Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 109

Văn bản gốc(Tây Tạng)

Trang 13 / 21 (50.000 ký tự/trang)
ན་ནི་མ་ཡིན་ཏེ། ངེས་པར་འབྱུང་བའི་སྒྲུབ་པ་ཁོ་ན་ཁྱད་པར་གྱི་ལམ་གྱི་རང་བཞིན་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །འདུན་པ་ལ་སོགས་པའི་སེམས་བསྐྱེད་པ་གསུམ་ཡང་སྒྲུབ་པའི་རང་བཞིན་ཉིད་དུ་མི་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ཐར་

པའི་ཆ་དང་མཐུན་པ་སྒྲུབ་ཏུ་བཅུག་པ་ཉིད་དུའང་གསུངས་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཐབས་ལ་མཁས་པ་དང་མ་བྲལ་བས་སྦྱིན་པ་སྦྱིན་ཞིང་མཚན་མར་མི་བྱེད་ཅེས་པ་ལ་སོགས་པ་སྟེ། སྦྱིན་པ་ལ་སོགས་པ་སྒྲུབ་པ་ལས། གཞན་པའི་སྒྲུབ་པའམ་
གོ་ཆ་གཞན་མེད་དོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་དུ་གོ་ཆ་ཆེན་པོ་བགོས་པ་ཞེས་པ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་ནས་བསམ་པ་རྒྱ་ཆེ་བར་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ནས་བཟུང་ནས་བདུན་པ་
ཇི་སྲིད་པ་འབད་པ་དང་བཅས་རྣམ་པར་རྟོག་པ་དང་བཅས་པར་སྤྱོད་པའི་གནས་སྐབས་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་པ་ནི་བརྒྱད་པ་ནས་བཟུང་སྟེ་དོན་དམ་པར་སྤྱོད་པ་བསྟན་པའོ། །དེ་ལ་གོ་ཆ་ཆེན་པོ་རྣམ་པ་གཉིས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་
པའི་ཕྱིར་བསམ་པ་རྒྱ་ཆེ་བ་ལས་དང་། སྒྲུབ་པ་གཅིག་ཁོ་ནར་སྒྲུབ་པ་ཐམས་ཅད་རྫོགས་པས་སྒྲུབ་པ་རྒྱ་ཆེ་བ་ནས་ཇི་སྲིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་ཞེས་བརྗོད་དོ་ཞེས་པའི་མཐར་ཐུག་པ་གསུངས་སོ། །དེ་བཞིན་དུ་འདི་ཉིད་ཀྱིས་ས་བཅུ་པའི་རྣམ་པར་བཤད་པར་གསུངས་པ། དེ་ལ་གོ་ཆ་ནི་སྨོན་
པའོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་གང་འཕགས་པས། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་ནི་མཐོང་བ་ལ་སོགས་པའི་ལམ་གྱིས་བསྡུས་པ་ཉིད་ཀྱི་ཕྱིར་ལམ་གྱི་ཚོགས་ཞེས་བརྗོད་དོ་ཞེས་གསུངས་པ་དེ་ནི་འདི་རྣམས་ཀྱི་གནས་སྐབས་དེར་ཕལ་ཆེར་འཇིག་རྟེན་
ལས་འདས་པ་རྣམས་ཁོ་ན་བསྡུས་པ་ཉིད་ཀྱི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་པ་རྣམས་ནི་ཕལ་ཆེར་ལམ་ལ་འཇུག་པ་ལ་གསུངས་པ་ཉིད་ཀྱི་ཕྱིར་རོ་ཞེས་ཤེས་པར་བྱའོ། །གལ་ཏེ་དེ་ལྟ་ན་ཚོགས་ཀྱི་སའི་རྟེན་མ་གསུངས་པ་ཅི་ལྟར་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན་སྟེ་
སེམས་བསྐྱེད་པ་ནས་བརྩམས་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སུ་དང་ཞེས་པ་ལ་སོགས་པས་སོ་ཞེས་པ་སྔར་བརྗོད་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར། རྟོགས་པ་ཡི་ནི་ཆོས་དྲུག་གི། །ཞེས་པ་ལ་སོགས་པའི་ཚིག་ལེའུར་བྱས་པར། སེམས་བསྐྱེད་པ་ནས་བརྩམས་ནས་ཞེས་རྟོགས་པར་

བྱ་སྟེ། མདོའི་དོན་ཐམས་ཅད་ནི་དེའི་རྒྱན་ཚིག་ལེའུར་བྱས་པས་བསྡུས་པ་མེད་དོ་ཞེས་སོ། །དྲོད་ལ་སོགས་པ་རྣམས་ནི་འཇུག་པའི་སེམས་ཉིད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཚིག་ལེའུར་བྱས་པས་བསྡུས་ལ། སྨོན་པའི་སེམས་རྣམས་མ་ཡིན་ཏེ། ཕལ་བ་ཉིད་ཀྱི་ཕྱིར་དྲོད་ལ་སོགས་པའི་རྒྱུ་
ཉིད་ཀྱི་ཤུགས་ཀྱིས་འཐོབ་པས་བསྡུས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་རྒྱས་པས་ཆོག་གོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་འདུས་པ་ཁོ་ནས་བྱང་ཆུབ་སེམས་དཔའ་རྣམས་
ཀྱིས་བསྒོམ་པར་བྱ་སྟེ། ཐུན་མོང་གི་སྒོ་ནས་ནི་སྔར་བཤད་པ་ཇི་ལྟ་བ་བཞིན་ནོ། །དེ་ནི་བྱང་ཆུབ་ཀྱི་ཕྱོགས་པའི་རྣམ་པ་རྣམས་ཀྱིས་བསྐོར་བ་བསྒོམ་པར་བྱ་སྟེ། འདི་ལྟ་ཁོ་ནས་འདི་རྣམས་བྱང་ཆུབ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་ཏེ་རྗེས་སུ་མཐུན་པ་རྣམས་སུ་འགྱུར་རོ། །ཇི་སྐད་དུ།
བཅོམ་ལྡན་འདས་མ་སྟོང་ཕྲག་ཉི་ཤུ་ལྔ་པར་གསུངས་པ། ཤ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཡོངས་སུ་རྫོགས་པར་བྱའོ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ནང་དང་ཕྱི་དང་ཕྱི་ནང་གི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་
ལུས་ལ་སོགས་པར་རྗེས་སུ་ལྟ་བས་གནས་ཤིང་ལུས་ལ་སོགས་པ་དང་ལྡན་པའི་རྣམ་པར་རྟོག་པར་རྣམ་པར་མི་རྟོག་ལ་དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ་ཞེས་སོ། །འདིར་ནང་གི་ལུས་ནི་རང་གི་མིག་ལ་སོགས་པ་དྲུག་གོ། །ཕྱི་ནི་རང་གི་ལུས་ལས་ཕྱི་རོལ་གྱི་འདུས་བྱས་སོ། །གཉིས་ཀ་ནི་ལྷག་
མའི་རང་གི་ལུས་སུ་གཏོགས་པ་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །ཚོར་བ་ལ་སོགས་པ་རྣམས་ཀྱི་རྣམ་པ་གསུམ་ནི་ལུས་རྣམ་པ་གསུམ་ལ་དམིགས་པའི་བྱེ་བྲག་གིས་སོ། །ཆོས་ནི་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བ་རྣམས་སོ། །ལུས་ལ་སོགས་པའི་རྗེས་སུ་ལྟ་བ་ནི་ལུས་ལ་སོགས་པའི་
ཆོས་ཉིད་ལ་ལྟ་བའོ། །ལུས་ལ་སོགས་པའི་འདུ་ཤེས་དང་ལྡན་པའི་རྣམ་པར་རྟོག་པ་ནི་འདི་ནི་ལུས་སོ་བདག་གི་ལུས་སོ། །རྟག་པའོ་མི་རྟག་པའོ་བདེ་བའོ་སྡུག་བསྔལ་བའོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་སྟེ་དེ་ཡང་རྗེས་སུ་ལྟ་བ་རྣམ་པར་མི་རྟོག་པ་སྟེ་མི་དམིགས་པའི་ཚུལ་གྱིས་སོ། །མི་དམིགས་པ་

དང་བྲལ་བའི་སྒོ་ནས་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་པ་རྣམས་ཀྱིས་བསྒོམ་པར་བྱ་སྟེ་སྔར་ཇི་སྐད་བརྗོད་པ་བཞིན་ནོ། །འོ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྒོམ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་མྱ་ངན་ལས་འདས་པའི་དཔུང་གཉེན་ཅན་རྣམས་ཁོ་ན་ལ་རིགས་ཀྱི་བྱང་ཆུབ་
སེམས་དཔའ་རྣམས་ལ་མ་ཡིན་ཏེ། ཇི་སྐད་དུ་འཕགས་པ་འཇམ་དཔལ་གྱིས་ཞུས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པའི་མདོར་གསུངས་པ། འཇམ་དཔལ་མ་འོངས་པའི་དུས་ན་དགེ་སློང་རྣམས་འབྱུང་སྟེ་དེ་རྣམས་མི་གཙང་བ་ལས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་དྲན་པ་ཉེ་བར་གཞག་པར་སྟོན་པར་
འགྱུར་བ་ནས། འདི་ཁོ་ན་དོན་དམ་པའི་བདེན་པའོ་ཞེས་པའི་བར་དུའོ་ཞེ་ན། སྐྱོན་འདི་མེད་དེ། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་དུ་ཁོང་དུ་ཆུད་པ་དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་དང་། ཆོས་ཐམས་ཅད་མཆོག་ཏུ་མི་དམིགས་པ་ཉིད་ཀྱི་ཕྱིར་དང་སེམས་ཅན་ལ་ཕན་པ་སྒྲུབ་པའི་རྒྱུ་ཉིད་ཀྱི་ཕྱིར་འཁོར་བ་ལ་
ཡང་མྱ་ངན་ལས་འདས་པ་བཞིན་ཡོན་ཏན་མཐོང་བ་མྱ་ངན་ལས་འདས་པ་ལ་ཡང་སེམས་ཅན་ལ་ཕན་པ་སྒྲུབ་པའི་རྟེན་མ་ཡིན་པ་ཉིད་ལས་འཁོར་བ་བཞིན་དུ། མི་མཐུན་པར་མཐོང་བ། ཆོས་ཉིད་ཙམ་ཉིད་ཀྱི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་དག་མཉམ་པ་ཉིད་དུ་མཐོང་བ་རྣམས་
ཀྱང་དམིགས་པ་མེད་པའི་རང་བཞིན་སོ་སོར་རྟོག་པའི་དོན་ཁོ་ནས་བྱང་ཆུབ་ཀྱི་ཕྱོགས་རྣམས་སྒོམ་པར་བྱེད་དོ། །གང་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱ་པར་གསུངས་པ། དྲན་པ་ཉེ་བར་གཞག་པ་མི་དམིགས་པ་ཉིད་བཟུང་ནས་ཞེས་པ་ལ་སོགས་པའོ། །མདོ་དེ་ཉིད་དུ་ཡང་གསུངས་པ། འཇམ་
དཔལ་གང་གིས་ལུས་ནམ་མཁའ་དང་མཉམ་པར་མཐོང་བ་འདི་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །གང་གིས་ཚོར་བ་དང་སེམས་དང་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་རྣམས་མི་དམིགས་ཞེས་པ་ནས་ཇི་སྲིད་འཇམ་དཔལ་དེ་ལྟར་དོན་དམ་པར་དྲན་པ་ཉེ་བར་གཞག་
པ་བཞི་རྣམས་བལྟ་བར་བྱའོ་དེ་ནས་ཇི་སྲིད་དུ་གང་ཆོས་ཐམས་ཅད་རང་བཞིན་གྱིས་སྙོམས་པར་ཞུགས་པ་དང་རང་བཞིན་གྱིས་གཡེང་བ་མེད་པར་ལྟ་བ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །འཇམ་དཔལ་གང་ལ་ལ་འདི་ལྟ་བུ་དྲན་པ་ཉེ་བར་གཞག་པ་རྣམས་ནས་འཕགས་པའི་ལམ་ཡན་ལག་

བརྒྱད་པའི་བར་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་ནི་རྒལ་བ་ཕ་རོལ་དུ་འགྲོ་བར་ང་སྨྲའོ་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་འདི་རྣམས་ལ་མོས་པར་བྱའོ་ཞེས་པའི་བར་དུའོ། །བསམ་གྱིས་མི་ཁྱབ་
པའི་སངས་རྒྱས་ཀྱི་ཡུལ་བསྟན་པའི་མདོར་ཡང་། འཇམ་དཔལ་དབང་པོ་ལྔ་རྣམས་ཅི་ལྟར་བལྟ་བར་བྱ། སྨྲས་པ། ལྷའི་བུ་གང་ཆོས་ཐམས་ཅད་སྐྱེ་བ་མེད་པར་དད་པར་བྱེད་པ་འདི་ནི་དད་པའི་དབང་པོའོ། །གང་ཆོས་ཐམས་ཅད་ལ་སེམས་འཕྲོ་བར་མི་བྱེད་དེ་རིང་བ་དང་ཉེ་བའི་འདུ་ཤེས་དང་བྲལ་བའི་
ཕྱིར་ཏེ་འདི་ནི་བརྩོན་འགྲུས་ཀྱི་དབང་པོའོ། །གང་ཡིད་ལ་བྱེད་པའི་དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དྲན་པ་ཉེ་བར་བྲལ་བ་མེད་པ་འདི་ནི་དྲན་པའི་དབང་པོའོ། །གང་ཆོས་ཐམས་ཅད་སོགས་པ་མེད་པ་ནས་དམིགས་སུ་མེད་པ་ཇི་སྲིད་པ་འདི་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །གང་ཆོས་རྣམས་
ཐམས་ཅད་སྐྱེ་བ་དང་བྲལ་བ་རྣམ་པར་ཤེས་པ་དང་བྲལ་བ་རང་བཞིན་གྱིས་སྟོང་པར་མཐོང་བ་འདི་ནི་ཤེས་རབ་ཀྱི་དབང་པོའོ་ཞེས་སོ། །དེ་བཞིན་དུ་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་ཡན་ལག་དང་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གལ་ཏེ་
དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཆོས་ཐམས་ཅད་ཤེས་ན་འོ་ན་བྱང་ཆུབ་ཀྱི་ཕྱོགས་ཕྱི་མ་ཐམས་ཅད་ཀྱིས་ཅི་དགོས་ཤེ་ན། དེ་ལྟ་མ་ཡིན་ཏེ་དེ་རྣམས་ཀྱི་ཆོས་ཉིད་དུ་ཡོངས་སུ་ཤེས་ཀྱི། མི་རྟག་པ་ལ་སོགས་པའི་རྣམ་པ་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་མི་རྟག་
པ་ལ་སོགས་པའི་རྣམ་པར་དམིགས་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་མི་དམིགས་པའི་ཚུལ་གྱིས་སོ། །དེ་ཉིད་ཀྱི་ཕྱིར་མི་རྟག་པ་ལ་སོགས་པའི་རྣམ་པ་དང་སྟོང་པ་ཉིད་ཀྱང་འདི་རྣམས་ཀྱི་ཡུལ་དུ་འགྱུར་རོ་ཞེས་པས་ཉན་ཐོས་ཀྱི་ལམ་ཡང་ཆོས་ཉིད་ཀྱི་སྒོ་ནས་གོམས་པར་འགྱུར་རོ། །དེ་ལྟར་
བྱང་ཆུབ་ཀྱི་ཕྱོགས་བཅུ་གཉིས་རྣམས་སེམས་བསྐྱེད་པ་གསུམ་རྣམས་ཀྱིས་བསྡུས་པའོ། །དེ་ལྟར་ཚོགས་ཀྱི་སར་དད་པ་ལ་སོགས་པའི་དགེ་བས་སེམས་ཡོངས་སུ་བསྒོས་པ། བྱང་ཆུབ་ཀྱི་སེམས་ཡང་དག་པར་བླངས་པ་དང་སྦྱིན་པ་ལ་སོགས་པའི་དགེ་བ་བསགས་པ་དང་ལྡན་པ་ཉིད་ཀྱིས་བསོད་

