིག་པར་མངོན་
པར་འདོད་པའི་རྒྱུའོ། །སྐྱེ་བ་ནི་ཕུང་པོ་མངོན་པར་གྲུབ་པའོ། །རྒ་བ་ནི་ཕུང་པོ་ཡོངས་སུ་སྨིན་པའོ། །གནས་པ་ནི་སྐྱེས་པའི་ཆོས་རྣམས་མ་ཞིག་པའོ། །མི་རྟག་པ་ཉིད་ནི་སྐྱེས་པའི་ཆོས་རྣམས་འཇིག་པའོ། །མིང་གི་ཚོགས་ནི་མིང་གི་ཚིག་བླ་དྭགས་འདིའོ། །ཚིག་གི་ཚོགས་ནི་ཡི་གེ་
ཡོངས་སུ་རྫོགས་པ་འདིའོ། །ཡི་གེའི་ཚོགས་ནི་ཡི་གེ་རྣམས་སོ། །མ་ཚོགས་པ་ནི་རྒྱུ་དང་རྐྱེན་རྣམས་མ་ཚང་བའོ། །ཚོགས་པ་ནི་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའོ། །ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པར་གསུངས་པ་ནི་སོ་སོའི་སྐྱེ་བོ་གང་ཞེ་ན། འཕགས་པའི་ཆོས་རྣམས་

མ་ཐོབ་པའོ་ཞེས་པ་དེ་མ་ཐོབ་པའི་ནང་དུ་འདུས་སོ། །དེ་བཞིན་དུ་མགྱོགས་པ་གང་ཞེ་ན། རྒྱུ་དང་འབྲས་བུ་མྱུར་དུ་འབྱུང་བའོ། །གོ་རིམས་གང་ཞེ་ན། རྒྱུ་དང་འབྲས་བུ་ཅིག་ཅར་མ་ཡིན་པར་འབྱུང་བའོ། །དུས་གང་ཞེ་ན། རྒྱུ་དང་འབྲས་
བུ་རྒྱུན་དུ་འབྱུང་བ་སྟེ། འདི་ཡོད་ན་དེ་ལ་གང་རྒྱུ་དང་འབྲས་བུ་བྱུང་ཟིན་ལ་འགགས་ཟིན་པ་དེ་འདས་པའི་དུས་ཞེས་གདགས་སོ། །གང་མ་བྱུང་བ་དེ་མ་འོངས་པར་རོ། །གང་བྱུང་ལ་མ་འགགས་པ་དེ་ད་ལྟར་བ་ཞེས་པར་རོ། །ཡུལ་གང་ཞེ་ན། ཕྱོགས་བཅུ་རྣམས་ན་རྒྱུ་དང་འབྲས་བུ་ཡོད་པ་སྟེ། རྒྱུ་
དང་འབྲས་བུ་ཕྱོགས་བཅུ་ཁྱབ་པ་ལ་ཡུལ་དུ་བཏགས་པའོ། །གྲངས་གང་ཞེ་ན། འདུ་བྱེད་རྣམས་ཀྱི་སོ་སོ་ཐ་དད་པ་སྟེ་བདག་ཉིད་གཅིག་པ་ཐ་དད་པ་མེད་པ་ཉིད་ལ་གཉིས་དང་གསུམ་ལ་སོགས་པའི་གྲངས་མི་འབྱུང་བའི་ཕྱིར་རོ་ཞེས་པའོ། །ཐོབ་པ་ལ་སོགས་པས་འདི་རྣམས་ཀྱང་ཁྱད་པར་གཞན་
སྤོང་བ་ལས་ལྡོག་པ་ཐ་དད་བཞིན་དུ་རྣམ་པར་གཞག་གི་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ་ཞེས་ཐེག་པ་ཆེན་པོ་དང་ཚད་མ་རྣམ་འགྲེལ་ལ་སོགས་པར་ལེགས་པར་དཔྱད་དོ། །དེའི་ཕྱིར་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་རྫས་སུ་མེད་པ་ཁོ་ནའོ། །མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ནི་མདོར་ན་རྣམ་པ་གཉིས་ཏེ་
སྤང་བར་བྱ་བ་དང་བླང་བར་བྱ་བའོ། །དེ་ལ་སྤང་བར་བྱ་བ་ནི་ཉོན་མོངས་པ་བཅུ་རྣམས་སོ། །དེ་རྣམས་ཀྱི་ནང་དུ་ཤིན་ཏུ་སྦྱངས་པ་མ་ཡིན་པ་དང་མི་དགེ་བ་དང་མི་དགེ་བའི་རྩ་བ་དང་ལུང་དུ་མ་བསྟན་པ་དང་ལུང་དུ་མ་བསྟན་པའི་རྩ་བ་དང་ཀུན་དུ་སྦྱོར་བ་དང་འཆིང་བ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ནས་དཀྲིས་པ་དང་ཟག་པ་དང་
ཆུ་བོ་དང་སྦྱོར་བ་དང་ཉེ་བར་ལེན་པ་དང་མདུད་པ་དང་སྒྲིབ་པ་རྣམས་ཏེ་ཇི་ལྟ་བ་དེ་ལྟར་བརྗོད་ཟིན་ཏོ། །ཉོན་མོངས་པའི་རྒྱུ་ཅན་ཀུན་ནས་ཉོན་མོངས་པ་རྣམས་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་པ་ལ་སོགས་པ་རྣམས་ཀྱང་ཇི་ལྟར་སྲིད་པར་སྤང་བར་བྱ་བའོ། །སྡུག་བསྔལ་གྱི་བདེན་པ་དང་
ཀུན་འབྱུང་གི་བདེན་པ་དང་། ཟག་པ་དང་བཅས་པའི་ཀུན་རྫོབ་ཀྱི་ཤེས་པའང་སྤང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ཐམས་ཅད་ཉོན་མོངས་པ་སྤངས་ན་སྤོང་བར་བྱེད་དོ་ཞེས་པས་ཉོན་མོངས་པ་སྤོང་བར་བྱེད་པ་ཁོ་ན་སོ་སོར་རྟོག་པར་བྱེད་པར་འགྱུར་རོ། །སེམས་ལས་བྱུང་བ་ལྷག་མ་རྣམས་ནི་