ནམས་ཀྱི་ཚོགས་ཡང་དག་པར་རྫོགས་པ་ནི། ཡེ་ཤེས་ཚོགས་ནི་སྒྲུབ་དོན་དུ། །གྲངས་མེད་བསྐལ་པས་ངེས་འབྱུང་ལ། །མངོན་ཤེས་བརྟན་པ་གདམས་པ་ཡིས། །སྤྱོད་པའི་ས་ལ་རབ་ཏུ་འཇུག །ཅེས་པས་སོ། །སེམས་བསྐྱེད་པ་བཞི་པ་མོས་པས་སྤྱོད་པའི་ས་
སྦྱོར་བའི་ལམ་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བ་ཟག་པ་དང་བཅས་པའི་བསྒོམ་པའི་ལམ་ངེས་པར་བྱེད་པ་བསྟེན་པ་ལ་ཕན་པའི་དགེ་བའི་རྩ་བ་དབང་པོ་དང་སྟོབས་ཀྱི་བདག་ཉིད་དེ་འཇུག་པའི་སྒྲུབ་པ་ཡང་རྣམ་པར་གཞག་གོ། །དེ་ལ་མོས་པ་ནི་དད་པ་ལ་སོགས་པ་དམིགས་པ་ལྔ་ལ་ཡོན་ཏན་
དུ་འཛིན་པ་ཕ་རོལ་གྱི་གདམས་པ་དང་རྗེས་སུ་བསྟན་པ་དང་འབྲེལ་པ་ཡོངས་སུ་དག་པ་སྟེ་མཐར་ཐུག་པར་སོང་བ་ན་རང་ཉིད་ཡང་དག་པར་ཞུགས་པ་ཉིད་ཀྱིས་མོས་པ་བསྟན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་བུད་ཤིང་གཞན་ཁྱད་པར་ཅན་གྱི་མེ་བཞིན་དུ་གོང་ནས་གོང་དུ་ཁྱད་
པར་དུ་འགྲོ་བར་བྱེད་པས་རབ་ཏུ་གྱུར་པའི་སྦྱོར་བ་ནི་རབ་ཏུ་སྦྱོར་བ་སྟེ་བར་ཆད་མེད་ན་མཐོང་བའི་ལམ་ཤིན་ཏུ་ཉེ་བར་བསྐྱེད་པའོ། །འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་པ་ལ་བརྟེན་པ་ཉིད་ཀྱིས་བསྒོམ་པའི་ལམ་མོ། །ཟག་པ་དང་བཅས་པའི་བསྒོམ་པའི་ལམ་ནི་མོས་པ་དང་བསྔོ་བ་དང་རྗེས་
སུ་ཡི་རང་བ་ཡིད་ལ་བྱེད་པ་རྣམས་སོ། །གང་ཟག་པ་མེད་པ་ནི་མངོན་པར་སྒྲུབ་པ་དང་ཤིན་ཏུ་དག་པ་དག་གོ་ཞེས་འཕགས་པའོ། །དགོངས་པ་ངེས་པར་འགྲེལ་པའི་མདོར་ཡང་། འདིར་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སོགས་པའི་དགེ་བ་རྣམས་དང་ལྡན་པར་འགྱུར་ཞིང་འདི་ཉོན་མོངས་པ་
ཡང་ཀུན་དུ་སྤྱོད་པར་འགྱུར་ཏེ། འདི་ལྟ་སྟེ་མོས་པས་སྤྱོད་པའི་ས་ལ་ཆུང་ངུ་དང་འབྲིང་དང་ཆེན་པོའི་མོས་པ་ལ་འཇུག་པ་ནའོ་ཞེས་སོ། །རྣམ་པར་མི་རྟོག་པས་འབྱེད་པ་ནི་ངེས་པར་འབྱེད་པ་སྟེ་མཐོང་བའི་ལམ་མོ། །དེ་བསྟེན་པ་ནི་ཆ་སྟེ་ཐོབ་པའོ། །དེ་ལ་ཕན་པ་ནི་ངེས་པར་འབྱེད་པ་བསྟེན་པ་
ལ་ཕན་པའོ། །ལ་ལར་གསལ་བའི་དབྱེ་བ་ལས་མང་པོའི་ཚིག་སྟེ། དྲོད་རྣམས་དང་རྩེ་མོ་རྣམས་དང་བཟོད་པ་རྣམས་དང་ཆོས་ཀྱི་མཆོག་རྣམས་སོ་ཞེས་སོ། །གྱུར་པའི་སྒྲ་ནི་ཁ་ཅིག་ཏུ་སྤྱིར་བརྗོད་པའོ། །གྱུར་པ་དང་རྣམ་པ་དང་བྱེ་བྲག་རྣམས་དོན་གཅིག་གོ་ཞེས་ཆུར་ལྷུང་ངོ་། །དྲོ་བར་གྱུར་པ་

དང་རྩེ་མོར་གྱུར་པ་དང་བཟོད་པར་གྱུར་པ་དང་ཆོས་མཆོག་ཏུ་གྱུར་པའོ་ཞེས་སོ། །དེ་རྣམས་ནི། ངེས་འབྱེད་ཡན་ལག་རྣམས་ཀྱང་སྟེ། །ངེས་པར་བྱེད་པ་ནི་ངེས་འབྱེད་དེ་མཐའ་གཅིག་ཏུ་ངེས་པའོ། །དེའི་ཡན་ལག་རྣམས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་ཆེན་པོ་ཉིད་ཀྱིས་ཕྱེ་བ་བཞིའོ། །
དྲོད་ནི་གཙུབ་ཤིང་གཙུབས་པ་ན་མེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཉིད་ཀྱི་ཕྱིར་རོ། །རྩེ་མོ་ནི་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཉིད་ཀྱི་ཕྱིར་རོ། །བཟོད་པ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་བཟོད་པའི་ཕྱིར་རོ། །ཆོས་མཆོག་ནི་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཉིད་
ཀྱི་ཕྱིར་རོ། །སླར་ཡང་དྲོད་ལ་སོགས་པ་རྣམས་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་བཅུ་གཉིས་སུ་རབ་ཏུ་དབྱེའོ། །ཇི་ལྟར་བཟོད་པ་ཆེན་པོ་སྐད་ཅིག་གཅིག་ཡིན་པ་དེ་བཞིན་དུ་ཆོས་མཆོག་རྣམས་ཀྱང་ངོ་ཞེས་གང་གསུངས་པ་དེ་ནི་རང་གི་དོན་གྱི་དབང་དུ་བྱས་པས་ཉན་ཐོས་རྣམས་ཀྱི་ཡིན་གྱི་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་མ་ཡིན་ཏེ། གཞན་གྱི་དོན་ལ་རིམ་པ་ཉིད་ཀྱི་གནས་སྐབས་སྲིད་པའི་ཕྱིར་དེ་དང་འདི་མི་འགལ་ལོ། །དྲོད་ལ་སོགས་པ་འདི་ནི་བྱང་ཆུབ་གསུམ་ཐོབ་པ་ལ་རྒྱུ་སྟེ། འགའ་ཞིག་གི་རིགས་ལ་སོགས་པའི་སྟོབས་ཀྱིས་དམན་པའི་བྱང་ཆུབ་ཀྱང་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལྟར་
ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་དག་གི་དྲོད་ལ་སོགས་པ་ནི་བྱང་ཆུབ་མཆོག་ནམ་ཡང་ཐོབ་པར་མི་བྱེད་དོ། །དེ་ལ་དྲོད་གསུམ་པོ་རིམ་པ་ཇི་ལྟ་བར་ཆུང་ངུ་དང་འབྲིང་དང་ཆེན་པོའི་མོས་པའི་རང་བཞིན་ལ། སླར་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་མོས་པ་དགུ་རྣམས་རང་གི་དོན་གྱི་སྟེ།
གང་རྣམས་ཀྱིས་རང་དོན་ཁོ་ན་སྒྲུབ་པར་བྱེད་ཅིང་གཞན་དོན་ཀྱང་ཆེད་དུ་བྱ་བའི་ངོ་བོས་སོ། །རྩེ་མོ་གསུམ་པོ་དེ་ལྟ་བུའི་རང་བཞིན་ལ་དེ་ལྟ་བུའི་མོས་པ་དགུ་རྣམས་རང་གཞན་གྱི་དོན་གྱི་སྟེ་འདིར་སྦྱོར་བ་ནི་བར་ཆད་དང་བཅས་པའོ། །བཟོད་པ་གསུམ་དེ་དེ་ལྟ་བུའི་རང་བཞིན་ལ་དེ་དེ་ལྟ་བུའི་མོས་པ་དགུ་
རྣམས་གཞན་དོན་གྱི་སྟེ་འདིར་སྦྱོར་བ་ནི་བར་ཆད་མེད་པ་ཡིན་ལ། གང་གིས་ན་གང་རྣམས་ཀྱིས་གཞན་ཁོ་ནའི་དོན་དུ་འགྱུར་ཞིང་རང་གི་དོན་འགོག་པ་ནི་མ་ཡིན་ཏེ། གཞན་གྱི་དོན་དང་འགལ་བ་མེད་པས་དེ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་མོས་པ་ཉི་ཤུ་རྩ་བདུན་སྒོམ་པར་བྱེད་པའི་

བྱང་ཆུབ་སེམས་དཔའ་སྤྲོ་བའི་ཆེད་དུ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་མཛད་པའི་བསྟོད་པ་དང་བཀུར་བ་དང་བསྔགས་པ་རིམ་པ་ཇི་ལྟ་བས་དེ་ལྟ་ཁོ་ནར་ཉི་ཤུ་རྩ་བདུན་ནོ། །ཆོས་མཆོག་མོས་པ་ཐམས་ཅད་རབ་ཏུ་གྱུར་པའི་རང་བཞིན་གྱི་ནི་ཆུང་ངུའི་རྣམ་པ་ལ་མོས་
པ་ཡིད་ལ་བྱེད་པ་ཐམས་ཅད་ཀྱིས་མངོན་པར་འདུས་བྱས་པའི་བསོད་ནམས་བྱང་ཆུབ་སེམས་དཔས་བདེན་པ་གཉིས་ལས་མ་འདས་པས་ཡོངས་སུ་བསྔོས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ། །འབྲིང་གི་རྣམ་པ་ལ་རང་གིས་ཡོངས་སུ་བསྔོས་པའི་བསོད་ནམས་མངོན་
པར་འཕེལ་བའི་དོན་དུ་ཀུན་རྫོབ་ཏུ་དགེ་བའི་རྩ་བ་རྣམས་དམིགས་ནས་རབ་ཏུ་དགའ་བའི་སེམས་ཀྱིས་དོན་དམ་པར་དམིགས་སུ་མེད་པ་ཉིད་དུ་རྗེས་སུ་ཡི་རང་བས་རང་དང་གཞན་གྱི་བསོད་ནམས་བྱ་བ་མཉམ་པ་ཉིད་ཐོབ་པོ། །རེས་འགའ་རྗེས་སུ་ཡི་རང་བ་སྔོན་མ་ཅན་གྱིས་ཀྱང་ཡོངས་སུ་བསྔོ་
ཞེས་པ་འདི་དག་ལ་རིམ་པ་ངེས་པ་མེད་དོ། །ཡོངས་སུ་བསྔོ་བ་དང་། རྗེས་སུ་ཡི་རང་བ་འདི་དག་འདུན་པ་ལ་སོགས་པ་རྣམས་ན་ཡང་ཡོད་དེ་འོན་ཀྱང་འདིར་དེ་ལ་ལྟོས་པས་རབ་ཏུ་གྱུར་པ་དག་གོ་ཞེས་རྣམ་པར་གཞག་གོ། །ཆེན་པོའི་རྣམ་པ་མོས་པ་ཐམས་ཅད་རབ་ཏུ་གྱུར་པ་མཐར་ཐུག་པའི་རང་
བཞིན་ནས་བཟུང་ནས་སེམས་རང་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་བདག་དང་བདག་གི་བདག་དུ་ཞེན་པ་མེད་པས་སེམས་དུལ་བ་དང་། དགེ་བའི་བཤེས་གཉེན་ལ་སོགས་པ་རྣམས་ལ་བདག་དང་བདག་གི་བདག་གིར་མི་འདུད་པས་ང་རྒྱལ་བ་མེད་པ་དང་ལྡན་པ་དང་། རང་དང་གཞན་གྱི་ཉོན་མོངས་པ་ཟིལ་
གྱིས་གནོན་པ་དང་། བདུད་ལ་སོགས་པས་བྱས་པའི་ཉེ་བར་འཚེ་བའི་ཡུལ་མ་ཡིན་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་རུང་བ་དང་། རང་གི་རྟེན་གྱི་ཡུལ་མཆོད་བྱ་ཉིད་དུ་བྱེད་དོ་ཞེས་པ་བྱེད་པར་རྣམ་པར་གཞག་གོ། །ཤཱནྟི་པས་ནི་སེམས་དུལ་བ་ཉིད་ལ་སོགས་པ་བྱེད་པ་དྲུག་པོ་
འདི་རྣམས་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་གྱིར་བཤད་དོ། །ངེས་པར་འབྱེད་པ་བསྟེན་པ་ལ་ཕན་པ་འདི་རྣམས་ཀྱང་རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་ཁོ་ནའོ་ཞེས་པས། རྣམ་པར་རྟོག་པ་ཉོན་མོངས་པ་རྣམ་པ་བཞི་བསྟེན་པའོ། །དེ་ལ་རྣམ་པ་གཉིས་ནི་གཟུང་

བའི་རྣམ་པར་རྟོག་པ་སྟེ། གཟུང་བྱར་རྣམ་པར་རྟོག་པར་བྱེད་པའི་ཕྱིར་རོ། །ལོག་པར་རྟོག་པ་ནི་རྣམ་པར་རྟོག་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་། གཉིས་ཀ་ལ་དམིགས་པ་དང་གཉེན་པོའི་ཕྱོགས་ཀྱི་དངོས་པོ་ལ་དམིགས་པའོ། །དང་པོ་ནི་འཇིག་རྟེན་ལ་གྲགས་པའི་དངོས་པོ་ལ་དང་།
ཕྱི་མ་ནི་དེའི་གཉིས་པ་ཉན་ཐོས་ལ་སོགས་པ་ལ་གྲགས་པ་ལ་སྟེ། གོ་རིམས་བཞིན་དུ་དང་པོ་ནི་དྲོད་རྣམས་ལའོ། །གཉིས་པ་ནི་རྩེ་མོ་རྣམས་ལའོ། །རྣམ་པ་གཉིས་ནི་འཛིན་པའི་རྣམ་པར་རྟོག་པ་སྟེ་ཡོད་པ་མིན་པ་ཁོ་ནའི་འཛིན་པ་པོར་རྟོག་པར་བྱེད་པའི་ཕྱིར་ལ། སྐྱེས་བུ་རྫས་སུ་ཡོད་པ་ལ་དམིགས་པ་དང་སྐྱེས་བུ་བཏགས་
པར་ཡོད་པ་ལ་དམིགས་པའོ། །སྒྱུ་མའི་རང་བཞིན་ཉིད་ཀྱི་ཕྱིར་བཏགས་པ་རྣམས་ཏེ། དེ་དག་གོ་རིམས་བཞིན་དུ་བཟོད་པ་རྣམས་ལ་དང་ཆོས་མཆོག་རྣམས་ལའོ། །རྣམ་པར་རྟོག་པ་བཞི་པོ་འདི་རྣམས་ཀྱང་ཡུལ་གྱི་དབྱེ་བས་སོ་སོར་དབྱེ་བ་རྣམས་སོ། །དེ་ལ་དང་པོའི་གཟུང་བྱའི་དངོས་པོ་རྣམས་
ནི་མ་རིག་པ་དང་ཕུང་པོ་ལ་སོགས་པ་རྣམས་སོ། །གཉིས་པའི་ཕུང་པོ་དང་སྐྱེ་བའི་སྒོ་ལ་སོགས་པ་རྣམས་སོ། །འཛིན་པའི་ཡུལ་དང་པོ་ནི་བདག་རང་དབང་ཅན་ལ་སོགས་པའི་ངོ་བོས་སོ། །གཉིས་པ་ནི་ཕུང་པོ་ལ་སོགས་པའི་རྟེན་གྱིས་སོ། །འདི་རྣམས་ཀྱང་རབ་ཏུ་དགའ་བ་ཞེས་བྱ་བ་མཐོང་བའི་
ལམ་ལ་སྤང་བར་བྱ་བ་སྟེ། གང་འཕགས་པ་རྣམ་པར་གྲོལ་བའི་སྡེས་གསུངས་པ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་རྣམས་ཀྱི་གཉེན་པོའི་མཐོང་བའི་ལམ་མོ་ཞེས་སོ། །ཆོས་མངོན་པ་ཀུན་ལས་བཏུས་པར་ཆོས་ཀྱི་བཟོད་པ་དང་ཤེས་པ་རྣམས་ཀྱིས་གཟུང་བར་རྟོགས་སོ། །རྗེས་སུ་
རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱི་འཛིན་པ་རྟོགས་པས་སོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་ཡང་མཚན་མ་མེད་པར་སྤྱོད་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ་ཞེས་པ། འདིར་གཟུང་བ་དང་འཛིན་པ་དག་རང་བཞིན་མེད་པ་ཉིད་དུ་རྟོགས་སོ། །དེ་ཉིད་ཀྱི་ཕྱིར་མཚན་མ་མེད་པར་སྤྱོད་པ་
ཉིད་དེ་དེ་དག་ཏུ་སྒྲོ་མ་བཏགས་པའི་ཕྱིར་རོ། །གང་ཡང་མདོ་སྡེ་རྒྱན་དུ། དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་རྣམས་ལ་གོ་རིམས་བཞིན་འདི་རྣམས་སྤོང་བར་གསུངས་ལ་དེ་ནི་ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་བྱས་པར་རིག་པར་བྱའོ། །དྲོད་ལ་སོགས་པ་བཞི་ནི་མོས་པ་བརྟན་