བླང་བར་བྱའོ་ཞེས་པ་འདུ་བྱེད་ཀྱི་ཕུང་པོ་བརྗོད་ཟིན་ཏོ། །རྣམ་པར་ཤེས་པ་གང་ཞེ་ན། གང་དོན་འཛིན་པ་དང་ཡོངས་སུ་གཅོད་པ་རྣམ་པར་རིག་ཅིང་རྟོགས་པའོ། །དཔེར་ན་ནོར་བུ་རྣམས་ནི་ཉེ་བར་གྱུར་པར་གཞག་པའི་ཚོན་གྱི་རྗེས་སུ་བྱེད་པར་འགྱུར་ཏེ་དེ་བཞིན་དུ་རྣམ་པར་ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་ཉེ་
བར་སྐྱེ་བཞིན་པ་ནི་ཡུལ་ཡོངས་སུ་གཅོད་པར་བྱེད་དོ། །ཡུལ་གྱི་རྣམ་པ་ཙམ་ཡང་རྣམ་པར་ཤེས་པ་མ་ཡིན་ཏེ། ཡུལ་ཁོ་ནའི་རྣམ་པར་ཤེས་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དོན་གྱི་རྣམ་པ་ལས་རྣམ་པར་ཤེས་པ་ཕྱི་རོལ་ཡང་མ་ཡིན་ཏེ་དེ་ལ་དོན་གྱི་རྣམ་པ་མེད་པར་ཐལ་བའི་ཕྱིར་རོ། །རྣམ་པར་ཤེས་པ་ལ་
གནས་པའི་རྣམ་པས་ཕྱི་རོལ་གྱི་དོན་དུ་བཏགས་ལ་ཕྱི་རོལ་གྱི་དོན་གྱིས་ཀྱང་རྣམ་པར་ཤེས་པ་བཏགས་སོ་ཞེས་པ་འདི་ལྟར་ཕན་ཚུན་ལྟོས་ནས་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པར་བྱ་བ་གྲུབ་པོ། །རྣམ་པར་ཤེས་པ་དེ་རྣམ་པ་དྲུག་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་
རྣམ་པར་ཤེས་པའོ། །གལ་ཏེ་ཡང་དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པ་ཚོགས་པ་དང་སྣང་བ་ལའང་ཇི་ལྟར་སྲིད་པ་བཞིན་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བ་དེ་ལྟ་ནའང་མིག་གི་རྣམ་པར་ཤེས་པ་ཞེས་པ་ལ་སོགས་པས་ཐུན་མོང་མ་ཡིན་པའི་རྒྱུ་ཁོ་ནས་ཐ་སྙད་གདགས་ཏེ་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་པ་
ཇི་ལྟ་བ་བཞིན་ནོ། །མར་གཞག་པར་བྱ་བའི་དབང་པོ་ཕན་པ་དང་གནོད་པ་དག་གིས་རྣམ་པར་འགྱུར་བར་གྱུར་ན་གསལ་བ་དང་། ཞེན་པ་ཉིད་དུ་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་བརྗོད་དོ། དུས་དང་རྒྱུད་དང་རྣམ་པ་དང་འགྲོ་བ་དང་ཡུལ་ཐ་དད་པ་རྣམས་ཀྱི་གཟུགས་ལ་སོགས་པ་བསྡུས་ཤིང་སྡོམ་པ་ཉེ་
བར་བཟུང་ནས་ཕུང་པོ་ལྔ་སྟེ། གཟུགས་རུང་མཚན་ཉིད་ཅན་ནི་གཟུགས། །ཚོར་བ་ཉམས་མྱོང་བདག་ཉིད་དོ། །འདུ་ཤེས་མཚན་མར་འཛིན་པ་སྟེ། །འདུ་བྱེད་མངོན་པར་འདུ་བྱེད་པའོ། །ཡུལ་ན་སོ་སོར་རྣམ་རིག་པ། །རྣམ་པར་ཤེས་པའི་མཚན་ཉིད་དོ། །ཞེས་པ་རང་གི་མཚན་ཉིད་རྣམས་
གསུངས་སོ། །སྐྱེ་མཆེད་རྣམས་ནི་བཅུ་གཉིས་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་སྐྱེ་མཆེད་སྟེ་བཅུ་རྣམས་བརྗོད་ཟིན་ལ་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་བཤད་པར་བྱའོ། །དེ་ལ་ཡིད་ཀྱི་སྐྱེ་མཆེད་ནི་དངོས་པོ་བདུན་

པོ་སྟེ་ཡུལ་དྲུག་གི་རྣམ་པར་ཤེས་པ་རྣམས་དང་ཡིད་ཀྱི་དབང་པོའོ། །དེ་ཡང་རྣམ་པར་ཤེས་པ་དྲུག་པོ་རྣམས་ཀྱི་ནང་ན་གང་རྣམ་པར་ཤེས་པ་འགགས་མ་ཐག་པ་དེ་ནི། དེ་དང་འདྲ་བའི་འབྲས་བུ་མངོན་པར་གྲུབ་པར་བྱེད་པས་དེ་ལས་ཕྱི་མའི་རྣམ་པར་ཤེས་པའི་ས་བོན་གྱི་དངོས་
པོའི་གནས་སྐབས་ཀྱིས་དྲུག་པའི་རྟེན་རབ་ཏུ་སྒྲུབ་པའི་དོན་དུ་རྣམ་པར་གཞག་པ་སྟེ་མིག་ལ་སོགས་པའི་དབང་པོ་ལྟར་ཐ་དད་དུ་གྱུར་པ་ནི་ཡོད་པ་མ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་ཕུང་པོ་རྣམས་ནི་ཆོས་ཀྱི་སྐྱེ་མཆེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་དང་ནམ་མཁའ་དང་སོ་སོར་བརྟགས་
པའི་འགོག་པ་དང་སོ་སོར་བརྟགས་མིན་གྱི་འགོག་པ་རྣམས་ཀྱང་སྟེ་ཆོས་བདུན་རྣམས་ཆོས་ཀྱི་སྐྱེ་མཆེད་དོ་བྱེ་བྲག་ཏུ་སྨྲ་བའོ། །དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་དཔྱད་ཟིན་ཏོ། །ཆོས་གང་ཆོས་གཞན་རྣམས་མི་སྒྲིབ་པའམ་གཞན་རྣམས་ཀྱི་བསྒྲིབ་བྱ་མ་ཡིན་པ་དེ་ནི་མི་སྒྲིབ་ལ་གོ་སྐབས་འབྱེད་
པའོ། །འདིའི་བར་དུ་དངོས་པོ་རྣམས་ཤིན་ཏུ་གསལ་བའི་ཕྱིར། བར་གསལ་ཏེ་ནམ་མཁའ་ཡིན་ལ་གཟུགས་སུ་གྱུར་པས་མི་གསལ་ལ་སྤྲོར་མེད་པའོ། །སོ་སོར་བརྟགས་པ་འཕགས་པའི་ཤེས་རབ་ཀྱིས་ཐོབ་པར་བྱ་བ་ནི་སོ་སོར་བརྟགས་པས་འགོག་པ་སྟེ། འདི་ལྟར་ཕུང་པོ་ལྷག་མ་དང་བཅས་
པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ་གང་དུ་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བའི་ཕུང་པོ་ཙམ་མོ། །གཞན་སོ་སོར་བརྟགས་མིན་གྱི་འགོག་པ་ནི་གང་རྒྱུ་དང་རྐྱེན་མ་ཚང་བ་སྟེ། འདི་ལྟར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཕུང་པོའི་འཆིང་བ་ཤིན་ཏུ་ཆད་པའི་མཚན་
ཉིད་ཅན་ནོ། །འདི་གསུམ་ཡང་རྫས་སུ་ཡོད་པ་འདུས་མ་བྱས་པའོ་ཞེས་ཟེར་རོ། །གཟུགས་ཅན་གྱི་རྫས་མེད་པ་ཙམ་ནི་ནམ་མཁའོ། །ཉོན་མོངས་པ་མེད་པ་ཙམ་སོ་སོར་བརྟགས་པས་འགོག་པའོ། །ཕུང་པོ་མེད་པ་ཙམ་སོ་སོར་བརྟགས་མིན་གྱི་འགོག་པ་སྟེ། མར་མེ་ཤི་བ་ལྟར་ཡིན་གྱི་རྫས་སུ་མེད་དོ་
ཞེས་མདོ་སྡེ་པ་རྣམས་ཆོས་མ་ཡིན་པར་རྟོག་པ་རྣམས་སོ། །འདིར་ནི་འདུས་མ་བྱས་ཆོས་མ་ཡིན་ལ་ཆོས་མ་ཡིན་པ་ཡང་མ་ཡིན་ཏེ་འདུས་བྱས་བཞིན་ཁོ་ནའོ། །དེ་བཞིན་ཉིད་ཀྱང་འདིར་འདུས་མ་བྱས་སུ་བརྗོད་དེ་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་ཉིད་དེ་ནི་ཆོས་ཀྱི་དབྱིངས་

དང་སོ་སོར་རིག་བྱ་དང་རྣམ་པར་དག་པ་སྟེ་སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་མིན་གྱི་འགོག་པ་ཞེས་པར་ཡང་བརྗོད་དོ། །རྣམ་པར་ཤེས་པ་སྐྱེ་བའི་སྒོའི་དོན་གྱི་སྐྱེ་མཆེད་བཅུ་གཉིས་རྣམས་སོ། །ཡིད་ཀྱི་སྐྱེ་མཆེད་ལ་རྣམ་པ་བདུན་དུ་ཕྱེ་ནས་ཁམས་རྣམ་པ་བཅོ་བརྒྱད་དུ་བརྗོད་དོ། །
མིག་གི་ཁམས་དང་གཟུགས་ཀྱི་ཁམས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཇི་སྲིད་པའོ་ཞེས་པ་རྟེན་དྲུག་དང་དམིགས་པ་དྲུག་པ་དང་རྣམ་པར་ཤེས་པ་དྲུག་གི་བྱེ་བྲག་གིས་བཅོ་བརྒྱད་བཤད་པ་རྣམས་རང་གི་མཚན་ཉིད་འཛིན་
པའི་དོན་གྱིས་ན་ཁམས་རྣམས་སོ། །ཁམས་བཅོ་བརྒྱད་པོ་འདི་རྣམས་ལས་འདོད་པ་དང་ཡང་དག་པར་ལྡན་པ་རྣམས་དུ་ཞེ་ན་ཐམས་ཅད་དོ། །གཟུགས་དང་ཡང་དག་པར་ལྡན་པ་དུ་ཞེ་ན། བཅུ་བཞི་སྟེ་དྲི་དང་རོ་དང་སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་རྣམས་མ་གཏོགས་པའོ། །
གཟུགས་མེད་པ་དང་ཡང་དག་པར་ལྡན་པ་རྣམས་དུ་ཞེ་ན། ཕྱི་མ་གསུམ་པོ་གང་ཟག་དང་བཅས་པའོ། །ཡང་དག་པར་མི་ལྡན་པ་རྣམས་དུ་ཞེ་ན། དེ་རྣམས་ཉིད་གང་ཟག་པ་མེད་པ་རྣམས་སོ། །དགེ་བ་རྣམས་དུ། མི་དགེ་བ་རྣམས་དུ། ལུང་དུ་མ་བསྟན་པ་རྣམས་དུ་ཞེ་ན། བཅུ་ནི་རྣམ་པ་གསུམ་ཅར་ཏེ།
སེམས་ཀྱི་ཁམས་བདུན་དང་གཟུགས་དང་། སྒྲ་དང་། ཆོས་ཀྱི་ཁམས་རྣམས་སོ། །ལྷག་མ་བརྒྱད་རྣམས་ལུང་དུ་མ་བསྟན་པའོ། །དེ་རྣམས་ཀྱང་རྣམ་པ་གཉིས་ཏེ། བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་སོགས་པའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་