པ་དང་ཡོན་ཏན་གྱི་སོ་སོར་གནས་སུ་གྱུར་པ་ཉིད་ཀྱི་ཕྱིར་མོས་པས་སྤྱོད་པའི་སར་བརྗོད་དོ། །དེ་ལྟར་ནི་སེམས་མཉམ་པར་གཞག་པ་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་སྒོམ་པ་པོ་གང་གི་ཚེ་དོན་ཐ་དད་པར་གྱུར་པའི་མངོན་པར་ཞེན་པ་མེད་པ་ལས། ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་
གསལ་བས་ཡིད་ཙམ་ཁོ་ནར་ལྟ་བ་དེའི་ཚེ་འདིའི་དྲོ་བར་གྱུར་པའི་གནས་སྐབས་ཏེ་དེ་ཁོ་ན་སྣང་བ་ཐོབ་པ་ཞེས་པའི་ཏིང་ངེ་འཛིན་དུ་བརྗོད་དོ། །དེའི་རྗེས་སུ་ཡེ་ཤེས་ཀྱི་སྣང་བ་འབྲིང་དུ་གསལ་བ་ནི་རྩེ་མོ་སྟེ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ནོ། །གང་གི་ཚེ་སེམས་ཙམ་ལ་གནས་པས་ཕྱི་རོལ་གྱི་དོན་
དུ་མངོན་པར་ཞེན་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བ་སྐྱེ་བ་དེའི་ཚེ་བཟོད་པའི་གནས་སྐབས་ཏེ། གཟུང་བའི་རྣམ་པ་མེད་པར་ཞུགས་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ནོ། །གང་གི་ཚེ་ཡང་དོན་འཛིན་པར་བྱེད་པའི་རྣམ་པར་གཡེང་བ་སྣང་བ་མེད་
པའི་ཡེ་ཤེས་ཀྱི་སྣང་བ་རྫོགས་པར་གྱུར་པ་དེའི་ཚེ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ཏེ་དེ་ཁོ་ན་བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། །དེའི་དེ་མ་ཐག་པའི་སྐད་ཅིག་ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་མཐོང་བའི་ལམ་མངོན་སུམ་པའི་གཉེན་པོ་སྟེ། དེའི་ཕྱིར་དེ་ཁོ་ན་ལ་
ཐམས་ཅད་སྤོང་བར་བྱེད་དོ། །གང་འདོད་པ་ཡང་། སེང་གེ་བཟང་པོས། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་རྣམས། རྩེ་མོའི་མངོན་པར་རྟོགས་པས་བསྡུས་པ་མཐོང་བ་དང་བསྒོམ་པའི་ལམ་དག་ཁོ་ན་ལ་སྤང་བར་བྱ་བའོ་ཞེས་བཤད་པ་དེ་མི་འཐད་དེ། དེའི་ཚིག་དང་སྣང་བ་ཐོབ་པ་ལ་སོགས་
པ་རྟོགས་པར་བྱེད་པ་དང་འགལ་ལོ། །ཅི་སྟེ་གཉེན་པོ་མཐོང་བའི་ལམ་མོ་ཞེས་པས་བསྒོམ་པའི་ལམ་ཉེ་བར་མཚོན་པ་སྟེ། རྩེ་མོའི་མངོན་པར་རྟོགས་པ་ལ་ཡང་འཕགས་པས་བཞེད་དོ་ཞེ་ན། དེའི་ཚེ་མདོ་སྡེ་རྒྱན་དུ་གསུངས་པའི་རིམ་པ་དང་འགལ་ཏེ། དེར་ནི་དེ་ལྟར་བཤད་ཟིན་པའི་དྲོ་བར་གྱུར་པ་ལ་
སོགས་པ་རྣམས་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །འདི་ལས་ཕ་རོལ་དུ་མཐོང་བའི་ལམ་གྱི་གནས་སྐབས་གཉིས་ལས་རྣམ་པར་གྲོལ་བའི་ཡེ་ཤེས་ཏེ་གཟུང་བ་དང་འཛིན་པ་དང་མི་ལྡན་པའི་ཕྱིར་རོ། །གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་མི་ལྡན་པའི་ཕྱིར་རྣམ་པར་མི་རྟོག་གོ། །དྲི་མ་དང་

བྲལ་བ་སྟེ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །དེ་འདིའི་བསྐལ་པ་དཔག་མེད་ཀྱིས། །ཤིན་ཏུ་རྣམ་པར་དག་པར་འགྱུར། །ཞེས་གསུངས་སོ། །གཉེན་པོའི་ཚོགས་ཀྱི་སྒྲུབ་པའི་སྐབས་སུ་ནི། དང་
པོའི་གཟུང་བྱའི་དངོས་པོ་ནི་དེ་བཞིན་ཉིད་ལ་སོགས་པ་རྣམས་དང་གཟུགས་ལ་སོགས་པ་རྣམས་དང་རྨི་ལམ་ལ་སོགས་པ་རྣམས་སོ། །གཉིས་པ་ནི་གཟུང་བྱའི་གཉེན་པོའི་དངོས་པོ་ནི་སྦྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་པ་རྣམས་སོ། །འཛིན་པ་ཡང་སྟེ་ཡུལ་དང་པོ་ནི་གང་
ཟག་རྫས་སུ་ཡོད་པ་རྒྱུན་དུ་ཞུགས་པ་ལ་སོགས་པའོ། །གཉིས་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་གང་ཟག་བཏགས་པར་ཡོད་པའོ། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་མདོར་
བསྟན་པ། རྩེ་མོའི་མངོན་པར་རྟོགས་པས་བསྡུས་པའི་མཐོང་བའི་ལམ་ལ་དང་བསྒོམ་པའི་ལམ་ལ་སྤང་བར་བྱ་བ་འདིའི་ཡང་གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་འཇུག་པའི་ཕྱོགས་ལ་བརྟེན་པ་སྟེ། གང་བྱང་ཆུབ་སེམས་དཔས་བླང་བར་བྱ་བ་དེ་འདིའི་འཇུག་པའི་ཕྱོགས་ཏེ་བྱང་ཆུབ་ཏུ་སེམས་
བསྐྱེད་པ་ཉིད་དང་རིགས་དང་ལམ་ཡང་དག་པར་འགྲུབ་པ་ལ་སོགས་པ་རྣམ་པར་རྟོག་པའི་གཟུང་བྱའོ། །གཉིས་པ་ནི་ལྡོག་པའི་ཕྱོགས་ལ་བརྟེན་པ་སྟེ། གང་བྱང་ཆུབ་སེམས་དཔའི་སྤང་བར་བྱ་བ་དེ་རྣམས་འདིའི་ལྡོག་པའི་ཕྱོགས་ཁམས་གསུམ་གྱིས་བསྡུས་པའི་ཆོས་དང་ཉན་ཐོས་དང་རང་སངས་
རྒྱས་ཀྱི་ཆོས་ཏེ་རྣམ་པར་རྟོག་པའི་གཟུང་བྱའོ། །གསུམ་པ་འཛིན་པའི་རྣམ་པར་རྟོག་པ་སེམས་ཅན་རྫས་སུ་ཡོད་པ་ལ་བརྟེན་པ་སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །འཕགས་པ་རྣམས་ཀྱི་ནི་མ་ཡིན་ཏེ་དེ་རྣམས་ཀྱིས་སྤངས་པ་ཉིད་ཀྱི་ཕྱིར་ལ་མཐོང་བས་སྤང་བྱ་རྣམས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་
ཕྱིར་འདི་ལྟ་བུའི་ཆོས་རྣམས་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་ཆོས་ཐམས་ཅད་བདག་མེད་པ་ཞེས་ཡིད་ལ་བྱེད་པ་ནི་ལྷག་པར་མོས་པ་སྟེ་འདིར་བརྗོད་པར་འདོད་པ་མ་ཡིན་ནོ། །འཛིན་པ་རྫས་སུ་ཡོད་པའི་ཆོས་རྣམས་ནི་འཛིན་པ་དང་འདོར་བ་ལ་སོགས་པ་རྣམས་ཏེ། དེ་རྣམ་པར་རྟོག་པ་རྣམས་འཕགས་པ་རྣམས་

ཀྱིས་སྤངས་པས་སོ། །བཞི་པ་སེམས་ཅན་བཏགས་པར་ཡོད་པ་ལ་བརྟེན་པ་ནི་འཕགས་པ་རྣམས་ཀྱིའོ། །དེའི་དབྱེ་བ་ཆེད་དུ་བྱ་བ་ཇི་ལྟ་བར་ངེས་པར་མི་འབྱུང་བ་ལ་སོགས་པ་རྣམས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མ་སྤངས་པའི་ཕྱིར་ལ། སོ་སོའི་སྐྱེ་བོ་རྣམས་ལ་ནི་དང་པོ་
ཡང་ཡོད་པའི་ཕྱིར་རོ། །གང་བདག་དེའི་དུས་ན་རྨ་བྱའི་རྒྱལ་པོ་ཡན་ལག་མ་སྨད་པ་ཞེས་བྱ་བ་དེར་གྱུར་ཏོ་ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་གསུང་དེ་ནི་ཐ་སྙད་པ་སྟེ་དོན་དམ་པ་པ་མ་ཡིན་ནོ། །བསྒོམ་པའི་ལམ་ལ་ནི། དང་པོའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ཀྱི་དེ་བཞིན་ཉིད་ལ་སོགས་
པ་སྤྱིའི་མཚན་ཉིད་རྣམས་ཀྱི་མདོར་བསྡུས་པ་དང་། རང་གི་མཚན་ཉིད་རྣམས་ཀྱིས་རྒྱས་པ་ཞེས་པ་མདོར་བསྡུས་པ་དང་རྒྱས་པ་ལ་སོགས་པ་གཟུང་བྱའོ། །གཉིས་པའི་བྱང་ཆུབ་ཀྱི་སེམས་མི་བསྐྱེད་པ་ལ་སོགས་པ་གཟུང་བྱའོ། །གསུམ་པའི་རྫས་སུ་ཡོད་པའི་འཛིན་པ་པོས་སེམས་ཅན་རྣམས་
གདགས་པར་བྱ་བའོ་ཞེས་པས་སེམས་ཅན་བཏགས་པ་ཞེས་པ་ལ་སོགས་པ་ཡུལ་ལོ། །བཞི་པའི་གདགས་པར་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་དེའི་རྒྱུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཡུལ་ལོ། །རྣམ་པར་རྟོག་པ་འདི་རྣམས་ཀྱང་བློ་དམན་པ་རྣམས་ཀྱིས་རྟོགས་
པའི་དོན་དུ་བཅོམ་ལྡན་འདས་མར་སོ་སོར་རྣམ་པ་དགུར་དབྱེ་བར་མཛད་དོ། །ཤེས་རབ་རྣོན་པོ་རྣམས་ཀྱིས་བརྙས་པ་སྤང་བའི་ཆེད་དུ་ཤིན་ཏུ་ཕྱེ་བ་མ་ཡིན་ནོ། །མདོར་བསྡུས་ནས་ནི་བཞི་པོ་ཁོ་ནས་རྟོགས་པར་སླའོ་ཞེས་ཁ་ཅིག་ཏུ་རྣམ་པ་དགུར་ཡང་དབྱེ་བ་མ་བྱས་ཏེ། དེ་བཞིན་དུ་ཁོ་བོས་ཀྱང་ངོ་། །
སྤང་བར་བྱ་བ་འདི་རྣམས་ལས་སྣ་ཚོགས་སུ་རབ་ཏུ་ཕྱེ་བ་གཟུང་བའི་རྣམ་པར་རྟོག་པ་དག་རྩེ་མོའི་མངོན་པར་རྟོགས་པར་མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་སུ་སྤང་བར་བྱ་བ་དག་གོ། །གཉིས་པ་འཛིན་པའི་རྣམ་པར་རྟོག་པ་དག་དངོས་གཞིའི་གནས་སྐབས་སུ་སྤང་བར་བྱ་བ་དག་གོ། །དེ་བཞིན་དུ་
བསྒོམ་པའི་ལམ་གྱིའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་མར་གསུངས་པ། ཐེག་པ་ཆེན་པོ་དེ་གང་ནས་ངེས་པར་འབྱུང་བར་འགྱུར་ན། ཁམས་གསུམ་པ་ལས་ངེས་པར་འབྱུང་བར་འགྱུར་རོ་ཞེས་སོ། །བར་མར་ཡང་། བཅོམ་ལྡན་འདས་རྣམ་པར་དག་པ་ནི་འདོད་པ་དང་གཟུགས་དང་གཟུགས་

མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །ཤཱ་རིའི་བུ་ཁམས་གསུམ་པའི་རང་བཞིན་མི་དམིགས་པས་སོ་ཞེས་སོ། །འཕགས་པས་ཀྱང་རྣམ་པར་རྟོག་པ་འདི་བརྒྱད་ནི་ཁམས་གསུམ་པར་འདོད་དོ་ཞེས་གསུངས་སོ། །སླར་ཡང་མཐོང་བའི་ལམ་གྱི་བཟོད་པ་འདི་སྐྱེས་པ་ན་འདོད་པ་དང་
གཟུགས་དང་གཟུགས་མེད་པའི་ཁམས་ཀྱིས་བསྡུས་པ་ཉོན་མོངས་པ་བརྒྱ་རྩ་བརྒྱད་མཐོང་བས་སྤང་བར་བྱ་བ་རྣམ་པར་རྟོག་པ་བཞིས་བསྡུས་པ་སྤོང་བར་བྱེད་དོ་ཞེས་སོ། །འདིར་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་རྣམས་ལས་སོ་སོར་རྣམ་པ་དགུར་ཕྱེ་བས་སུམ་ཅུ་རྩ་དྲུག་སྟེ་ཁམས་
གསུམ་དུ་གྲངས་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །འོ་ན་འཆད་པར་འགྱུར་བའི་ཚུལ་གྱིས། རྩེ་མོའི་མངོན་པར་རྟོགས་པའི་ལམ་གཉིས་ལ། བཅུ་དྲུག་པ་ལ་སོགས་པ་གཉེན་པོའི་རྣམ་པ་བཅོ་ལྔ་རྣམས་ཀྱིས་བཅུ་དྲུག་པ་ལ་སོགས་པས་མི་མཐུན་པའི་ཕྱོགས་ཀྱི་རྣམ་པའི་དབྱེ་བ་བཅོ་ལྔ་རྣམས་གཟུགས་ཀྱི་ཁམས་
ཁོ་ནར་རྣམ་པར་རྟོག་པ་བདུན་ཅུ་རྩ་གཉིས་པོ་འདི་རྣམས་སྤོང་བར་རིགས་ཀྱི། ཅི་ལྟར་འདོད་པ་དང་གཟུགས་མེད་པའི་ཁམས་བརྗོད་ཅེ་ན། བདེན་ཏེ། འོན་ཀྱང་ཁམས་གསུམ་གྱིས་བསྡུས་པ་ཉོན་མོངས་པ་བརྒྱ་རྩ་བརྒྱད་ནི་འཇིག་རྟེན་པའི་ངེས་འབྱེད་ཆ་མཐུན་གྱི་གནས་སྐབས་དང་མཚུངས་པར་ལྡན་
པ་གང་དེ་འདིར་སྤོང་བ་སྟེ། ཤུགས་ཀྱིས་རྣམ་པར་རྟོག་པ་བདུན་ཅུ་རྩ་གཉིས་ཁོ་ནའོ་ཞེས་པ་དོན་གྱིས་མི་འགལ་ལོ། །གང་གི་ཕྱིར་ཇི་ལྟར་རྣམ་པར་རྟོག་པ་བཞིའི་རབ་ཏུ་དབྱེ་བ་མ་རིག་པ་ལ་སོགས་པའི་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་པོ་ཁམས་གསུམ་དུ་བརྒྱ་རྩ་བརྒྱད་དུ་འགྱུར་བ་རྟོགས་པར་སླ་བ་
ཉིད་ཀྱིས་མ་བརྗོད་པ་རྣམས་གཟུང་བ་དང་འཛིན་པ་དག་གི་རྣམ་པར་རྟོག་པ་ཉིད་ཀྱིས་ཕྱིན་ཅི་ལོག་པའི་ཕྱིར་དང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་མངོན་པར་ཞེན་པའི་ངོ་བོ་ཕྱིན་ཅི་ལོག་གིས་བསྐྱེད་པའི་ཕྱིར་མ་རིག་པའི་ནང་དུ་འདུས་པ་རྣམས། ས་རབ་ཏུ་དགའ་བ་ལ་མ་རིག་པ་སྤངས་པས་སྤོང་
བ་དེ་བཞིན་དུ་བརྗོད་པར་འདོད་པ་མེད་པའི་དེ་བཞིན་ཉིད་ལ་སོགས་པའི་རྣམ་པར་རྟོག་པའི་དབྱེ་བ་རྣམས་དང་བརྗོད་པར་འདོད་པ་མེད་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དབྱེ་བ་རྣམས་ཀྱང་བསྒོམ་པའི་ལམ་ལ་འདོད་པའི་ཁམས་སུ་གཉེན་པོ་རྣམ་པ་དགུ་རྣམས་ཀྱིས་མ་རིག་པ་དགུ་སྤངས་པ་ཁོ་ནས་སྤོང་ལ།

གཟུགས་ཀྱི་ཁམས་སུ་ཡང་གཉེན་པོ་རྣམ་པ་བཅོ་ལྔས་མ་རིག་པ་རྣམ་པ་བཅོ་ལྔ་སྤངས་པ་ཁོ་ནས་སོ། །གཉེན་པོའི་རྣམ་པ་བཅོ་ལྔ་རྣམས་ཀྱིས་མ་རིག་པའི་རྣམ་པ་བཅོ་ལྔ་རྣམས་ནི་སྔར་དང་འདྲ་བར་གདུལ་བྱའི་ངོར་གསུངས་པ་དེ་བཞིན་ཉིད་ལ་སོགས་པ་གཟུང་བ་དང་རྫས་སུ་ཡོད་པའི་རྒྱུན་
དུ་ཞུགས་པ་ལ་སོགས་པ་འཛིན་པའི་རྣམ་པར་རྟོག་པའི་རབ་ཏུ་དབྱེ་བ་བདུན་ཅུ་རྩ་གཉིས་སྤོང་ངོ་། །མ་རིག་པའི་རྣམ་པ་གཞན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དབྱེ་བར་མ་གསུངས་པ་རྣམས་ནི་གཉེན་པོའི་རྣམ་པ་གཞན་རྣམས་ཀྱིས་སྤོང་ངོ་། །བསམ་གཏན་བཞི་པ་དང་གཟུགས་
མེད་པའི་ཁམས་སུ་ཡང་གདོན་མི་ཟ་བར་འདི་ལྟར་གདམས་པར་བྱའོ། །གཞན་དུ་ན་འཆད་པར་འགྱུར་བའི་རྣམ་པར་གཞག་པ་དང་ཅི་ལྟར་མི་འགལ། འཕགས་པས་མཛད་པའི་རྣམ་པར་གཞག་པ་རྣམས་ལ་ཕན་ཚུན་འགལ་བ་རྨི་ལམ་ན་ཡང་མེད་དོ་ཞེས་པ་རྒྱས་པས་ཆོག་གོ། །རྣམ་པར་
རྟོག་པའི་རྣམ་པ་འདི་ལྟ་བུ་རྣམས་སྔར་ཉིད་དུ་སྤངས་པ་མ་ཡིན་ནམ། མི་སྲིད་པའི་ཕྱིར། ཅི་ལྟར་རྟོགས་པ་རབ་ཏུ་གྱུར་པ་མཐར་ཐུག་པའི་གནས་སྐབས་འདི་ལ་སྤང་བར་བསྟན་ཞེ་ན། སྐྱོན་མེད་དེ་གང་གི་ཕྱིར་གསང་བ་ཕྲ་མོ་ལ་འཇུག་པ་དང་མངོན་པར་ཤེས་པ་ཆེན་པོའི་གེགས་ཀྱིས་ཀུན་དུ་
རྨོངས་པ་དག་དང་དེའི་ས་བོན་ཡང་ས་བཅུ་པ་ལ་སྤོང་ངོ་ཞེས་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོར་གསུངས་སོ། །ཡང་དགོངས་པ་ངེས་པར་འགྲེལ་པར། བག་ལ་ཉལ་སྟོབས་ཆུང་བ་ནི་ས་དྲུག་པ་དང་བདུན་པ་ལ་ཉོན་མོངས་པ་ཕྲ་མོ་ཀུན་དུ་སྤྱོད་པ་ཉིད་ཉེ་བར་བཟུང་ནས་
སོ། །བག་ལ་ཉལ་ཕྲ་མོ་ནི་ས་བརྒྱད་པ་ལ་སོགས་པ་རྣམས་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཉོན་མོངས་པ་ཀུན་དུ་སྤྱོད་པ་མེད་པས་ཤེས་བྱའི་སྒྲིབ་པའི་རྟེན་ཙམ་ཉེ་བར་བཟུང་ནས་སོ་ཞེས་སོ། །དེའི་ཕྱིར་ཇི་སྐད་བརྗོད་པའི་བག་ཆགས་དང་བཅས་པའི་ཀུན་དུ་རྨོངས་པའི་རྒྱུ་ཆད་པས། རྒྱུ་
ཅན་རྣམ་པ་འདི་ལྟ་བུའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་རྣམས་རྟོགས་པ་རབ་ཏུ་གྱུར་པ་མཐར་ཐུག་པའི་རང་བཞིན་ཉིད་ཀྱིས་ས་བཅུ་པ་དང་འབྲེལ་པའི་རྩེ་མོའི་མངོན་པར་རྟོགས་པ་ལ་ངེས་པར་སྤོང་བར་རྟོགས་པར་བྱ་སྟེ། གཞན་དུ་ནི་རེས་འགའ་བས་སྤོང་ཞེས་སྔོན་གྱི་སློབ་དཔོན་

རྣམས་སོ། །འདིར་ནི་མདོར་བསྡུས་པའི་དོན་ཏེ་ཇི་སྐད་བརྗོད་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བ་ཁོ་ན་སྟེ་ཕྱིན་ཅི་ལོག་དེ་ནི་ཐོག་མ་མེད་པའི་དུས་ཅན་དངོས་པོ་ལ་སོགས་པར་མངོན་པར་ཞེན་པའི་མཚན་ཉིད་ཅན་ནོ། །དེའི་ཕྱིར་དེ་ལས་
བཟློག་པའི་དམིགས་པ་དང་རྣམ་པ་ཅན་ཉིད་ཀྱིས་དེ་དང་འགལ་བ་རང་བཞིན་མེད་པའི་ཡེ་ཤེས་ལས་སྤོང་བར་བྱེད་པ་ཁོ་ནའོ། །དེ་སྤངས་ན་དེའི་རྩ་བ་ཅན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ཅི་ལྟར་གནས་པ་ཐོབ་ཅེས་པའོ། །དེ་ཉིད་ཀྱི་ཕྱིར། མདོ་འགའ་
ཞིག་ཏུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ཀྱི་དབྱེ་བ་རྣམ་པར་གཞག་པ་མ་མཛད་ལ། འགའ་ཞིག་ཏུ་འདོད་ཆགས་ལ་སོགས་པ་བག་ལ་ཉལ་དགུ་རྣམས་ཀྱི་ཡང་སྟེ། དངོས་པོ་དང་དངོས་པོ་མེད་པར་མངོན་པར་ཞེན་པའི་ངོ་བོ་མ་རིག་པ་སྤངས་པ་ཁོ་ན་ལས་དེའི་རྒྱུ་ཅན་གཟུང་བའི་
རྣམ་པར་རྟོག་པ་ལ་སོགས་པ་རྣམས་ངེས་པར་སྤོང་བར་མངོན་པར་དགོངས་པས་སོ། །དེ་ཉིད་ཀྱི་ཕྱིར། དངོས་སུ་མ་རིག་པ་དང་འགལ་བའི་བྱང་ཆུབ་ཀྱི་སེམས་ཁོ་ན་ཐམས་ཅད་ཀྱིས་ངེས་པར་བསྒོམ་པར་བྱ་བར་ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཚུལ་ཐམས་ཅད་དུ་བསྟན་
ཏེ། སྐྱེ་མེད་འཇིག་པ་མེད་པ་ཡི། །ཆོས་ཀྱི་དབྱིངས་ནི་འགྲོ་ལ་སྙོམས། །ཞེས་པ་ལ་སོགས་པ་ཉན་ཐོས་ཀྱི་མདོ་ལ་སོགས་པ་རྣམས་སུ་བསྟན་ཏོ། །དྲོད་ལ་སོགས་པ་རྣམས་དབང་པོ་དང་སྟོབས་ཀྱི་བདག་ཉིད་དུ་སྔར་བརྗོད་ཟིན་ལ་འཇུག་པའི་སྒྲུབ་པའི་ངོ་བོ་ཉིད་དུ་ཡང་ངོ་། །དེ་ཡང་ཐེག་པ་
ཆེན་པོ་ལ་འཇུག་པ་དང་དེ་ལ་འཛེག་པའོ། །དེ་ཡང་དོན་གཅིག་པ་ཉིད་ཀྱིས་འཇུག་པ་ནི་ཐེག་པ་ལ་འཛེག་པ་ཡིན་ལ་འཛེག་པ་ཡང་འཇུག་པའོ་ཞེས་མིང་ལས་གཅིག་ཁོ་ནའོ་ཞེས་འཕགས་པའོ། །བཅོམ་ལྡན་འདས་མར་ཡང་། ཐེག་པ་ཆེན་པོ་ལ་འཇུག་པ་དང་ཐེག་པ་ཆེན་པོ་ལ་
འཛེག་པ་ཞེས་སོ། །འདིས་འགྲོ་བ་དང་། དེར་འགྲོ་བའོ་ཞེས་པས་དང་པོར་འཇུག་པའི་སྒྲུབ་པས་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱིས་ཆོས་ལ་འཇུག་པ་ཡིན་ལ། ཕྱི་ནས་དེ་གོང་ནས་གོང་དུ་ཁྱད་པར་དུ་རྟོགས་པས་ཡང་དག་པར་འཛེག་པའོ། །ཞེས་པ་ཚིག་གཉིས་སོ། །དེའི་ཕྱིར་

འཇུག་པ་ནི་འགྲོ་བར་རྩོམ་པ་དང་འགྲོ་བ་དང་གནས་ནས་འགྲོ་བ་རྣམས་རིམ་པ་ཇི་ལྟ་བར་མོས་པ་སྤྱོད་པའི་ས་དང་། རབ་ཏུ་དགའ་བ་ནས་བཟུང་སྟེ་བདུན་པ་ཇི་སྲིད་པར་དང་མི་གཡོ་བ་ལ་སོགས་པ་རྣམས་ལའོ་ཞེས་སློབ་དཔོན་དབྱིག་གཉེན་བཞེད་པ་སྟེ་སྔར་བརྗོད་དོ། །
དང་པོ་ནི་མོས་པ་ཡིན་ལ་བདུན་རྣམས་སུ་འབད་པས་འགྲོ་བ་ཡིན་ཞིང་བརྒྱད་པ་ལ་སོགས་པ་རྣམས་སུ་ལྷུན་གྱིས་གྲུབ་པའི་ཐེག་པ་ཁོ་ན་སྟེ། ལེགས་པར་འབྱར་བའི་ཤིང་རྟ་ལ་སོགས་པས་ལྟར་འདིའི་འགྲོ་བ་རབ་ཏུ་བསྒྲུབ་པར་བྱའོ། །དེའི་ཕྱིར་དང་པོར་བྱང་ཆུབ་སེམས་དཔས་ཐེག་པ་ཆེན་པོ་
ལམ་གྱི་རང་བཞིན་ལ་འཇུག་གོ། །དེ་ལ་ལམ་གྱི་རབ་ཏུ་དབྱེ་བ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་བསམ་གཏན་དང་གཟུགས་མེད་པ་དང་རྣམ་པར་ཐར་པ་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་ཟད་པར་དང་ཏིང་ངེ་འཛིན་དང་
ཤེས་པ་དང་དབང་པོ་དང་ཏིང་ངེ་འཛིན་དང་རྗེས་སུ་དྲན་པ་དང་ཚད་མེད་པ་དང་། ནོར་དང་རྣམ་པར་རྟོག་པ་དང་སྤྱན་དང་མངོན་པར་ཤེས་པ་དང་གཟུངས་དང་དབང་པོ་དང་སྟོབས་དང་མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་རྣམས་སོ། །དེ་ལ་
བསམ་གཏན་རྣམ་བཞི་སྟེ། བསམ་གཏན་དང་པོ་ཉོན་མོངས་པའི་འདོད་པ་དང་མི་ལྡན་པ་དང་། དངོས་པོ་དང་འདོད་པ་རྣམས་མི་དམིགས་པའི་ཕྱིར་འདོད་པ་རྣམས་ཀྱིས་དབེན་པ། ཉོན་མོངས་པའི་འདོད་པའི་རྒྱུ་ཅན་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་མི་དགེ་བ་རྣམས་དང་བྲལ་བ་རྟོག་པ་
དང་བཅས་དཔྱོད་པ་དང་བཅས་པ་ནི་འདོད་པའི་གཉེན་པོ་རྟོག་པ་དང་དཔྱོད་པ་དག་དང་ལྡན་པ་ལས་ཏེ་འདོད་པའི་དོན་གྲུབ་པས་དང་ལུས་དང་སེམས་ཤིན་ཏུ་སྦྱངས་པས་དགའ་བ་དང་བདེ་བ་དང་ལྡན་པའི་སྙོམས་པར་འཇུག་པ་ཉམས་སུ་མྱོང་བའོ། །གཉིས་པ་ནི་རྟོག་པ་དང་དཔྱོད་པ་རྣམས་སེམས་འཁྲུག་
པར་བྱེད་པ་ཉིད་ཀྱི་སྐྱོན་དུ་མཐོང་བའི་ཕྱིར། དེ་རྣམས་ལ་སེམས་བཟློག་སྟེ་ཏིང་ངེ་འཛིན་པར་བྱེད་པས་དེ་རྣམས་ཐམས་ཅད་ཀྱིས་ཐམས་ཅད་སྤངས་པ་ལས་རྟོག་པ་མེད་ལ་དཔྱོད་པ་མེད་པ་ཉིད་ཀྱིས་ནང་རབ་ཏུ་དང་བ་དང་མཚུངས་པར་ལྡན་པའོ། །གསུམ་པ་ནི་བཏང་སྙོམས་པ་སྟེ་རྟོག་པ་དང་དཔྱོད་

པ་བཞིན་དུ་དགའ་བ་ཡང་རགས་པ་ཉིད་ཀྱིས་བཏང་སྙོམས་སུ་བྱེད་པའི་ཕྱིར་དང་དྲན་པ་དང་ཤེས་བཞིན་དང་ལྡན་པ་སྟེ། དགའ་བའི་གོ་སྐབས་མི་འབྱེད་པའི་ཆེད་དུ་དེ་དག་གི་ཤེས་རབ་མང་དུ་བྱེད་པའི་ཕྱིར་དང་། གཟུགས་ཀྱི་ལུས་དང་ཡིད་ཀྱི་ལུས་དག་ཚོར་བ་བདེ་བ་དང་ཤིན་ཏུ་སྦྱངས་པའི་
བདེ་བ་ལ་སྦྱོར་བ་ལས་བདེ་བ་དང་ལྡན་པའོ། །བཞི་པ་ནི་བདེ་བ་ཡང་མེད་སྡུག་བསྔལ་ཡང་མེད་པ་སྟེ་སྡུག་བསྔལ་བ་དང་། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔར་སྤངས་པའི་ཕྱིར། བསམ་གཏན་བཞི་པས་ནི་བདེ་བ་ཡང་ངོ་། །བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་སྟེ། དེ་
དག་འདིར་ཤིན་ཏུ་རྣམ་པར་དག་པ་ཐོབ་པའི་ཕྱིར་རོ། །དེ་ལ་བསམ་གཏན་དང་པོའི་ཡན་ལག་རྣམ་ལྔ་སྟེ། རྟོག་པ་དང་དཔྱོད་པ་དག་གཉེན་པོའི་ཡན་ལག་སྟེ་དེ་དག་གིས་འདོད་པ་དང་གནོད་སེམས་དང་འཚེ་བའི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་རོ། །དགའ་བ་དང་བདེ་བ་དག་ཕན་ཡོན་གྱི་
ཡན་ལག་གོ། །སེམས་རྩེ་གཅིག་པ་ནི་དེ་གཉིས་ཀའི་རྟེན་གྱི་ཡན་ལག་སྟེ་ཏིང་ངེ་འཛིན་ལ་བརྟེན་པའི་སྟོབས་ཀྱིས་དགེ་བའི་རྣམ་པར་རྟོག་པ་ལ་སོགས་པ་འཇུག་པའི་ཕྱིར་རོ། །གཉིས་པ་ཡན་ལག་བཞི་རྣམས་ཏེ། ནང་རབ་ཏུ་དང་བ་གཉིས་པོའི་ཡན་ལག་ཡིན་ལ། ཡན་ལག་ལྷག་མ་
སྔར་བཞིན་ནོ། །གསུམ་པའི་ཡན་ལག་རྣམ་ལྔ་སྟེ། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་ནི་གཉེན་པོའི་ཡན་ལག་གོ། །བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ། །རྟེན་གྱི་ཡན་ལག་ནི་སྔ་མ་བཞིན་ནོ། །བཞི་པའི་ཡན་ལག་བཞི་རྣམས་ཏེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་
པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་གོ། །སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་ཕན་ཡོན་གྱི་ཡན་ལག་གོ། །རྟེན་གྱི་ཡན་ལག་ནི་སྔ་མ་བཞིན་ནོ། །དེ་ལས་བསམ་གཏན་དང་པོ་བསྒོམས་པས་ཚངས་རིས་ཀྱི་ལྷ་རྣམས་ནས་ཚངས་པ་ཆེན་པོ་ཇི་སྲིད་པར་དང་སྐལ་བ་
མཉམ་པར་སྐྱེའོ། །གཉིས་པས་འོད་གསལ་བ་རྣམས་ཇི་སྲིད་པར་དང་ངོ་། །གསུམ་པས་དགེ་རྒྱས་པ་རྣམས་ཇི་སྲིད་པར་དང་ངོ་། །བཞི་པས་འབྲས་བུ་ཆེ་བ་ཇི་སྲིད་པར་དང་ངོ་། །དེའི་སྟེང་དུ་གནས་གཙང་མ་རྣམས་སུ་འཕགས་པ་རྣམས་ཁོ་ན་སྐྱེའོ། །གཟུགས་མེད་པ་བཞི་རྣམས་ཁོ་ན་

ནི་གཟུགས་མེད་པ་ཁོ་ན་ཉིད་རྣམས་ཏེ། དེ་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་གཟུགས་ཀྱི་འདུ་ཤེས་རྣམས་དང་གྱོང་དང་ར་བ་ལ་སོགས་པ་སྒྲིབ་པའི་འདུ་ཤེས་རྣམས་དང་ཁང་བཟངས་དང་སྐྱེད་མོས་ཚལ་དང་རི་དང་ཆུ་བོ་དང་། ཟླ་བ་དང་ཉི་མ་ལ་སོགས་པ་སྣ་ཚོགས་ཉིད་ཀྱི་
འདུ་ཤེས་རྣམས་ལ་འདོད་ཆགས་དང་བྲལ་ནས་ཐམས་ཅད་དུ་ནམ་མཁའི་འདུ་ཤེས་བསྒོམས་པས། དེ་རྣམས་རྣམ་པ་ཐམས་ཅད་དུ་སྣང་བ་མེད་པ་ལས་ནམ་མཁའ་མཐའ་ཡས་སོ་ཞེས་འདི་ལྟར་འདིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་དམིགས་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་
པར་བྱས་ནས་གནས་སོ། །དེ་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་པར་མོས་པར་བྱས་པ་དེ་ཁོ་ན་མཐའ་ཡས་པར་མོས་ཏེ་ཐམས་ཅད་དུ་ནམ་མཁའི་འདུ་ཤེས་བཟློག་པ་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་གོང་དུ་བསྐྱོད་པས་དམིགས་
པ་ཅི་ཡང་མི་མཐོང་བ་ཅི་ཡང་མེད་དོ་ཞེས་པ་ནི་ཅི་ཡང་མེད་པ་སྟེ། དེ་ཁོ་ན་དམིགས་པར་བྱས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །ཅི་ཡང་མེད་པ་ཉིད་ཀྱིས་འདུ་ཤེས་ལ་ཡང་ཆགས་པ་དང་བྲལ་བ་ནི་དེ་ཡང་ཟློག་པར་བྱེད་ལ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་
གང་ཡང་དག་པར་བསྒྲུབས་པས་ན། ཅི་ཡང་གི་འདུ་ཤེས་ནི་སྔར་ཁོ་ནར་བཟློག་ཟིན་པ་དེའི་ཕྱིར་འདུ་ཤེས་མེད་ཅིང་། འདུ་ཤེས་ཕྲ་བ་ནི་འཇུག་པ་ཁོ་ན་སྟེ་རྣམ་པར་གྲོལ་བ་མ་ཡིན་པ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས། ཉམས་སུ་མྱོང་བར་བྱེད་དོ། །
གཟུགས་མེད་པ་ཉིད་འདི་རྣམས་ལ་ཡན་ལག་རྣམ་པར་གཞག་པ་མེད་དེ། ཞི་གནས་སུ་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་བརྒྱད་པོ་འདི་རྣམས་བསམ་གཏན་དང་གཟུགས་མེད་པ་ཉིད་རྣམས་ཏེ། དེ་རྣམས་ལ་བྱང་ཆུབ་སེམས་དཔའ་ཉི་མ་སོ་སོར་སྙོམས་པར་འཇུག་ལ། སྙོམས་པར་འཇུག་པའི་
སྔོན་དང་རྗེས་ལ་ཡང་ནམ་མཁའི་རྣམ་པ་དང་རྟགས་དང་མཚན་མ་རྣམས་ཡིད་ལ་བྱེད་དོ། །དེ་ལ་ཆོས་འདི་རྣམས་ཐམས་ཅད་ལྡན་པ་མ་ཡིན་མི་ལྡན་པ་མ་ཡིན་པའོ་ཞེས་པ་ནམ་མཁའི་རྣམ་པ་སྟེ། ཐ་དད་དང་ཐ་དད་མེད་པར་ཁས་མི་ལེན་པའི་ཕྱིར་རོ། །གཟུགས་མེད་པ་བསྟན་དུ་མེད་པ་ཐོགས་པ་

མེད་པ་ཞེས་པ་རྣམས་ནམ་མཁའི་རྟགས་ཏེ་དེ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་པ་ནམ་མཁའི་མཚན་མ་སྟེ་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ཀྱི་མཚན་མ་སོ་སོར་སྣང་བའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་རྣམས་ལ་ཡང་སྙོམས་པར་
འཇུག་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ། གཟུགས་ཅན་གཟུགས་རྣམས་བལྟའོ་ཞེས་པ་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་ཅན་མ་ཡིན་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟའོ་ཞེས་པ་གཉིས་པའོ། །སྡུག་པའོ་ཞེས་མོས་པར་འགྱུར་རོ་ཞེས་པ་གསུམ་པའོ། །
འདི་གསུམ་རྣམས་ནི་འདི་རྣམས་ཀྱིས་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པས་སྤྲུལ་པའི་སྒྲིབ་པའི་གཉེན་པོའི་ཕྱོགས་ཉིད་ཡིན་པའི་ཕྱིར་རྣམ་པར་ཐར་པ་རྣམས་སོ། །དེ་ལ་དང་པོ་དག་མི་སྡུག་པ་སྟེ་གསུམ་པ་སྡུག་པའོ། །རྣལ་འབྱོར་པ་འགའ་ཞིག་འདོད་པ་ན་སྤྱོད་པའི་ཁ་དོག་ལ་ཆགས་པ་ལ་
སོགས་པའི་གཉེན་པོར་ནང་གི་སྐྲ་ལ་སོགས་པ་ལ་དམིགས་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་དེའི་དེ་མ་ཐག་ཁོ་ནར་ཕྱི་རོལ་གྱི་རྣམ་པར་བསྔོས་པ་ལ་སོགས་པ་ལ་དམིགས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའམ་བསམ་གཏན་དང་པོའི་ས་པའི་ཁ་དོག་ལ་ཆགས་པ་ལ་སོགས་
པའི་གཉེན་པོར་བསམ་གཏན་གཉིས་པ་ལ་སྟེ་དེ་གཟུགས་ཅན་གཟུགས་རྣམས་ལ་ལྟའོ་ཞེས་བརྗོད་པར་བྱའོ། །ནང་གི་གཟུགས་ལ་སོགས་པ་དམིགས་པའི་ཕྱིར་གཟུགས་ཅན་ཞེས་བརྗོད་ལ། ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་རྣམས་ལ་ལྟའོ་ཞེས་པ་སྟེ། མོས་པས་སྤྲུལ་པ་རྣམས་
ཡིད་ཀྱིས་མཐོང་ངོ་ཞེས་པའི་དོན་ཏོ། །ཁ་ཅིག་ནང་གི་ལ་མ་དམིགས་པ་ཁོ་ནར་ཕྱི་རོལ་གྱི་རྣམ་པར་བསྔོས་པ་ལ་སོགས་པ་ལ་དམིགས་ནས་བསམ་གཏན་དང་པོའམ་གཉིས་པ་ལ་སྔ་མ་བཞིན་སྙོམས་པར་འཇུག་པ་དེ་ནང་གཟུགས་མེད་པར་འདུ་ཤེས་ལས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟའོ་ཞེས་པར་
བརྗོད་པར་བྱའོ། །དེ་བཞིན་དུ་མི་སྡུག་པ་བསྒོམས་པས་སེམས་ཀྱི་རྒྱུད་ཞུམ་པ་དགའ་བར་བྱ་བའི་ཆེད་དུ་ཅི་བདག་ལ་ཡིད་དུ་འོང་བའི་གཟུགས་རྣམས་སྡུག་པར་ཡིད་ལ་བྱས་ནས་ཁ་དོག་ལ་ཆགས་པ་ལ་སོགས་པ་སྐྱེ་བའམ་མ་ཡིན་ཞེས་ཉམས་སད་པས་ཡིད་དུ་འོང་བའི་གཟུགས་རྣམས་ལ་དམིགས་

ནས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་བཞིན་པས་སྡུག་པ་དང་མི་སྡུག་པའི་གཟུགས་རྣམས་སྤྲུལ་ཏེ། དེ་རྣམས་ལ་རོ་གཅིག་པའི་འདུ་ཤེས་ཐོབ་པ་ལས་རིམ་པ་ཇི་ལྟ་བར་འབད་པ་དང་མི་མཐུན་པ་ཉིད་སྤང་བའི་དོན་དུ་སྡུག་པའོ་ཞེས་མོས་པར་འགྱུར་རོ་ཞེས་བརྗོད་
དོ། །དེ་ལྟར་གཟུགས་ཅན་གྱི་རྣམ་པར་ཐར་པ་རྣམས་སོ། །གཟུགས་ཅན་མ་ཡིན་པ་ལྔ་རྣམས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནས་འདུ་ཤེས་དང་ཚོར་བ་དང་འགོག་པའི་རྣམ་པར་ཐར་པའི་བར་རོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་གཟུགས་
མེད་པ་བཞི་རྣམས་དག་པ་པ་རྣམས་དེའི་རོ་མྱང་བའི་སྒྲིབ་པའི་གཉེན་པོ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པ་ཡིན་ལ། ཞི་བའི་གནས་པ་རྣམས་སུ་ཡང་བརྗོད་དོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་ཐར་པ་དང་རྗེས་སུ་མཐུན་པའི་གནས་པ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་བརྟེན་ནས་
འདས་ཏེ། གང་ལྡང་བ་ལས་སྔ་རོལ་དུ་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་མཆོག་ཏུ་རབ་ཏུ་ཞི་བའི་གནས་པའོ། །དེའི་སྒྲིབ་པ་སྤོང་བའི་ཕྱིར་རྣམ་པར་ཐར་པ་རྣམས་སོ། །བསམ་གཏན་བཞི་པ་རྣམས་དང་གཟུགས་མེད་པ་ཉིད་བཞི་པ་རྣམས་དང་འདུ་ཤེས་དང་ཚོར་བ་འགོག་པ་ཞེས་པ་
མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ལ་སྙོམས་པར་འཇུག་གོ། །དགུ་པོ་དེ་འཇིག་རྟེན་ལས་འདས་པའི་ལམ་དུ་སྡུད་པའི་དོན་གྱིས་ཏེ། འགོག་པའི་སྙོམས་པར་འཇུག་པ་ནི་དེས་ཐོབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་འཕགས་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་
རྣམས་ལ་ཡང་སྙོམས་པར་འཇུག་གོ། །དམིགས་པ་ཟིལ་གྱིས་གནོན་པའི་ཕྱིར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཏེ་སེམས་གནས་པ་རྣམས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཡིན་ལ། དེ་བརྒྱད་པོ་རྣམས་སོ། །དེ་ལ་རྣམ་པར་ཐར་པ་དང་པོ་ལས་གཉིས་དག་མངོན་པར་འགྲུབ་ལ།
གཉིས་པོ་ལས་ཀྱང་གཉིས་དག་སྟེ། གསུམ་པ་ལས་བཞི་རྣམས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་རྣམས་ལྟ་ཞིང་། དེ་རྣམས་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་ལ་དེ་ལྟར་འདུ་ཤེས་པར་ཡང་འགྱུར་རོ།