པ་ནི་སྤྲུལ་པའི་སེམས་ལ་སོགས་པ་རྣམས་སོ། །བསྒྲིབས་པ་ནི་ཉོན་མོངས་པ་དང་ཡང་དག་པར་ལྡན་པའོ། །ནང་གི་བདག་ཉིད་དུ་ཞེ་ན། བཅུ་གཉིས་ཏེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་ཁམས་ཁ་ཅིག་མ་གཏོགས་པའོ། །ཕྱིའི་དུ་ཞེ་ན། དྲུག་སྟེ་གང་མ་གཏོགས་
པ་རྣམས་སོ། །དམིགས་པ་དང་བཅས་པ་དུ་ཞེ་ན། སེམས་ཀྱི་ཁམས་བདུན་རྣམས་དང་ཆོས་ཀྱི་ཁམས་ཀྱང་ངོ་། །ལྷག་མ་བཅུ་རྣམས་དམིགས་པ་མེད་པའོ། །དེ་ལྟར་ཁམས་བཅོ་བརྒྱད་པོ་འདི་རྣམས་ཁོ་ན། ལ་ལར་བསྡུས་ནས་སྐྱེ་མཆེད་བཅུ་གཉིས་སུ་རྣམ་པར་གཞག་ལ་ལ་ལར་ཤིན་ཏུ་བསྡུས་

ནས་ཕུང་པོ་ལྔར་རོ། །དེ་རྣམས་ཉིད་བདེན་པ་བཞི་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་སོ། །རང་བཞིན་གསུམ་ཡང་སྟེ་ཀུན་བརྟགས་དང་གཞན་དབང་ཡོངས་གྲུབ་པོ། །གཉིས་ཀྱང་སྟེ་ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། །གཅིག་ཁོ་ན་ཡང་སྟེ་དོན་དམ་
པའི་བདེན་པ་གཉིས་སུ་མེད་པའོ། །དེ་ཡང་སྤྲོས་པ་ལས་འདས་པའོ། །དེ་ཉིད་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་སྤང་བྱའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པ་སྟེ་དེའི་འབྲས་བུ་སྡུག་བསྔལ་གྱི་བདེན་པ་དང་དེ་ཐོབ་པའི་ཐབས་ཀུན་འབྱུང་གི་བདེན་པའོ། །བླང་
བྱའི་ཕྱོགས་ནི་རྣམ་པར་བྱང་བ་སྟེ་དེའི་འབྲས་བུ་འགོག་པའི་བདེན་པ་དང་དེ་ཐོབ་པའི་ཐབས་ལམ་གྱི་བདེན་པའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པའི་ནང་དུ་འདུས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་གྱི་བདེན་པ་རྣམས་སོ། །དོན་དམ་པའི་བདེན་པའི་རང་གི་ངོ་བོ་ནི་འགོག་པའི་བདེན་པའོ། །དེའི་ཕྱིར་བདེན་པ་
གཉིས་ཁོ་ན་སྟེ། ཡབ་དང་སྲས་མཇལ་བའི་མདོར་ཇི་སྐད་དུ་གསུངས་པ། འཇིག་རྟེན་མཁས་པས་བདེན་པ་འདི་གཉིས་དག །གཞན་ལས་མ་ཐོས་རང་ཉིད་ཀྱིས་གཟིགས་ཏེ། །གང་ཡང་ཀུན་རྫོབ་དེ་བཞིན་དོན་དམ་མོ། །བདེན་པ་གསུམ་པ་ཅི་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ་
འཕགས་པ་ཚངས་པས་ཞུས་པར། སྡུག་བསྔལ་མེད་དོ། །སྡུག་བསྔལ་ཀུན་འབྱུང་བ་མེད་དོ། །འགོག་པ་མེད་དོ། །ལམ་འཕགས་པ་རྣམས་ཀྱི་བདེན་པ་མེད་དོ། །འོན་ཀྱང་ཚངས་པ་གང་སྡུག་བསྔལ་སྐྱེ་བ་མེད་པ་འདི་ནི་འཕགས་པའི་བདེན་པའོ། །གང་ཀུན་འབྱུང་བ་ཀུན་དུ་རྒྱུ་བ་མེད་པ་འདི་ནི་འཕགས་
པ་རྣམས་ཀྱི་བདེན་པའོ། །གང་ཤིན་ཏུ་འགགས་པ་རྣམས་ལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །གང་མཉམ་པ་ཉིད་ཀྱི་ཆོས་རྣམས་ཐམས་ཅད་ལ་བརྩེ་བས་ལམ་བསྒོམ་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ་ཞེས་སོ། །དེའི་ཕྱིར་དོན་དམ་པར་སྡུག་བསྔལ་ལ་
སོགས་པའི་བདེན་པ་ཡོད་པ་མ་ཡིན་ཏེ། འཁོར་བ་ལས་ཡིད་འབྱུང་བའི་དོན་དང་ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་ཙམ་ལ་འཇུག་པའི་ཆེད་དུ་མི་རྟག་པ་ལ་སོགས་པའི་ངོ་བོས་དེ་བསྟན་པ་འབའ་ཞིག་སྟེ། བདག་མེད་པ་གཉིས་ཀ་བསྟན་པའི་དབང་དུ་བྱས་པ་ལས་

ནི་མ་ཡིན་ནོ་ཞེས་རྟོགས་པར་བྱའོ། །གང་རྣམས་ཀུན་རྫོབ་པའི་རང་བཞིན་ལ་ཡང་སྐུར་པ་འདེབས་པར་བྱེད་པ་དང་། གང་དམ་པ་ཡིན་པའི་བསྟན་བཅོས་ཉན་པ་ལ་སོགས་པ་ལ་མངོན་པར་ཞེན་པས་བློ་གྲོས་ཕྱིན་ཅི་ལོག་ཅན་རྣམས། ཀུན་རྫོབ་ཡོད་པ་མ་ཡིན་པ་བརྫུན་པ་ཁོ་ན་ལ་རྟག་པ་ལ་སོགས་པའི་