ཞེས་པ་དང་པོའོ། །དེ་ལྟར་ཆེན་པོ་རྣམས་ཞེས་པ་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་རྣམས་ལྟ་ཞིང་དེ་རྣམས་ཞེས་པ་ལ་སོགས་པ་གསུམ་པའོ། །དེ་ལྟར་ཆེན་པོ་རྣམས་ཞེས་པ་བཞི་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་
གཟུགས་སྔོན་པོ་རྣམས་ལྟ་ཞིང་དེ་རྣམས་ཞེས་པ་ལ་སོགས་པ་ལྔ་པའོ། །དེ་བཞིན་དུ་སེར་པོ་རྣམས་ཞེས་པ་དྲུག་པའོ། །དེ་བཞིན་དུ་དམར་པོ་རྣམས་ཞེས་པ་བདུན་པའོ། །དེ་བཞིན་དུ་དཀར་པོ་རྣམས་ཞེས་པ་བརྒྱད་པའོ་ཞེས་སོ། །དེ་ལ་གཟུགས་ཆུང་ངུ་རྣམས་ནི་སེམས་ཅན་དུ་བགྲང་བ་རྣམས་
ཏེ་ཚད་ཆུང་བ་ཉིད་ཀྱི་ཕྱིར་རོ། །ཆེན་པོ་རྣམས་ནི་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཁྱིམ་དང་གཞལ་མེད་ཁང་དང་རི་ལ་སོགས་པ་རྣམས་ཏེ་ཚད་ཆེ་བ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཇི་ལྟར་རིགས་པར་རྣམ་པར་ཐར་པ་རྣམས་ཀྱིས་མོས་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ཟིལ་གྱིས་གནོན་ཏེ་ཡང་
དང་ཡང་ནུབ་ཅིང་མི་མཐོང་བར་བྱེད་པའི་ཕྱིར་རོ། །ཟིལ་གྱིས་མནན་ནས་ཞི་གནས་ཀྱིས་ཤེས་ཤིང་ལྷག་མཐོང་གིས་མཐོང་ལ་དེ་ལྟར་འདུ་ཤེས་པར་འགྱུར་ཏེ་མངོན་པའི་ང་རྒྱལ་མེད་པ་ཉིད་ཀྱི་ཕྱིར་རོ། །ཟད་པར་བཅུ་རྣམས་ལ་ཡང་སྙོམས་པར་འཇུག་སྟེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ཟིལ་
གྱིས་མནན་ནས་འདི་རྣམས་ཀྱིས་ས་ལ་སོགས་པ་རྣམས་མཐའ་དག་པར་ཀུན་ནས་རྒྱས་པར་བྱེད་པའི་ཕྱིར་ཟད་པར་རྣམས་སུ་བརྗོད་དོ། །རེས་འགའ་དེ་རྣམས་ཁོ་ན་སྐྱེ་མཆེད་རྣམས་སོ་ཞེས་པ་ཟད་པར་གྱི་སྐྱེ་མཆེད་རྣམས་སུ་བརྗོད་ལ། རེས་འགའ་ནི་ས་ལ་སོགས་པ་རྣམས་ཀྱིས་ཁྱད་པར་དུ་བྱས་ནས་
བསྟན་ཏེ། ཟད་པར་ས་དང་ཟད་པར་ཆུ་དང་ཟད་པར་མེ་དང་ཟད་པར་རླུང་དང་ཟད་པར་སྔོན་པོ་དང་ཟད་པར་སེར་པོ་དང་ཟད་པར་དམར་པོ་དང་ཟད་པར་དཀར་པོ་དང་ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་པའོ། །འདི་རྣམས་ཀྱང་དགོངས་པའི་དོན་དུ་
དེ་ཁོ་ན་ཉིད་མ་ཡིན་པའི་ངོ་བོ་ཁོ་ནས་སྒོམ་སྟེ། དེའི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་པའི་ངོ་བོ་ཁོ་ནས་རྣལ་འབྱོར་པ་རྣམས་ལ་འདི་རྣམས་སོ་སོར་སྣང་ངོ་། །ཏིང་ངེ་འཛིན་གསུམ་རྣམས་ནི་རྣམ་པར་ཐར་པའི་རང་བཞིན་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་ཀུན་དུ་བརྟགས་པའི་རང་བཞིན་ནོ། །

དེ་ཤིན་ཏུ་ཡོད་པ་མ་ཡིན་པའི་ཕྱིར་དེས་དེ་རྣམས་སྟོང་པར་ཡོངས་སུ་ཤེས་པའི་ཆེད་དུ་སྟོང་པ་ཉིད་ཆོས་ཀྱི་བདག་མེད་པ་སྒོམ་པར་བྱེད་དོ་ཞེས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །རང་བཞིན་མེད་པ་ཉིད་ནི་ཡོངས་སུ་གྲུབ་པའི་རང་བཞིན་ཏེ་གཟུགས་
དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་སྐྱེས་པ་དང་བུད་མེད་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་མཚན་མ་རྣམས་དང་བྲལ་བ་ཉིད་ཀྱིས་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་མཚན་མ་མེད་པའོ། །དེས་ན་དེ་རྣམས་མཚན་མ་མེད་པ་མངོན་དུ་བྱ་བའི་དོན་དུ་སྒོམ་པར་བྱེད་དོ་ཞེས་པ་མཚན་མ་མེད་
པའི་ཏིང་ངེ་འཛིན་ཏེ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །ཁམས་གསུམ་པ་ནི་རྒྱུ་དང་རྐྱེན་གཞན་གྱི་དབང་གི་རང་བཞིན་ཏེ། གང་ཟག་དང་ཆོས་སུ་མངོན་པར་ཞེན་པ་ཕྱིན་ཅི་ལོག་གི་རྩ་བ་ཅན་ཡང་ཉོན་མོངས་པའོ། །དེའི་ཕྱིར་འདི་ནི་སྤང་བར་བྱ་བ་སྟེ་སྨོན་པར་འོས་པ་མ་ཡིན་ལ། དེས་ན་སྨོན་
པ་མིན་པ་དེ་རྣམས་ལ་སྨོན་པར་མི་བྱེད་དོ་ཞེས་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །ལ་ལར་རྣམ་པར་ཐར་པའི་སྒོ་བཞི་པ་ཡང་གསུངས་པ། ནམ་མཁའ་རང་བཞིན་དུ་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་ཕྱིར་མངོན་པར་འདུས་མ་བྱས་པའོ་ཞེས་སོ། །ཤེས་
པ་བཅུ་གཉིས་པོ་སྔར་བརྗོད་པ་རྣམས་ཏེ་དེ་ལ་སྡུག་བསྔལ་ཕྱིས་སྐྱེ་བར་མི་འགྱུར་རོ་ཞེས་པའི་ཤེས་པ་ནི་སྡུག་བསྔལ་ཤེས་པའོ། །ཉོན་མོངས་ལ་སོགས་པ་རྣམས་སྤངས་སོ་ཞེས་ཤེས་པ་ནི་ཀུན་འབྱུང་བ་ཤེས་པའོ། །སྡུག་བསྔལ་འགགས་སོ་ཞེས་ཤེས་པ་ནི་འགོག་པ་ཤེས་པའོ། །ལམ་
གང་བསྒོམ་པས་འགོག་པ་མངོན་དུ་བྱེད་པ་དེའི་ཤེས་པ་སྟེ། ལམ་འདིས་སྡུག་བསྔལ་འགགས་སོ་ཞེས་པ་ལམ་ཤེས་པའོ། །འདོད་ཆགས་ལ་སོགས་པ་ཟད་པར་ཤེས་པ་ནི་ཟད་པ་ཤེས་པའོ། །འདོད་ཆགས་ལ་སོགས་པ་སྐྱེ་བར་མི་འགྱུར་རོ་ཞེས་ཤེས་པ་མི་སྐྱེ་བ་ཤེས་པའོ། །རྣམ་པར་
གྲོལ་བ་མངོན་དུ་བྱེད་པའི་ཤེས་པ་ནི་ཆོས་ཤེས་པའོ། །མི་རྟག་པ་ཉིད་ལ་སོགས་པས་དེའི་རྗེས་སུ་རྟོག་པ་ནི་རྗེས་སུ་ཤེས་པ་སྟེ། སྒོམ་པའི་རང་བཞིན་བསྒོམ་པའི་འབྲས་བུ་བསྒོམས་པས་ཁོང་དུ་ཆུད་པར་བྱ་བ་ཐོབ་པ་དམན་པ་མ་ཡིན་པའོ། །ཤེས་པ་གང་གིས་འདོད་པ་ན་སྤྱོད་པ་དང་གཟུགས་ན་

སྤྱོད་པའི་རྒྱུན་དུ་འཇུག་པ་ཡང་དག་པར་མངོན་དུ་གྱུར་པ་ཕ་རོལ་པོ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། གཅིག་ཏུ་ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་པ་འདི་གཞན་གྱི་སེམས་ཤེས་པར་བརྗོད་དོ། །ཀུན་རྫོབ་པའི་ཤེས་རབ་ནི་ཀུན་རྫོབ་ཤེས་པའོ། །ལམ་གོམས་པ་ནི་
ཡོངས་སུ་འདྲེས་པ་ཤེས་པའོ་ཞེས་པ་གང་གིས་ལྷ་དང་མི་དང་བྱོལ་སོང་དང་ཡི་དགས་དང་དམྱལ་བ་དང་སེམས་ཅན་རྣམས་ཐམས་ཅད་ཀྱི་སྐད་ཐམས་ཅད་ཤེས་པ་དེ་སྒྲ་ཇི་བཞིན་པ་ཤེས་པའོ། །དབང་པོ་གསུམ་རྣམས་ཏེ་རྣམ་པར་བྱང་བའི་ཆོས་རྣམས་ལ་ལྷག་པར་དབང་བྱེད་པའི་ཕྱིར་དབང་པོ་རྣམས་སོ། །
མི་ཤེས་པ་ཀུན་ཤེས་པར་བྱེད་དོ་ཞེས་པའི་དབང་པོ་གང་ཡིན་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཤེས་ཟིན་པ་སྐྱོང་བའི་དབང་པོ་ཀུན་ནས་ཤེས་པ་སྲུང་བ་དང་ལྡན་པའི་དབང་པོ་སྟེ་རིམ་པ་ཇི་ལྟ་བར་མཐོང་བ་དང་། བསྒོམ་པ་དང་མི་སློབ་པའི་ལམ་རྣམས་སུའོ། །གང་གི་
ཕྱིར་མཐོང་བའི་ལམ་དུ་ནི་མི་ཤེས་པ་ཀུན་ཤེས་པར་བྱ་བའི་ཆེད་དུ་ཞུགས་ལ། བསྒོམ་པའི་ལམ་ལ་སྔར་མེད་པའི་ཀུན་དུ་ཤེས་པར་བྱ་བ་མེད་ཀྱི་དེ་ཁོ་ན་ཕྲ་རྒྱས་ལྷག་མ་སྤང་བའི་དོན་དུ་ཀུན་དུ་ཤེས་པར་བྱེད་ཅིང་མི་སློབ་པའི་ལམ་དུ་ནི་ཀུན་དུ་ཤེས་ཟིན་ཞེས་རྟོགས་པ་ཀུན་ཤེས་པ་སྲུང་བ་ཡིན་ལ་དེ་འདི་ལ་ཡོད་པས་
སྲུང་བ་དང་ལྡན་པའམ། ཡང་ན་ཀུན་ཤེས་པ་སྲུང་བའི་ངང་ཚུལ་འདི་ལ་ཡོད་པ་སྟེ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པའི་ཕྱིར། བདག་གི་སྡུག་བསྔལ་ཡོངས་སུ་ཤེས་ཏེ་སླར་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་པ་དེ་ལྟར་གྱུར་པའི་དབང་པོ་ནི་ཀུན་ཤེས་པ་སྲུང་བའི་ཚུལ་ཅན་གྱི་དབང་པོའོ། །དབྱེར་མེད་
པར་རྣམ་པར་གཞག་པས་ནི་ལམ་འདི་གསུམ་ཁོ་ན་དབང་པོ་གསུམ་མོ། །ཏིང་ངེ་འཛིན་གསུམ་རྣམས་ཏེ། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་ཅིང་དཔྱོད་པ་ཙམ་དང་རྟོག་པ་མེད་པ་དཔྱོད་པ་མེད་པའོ། །རྗེས་སུ་དྲན་པ་རྣམས་བཅུ་སྟེ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཚུལ་
ཁྲིམས་དང་གཏོང་བ་དང་ལྷ་དང་སྐྱོ་བ་དང་འཆི་བ་དང་ལུས་སུ་གཏོགས་པ་དང་དབུགས་རྔུབ་པ་དང་འབྱུང་བའོ། །དེ་ལ་དཀོན་མཆོག་གསུམ་རྣམས་རྟེན་ནོ། །ཚུལ་ཁྲིམས་དང་གཏོང་བ་དག་གཞིའོ། །ལྷ་རྣམས་དབང་པོའོ། །སྐྱོ་བ་དང་འཆི་བདག་གིས་དབུགས་མི་འབྱིན་པའོ། །ལུས་སུ་གཏོགས་

པ་དང་དབུགས་རྔུབ་པ་དང་འབྱུང་བ་དང་དྲན་པ་དག་གིས་ནང་དུ་མི་བརྗེད་པར་བྱེད་པའོ། །ལྷ་ནི་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ཏུ་སྐྱེས་པ་རྒྱུན་དུ་ཞུགས་པ་རྣམས་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྱིར་མི་འོང་བ་རྣམས་སོ། །གང་མདོ་གཞན་དུ་ལྷའི་རིས་གཉིས་དག་དྲན་པར་
བྱ་སྟེ་དགའ་ལྡན་པ་རྣམས་དང་གནས་གཙང་མ་རྣམས་སོ་ཞེས་གསུངས་པ་དེ་ནི་མ་འདྲེས་པའི་གང་ཟག་ལ་དགོངས་པའོ་ཞེས་འཕགས་པའོ། །ཐམས་ཅད་དུ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པས་དྲན་པའོ། །དེ་ལ་ཉིན་མོ་སངས་རྒྱས་རྗེས་སུ་དྲན་པ་
ནི་རྒྱུ་བཞི་རྣམས་ཀྱིས་ཏེ། དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པས་མཆོད་པ་ཡང་དག་པར་བསྒྲུབས་པ་དང་། རྣམ་པ་རྗེས་སུ་དྲན་པས་དང་། ཕན་འདོགས་པ་རྗེས་སུ་དྲན་པ་ལས་ཏེ། ཇི་ལྟར་ཉིན་པར་སད་པ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་ལྟར། དེ་གོམས་པས་གཉིད་ལོག་
པ་རྣམས་ཀྱིས་དེ་བཞིན་ཁོ་ནར་རྨི་ལམ་མཐོང་བ་ལས་སོ། །དེ་ལྟར་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་ལ་ཡང་ཕན་ཡོན་བདུན་རྣམས་ཏེ། སྐྱེ་བ་དྲན་པར་འགྱུར་བ་དང་། རབ་ཏུ་དང་བ་མང་བ་དང་། དམན་པའི་ཆོས་རྣམས་ལ་སེམས་མི་འཇུག་པ་དང་། གཞན་རྣམས་ལ་ཐོ་མི་འཚམས་པ་དང་། གཞན་
རྣམས་ཀྱང་འདི་ལ་ཐོ་མི་འཚམས་པ་དང་འགྱོད་པ་མེད་པར་དུས་བྱེད་པ་དང་། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་སུ་སྐྱེའོ་ཞེས་པའོ། །འདོད་པ་ན་སྤྱོད་པའི་སེམས་ཅན་ལ་དམིགས་པ་ཚངས་པའི་གནས་བཞི་རྣམས་སོ། །སེམས་ཅན་ཚད་མེད་པ་ལ་དམིགས་པ་ནི་ཚད་མེད་པ་
བཞི་རྣམས་ཏེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་སོ། །དེ་ལ་བདེ་བ་དང་ལྡན་པར་འདོད་པ་བྱམས་པའོ། །སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེའོ། །བདེ་བ་དང་མི་འབྲལ་བར་འདོད་པ་དགའ་བའོ། །ཀུན་ནས་ཉོན་མོངས་པ་མེད་པར་འདོད་པ་བཏང་སྙོམས་ཏེ། ཀྱེ་མ་མ་ལ་སེམས་
ཅན་ཐམས་ཅད་བདེ་བ་དང་སྦྱར་བར་བྱའོ། །སྡུག་བསྔལ་དང་བྲལ་བར་བྱའོ། །བདེ་བ་དང་མི་འབྲལ་བར་བྱའོ། །ཀུན་ནས་ཉོན་མོངས་པ་ལས་གྲོལ་བར་བྱའོ་སྙམ་པའི་རྣམ་པ་འདི་རྣམས་ཀྱིས་སོ་ཞེས་པས། བཞི་པོ་རྣམས་ཀྱང་མོས་པ་སྤྱོད་པའི་ས་ལ་སེམས་ཅན་ལ་དམིགས་པའོ། །རབ་ཏུ་དགའ་བ་