དངོས་པོར་སྒྲོ་འདོགས་ཤིང་གཟུགས་ལ་སོགས་པ་ཇི་ལྟར་སྣང་བ་ཡང་ཇི་ལྟ་བ་དེ་ལྟར་ཡོངས་སུ་འཛིན་པར་བྱེད་པ་དེ་རྣམས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐར་ལྷུང་བའི་བློས་མཐའ་གཉིས་དང་བྲལ་བའོ་ཞེས་ཇི་ལྟ་བ་བཞིན་དུ་དོན་དམ་པའི་ཚུལ་གྱི་རྒྱ་མཚོ་ཤིན་ཏུ་ཟབ་མོ་ལ་མི་འཇུག་པས་དེའི་དོན་དུ་བཅོམ་
ལྡན་འདས་ཀྱིས་དགོངས་པ་ངེས་པར་འགྲེལ་པའི་མདོར་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་དོན་དམ་པའི་དབང་དུ་བྱས་པ་ཉིད་ཁོ་ནར་གསལ་བར་མཛད་ཅིང་ངོ་བོ་ཉིད་མེད་པར་རྣམ་པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ་མཐའ་གཉིས་དང་བྲལ་བ་ངེས་པའི་དོན་ཁོ་ནར་གཞུང་འཛུགས་པར་
མཛད་དོ། །དེ་ལ་གང་མ་བརྟགས་ན་ཡིད་ཆེས་པ་མཐོང་བ་ཇི་ལྟ་བ་སྒྱུ་མ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་དེ་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེ་ཡང་ཀུན་རྫོབ་ཏུ་སྒྱུ་མ་ལྟར་ཕ་རོལ་རྐྱེན་གྱི་སྟོབས་ཀྱིས་སྐྱེའི་རང་བཞིན་ཁོ་ན་ནི་མ་ཡིན་པས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་གཞག་སྟེ། གང་ཡང་
རྟེན་ཅིང་འབྲེལ་པར་འབྱུང་བ་དེ་རང་བཞིན་སྟོང་པ་ཁོ་ནའོ། །གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཁོ་ན་ལ་གང་རྟག་པ་དང་མི་རྟག་པ་ལ་སོགས་པའི་རང་བཞིན་དོན་དམ་པ་པར་སྒྲོ་འདོགས་པ་དེ་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །དེའི་འདི་ཇི་ལྟར་ཀུན་བརྟགས་པའི་མཚན་ཉིད་མ་གྲུབ་པའི་ཕྱིར། མཚན་ཉིད་ངོ་བོ་ཉིད་མེད་
པ་ཉིད་དུ་རྣམ་པར་གཞག་གོ། །ངོ་བོ་ཉིད་མེད་པ་འདི་ཡང་དངོས་པོར་ན་གཞན་གྱི་དབང་གི་ངོ་བོ་ཉིད་ཁོ་ན་ལ་རྣམ་པར་གཞག་སྟེ་དེ་ཁོ་ན་ལ་དེའི་མཚན་ཉིད་དུ་བརྟགས་པའི་ཕྱིར་རོ། །གང་ཡང་ཆོས་ཐམས་ཅད་དོན་དམ་པར་རྟག་ཏུ་རང་བཞིན་གྱིས་ངོ་བོ་ཉིད་མེད་པར་གནས་པ་དེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་
ནི་རྟག་ཏུ་སྒྲོ་བཏགས་པ་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །གང་དགོངས་པ་ངེས་པར་འགྲེལ་པའི་མདོར་གསུངས་པ་གང་གཞན་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་པ་དང་རྣམ་པར་བྱང་བ་པ་གཏན་ནས་བྲལ་བ་ཉིད་དེ་དེ་ལ་མི་དམིགས་པ་འདི་ནི་སྟོང་པ་ཉིད་

ཀྱི་མཚན་ཉིད་མཐའ་དག་ཅེས་བརྗོད་དོ་ཞེས་བྱའོ། །དེ་ལ་ཡང་འདོད་ཆགས་ལ་སོགས་པ་གཞན་གྱི་དབང་གི་མཚན་ཉིད་ཀུན་རྫོབ་པ་རྣམས་ལ་ཀུན་ནས་ཉོན་མོངས་པར་བྱེད་པ་ཉིད་དང་འཁོར་བར་ཀུན་དུ་སྦྱོར་བ་ཉིད་དང་གཉེན་པོའི་ཕྱོགས་ཀྱི་གེགས་བྱེད་པ་ཉིད་ལ་སོགས་པ་དངོས་པོ་བར་སྒྲོ་
བཏགས་པ་གང་ཡིན་པ་དེ་ནི་དེ་རྣམས་ལ་ཀུན་བརྟགས་པའི་མཚན་ཉིད་དོ། །རྣལ་འབྱོར་པའི་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་ཕྱིར་ཡོངས་སུ་གྲུབ་པའི་མཚན་ཉིད་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་བྱང་བ་རྣམས་ལ་གང་མི་མཐུན་པའི་ཕྱོགས་ངེས་པར་འཇོམས་པར་བྱེད་
པ་ཉིད་དང་མྱ་ངན་ལས་འདས་པ་ལ་ཡང་དག་པར་སྦྱོར་བ་ཉིད་ལ་སོགས་པའི་ངོ་བོར་དངོས་པོའི་ཆོས་ཉིད་དུ་སྒྲོ་བཏགས་པ་དེ་ནི་དེ་རྣམས་ལ་ཀུན་བརྟགས་པའི་མཚན་ཉིད་དོ། །ཀུན་བརྟགས་པའི་མཚན་ཉིད་ཀྱི་ངོ་བོའི་ཆོས་འདི་དེ་གཉིས་ཀའང་རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་དབྱིངས་ལ་མི་སྲིད་དེ། དོན་