ལ་སོགས་པ་བདུན་རྣམས་སུ་ཆོས་ལ་དམིགས་པའོ། །དེ་ལས་གོང་དུ་དམིགས་པ་མེད་པའོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོར་ནི། ཉོན་མོངས་པ་ལ་བཏང་སྙོམས་པ་ནི་རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་སྤངས་པ་ལས་སོ། །
བདག་དང་གཞན་སྲུང་བ་མེད་པའི་བཏང་སྙོམས་ནི་བཟོད་པ་ལས་སོ། །དུས་དང་དུས་མ་ཡིན་པའི་བཏང་སྙོམས་ནི་སྦྱིན་པའི་དུས་སུ་ཚུལ་ཁྲིམས་བཏང་སྙོམས་པ་ལས་དང་། ཚུལ་ཁྲིམས་ཀྱི་དུས་སུ་སྦྱིན་པ་དང་། བཟོད་པའི་དུས་སུ་བརྩོན་འགྲུས་དང་། བརྩོན་འགྲུས་ཀྱི་དུས་སུ་བསམ་གཏན་དང་། བསམ་
གཏན་གྱི་དུས་སུ་སྦྱིན་པ་ལ་ཆགས་པ་དང་། ཤེས་རབ་ཀྱི་དུས་སུ་ཕ་རོལ་ཏུ་ཕྱིན་པ་ལྔ་རྩོམ་པ་བཏང་སྙོམས་པའོ་ཞེས་བཏང་སྙོམས་རྣམ་པ་གསུམ་གསུངས་སོ། །དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་ཤེས་རབ་དང་ངོ་ཚ་དང་ཁྲེལ་ཡོད་པ་རྣམས་ནང་གི་ནོར་མཆོག་བདུན་ཏེ། འདིར་
དད་པ་དང་ཤེས་རབ་དག་གཙོ་བོའོ། །ཕྱི་རོལ་གྱི་ནོར་ནི་རིན་པོ་ཆེ་དང་མུ་ཏིག་ལ་སོགས་པ་སྟེ། ཕལ་ཆེར་ཉེས་པར་སྤྱོད་པ་བསྐྱེད་པ་དང་ཚིམ་པ་མེད་པ་དང་འཇིགས་པ་དང་བཅས་པ་དང་། ཉེ་བར་འཚེ་བ་དང་བཅས་པ་སྟེ། རྒྱལ་པོ་དང་ཆུ་དང་མེ་དང་ཆོམ་རྐུན་དང་རང་གི་སྐྱེ་བོ་ལས་ཀྱང་ཞེས་པ་ཐུན་
མོང་བ་ལྔ་ཉིད་ལས་སོ། །དུས་ཐམས་ཅད་པ་མ་ཡིན་པ་འཛད་པ་ནི་ལོངས་སྤྱད་པ་ལས་ཏེ། ནང་གི་ནི་མ་ཡིན་ནོ། །རྣམ་པར་རྟོག་པ་ལ་སོགས་པ་རྣམས་ནི་སྐབས་ཇི་ལྟ་བར་འཆད་པར་འགྱུར་རོ། །ཚོགས་ཀྱི་སྒྲུབ་པ་ནི་ཆོས་མཆོག་ཆེན་པོ་ནས་བཟུང་ནས་རྣམ་པར་གཞག་པར་བྱ་ལ། འདིས་
བྱང་ཆུབ་ཆེན་པོ་འཛིན་པས་སམ་ལྗི་བ་ཉིད་ཀྱི་ཕྱིར་རམ་འགེངས་པ་པོ་ནི་འགེངས་པ་ཡིན་ལ། རྣམ་པ་ཐམས་ཅད་ཉིད་ཀྱི་ཕྱིར། མ་ལུས་པ་འགེངས་པ་ཚོགས་སོ། །ད་ཡང་བསྡུ་ན་རྣམ་པ་གཉིས་ཏེ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །གལ་ཏེ་ཡང་སྔོན་དུ་ཡང་བསོད་ནམས་དང་ཡེ་ཤེས་
དག་ཡང་དག་པར་སོགས་མོད། དེ་ལྟ་ན་ཡང་འདི་ནས་བཟུང་ནས་ཁྱད་པར་དུའོ་ཞེས་རྣམ་པར་གཞག་པའོ། །རྒྱས་པར་རྣམ་པ་བཅུ་བདུན་ཏེ། དེ་སྒྲུབ་པར་འཆད་པར་འགྱུར་རོ། །སེམས་བསྐྱེད་པ་བཞི་པོ་འདི་རྣམས་བརྡ་ལས་བྱུང་བ་དང་ཀུན་རྫོབ་པ་དང་འཇིག་རྟེན་པའོ། །དེའི་གོང་མ་རྣམས་དོན་

དམ་པ་པ་དང་འཇིག་རྟེན་པ་ལས་འདས་པ་ཡང་ངོ་། །དེ་ལ་སེམས་བསྐྱེད་པ་ལྔ་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང་དེ་བཞིན་
དུ་ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཡང་ཞེས་པ་བདེན་པ་བཞི་ལ་དམིགས་པ་སྐད་ཅིག་བཅུ་དྲུག་གི་བདག་ཉིད་ཆོས་ཐམས་ཅད་རང་བཞིན་མེད་པར་མ་རིག་པ་ལ་སོགས་པའི་སྐྱོན་མེད་པ་མངོན་དུ་བྱས་པའི་ཕྱིར་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་རབ་ཏུ་དགའ་བའི་སའོ། །དེ་ཡང་ཆོས་ཐམས་
ཅད་རང་བཞིན་མེད་པ་ཉིད་དུ་བསྒོམ་པའི་སྟོབས་རྫོགས་པ་ན། ཆ་ཤས་མེད་པའི་ངོ་བོ་གཅིག །རང་ཉིད་མངོན་སུམ་གྱུར་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་པའི་རིགས་པ་ལས་རང་གི་ངོ་བོ་རྣམ་པ་ཐམས་ཅད་སོ་སོར་རྟོག་པར་བྱེད་པའི་
ཤེས་པ་ཟག་པ་མེད་པ་ཆོས་ཐམས་ཅད་ཀྱི་ཡུལ་ཅན་སྐྱེ་བའོ། །དེའི་ཕྱིར་སོ་སོར་རྟོག་པའི་མངོན་པར་རྟོགས་པ་ལས་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པའི་མཐོང་བའི་ལམ་གྱི་རང་བཞིན་ནོ། །དེ་སྐད་དུ་ཡང་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཡུལ་རྒྱས་པར་བསྟན་པའི་མདོར་གསུངས་
པ་འཇམ་དཔལ་འཕགས་པའི་བདེན་པ་བཞི་རྣམས་ཅི་ལྟར་ལགས། ལྷའི་བུ་འདིར་གང་གིས་འདུས་བྱས་རྣམས་ཐམས་ཅད་རང་བཞིན་མེད་པ་དང་མ་སྐྱེས་པར་མཐོང་བ་དེས་སྡུག་བསྔལ་ཡོངས་སུ་ཤེས་སོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་ཡང་དག་པར་ཆད་པ་མེད་པར་མཐོང་བ་དེས་ཀུན་འབྱུང་
ཡང་སྤངས་སོ། །གང་གིས་ཆོས་རྣམས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་བ་དེས་འགོག་པ་མངོན་དུ་བྱས་སོ། །གང་གིས་ཆོས་ཐམས་ཅད་རང་གི་ངོ་བོ་སྐྱེས་པ་མེད་པ་ཉིད་ཀྱི་ཕྱིར་ཤིན་ཏུ་སྟོང་པར་མཐོང་བ་དེས་ལམ་བསྒོམ་པ་བྱས་སོ་ཞེས་སོ། །འདིར་བདེན་པ་བཞིའི་རྣམ་
པ་ཐམས་ཅད་པའི་རང་གི་ངོ་བོའི་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་ཁོ་ནར་གསུངས་ལ། དེ་ཡང་མངོན་པར་རྟོགས་པར་བྱ་བ་ལན་ཅིག་ཁོ་ནར་རིགས་ཀྱི་རིམ་གྱིས་མ་ཡིན་ཏེ་དེ་ལ་ཆ་ཤས་མེད་པ་ཉིད་ཀྱི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་པ། མ་རིག་རྐྱེན་ལས་སྐྱེས་པ་ལ། །ཡང་

དག་ཤེས་པས་གཟིགས་པ་ན། །སྐྱེ་བའམ་འོན་ཏེ་འགག་པའང་རུང་། །ཅི་ཡང་དམིགས་སུ་ཡོད་མིན་ཏེ། །མཐོང་བའི་ཆོས་ལ་མྱ་ངན་འདས། །དེ་ཉིད་བྱ་བ་བྱས་པ་ཡང་། །ཞེས་སོ། །ཆོས་ཀྱི་སྒྲ་ནི་འདིར་མྱ་ངན་ལས་འདས་པར་རྗོད་པར་བྱེད་པའོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་
ལས་ཐ་དད་པ་མ་ཡིན་ནོ། །ཇི་སྐད་དུ་གསུངས་པ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་སྟེ། ཆོས་ཀྱི་རང་བཞིན་ལས་ཐ་དད་པ་མ་ཡིན་པར་འཇུག་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱང་མཐོང་ངོ་ཞེས་སོ། །དེ་ཡོངས་སུ་གཅོད་པའི་ཤེས་པ་གང་ཡིན་པ་དེ་ཆོས་ཤེས་པ་སྟེ་ཆོས་ཀྱི་ཡུལ་
ཅན་གྱི་ཤེས་པ་ནི་ཆོས་ཤེས་པའོ། །འདིར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རང་བཞིན་ཏེ། སྡུག་བསྔལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་རང་བཞིན་གྱིས་སྐྱེས་པ་མེད་ལ། གང་རང་བཞིན་གྱིས་སྐྱེ་བ་མེད་པ་དེ་ཁོ་ན་མྱ་ངན་ལས་འདས་པ་སྟེ། གཉིས་ཀ་དག་ཀྱང་རང་བཞིན་གྱིས་
མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་དབུ་མ་རྩ་བར་གསུངས་པ། མྱ་ངན་ལས་འདས་འཁོར་བ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །འཁོར་བ་ལས་ཀྱང་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པའི་མཐའ་གང་ཡིན། །འཁོར་བ་ཡི་ཡང་མཐའ་ཡིན་ཏེ། །དེ་ལ་
ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་སོ། །འདིར་མཐའི་སྒྲ་ནི་རབ་ཏུ་གྱུར་པ་བརྗོད་ལ། རབ་ཏུ་གྱུར་པ་ཞེས་བྱ་བ་ཡང་། མཐོང་བར་གནས་པ་བྱིས་པའི་སྐྱེ་བོའི་བློའི་སྤྱོད་ཡུལ་མ་ཡིན་པའི་རང་བཞིན་ནོ། །མྱ་ངན་ལས་འདས་པ་ཡང་དེའི་རང་བཞིན་ཉིད་དུ་རྟོགས་པ་ཉིད་ཀྱི་
ཕྱིར་དང་། གཉིས་ཀ་ཡང་སྐྱེ་བ་མེད་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར། རང་བཞིན་སྐྱེ་བ་མེད་པར་འཁོར་བ་དང་མྱ་ངན་ལས་འདས་པ་དག་གཅིག་པ་ཉིད་དོ། །དེ་ལྟར་བདེན་པ་བཞི་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ། རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་དམིགས་པའི་ཆོས་གཅིག་
ཤེས་པས་མཐོང་བའི་ཕྱིར་མངོན་པར་རྟོགས་པ་གཅིག་ཁོ་ནའོ། །དེ་ལྟར་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པའི་ཤེས་པས། གང་སྡུག་བསྔལ་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་དེའི་བདག་ཉིད་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པའོ། །གང་ལས་དང་ཉོན་མོངས་པ་

དག་སྐྱེ་བ་མེད་པ་དག་འགག་པ་མེད་པར་ཡོངས་སུ་གཅོད་པ་འདི་ནི་ཀུན་འབྱུང་ཡོངས་སུ་ཤེས་པའོ། །གང་འདི་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཡོངས་སུ་གཅོད་པ་དེ་འགོག་པ་ཡོངས་སུ་ཤེས་པའོ། །ལམ་ཡང་རྟེན་ཅིང་འབྲེལ་
པར་འབྱུང་བ་ཉིད་ཀྱི་ཕྱིར། གང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་དེ་ལམ་ཤེས་པའོ། །དེ་ལྟར་ཆོས་ཤེས་པས་སྐད་ཅིག་གཅིག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བའི་ལམ་འདིའི་མཐོང་བར་བྱ་བ་སྔར་མེད་པ་གཞན་མི་སྲིད་ཀྱི། ཇི་ལྟ་བ་བཞིན་མཐོང་
བ་མཚན་ཉིད་གཅིག་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏེ་ཁོ་ན་རིམ་གྱིས་སོ། །གོམས་པར་བྱས་ནས་མ་རིག་པའི་ལྷག་མ་འགགས་པ་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ལ་དམིགས་པའི་ཡེ་ཤེས་ལ་གནས་པ་པོ་ནི་མཐོང་བའི་ཆོས་ལ་ཡང་། མྱ་ངན་ལས་འདས་པ་དང་
བྱ་བ་བྱས་པ་ཉིད་དུ་རྣམ་པར་གཞག་གི་གཞན་དུ་ན་མ་ཡིན་ནོ། །གལ་ཏེ་སྐད་ཅིག་གཅིག་ལ་དེ་ཁོ་ན་ཉིད་མཐོང་ན་ཅི་ལྟར་མཐོང་བའི་ལམ་སྐད་ཅིག་བཅུ་དྲུག་ཏུ་རྣམ་པར་གཞག་ཅེ་ན། ངོ་བོ་གཅིག་པའི་ཡེ་ཤེས་དེ་ཁོ་ན་ལ་ཆ་རྣམས་རྣམ་པར་ཕྱེ་ནས་སྐད་ཅིག་བཅུ་དྲུག་རྣམས་སུ་རྣམ་པར་གཞག་པར་
བྱ་སྟེ་རྣམ་པ་དེ་ལྟ་བུས་གདུལ་བར་བྱ་བའི་སྐྱེ་བོ་ལ་ཉེ་བར་བསྟན་པ་ལས་རྗེས་སུ་འཛིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཅི་ལྟར་རྣམ་པ་བཅུ་དྲུག་ཏུ་ལམ་སྒོམ་ཞེ་ན། འདི་ཡང་ཐར་པ་འདོད་པ་རྣམས་རྣམ་པ་གཞན་གྱིས་དེ་ཁོ་ན་ཉིད་ཤེས་པ་ལ་གཞུག་པའི་དོན་དུ་ཡོངས་སུ་བརྟགས་ནས་རྣམ་པར་
གཞག་གི། དེ་ཁོ་ན་ཉིད་ནི་གཅིག་ཁོ་ནའོ། །འོ་ན་རྣམ་པར་རྟོག་པ་རྣམས་ལྷན་ཅིག་མི་འབྱུང་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་གང་གི་ཚེ་སྡུག་བསྔལ་གྱི་རྣམ་པ་རྣམས་རྟོག་པ་དེའི་ཚེ་ཀུན་འབྱུང་གི་རྣམ་པ་རྣམས་མ་ཡིན་ལ་ཕྱིས་ཀྱང་ཡུལ་མེད་པའི་རྟོག་པ་ཡིན་ནོ་ཞེ་ན། འདི་བདེན་མོད་བདེན་པ་རེ་རེ་
ལའང་རྣམ་པ་བཞིར་རྣམ་པར་རྟོག་པ་དུས་གཅིག་པ་ཅན་མ་ཡིན་ནོ། །འདི་ལྟ་བུའི་སྐྱོན་ཅུང་ཟད་ཀྱང་མེད་དེ། གང་གི་ཕྱིར་འཛིན་པ་ཞེས་པའི་ཁྱད་པར་ཁོ་ན་རྣམ་པ་ཐམས་ཅད་གསལ་བར་གྱུར་པ་མངོན་དུ་བྱེད་པ་པོ་ཡིན་ལ་གང་ལས་རྣམ་པར་རྟོག་པ་རིགས་མི་མཐུན་པ་དང་མ་འདྲེས་པར་མངོན་