དམ་པར་ཀུན་ནས་ཉོན་མོངས་པ་ལ་སོགས་པ་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་འདི་རྣམས་ཐམས་ཅད་ཀྱང་དོན་དམ་པར་སྐྱེ་བ་མེད་པར་རོ་གཅིག་པ་ཉིད་ཀྱིས་ན་རྣམ་པར་དབྱེ་བ་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གཉིས་ཀྱི་གཉིས་ཀ་ཡང་སྟོང་ལ་ཡང་དག་པའི་ཀུན་རྫོབ་
ཏུ་གཉིས་ཀའང་གནས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་མེད་པའི་ཉེས་པ་ཡང་མེད་དེ། དེ་སྐད་དུའང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཕྱེད་དང་གསུམ་པར་གསུངས་པར། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་འདོད་ཆགས་ཀྱི་ཆོས་ཅན་ནམ་
འདོད་ཆགས་དང་བྲལ་བའི་ཆོས་ཅན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའོ། །གང་འདི་རྣམས་ཀྱི་འདོད་ཆགས་མ་ཡིན་པའི་ཆོས་ཉིད་དང་འདོད་ཆགས་དང་བྲལ་བ་མ་ཡིན་པའི་ཆོས་ཉིད་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་
གཟུགས་ནི་ཞེ་སྡང་གི་ཆོས་ཅན་ནམ་ཞེ་སྡང་མེད་པའི་ཆོས་ཅན་ནམ་གཏི་མུག་གི་ཆོས་ཅན་ནམ་གཏི་མུག་མེད་པའི་ཆོས་ཅན་མ་ཡིན་ནོ། །དེ་བཞིན་དུ་གང་རྣམ་པར་ཤེས་པ་ཇི་སྲིད་པའི་གཏི་མུག་མ་ཡིན་པའི་ཆོས་ཉིད་དང་གཏི་མུག་དང་བྲལ་བ་ཡང་མ་ཡིན་པ་ཉིད་ཀྱི་ཆོས་ཉིད་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའོ། །གཟུགས་ནི་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བར་འགྱུར་བ་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུའོ། །གང་འདི་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་མ་ཡིན་རྣམ་པར་བྱང་བ་མ་ཡིན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །འོ་ན་ཀུན་རྫོབ་ཏུ་སྐྱེའོ་ཞེས་གསུངས་པ་མ་ཡིན་
ནམ། །དེ་ལ་ཀུན་རྫོབ་ཅེས་པ་འདི་ཅི་ཞེ་ན། རང་བཞིན་མེད་པའི་དངོས་པོ་རྣམས་ལ་ཡང་གང་དངོས་པོར་ཕྱིན་ཅི་ལོག་གི་རྣམ་པར་སྒྲོ་འདོགས་པ་འཁྲུལ་པའི་བློ་དེ་ནི་ཀུན་རྫོབ་ཏུ་བརྗོད་དེ། འདི་ལ་བསྒྲིབ་པར་བྱ་བའམ་འདིས་དེ་ཁོ་ན་ཉིད་འགེབས་པ་ལྟར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་མདོར་གསུངས་
པ། ཀུན་རྫོབ་ཏུ་ནི་དངོས་རྣམས་སྐྱེ། །དོན་དམ་པར་ནི་རང་བཞིན་མེད། །རང་བཞིན་མེད་པ་གང་འཁྲུལ་པ། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་སོ། །དེ་ལས་བྱུང་བའི་ཕྱིར་དེས་ཉེ་བར་བསྟན་པའི་དངོས་པོ་བརྫུན་པ་ཐམས་ཅད་ནི་ཀུན་རྫོབ་པར་བརྗོད་དོ། །དེ་ཡང་ཐོག་མ་མེད་པའི་འཁྲུལ་པའི་བག་
ཆགས་ཡོངས་སུ་སྨིན་པའི་དབང་གིས་དངོས་པོ་མེད་པ་ལས་དངོས་པོ་ཡང་དག་པར་ཡོད་པ་ལྟ་བུར་ཉེ་བར་སྟོན་ཅིང་སྲོག་ཆགས་ཐམས་ཅད་ལ་སྐྱེ་སྟེ་གང་ལས་དེའི་བསམ་པའི་དབང་གིས་དངོས་པོ་བརྫུན་པའི་ངོ་བོ་ཐམས་ཅད་ཀུན་རྫོབ་ཏུ་ཡོད་པར་བརྗོད་དོ། །འདི་རྣམས་ཡང་དག་པར་དངོས་པོའི་ངོ་བོ་ཉིད་ཀྱང་མ་ཡིན་
ཏེ་ཇི་ལྟར་སྣང་བ་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་རོ། །རི་བོང་གི་རྭ་བཞིན་དུ་གཏན་མེད་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ་མ་བརྟགས་ན་དགའ་བའི་རྣམ་པར་སོ་སོར་སྣང་བའི་ཕྱིར་རོ། །དེ་ལྟར་ནི་སྒྱུ་མའི་སྐྱེས་བུ་ལ་སོགས་པ་ལ་འཁྲུལ་པའི་ཤེས་པ་དང་ལྡན་པའི་མི་རྣམས་ཀྱིས་གང་གཞག་པའི་ངོ་བོ་དེ་བཞིན་དུ་དངོས་པོ་
ཐམས་ཅད་ལ་བརྫུན་པའི་རྣམ་པ་ཅན་གྱི་ཤེས་པས་གང་སྒྲོ་བཏགས་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་ཐ་སྙད་དུ་བྱས་སོ། །སྒྱུ་མའི་སྐྱེས་བུ་ལ་སོགས་པ་དེ་ཁོ་ན་ལ་ཡང་རྣམ་པར་ཤེས་པ་མ་བསླད་པ་རྣམས་ཀྱིས་ཇི་ལྟར་གཞག་པའི་ངོ་བོ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་གང་ཡང་དག་པའི་ཚད་མས་ངེས་པའི་
ངོ་བོ་དེ་ནི་དོན་དམ་པའི་བདེན་པའོ། །ཇི་ལྟར་ཡང་འཁྲུལ་པ་དང་མ་འཁྲུལ་པའི་ཤེས་པས་རྣམ་པར་གཞག་པའི་ངོ་བོ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བརྟེན་ནས་རབ་རིབ་ཅན་ལ་སོགས་པས་ཉེ་བར་དམིགས་པ་སྐྲ་ཤད་ལ་སོགས་པ་རྣམས་དང་། རྣམ་པར་རིག་པར་སྨྲ་བ་རྣམས་ཀྱི་གཟུང་བ་དང་འཛིན་

པའི་རྣམ་པ་གཉིས་ལ་ཀུན་རྫོབ་ཏུ་ཡོད་པ་ཉིད་དང་དོན་དམ་པར་མེད་པ་ཉིད་དོ་ཞེས་པ་ལ་སོགས་པར་རྣམ་པར་གཞག་པ་ལ་ལྟོས་པའི་བྱེ་བྲག་གིས་འགལ་བ་མེད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལའོ། །དེས་ན་ཇི་སྐད་བཤད་པའི་ཀུན་རྫོབ་འཁྲུལ་པའི་ངོ་བོ་དངོས་པོར་ན་སྐྱེ་བ་མེད་ཀྱང་གང་
ལས་དངོས་རྣམས་སྐྱེ་བ་ལྟར་ཉེ་བར་སྟོན་ཏེ། དེས་ན་དེ་ལ་བརྟེན་པའི་དབང་གིས་ཀུན་རྫོབ་ཏུ་དངོས་པོ་སྐྱེའོ་ཞེས་བརྗོད་ལ། དོན་དམ་པར་ནི་སྐྱེ་བ་མེད་དོ། །ཕྱིན་ཅི་མ་ལོག་པའི་དོན་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར་ཡང་དག་པའི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པ་ཐམས་ཅད་ཁོ་ན་ནི་དོན་དམ་
པར་བརྗོད་དེ་དམ་པ་འདིའི་དོན་ཡིན་ཞེས་བྱས་ནས་སོ། །དངོས་དང་བརྒྱུད་པས་བྱས་པ་ནི་ཁྱད་པར་ཏེ། དེའི་དབང་ལས་དངོས་པོ་འདི་རྣམས་ཐམས་ཅད་སྐྱེ་བ་མེད་པ་ཁོ་ནར་རྟོགས་སོ། །ཡང་དག་པའི་ཤེས་པས་འདི་རྣམས་སྐྱེ་བ་གྲུབ་པ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །ཡང་ན་རྣམ་པར་མ་དཔྱད་པ་ནི་
ཀུན་རྫོབ་སྟེ། དེ་ལྟར་ནི་བསམས་པ་ལས་བྱུང་བའི་ཤེས་རབ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་ངེས་པར་སེམས་པ་ལ་ཞུགས་པའི་ཚད་མ་ཡང་དག་པའི་སྟོབས་ལས་བྱུང་བ་དང་། དེ་བཞིན་དུ་བསྒོམས་པ་ལས་བྱུང་བ་ཡང་སྟེ། དེ་ཁོ་ན་ཉིད་ཀྱི་དོན་དངོས་སུ་རྣམ་པར་དཔྱོད་པ་ཉིད་ཀྱིས་སམ་དེའི་རྒྱུ་མཐུན་པ་ཉིད་
ཀྱིས་རྣམ་པར་དཔྱད་པར་བརྗོད་དོ། །དེ་ཁོ་ནའི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་བརྫུན་པའི་རྣམ་པར་དཔྱད་པར་བརྗོད་དོ། །དེ་ཁོ་ནའི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་བརྫུན་པའི་རྣམ་པ་ཉེ་བར་འཛིན་པའི་ཤེས་པ་ཐམས་ཅད་ནི་དེ་ལས་བཟློག་པའི་ཕྱིར་མ་དཔྱད་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་མ་ཡིན་ལ་
དཔྱོད་པ་མེད་པ་ཙམ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་རབ་ཏུ་གྲགས་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོ་བརྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་པ་ཁོ་ནའོ། །ཡང་ན་ཀུན་རྫོབ་ནི་འཇིག་རྟེན་གྱི་གྲགས་པ་སྟེ། འཇིག་རྟེན་ཐམས་ཅད་ལ་གྲགས་པའི་དོན་ཐམས་ཅད་ནི་ཀུན་རྫོབ་ཉིད་དུ་འདོད་པའི་ཕྱིར་རོ། །དོན་