པར་འདོད་པའི་རྣམ་པར་རྟོག་པ་རིམ་གྱིས་གསལ་བར་འབྱུང་སྟེ། དཔེར་ན་སྔོན་པོ་དང་གཡོ་བ་དང་ཁ་བྱེ་བ་ལ་སོགས་པའི་ཁྱད་པར་ཅན་གྱི་ཨུཏྤལ་མཐོང་བའི་སྐྱེ་བོའི་དེའི་ཡུལ་གྱི་རྣམ་པ་ཐམས་ཅད་མངོན་སུམ་དུ་བྱ་བ་ལ་རྣམ་པར་རྟོག་པའི་རིམ་པས་གནོད་པ་མེད་པ། དེ་བཞིན་དུ་སྐབས་སུ་ཡང་
རྟོགས་པར་བྱའོ། །སྐད་ཅིག་མ་ཕན་ཚུན་རྣམས་ཀྱང་དེ་བཞིན་ཁོ་ནར་ཉམས་སུ་མྱོང་བ་གཞན་དང་གཞན་རྣམས་ཀྱིས་མངོན་དུ་བྱ་ལ། རྣམ་པར་རྟོག་པ་བཟུང་ཟིན་པ་རྗེས་སུ་མཚམས་སྦྱོར་བའི་ངོ་བོ་རྣམས་ཀྱང་ཇི་ལྟར་མངོན་པར་འདོད་པ་ལྟར་རབ་ཏུ་འཇུག་གོ། །རིགས་པའི་འདྲེན་པས་གང་
གསུངས་པ། །བློ་གྲོས་ཆེ་རྣམས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་འབྱེད། །ཅེས་སོ། །འོ་ན་དེ་ལྟར་ན་མཐོང་བའི་ལམ་དུ་བདེན་པའི་རྣམ་པ་གཞན་གྱིས། སྒོམ་པ་གཞན་མ་བསྐྱེད་པའི་ཕྱིར་ཞུགས་པ་ཉིད་ལ་སོགས་པའི་རྣམ་པར་གཞག་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ།
ཉ་ཕྱིས་ལ་དངུལ་དུ་སྒྲོ་འདོགས་པ་བཞིན་དུ་འཁྲུལ་པའི་རྒྱུ་མཚན་འགའ་ཞིག་གིས་རྣམ་པ་གཞན་དུ་སྒྲོ་བཏགས་པ་ཡོད་ལ། དེའི་ཕྱིར་ཕྱིན་ཅི་ལོག་པ་ཉོན་མོངས་པའི་རྒྱུ་རྩ་བ་ནས་དབྱུང་བའི་ཆེད་དུ་རྣམ་པ་གཞན་གྱིས་སྒོམ་པ་གཞན་སྲིད་པའི་ཕྱིར་བརྒྱད་པ་ལ་སོགས་པར་རྣམ་པར་གཞག་གོ། །
དགོངས་པ་འདི་ཁོ་ནས་རིགས་པའི་སྟོབས་ལས་མཐོང་བའི་ལམ་སྐད་ཅིག་གཅིག་གིས་མངོན་པར་རྟོགས་པ་ཡིན་ཡང་སྐད་ཅིག་བཅུ་དྲུག་གི་མངོན་པར་རྟོགས་པ་ཉིད་དུ་གསུངས་སོ། །དེའི་ཕྱིར་ཡང་རྣམ་པར་ཤེས་པས་རང་གི་ངོ་བོའི་རྣམ་པ་ཐམས་ཅད་འཛིན་པ་ཉིད་ན་ཡང་། ཆ་གང་གོམས་པ་གསལ་
བ་ཉིད་ལ་སོགས་པས་སྒྲོ་བཏགས་པའི་རྣམ་པ་སེལ་བར་ནུས་པ་དེ་ཁོ་ན་ལ་དེའི་གེགས་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་ཚད་མ་ཉིད་ཡིན་གྱི་གཞན་ལ་མ་ཡིན་ཏེ་སྐད་ཅིག་མ་ཉིད་ལ་སོགས་པ་བཞིན་ནོ། །དེ་ལྟར་ན་འཕགས་པ་རྣམས་སོ་སོའི་སྐྱེ་བོ་རྣམས་ལས་ཁྱད་པར་ཅི་ཡོད་ཅེས་ཀྱང་བརྗོད་པར་མི་བྱ་སྟེ།
རྣམ་པ་ཅི་ཙམ་ཞིག་བསལ་བར་བྱས་ན་དེ་རྣམས་ཀྱི་ཤེས་པ་འཁྲུལ་པའི་རྒྱུ་མཚན་དང་བྲལ་བ་དེ་ཙམ་གྱིས་དེ་རྣམས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དེ་གསུངས་པ། གང་གི་ཚེ་ཆ་ཤས་མེད་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་བདག་ཉིད་ཐམས་ཅད་ཀྱིས་རྟོགས་ན་ཡང་། ངེས་པ་བསྐྱེད་པ་ལ་ལྟོས་

ནས། ཀུན་དུ་འགྲོ་བའི་དོན་དུ་རྟོགས་པ་ལས། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་མངོན་དུ་བྱེད་པའི་ཤེས་པ་ཤིན་ཏུ་གསལ་བ་སྐྱེས་པ་དེའི་ཚེ་བྱང་ཆུབ་སེམས་དཔས་མཐོང་བའི་ལམ་ཐོབ་པོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་གང་ས་རབ་ཏུ་དགའ་བར་དང་པོ་གཟུགས་ལ་སོགས་པ་
རྣམས་གདོད་མ་ནས་སྐྱེ་བ་མེད་པ་ཉིད་དུ་རྟོགས་པའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པའི་ངོ་བོ་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འབྲེལ་པ་བརྗོད་པ་མེད་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་ཁོ་ན་ལ་མཐོང་བའི་ལམ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམས་ནི་བསྒོམ་པའི་
ལམ་མོ་ཞེས་བརྗོད་པར་བྱ་བ་དེ་ནི་སོ་སོར་རྟོག་པའི་མངོན་པར་རྟོགས་པ་ལས་སྐད་ཅིག་གཅིག་པོ་མངོན་པར་རྟོགས་པར་བྱ་བས་མངོན་པར་རྟོགས་པ་མཐོང་བའི་ལམ་སྟེ། མ་རིག་པ་དང་བཅས་པའི་འཁོར་བ་བརྒྱུད་པ་ཐོག་མ་མེད་པ་རྣམས་སུ། མ་མཐོང་བའི་དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་ཀྱིས་ན་གཙོ་
བོ་ཞེས་རྟོགས་པའི་ཆེད་དུའོ། །འཁྲུལ་པའི་རྒྱུ་མཚན་གྱིས་སྒྲོ་བཏགས་པའི་རྣམ་པ་ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ་རྩད་ནས་འབྱིན་པར་བྱེད་པ་ཉིད་ཀྱིས་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་སྐད་ཅིག་བཅོ་ལྔ་པོ་རྣམས་ཀྱང་མཐོང་བའི་ལམ་མོ་ཞེས་པ་ནི་ཐ་སྙད་བྱ་བ་ཁོ་ནའོ། །བསྒོམ་པའི་
ལམ་དུ་གསུངས་པས་ཀྱང་འདི་རྣམས་མཐོང་བའི་ལམ་བཏགས་པའོ་ཞེས་གསལ་བར་བྱས་སོ། །གཞན་དུ་ན་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཐེག་པ་ཆེན་པོར་མཐོང་བའི་ལམ་སྐད་ཅིག་བཅུ་དྲུག་པོ་ཞེས་མང་དུ་བསྟན་པ་དང་ཅི་ལྟར་མི་འགལ་གང་རྣམས་ཡང་རྒྱུ་མ་ཚང་བ་མེད་པར་སྤང་བར་མི་ནུས་པ་ཉིད་
ཀྱི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བའི་དུས་སུ་ཀུན་འབྱུང་སྤོང་ངོ་། །དེ་ཉིད་ཀྱི་ཕྱིར་འགོག་པ་མངོན་དུ་བྱས་སོ། །དེ་ཡང་གཞན་དུ་ན་མི་འཐད་པས་ལམ་བསྒོམས་སོ། །ཀུན་འབྱུང་བ་ལ་སོགས་པ་ལ་ཡང་དེ་བཞིན་ནོ་ཞེས་པས་འབྲས་བུའི་མངོན་པར་རྟོགས་པ་ལས་ཐེག་པ་ཆེན་པོར་མཐོང་བའི་ལམ་
སྐད་ཅིག་གིས་མངོན་པར་རྟོགས་པར་བལྟ་བར་བྱ་ལ། བདེན་པ་སོ་སོ་ལ་སླར་ཡང་ཕྱིན་ཅི་ལོག་གསལ་བས་སོ་སོར་རྟོག་པའི་མངོན་པར་རྟོགས་པ་ལས་སྐད་ཅིག་བཅུ་དྲུག་ཁོ་ནས་མངོན་པར་རྟོགས་པར་བྱ་སྟེ་དེའི་ཕྱིར་ཞུགས་པ་ཉིད་ལ་སོགས་པ་ལས་རྣམ་པར་གཞག་པ་ལེགས་པར་གནས་སོ་ཞེས་ཟེར་

བའི་དེའི་ལུགས་ཀྱིས་སྐད་ཅིག་བཅུ་དྲུག་རྣམས་ཀྱང་གཙོ་བོའི་མཐོང་བའི་ལམ་མོ་ཞེས་གསལ་ལོ། །དེ་ལྟར་ན་བདེན་པ་བཞིའི་དེ་ཁོ་ན་ཉིད་མཐོང་བ་དེ་མཐོང་བའི་ལམ་སྐད་ཅིག་བཅུ་དྲུག་ནི་ས་རབ་ཏུ་དགའ་བའོ། །སེམས་ཀྱི་སྐད་ཅིག་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་དབྱེ་བ་དང་བཅས་པ་རྣམས་སུ་
ཡང་ཐ་སྙད་པའི་དུས་ཀྱི་ཁྱད་པར་བྱ་བ་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་ཤེས་བྱ་ལ་ཤེས་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་རིག་པར་བྱ་སྟེ། དཔེར་ན་མི་ཁོམ་པ་བརྒྱད་ལ་སོགས་པའི་ཀྵ་ཎ་བཞིན་ནོ། །དུས་ཀྱི་མཐའ་ཤིན་ཏུ་ཐུང་བའི་དུས་ནི་མ་ཡིན་ཏེ། དེ་ནི་ཕྲ་བ་ཉིད་ཀྱིས་ཐ་སྙད་དུ་བྱ་བ་མ་
ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ས་གང་གིས་ཡོངས་སུ་སྦྱོང་བར་གྱུར་པའི་ཆོས་གང་རྣམས་ཡོངས་སུ་མ་རྫོགས་པ་ཇི་སྲིད་དུས་ཡིན་ལ། ཡོངས་སུ་རྫོགས་པ་ནི་ས་གཞན་དུ་རྣམ་པར་གཞག་གོ། །དེ་ལ་ཉོན་མོངས་སྤོང་བའི་ཕྱིར་བར་ཆད་མེད་པའི་ལམ་གྱི་རང་བཞིན་སྡུག་བསྔལ་ལ་
སོགས་པ་མཐོང་བ་བརྒྱད་རྣམས་བཟོད་པ་རྣམས་ཞེས་བརྗོད་ལ། རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་ཉིད་ཉོན་མོངས་པ་དང་བྲལ་བ་མངོན་དུ་བྱེད་པ་རྣམས་ནི་ཤེས་པ་བརྒྱད་རྣམས་ཏེ། ཆོས་དང་རྗེས་སུ་ཤེས་པ་རྣམས་སོ། །དེ་དང་ལྷན་ཅིག་སྤྱོད་པའི་ངེས་པའི་ཤེས་པ་ཡང་བརྒྱད་རྣམས་སོ། །དེ་
ལ་ཆོས་ཤེས་པའི་བཟོད་པའི་རྟོགས་པ་ངེས་པར་བྱེད་པའི་ཤེས་པ་བཞི་རྣམས་སོ་ཞེས་རྣམ་པར་གཞག་གོ། །རྗེས་སུ་རྟོགས་པའི་བཟོད་པའི་རྟོགས་པ་ངེས་པར་བྱེད་པའི་ཤེས་པ་རྣམས་རྗེས་སུ་རྟོགས་པའི་ཤེས་པ་རྣམས་སོ་ཞེས་པའོ། །འོ་ན་སེང་གེ་བཟང་པོའི་དགོངས་པ་ཤེས་པ་གང་གིས་བཟོད་
པའི་མཇུག་ཐོགས་སུ་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་དེ་སྡུག་བསྔལ་ལ་ཆོས་ཤེས་པའོ་ཞེས་དང་། རིན་ཆེན་འབྱུང་གནས་ཞི་བས་ཀྱང་། རྣམ་པར་གྲོལ་བ་མངོན་དུ་བྱེད་པའི་ཤེས་པ་ནི་ཆོས་ཤེས་པའོ། །མི་རྟག་པ་ཉིད་ལ་སོགས་པར་དེའི་རྗེས་སུ་རྟོགས་པ་དེ་ནི་རྗེས་སུ་རྟོགས་པའི་ཤེས་པའོ་
ཞེས་ཏེ། ཆོས་ཤེས་པའི་བཟོད་པ་ངེས་པར་བྱེད་པའི་ཤེས་པ་རྣམས་ཀྱང་ཆོས་ཤེས་པའོ་ཞེས་པ་ནི་མ་ཡིན་ན། དེ་ཅི་ལྟར་མི་འགལ་ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་གོམས་པ་ཕུལ་དུ་བྱུང་བ་མ་ཡིན་པའི་གནས་སྐབས་འདིར་ཤིན་ཏུ་གསལ་བ་མེད་པ་ན་སོ་སོར་སྣང་བ་དང་ལྷག་པར་ཞེན་པ་དག་གིས་བཟོད་

པས་དེ་ཁོ་ན་ཉིད་མངོན་དུ་བྱས་སོ་ཞེས་རྣམ་པར་གཞག་གོ། །དེའི་ཕྱིར་བཟོད་པའི་རྗེས་ཐོགས་སུ་ཉོ