ཐམས་ཅད་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་ཡང་མ་ཡིན་པ་ཁོ་ན་སྟེ་ཁ་ཅིག་གིས་འགའ་ཞིག་ཁོ་ན་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཤིན་ཏུ་ལྐོག་ཏུ་གྱུར་པ་ལས་དང་འབྲས་བུ་ལ་སོགས་པ་རྣམ་པར་གཞག་པ་རྣམ་པ་སོ་སོར་ངེས་པ་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་སྟེ། གཞན་ནི་ཅིག་

ཤོས་ཀྱི་ཤེས་པ་ལས་ཀྱང་ངོ་། །བསྟན་བཅོས་བྱེད་པ་ཁ་ཅིག་གིས་གྲགས་པ་ལས་རྒལ་ཏེ་གང་དངོས་པོ་རྣམས་བརྟགས་པ་ལ་སོགས་པའི་ངོ་བོར་ཉེ་བར་བརྟགས་པ་དེ་ནི་ལོག་པའི་ཀུན་རྫོབ་ཏུ་ཡོད་པར་བརྗོད་དེ་དེ་གྲགས་པ་ལས་ཀྱང་མེད་པ་ཉིད་ཀྱི་ཕྱིར་རོ། །གང་ཡང་གྲགས་པའི་རྗེས་སུ་འབྲང་ནས་རབ་ཏུ་
བརྟགས་པ། དཔེར་ན། འདི་ནི་བདག་གམ་སེམས་ཅན་མེད། །ཆོས་འདི་རྣམས་ནི་རྒྱུ་དང་བཅས། །ཞེས་པ་དེ་ལྟ་བུ་ནི་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པར་བརྗོད་དོ། །དེས་ན་དངོས་པོ་གཅིག་ལ་བསྟན་བཅོས་བྱེད་པ་རྣམས་ཀྱིས་ངོ་བོ་དུ་མར་སྒྲོ་བཏགས་པ་ཡོད་ནའང་དངོས་པོ་ཕན་ཚུན་འགལ་བའི་རང་བཞིན་དུ་མ་
ཉིད་དུ་ཐལ་བ་མེད་དོ། །ཡང་ན་སྒྱུ་མའི་དོན་ནི་ཀུན་རྫོབ་ཀྱི་དོན་ཏེ་མི་བདེན་པའི་དོན་ནི་སྒྱུ་མའི་དོན་ནོ། །སྒྱུ་མའི་དོན་འཁྲུལ་པའི་ཤེས་པའི་ངོ་བོ་ཡིན་ཡང་ཤེས་པ་དངོས་པོ་ཉིད་དུ་ཐལ་བ་ཡང་མ་ཡིན་ཏེ། དེ་ནི་བརྫུན་པའི་རྣམ་པ་ཉེ་བར་འཛིན་པར་སྣང་བའི་ཕྱིར་ལ་བདེན་པ་དང་བརྫུན་པའི་ངོ་བོ་དག་ཀྱང་ཕན་ཚུན་འགལ་
བའི་ཕྱིར་རོ། །དེས་ན་བརྫུན་པའི་ངོ་བོ་ཡང་བདེན་པ་ཉིད་དུ་འགྱུར་བའི་ཕྱིར་ཤེས་པ་འཁྲུལ་པ་ཉིད་དུ་མི་འགྱུར་ལ་སྣ་ཚོགས་ཀྱི་ངོ་བོ་ཉིད་དུའང་མི་འགྱུར་ཏེ། གཅིག་ལ་ངོ་བོ་ཉིད་དུ་མི་འགལ་བའི་ཕྱིར་རོ། །མི་བདེན་པའི་ངོ་བོ་ཡང་བརྫུན་པའི་ཕྱིར་འཁྲུལ་པ་ཉིད་ནའང་ཤེས་པ་བདེན་པ་ཉིད་དུ་མི་འགྱུར་ཏེ། དེ་དག་
ནི་བདག་ཉིད་ཐམས་ཅད་ཀྱི་ཕན་ཚུན་སྣ་ཚོགས་མེད་པའི་ཕྱིར་དང་གཅིག་ལ་ཆ་ཤས་དང་ཆ་ཤས་ཅན་གྱི་དངོས་པོ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པའང་བརྫུན་གྱི་ཕྱིར་ཤེས་བྱ་ནང་གི་ཚུལ་ལས་འདི་ཁྱད་པར་ཆེའོ། །ཀུན་རྫོབ་སྒྲ་ཙམ་ཞེས་པ་ནི་མངོན་པར་ཤེས་པ་སྟེ། བདེ་བར་གཤེགས་པ་པ་ནི་སུའང་ཀུན་
རྫོབ་སྒྲ་ཙམ་ཞེས་པར་འདོད་པ་མེད་དོ། །གང་ཡང་མདོ་ལས། འདི་རྣམས་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་ལས་ཐ་དད་པའི། །བརྗོད་པར་བྱ་བ་ཡོད་མ་ཡིན། །ཞེས་གསུངས་པ་དེ་ལའང་། གང་རྣམས་རྗོད་པར་བྱེད་པ་དངོས་པོར་གྱུར་པ་ཁོ་ན་དང་། བརྗོད་
པར་བྱ་བ་ཡང་དེ་ལས་གཞན་དུ་གྱུར་པར་རྟོག་པར་བྱེད་དེ་དེའི་འདོད་པ་དགག་པའི་ཆེད་དུ་རྗོད་བྱེད་དང་བརྗོད་པར་བྱ་བ་དག་རྟོག་པ་ལ་གནས་པ་ཉིད་ཁོ་ནར་ཉེ་བར་བསྟན་པའོ། །འདིར་འདུ་ཤེས་ནི་རྟོག་པ་སྟེ་རྟོག་པའི་ངོ་བོ་ཁོ་ན་རྗོད་བྱེད་དུ་མིང་གི་སྒྲས་མངོན་པར་དགོངས་སོ། །རྣ་བའི་ཤེས་པ་ལ་སྣང་བའི་དོན་ནི་མ་

ཡིན་ཏེ་རྗོད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཙམ་ཉིད་དུ་ཟད་ན་ཡང་ཐམས་ཅད་གཟུགས་ལ་སོགས་པ་སྣ་ཚོགས་སུ་སྣང་བར་མི་འགྱུར་ལ་ཕུང་པོ་ལ་སོགས་པ་རྣམ་པར་གཞག་པར་ཡང་མི་འགྱུར་རོ། །ཇི་ལྟར་སྒྱུ་མའི་སྐྱེས་བུ་མང་པོ་རྣམས་ལ་སྐྱེས་བུ་དང་སྐྱེས་བུ་ཞེས་སྒྲའི་དོན་
སྤྱིའི་རྣམ་པ་ཅན་གྱི་ངོ་བོ་བརྟགས་པ་རྣམ་པ