Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 106
Văn bản gốc(Tây Tạng)
Trang 1 / 19 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙཱརྱ་ཨ་བ་ཏཱ་ར་སང་ཀཱ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ། བཅོམ་ལྡན་འདས་གསུང་གི་མངའ་བདག་འཇམ་དཔལ་ གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ངོ་བོ་ཉིད་ནི་བྱང་ཆུབ་པའི། །རྒྱ་མཚོ་དེ་ལ་ཕྱག་འཚལ་ཏེ། །བདག་འདྲའི་སྤྱོད་པའི་ཡན་ལག་ལ། །འཇུག་ཕྱིར་ལེགས་སྦྱར་བཤད་ཙམ་བྱ། །དམ་པ་རྣམས་ཀྱིས་ནི་ཐོག་མ་དང་ བར་དང་ཐ་མར་དགེ་བ་མངོན་པར་འཕེལ་བར་བྱ་བ་ཡིན་པས། བདེ་གཤེགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་ཕྱག་འཚལ་བ་ནི་དང་པོར་དགེ་བའོ། །ཆོས་བསྟན་པ་ནི་བར་དུ་དགེ་བའོ། །དགེ་བའི་རྩ་བ་ ཡོངས་སུ་བསྔོ་བ་ནི་དགེ་བའི་རྩ་བ་མངོན་པར་འཕེལ་བ་ཡིན་པས་ཐ་མར་དགེ་བ་ཡིན་ནོ། །དེ་ལ་བདེ་བར་གཤེགས་པ་ནི་རྟོགས་པར་བྱ་བའི་ལྷག་མ་མི་མངའ་བས་ན་ཡོངས་སུ་རྫོགས་པར་ཐུགས་སུ་ཆུད་པའི་ཕྱིར་བདེ་བར་གཤེགས་ པའོ། །ཆོས་ཀྱི་སྐུ་མངའ་བ་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་དམ་པའི་ཆོས་ཀྱི་ཚོགས་ནི་ཆོས་ཀྱི་སྐུ་སྟེ་དེ་དང་བཅས་པའོ། །སྲས་བཅས་ནི་ཉིད་ལས་འཁྲུངས་པའི་སྲས་ཏེ། བྱང་ཆུབ་སེམས་དཔའ་དང་བཅས་པའོ། ། ལ་ལ་ལས་ནི་བདེ་གཤེགས་དམ་པའི་ཆོས་དང་དགེ་འདུན་བཅས་ཞེས་ཟེར་རོ། །བཙུན་པ་ནི་ཉན་ཐོས་ཆེན་པོ་བརྒྱད་ལ་སོགས་པ་ལ་བྱ་སྟེ། དེ་དག་མ་ལུས་པ་ཀུན་ལ་ཕྱག་འཚལ་བའོ། །དཀོན་མཆོག་གསུམ་པོ་གཙོ་བོར་གྱུར་པས་སོ་སོར་སྨོས་པ་ ཡིན་ལ། དེ་དག་ཀྱང་ཕྱག་བྱ་བར་འོས་པ་ཡིན་པས་གུས་པས་ཕྱག་འཚལ་ཏེ། ཞེས་བྱ་བ་སྨོས་ཏེ། འདིར་ཡོན་ཏན་དམ་པའི་བསྟོད་པ་རྒྱ་ཆེ་བ་དང་། མཆོད་པ་ཁྱད་པར་དུ་འཕགས་པའི་དམིགས་པ་ཡིད་ལ་བྱེད་པ་ལས་བྱུང་བའི་མོས་པའི་བསམ་པ་ཤིན་ཏུ་ཕུལ་དུ་བྱུང་བའི་ དགའ་བ་རྒྱ་ཆེ་བའི་མཆོད་པ་དང་བཅས་པས་ལུས་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱིས་བཏུད་ཅིང་ཕྱག་འཚལ་ལོ། །དེ་ལྟར་ཕྱག་བཙལ་ནས་ཅི་ཞིག་བྱེད་ཅེ་ན། བདེ་གཤེགས་སྲས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བར་གཤེགས་པའི་བདག་ཉིད་ནི་ཆོས་ཀྱི་སྐུ་སྟེ། དེའི་དབང་དུ་བྱས་པ་ལས་སྐྱེས་པ་ས་ཆེན་པོ་ཐོབ་པ་དང་། རྒྱུ་ལ་གནས་པ་རྣམས་སོ། །དེ་རྣམས་ཀྱི་སྡོམ་པ་ནི་མི་དགེ་བ་སྤོང་བ་དང་། དགེ་བ་ལ་འཇུག་པ་དང་། སེམས་ཅན་གྱི་དོན་བྱ་བའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་དུ་གསུངས་ ལ། དེར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ལ་སོགས་པའི་དོན་རྣམ་པ་བཅུ་པོ་གང་ཡིན་པ་དེས་འཇུག་པའི་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་བསྟན་པར་བྱའོ། །དེ་ཡང་ལུང་བཞིན་ཞེས་བྱ་བ་སྟེ། ལུང་གི་དོན་དང་མི་འགལ་བར་རོ། །ལུང་ལས་ནི་ བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་གསུངས་སོ་ཞེ་ན། མདོར་བསྡུས་ནས་ནི་ཞེས་བྱ་བ་སྨོས་སོ། །དེ་ལྟ་ཡིན་དུ་ཆུག་ན། ཅི་འདིར་སྔོན་ཆད་མ་བྱུང་བ་གཞན་འགའ་ཞིག་སྨས་སམ། ལུང་ཇི་ལྟ་བ་ཡིན་ཞེ་ན། སྔོན་ཆད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྡེབ་སྦྱོར་མཁས་པས་སྔོན་ མ་ཡིན་ནམ་ཞེ་ན། སྡེབ་སྦྱོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་འདིར་སྡེབ་སྦྱོར་ལ་མཁས་པ་མེད་པ་ཉིད་ཀྱི་ཕྱིར་གཞན་གྱི་དོན་དུ་བདག་གིས་འདི་གཞུང་དུ་ཉེ་བར་སྦྱར་བ་མ་བྱས་སོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་གལ་ཏེ་གཞན་གྱི་དོན་དུ་མ་བྱས་ན་ཅིའི་ཕྱིར་བྱེད་ཅེ་ན། དེའི་ཕྱིར་རང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ལ་འདིར་བྱང་ཆུབ་ཀྱི་སེམས་ཏེ། དེ་བསྒོམ་པའི་ཕྱིར་ཞེས་བྱ་བ་ནི་བསླབ་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ལུང་ལས་ཚིག་གི་དོན་རྒྱ་ཆེར་གསུངས་པ་དེ་ལས་མདོར་བསྡུས་ཏེ་རང་གི་ཡིད་ལ་བསྒོམ་པར་བྱ་བའི་ཕྱིར་བདག་གིས་ འདི་བྱས་སོ་ཞེས་པའོ། །དེ་ཡང་ཇི་ལྟར་ཞེ་ན་དགེ་བ་བསྒོམ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ལ་དགེ་བ་བསྒོམ་པར་བྱ་བ་ནི་བདག་གིས་དད་པའི་ཤུགས་ཤིན་ཏུ་དག་པ་དང་འཕེལ་བར་འགྱུར་བའི་ཕྱིར་བྱས་པའོ། །རེ་ཞིག་ཅེས་བྱ་བའི་སྒྲས་ནི་གཞན་གྱི་དོན་ལ་ཡང་ ལྟོས་པ་སྟེ། འདི་ནི་གཞན་གྱི་དོན་དུ་འགྱུར་ཏེ། རྒྱུད་ཤིན་ཏུ་དག་པའི་ཡིད་དང་ལྡན་པ་རྣམས་ཀྱི་གོམས་པ་ཕུལ་དུ་བྱུང་བར་འགྱུར་རོ། །དེ་བས་ན་གཞན་གྱི་དོན་དུ་ཡང་འགྱུར་བ་ཡིན་པས་དེའི་ཕྱིར་བདག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་སྐལ་བ་མཉམ་ཞིང་ རིགས་མཚུངས་པ་གང་ཡིན་པ་གཞན་དག་ཀྱང་ཡོད་པས་དེའི་དོན་དུ་ཡང་འགྱུར་བ་མཐོང་བས་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་བརྩམས་པ་འདི་ནི་དོན་ཡོད་པ་ཡིན་ནོ། །སྡེབ་སྦྱོར་བྱེད་པའི་དོན་ནི་ཁོ་བོ་མི་འདྲིའི། བརྗོད་པར་བྱ་བ་འདྲི་སྟེ། བརྗོད་པར་བྱ་བ་ནི་ འཇུག་པའི་དོན་དུ་འགྱུར་བ་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི། གཞུང་རྩོམ་པ་ལ་ནི་རྟོག་པ་དང་ལྡན་པ་དག་བརྗོད་པར་བྱ་བའི་གཏམ་ལ་བརྟེན་པ་ཉིད་ཀྱིས་ན་གཏམ་ཡང་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་ཡིན་པས་དེ་ལྟར་ན་བདག་དང་གཞན་གྱི་གཏམ་གྱི་ དགོས་པ་ཡིན་ལ། དེ་གཉིས་ཐབས་དང་ཐབས་ལས་བྱུང་བའི་ཚུལ་དུ་འབྱུང་བ་ཉིད་ནི་འབྲེལ་བ་ཡིན་ནོ། །དེ་བས་ན་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་ནི་བརྗོད་པར་བྱ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གླེགས་བམ་ལ་ལ་ལ་ཚིག་འདི་མེད་དེ། བསླབ་པ་ཀུན་ལས་བཏུས་པ་ཉིད་ཡིན་མོད་ཀྱི། དེར་རིགས་པ་མ་ཡིན་ཏེ། བསླབ་པ་ཀུན་ལས་བཏུས་པ་ཉིད་ཡིན་པའི་ཕྱིར་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་མ་ཡིན་ལ། འདིར་ནི་བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བསམས་ པ་ཞེས་བཤད་པའི་ཕྱིར་དང་། བྱེད་པ་པོ་གཅིག་ཡིན་པའི་ཕྱིར་རིགས་པ་ཡིན་ཏེ། གཞན་དུ་ན་ཉན་པ་པོའི་འཇུག་པའི་ཡན་ལག་ཏུ་འགྱུར་བའི་འབྲེལ་པ་ལ་སོགས་པ་མ་སྨྲས་པར་འགྱུར་བས་འདི་ནི་འདིར་རིགས་ལ། སངས་རྒྱས་དང་ནི་བྱང་ཆུབ་སེམས་དཔའ་ དག །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནི་དེར་སྨོས་པའི་རིགས་སོ། །ཅི་ཚེ་འདི་ཉིད་དུ་དགེ་བ་ལ་འབད་པར་ཅི་ལྟར་ནུས་ཤེ་ན། དེའི་ཕྱིར་དལ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དལ་བ་ཞེས་བྱ་བ་ནི་མི་ཁོམ་པ་ལས་ལོག་པ་སྟེ། འདིར་ནི་སྡོམ་པ་ འཆགས་པ་ལ་དལ་བ་ཞེས་བྱའོ། །དེའི་འབྱོར་པ་ནི་ཕུན་སུམ་ཚོགས་པ་སྟེ། འདི་ནི་ཤིན་ཏུ་རྙེད་པར་དཀའ་བའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལ་སོགས་པ་གསུངས་པ་ཡིན་ལ། དེ་ནི་ཁོ་བོ་ཅག་རྣམས་ཀྱིས་ཐོབ་པར་འགྱུར་བ་ཡིན་ ནོ། །སྐྱེས་བུའི་དོན་སྒྲུབ་ནི་སེམས་ཅན་གྱི་དོན་བྱེད་པར་ནུས་ཤིང་སྐལ་བ་ཡོད་དེ། དེ་ཐོབ་པར་འགྱུར་བ་ཡིན་ནོ། །གལ་ཏེ་དལ་འབྱོར་ཕུན་སུམ་ཚོགས་པའི་དུས་འདིར་ཕན་པ་ཞེས་བྱ་བ་བདག་དང་གཞན་ལ་ཡུན་རིང་དུ་ཕན་ཞིང་བདེ་བར་འགྱུར་བ་རྣམ་པར་མ་བསམས་ནའོ། ། ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་བྱ་བ་ནི། ཤིན་ཏུ་རྙེད་པར་དཀའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕན་པ་དེ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་དང་། དེ་བཞིན་དུ་སྡིག་པ་བཤགས་པར་གཏོགས་པ་བདུན་དང་། བྱང་ཆུབ་ཀྱི་སེམས་ཡང་དག་པར་ བླང་བ་དང་། བྱང་ཆུབ་ཀྱི་སེམས་ལ་བག་ཡོད་པར་བྱ་བ་དང་། ཤེས་བཞིན་ལ་སོགས་པ་བསྲུང་བ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཡོངས་སུ་བསྔོ་བ་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་བཅུ་ལ་བྱའོ། །དེ་ལ་བྱང་ཆུབ་ཀྱི་ ཕན་ཡོན་གྱི་དབང་དུ་བྱས་ནས། ཇི་ལྟར་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མཚན་མོ་སྤྲིན་སྟུག་པོ་མང་པོས་ཁེབས་པས་མུན་པ་ཤིན་ཏུ་གནག་པ་ན་སྤྲིན་དང་མུན་ནག་གི་ཐིབས་པོ་གང་ཡིན་པ་དེར་གློག་འགྱུ་སྐད་ཅིག་སྟེ། དུས་ཤིན་ཏུ་ཡུན་ཐུང་བས་རབ་ཏུ་སྣང་བ་ སྟོན་ཏེ་གསལ་བར་བྱེད་པ་དེ་བཞིན་དུ་ཤིན་ཏུ་ཡུན་རིང་བའི་འཁོར་བའི་བཙོན་ར་མུན་རུམ་དུ་སྡིག་པའི་སྟོབས་ཅན་གྱི་སྤྲིན་མང་པོས་མུན་ནག་ཏུ་གྱུར་པའི་འཇིག་རྟེན་སྡུག་བསྔལ་གྱི་མུན་གནག་འབའ་ཞིག་ཡོད་པའོ། །སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སངས་རྒྱས་གློག་ལྟ་བུའི་དབང་ གིས་བསོད་ནམས་ལ་བློ་གྲོས་ཏེ། བློའི་ཁྱད་པར་གྱི་སྣང་བ་ཐང་འགའ་ཞིག་འབྱུང་བར་འགྱུར་ལ། དེ་ནི་ཤིན་ཏུ་རྙེད་དཀའ་བ་ཡིན་པས་ན་ལན་འགའ་ཞེས་བྱ་བ་སྨོས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་དེས་ལྟས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་དགེ་བ་ནི་རྒྱུ་ལ་ འབྲས་བུ་བཏགས་པའི་ཚུལ་གྱི་དགེ་བའི་ས་བོན་ལྷན་ཅིག་བྱེད་པའི་རྒྱུའི་གྲོགས་དང་བཅས་པ་ལ་བྱའོ། །དེ་ཉིད་ནི་ཉམ་ཆུང་ཞིང་སྟོབས་ཞན་པ་ཉིད་དུ་རྒྱུན་གྱིས་རྟག་པ་ཡིན་ནོ། །སྡིག་པའི་ས་བོན་ནི་སྟོབས་ཆེན་པོ་དང་ལྡན་པ་ཡིན་ཏེ། ལྷན་ཅིག་བྱེད་པའི་རྒྱུའི་གྲོགས་དང་བཅས་པར་ཆེ་བ་ ཡིན་པས་ཤིན་ཏུ་ཞེས་བྱ་བ་ལྷག་པར་མི་བཟད་པ་སྟེ། འཇིགས་སུ་རུང་བ་ཡིན་ནོ། །དེ་ནི་ཞེས་བྱ་བ་སྟོབས་སམ་སྡིག་པ་དེ་ལས་རྒྱལ་བར་འདོད་ན། གལ་ཏེ་རྫོགས་པའི་བྱང་ཆུབ་ཀྱི་སེམས་འཚང་རྒྱ་བར་བྱ་བ་ཡིན་པའི་ཕྱིར་དད་པས་ཉེ་བར་བསྟན་པར་བྱས་པའི་ཤེས་རབ་དང་སྙིང་རྗེ་ གཉིས་དང་ལྡན་ཞིང་ཡོད་པ་དང་མེད་པ་ལས་འདས་པའི་སེམས་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཡིན་པས་རྫོགས་པའི་བྱང་ཆུབ་ཀྱི་སེམས་མ་ཡིན་པ་དགེ་བ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར་ཞིང་རྒྱལ་བར་བྱེད་པར་འགྱུར་ཏེ། སེམས་དེ་ཉིད་ནི་ཉེས་པ་ཐམས་ཅད་སེལ་ བར་བྱེད་པའི་གཞི་ཡིན་ནོ། །དེ་ཡང་འདི་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལ་སོགས་པ་ལས་འདི་ཉིད་གསུངས་པ་ཡིན་ནོ། །བསྐལ་པ་དུ་མར་ཞེས་བྱ་བ་ལ་སོགས་པ་ལ། ཐུབ་པའི་དབང་པོ་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་རབ་ཏུ་དགོངས་ཤིང་དཔྱད་པར་མཛད་པས་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་འདི་ཕན་པ་ཡིན་པར་གཟིགས་སོ། །དེ་ཡང་གང་གི་ཕྱིར་རང་དང་གཞན་གྱི་བདེ་བའི་རྒྱུར་འགྱུར་བ་ཉིད་ཀྱིས་ན་ལུས་དང་ སེམས་ཚིམ་པར་བྱེད་པའི་བདེ་བ་ཉིད་ཀྱིས་བདེ་བ་རབ་ཏུ་འཕེལ་ཞིང་རྒྱས་པར་གྱུར་པ་བདེ་བླག་ཏུ་ཐོབ་པར་འགྱུར་བའམ་ཚད་མེད་ཅིང་གྲངས་མེད་པ་འདས་པའི་སྐྱེ་བོའི་ཚོགས་ཏེ། སེམས་ཅན་གྱི་ཚོགས་རྣམས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་ཡིན་ནོ། ། བྱང་ཆུབ་ཀྱི་སེམས་ལ་གནས་པ་དག་བརྟེན་པར་བྱ་བའི་ཕྱིར། སྲིད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཀྱི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་སྟེ། གཞོམ་པར་འདོད་ཅིང་སེལ་བར་འདོད་པས་སོ། །གླེགས་བམ་ལ་ལ་ལས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་ལས་སྒྲོལ་ འདོད། །ཅེས་ཟེར་ཏེ། དེར་ཡང་དོན་ནི་འདི་ཡིན་ནོ། །གཞན་ཡང་། སེམས་ཅན་གྱི་མི་བདེ་བསལ་བར་འདོད་པ་དང་། ཞེས་བྱ་བ་ནི་གཞན་དག་གི་ཕོངས་པའི་སྡུག་བསྔལ་གཞོམ་པར་འདོད་པས་སོ། །བདེ་མང་བརྒྱ་ཕྲག་ནི་བདེ་བ་ཅན་གྱི་བདེ་བ་ལ་སོགས་པའོ། །སྤྱོད་ པར་འདོད་པས་ཞེས་བྱ་བ་ནི་ལོངས་སྤྱོད་པར་འདོད་པས་སོ། །ཀྱང་ཞེས་བྱ་བའི་སྒྲས་ནི་གཞན་དག་སྤྱོད་པར་འདོད་པས་ཀྱང་ཞེས་སྟོན་ཏོ། །དེས་ནི། བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །ཞེས་བྱ་བ་སྟེ་དེ་དོར་བར་མི་བྱའོ། །ཕན་ཡོན་འདི་ནི་དེའི་ཚེ་གཞན་གྱི་ཡིན་ནོ། །ཚེ་འདིའི་ ཕན་ཡོན་ནི། བྱང་ཆུབ་སེམས་སྐྱེས་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འཁོར་བའི་བཙོན་ར་ནི་སྲེད་པས་བཅིངས་པའི་ཁྱིམ་སྟེ། འདོད་ཆགས་ལ་སོགས་པས་བསྡམས་པ་གང་ཡིན་པ་དེ་ནི་འཁོར་བའི་བཙོན་རར་བསྡམས་པའོ། །ཉམ་ཐག་རྣམས་ཞེས་བྱ་བ་ནི་མྱ་ངན་བྱ་བར་ འོས་པའི་ཉོན་མོངས་པ་རྣམས་སོ། །དེ་ནི་སྐད་ཅིག་གིས་ཞེས་བྱ་བ་སྐད་ཅིག་ཙམ་གྱིས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་ཞིང་། ལྷ་དང་མིར་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པར་འགྱུར་རོ། །སྐད་ཅིག་གང་གིས་ཤེ་ན། བྱང་ཆུབ་སེམས་སྐྱེས་གྱུར་ ནས་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་སྐྱེས་ཤིང་བྱུང་བར་གྱུར་པ་ཉིད་ཀྱིས་འགྱུར་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་འཕགས་པ་དཀོན་མཆོག་བརྩེགས་པ་ལ་སོགས་པ་ལས་ཇི་སྐད་གསུངས་པ་ལྟ་བུ་ཡིན་ནོ། །དྲིས་པ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བར་ དང་པོ་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བ་ཡིན་ལ། དེ་ནི་འཕགས་པའི་ཡིན་པས་འཕགས་པ་ལ་ནི་ཉམ་ཐག་རྣམས་ཞེས་མི་བྱའོ་ཞེ་ན། བདེན་མོད་ཀྱི་དེ་ནི་ཆོས་ལ་དམིགས་པ་ཅན་ཡིན་ལ། འདི་ནི་ཡང་དག་པར་བླངས་པ་བརྡ་ཅན་ལ་དགོངས་ནས་དེ་སྐད་བཤད་པ་ཡིན་པས་ཡང་ དག་པར་བླངས་པ་བརྡ་ཅན་ནི་འཕགས་པ་མ་ཡིན་པ་ལ་ཡང་སྐྱེ་བར་མདོ་སྡེ་རྣམས་ལས་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་སས་བར་མཐོངས་ཕྱེ་ནས་དེ་འཆི་བའི་དུས་བྱས་པ་དང་། སེམས་ཅན་དམྱལ་བ་ ཆེན་པོར་ལྷུང་སྟེ། དེ་ནི་སྟོང་པ་ཉིད་ལ་མ་དད་ཅིང་སྟོང་པ་ཉིད་སྨྲ་བ་ལ་ཁོང་ཁྲོ་བ་བྱས་པ་ཡིན་ནོ་ཞེས་གསུངས་པ་དང་། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང་། གང་ལ་ལ་ཞིག་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་རྟག་པར་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་པར་ཉན་ ཐོས་ཀྱི་ཐེག་པ་པ་རྣམས་ལ་བརྟེན་ཅིང་ཞེས་བྱ་བ་ནས། འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཉན་ཐོས་ཀྱི་ཐེག་པའི་ཕྱུགས་ཀྱི་ཤིང་རྟས་སངས་རྒྱས་ཉིད་ཀྱི་སར་བགྲོད་པར་འགྲོ་བ་ཡིན་ནོ་ཞེས་གསུངས་པ་དང་། ཆོས་བཅུ་པའི་མདོ་ལས་ ཀྱང་། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་བསྐུལ་ཞིང་སྐྱོ་བར་བྱས། ཡང་དག་པར་འཛིན་དུ་བཅུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་བྱང་ཆུབ་ཀྱི་སེམས་ ལ་མོས་པའི་རྒྱུ་དང་པོའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གཉིས་པའོ། །སེམས་ཅན་མགོན་མེད་པ་དང་། སྐྱབས་མེད་པ་དང་། དཔུང་གཉེན་ མེད་པ་རྣམས་མཐོང་ནས་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གསུམ་པའོ། །དེས་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་མཐོང་ནས་དགའ་བ་བསྐྱེད་ནས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་བཞི་པའོ་ཞེས་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་པར་ནི་སྡོང་པོ་བཀོད་པ་ལས་ཀྱང་གསུངས་པས་ལྷ་དང་མིར་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་ བར་འོས་པར་གྱུར་པ་ཡིན་ལ། བདེ་བར་གཤེགས་པའི་དབང་དུ་བྱས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་ལྷག་པར་མོས་པའི་རང་བཞིན་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་སྐད་ཅིག་མ་གང་ལ་སྐྱེས་པའི་སྐད་ཅིག་མ་དེ་ལ་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་སྟེ། དེ་བས་ན་ལྷ་དང་མིར་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པ་ཡིན་ནོ་ཞེས་བྱ་བ་བརྒལ་བའི་ལན་གདབ་པར་བྱའོ། །གསེར་འགྱུར་རྩི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལ། གསེར་འགྱུར་རྩི་ནི་རྩིའི་ཁྱད་པར་རོ། །མཆོག་ལྟ་བུ་ཞེས་བྱ་བ་ནི་རིན་པོ་ཆེ་ཉིད་དུ་བྱེད་ ནུས་པ་སྟེ། དེ་ལྟར་བསྒྱུར་ནུས་པའོ། །མི་གཙང་ལུས་འདི་བླངས་ནས་ཞེས་བྱ་བ་ནི། ད་ལྟར་གྱི་ལུས་འདི་གཟུང་ནས་སོ། །རྒྱལ་བའི་སྐུ། རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་ དོན་ཆེན་པོ་ཉིད་དུ་བསྒྱུར་ནུས་པ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བར་མིང་བཏགས་པའི་གསེར་འགྱུར་གྱི་རྩི་དེ་རབ་ཏུ་བརྟན་ཅིང་མ་ཉམས་པ་ཉིད་དུ་གཟུང་ཞིང་བླང་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གསེར་འགྱུར་རྩི་དང་འདྲ་བར་བཤད་ནས། རིན་པོ་ཆེ་དང་འདྲ་བ་ ཉིད་བཤད་པའི་ཕྱིར། འགྲོ་བའི་དེད་དཔོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བའི་དེད་དཔོན་གཅིག་པུ་ཞེས་བྱ་བ་ནི་འགྲོ་བའི་སྟེ། འཇིག་རྟེན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཁྲིད་པར་མཛད་པས་སོ། །ཚད་མེད་བློ་ཞེས་བྱ་བ་ནི་ ཕྲ་ཞིང་ཚད་མེད་པའི་ཡུལ་ཡིན་པ་ཉིད་ཀྱིས་གཞན་དག་གིས་གཞལ་བར་མི་ནུས་པས་ཚད་མེད་པའི་བློ་གང་ལ་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པའི་བློ་མངའ་ཞིང་རང་གི་དོན་ཕུན་སུམ་ཚོགས་པ་ཡང་བརྙེས་པ་དེས་ལེགས་པར་ཡོངས་སུ་བརྟགས་པ་སྟེ། རིན་པོ་ཆེ་ རྟོག་པ་ན་དེའི་མཚན་ཉིད་ལ་རྨོངས་པའམ། གཞན་སླུ་བ་དག་ལ་ལོག་པར་རྟོག་པར་བྱེད་ན། སངས་རྒྱས་ལ་གཉིས་པོ་འདི་དག་མི་མངའ་བས་དེས་ལེགས་པར་ཡོངས་སུ་བརྟགས་པ་ཡིན་ནོ། །ཅི་ལྟ་བུ་ཞེ་ན། རིན་ཆེ་བས་ཞེས་བྱ་བ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ དཔལ་འབྱོར་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ་བ་ཡིན་ན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ལྟ་སྨོས་ཀྱང་ཅི་དགོས། དེས་ན་འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས་ཏེ། དམྱལ་བ་ལ་སོགས་པའི་འགྲོ་བར་རྒྱུ་བའི་སྐལ་བ་ཅན་གྱི་སེམས་ཚོང་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ དེ་ལེགས་པར་ཤིན་ཏུ་བརྟན་པར་ཟུང་ཤིག་པའོ། །ཡང་གཟེངས་བསྟོད་པར་བྱ་བའི་ཕྱིར། དགེ་བ་གཞན་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ལས་གཞན་པའི་དགེ་བ་ཐམས་ཅད་ནི་ཞི་བའི་འབྲས་བུ་མེད་པར་ཆུ་ཤིང་དང་འདྲ་བར་འཛད་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་ནི་རྟག་པར་ཡང་འབྲས་བུ་འབྱིན་པ་ཡིན་ཏེ། སྐད་ཅིག་མ་རེ་རེ་ཞིང་རྒྱུ་མཐུན་པའི་འབྲས་བུ་འབྱིན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་འོག་ནས། དེང་ནས་བརྩམས་ཏེ་གཉིད་ལོག་གམ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུ་ ཡིན་པས་སྐྱེ་བ་རེ་རེ་ཞིང་རྣམ་པར་སྨིན་པ་ཕུལ་དུ་བྱུང་བ་བསྐྱེད་དུ་ཟིན་ཀྱང་། འགྲོ་བ་ཇི་སྲིད་གནས་ཀྱི་བར་དུ་རྒྱུ་མཐུན་པའི་འབྲས་བུ་རྒྱུན་མི་འཆད་པས་ཟད་པར་མི་འགྱུར་བ་ཡིན་ནོ། །དེ་ལྟར་ན་རང་གི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་ལས་གཞན་གྱི་དོན་ཕུན་སུམ་ཚོགས་པ་ ཡང་འབྱུང་བར་འགྱུར་བ་ཉིད་ཡིན་ནོ། །གཞི་དེ་ལས་གཞན་རྣམས་ལ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་སྐྱེ་བའི་ཕྱིར་རོ། །དེ་ལྟར་དགེ་བ་ལ་མངོན་པར་འཇུག་པ་བཤད་པས་ལེགས་པར་གཟེངས་བསྟོད་ནས། མི་དགེ་བ་ལས་ལྡོག་པའི་རྒྱུ་ཉིད་ཡིན་པར་སྦྱར་བའི་ཕྱིར་དཔའ་ བོ་དང་འདྲ་བར་བཤད་པ་ནི། སྡིག་པ་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྡིག་པ་མི་བཟད་པ་སྟེ། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པ་འཇིགས་པ་ཆེན་པོ་དང་འདྲ་བ་བྱས་ཀྱང་དཔའ་བོ་ལ་བརྟེན་པ་དང་འདྲ་བར་གང་ཞིག་ལ་བརྟེན་ཅིང་གནས་ བཅས་ན། ཡུད་ཀྱིས་ཞེས་བྱ་བ་རིང་པོ་མི་ཐོགས་པར་སྒྲོལ་ཞིང་སྐྱོབ་པར་ནུས་པའི་བྱང་ཆུབ་ཀྱི་སེམས་དེ་ལ་སེམས་ཅན་བག་དང་ལྡན་པ་རྣམས་ཀྱིས་ཅིའི་ཕྱིར་བརྟེན་པར་མི་བྱེད་དེ། ཤིན་ཏུ་ཡང་རྟེན་བཅའ་བའི་རིགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ སྡིག་པ་བྱས་ཤིང་བསགས་པ་རྣམས་རྟེན་གྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །དེ་ལ་རྟེན་གྱི་སྟོབས་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བའོ་ཞེས་ཆོས་བཞི་པའི་མདོ་ལས་གསུངས་པ་ཡིན་ནོ། །དེ་ལྟར་དགེ་བ་ལ་ འཇུག་པ་དང་། མི་དགེ་བ་ལས་ལྡོག་པའི་ཁྱད་པར་གྱི་གཞི་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་ཡང་དག་པར་གདམས་ནས། མེའི་ཁྱད་པར་དང་འདྲ་བར་བསྟན་ཅིང་། ཕན་ཡོན་དཔག་ཏུ་མེད་པ་ཉིད་ཡོད་པས་ཡང་དག་པར་གཟེངས་བསྟོད་པའི་ཕྱིར། དེས་ནི་དུས་མཐའི་ ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་འཇིག་རྟེན་འཇིག་པའི་དུས་ཀྱི་མེའི་ཕུང་པོ་དང་འདྲ་བ་ཡིན་པས་དུས་མཐའི་མེ་སྟེ། དེ་དང་འདྲ་བར་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཆེན་པོ་རྣམས་སྐད་ཅིག་གཅིག་གིས་ཞེས་བྱ་བ། ལྷག་པར་ མོས་པའི་བཟོད་པ་ཆེན་པོའི་སྐད་ཅིག་མ་གཅིག་གིས་གཟུང་བར་བྱ་བ་ཉེ་བར་མི་དམིགས་པ་ན། ངེས་པར་སྲེག་པར་བྱེད་པ་ཉིད་ཡིན་ནོ། །བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེའི་ཕན་ཡོན་དཔག་ཏུ་མེད་པའི་གྲངས་མེད་པ་དག་མགོན་པོ་བྱམས་པ་ཞེས་བྱ་བ་བློ་དང་ལྡན་ཞིང་ཤེས་རབ་ཆེ་བས་ ཚོང་དཔོན་གྱི་བུ་ཕོ་ནོར་བཟངས་ཞེས་བྱ་བ་ལ་བཤད་ཅིང་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུ་ཞེས་བྱ་བ་ལ་སོགས་པ་དང་། ཡོན་ ཏན་གྱི་ཁྱད་པར་གཞན་དག་དང་ཡང་དག་པར་ལྡན་པ་ཡིན་པར་འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང་གསུངས་པ་ཡིན་ནོ། །དེ་ལྟར་དེ་ཡན་ཆད་ཀྱི་ཚིགས་སུ་བཅད་པས་ནི་བྱང་ཆུབ་ཀྱི་སེམས་ལ་གོམས་པར་བྱས་པ་ཙམ་གྱི་ཕན་ཡོན་བཤད་པ་ཡིན་ལ། ད་འདི་མན་ཆད་ཀྱིས་ གནས་སྐབས་ཀྱི་དབྱེ་བ་ལ་དགོངས་ནས་བཤད་པ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་དེ་ལས་བྱང་ཆུབ་ཏུ་མོས་པའི་སེམས་ནི་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་རྣམས་ཀྱི་དོན་བྱའོ་ཞེས་དད་པས་ཉེ་བར་ བསྟན་པར་བྱ་བའི་བློ་དང་། བྱ་བ་དག་གིས་ཟབ་ཅིང་རྒྱ་ཆེ་བའི་དོན་ཐོབ་པར་འདོད་པའི་སེམས་དེ་ཉིད་བྱང་ཆུབ་ཏུ་སྨོན་པའི་སེམས་ཡིན་ནོ། །བྱང་ཆུབ་ཀྱི་སྤྱོད་པ་ཡང་དག་པར་བླང་བ་ལ་སོགས་པས་དེ་ལ་འཇུག་པ་ནི་བྱང་ཆུབ་ཏུ་འཇུག་པ་ཉིད་ཡིན་ཏེ། དེ་ལྟ་ན་རྣམ་པ་གཉིས་སོ། ། དེ་ཡང་བློ་དང་ལྡན་པས་ནོར་བཟངས་ལ་རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་རྙེད་པར་དཀའོ། །དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དེ་ཡང་ཆེས་རྙེད་པར་དཀའོ་ཞེས་གསུངས་པ་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དབྱེ་བ་མང་དུ་གསུངས་ལ་འདིར་ནི་རྣམ་པ་བཅུར་བཤད་ལ། དེ་ཇི་ལྟར་ན་རྣམ་པ་གཉིས་ཡིན་ཞེ་ན། དེའི་ཕྱིར་མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་བྱ་སྟེ། །ཞེས་བྱ་བ་སྨོས་པ་ཡིན་ཏེ། རྣམ་པ་བཅུ་ཡིན་དུ་ཟིན་ ཀྱང་ཕན་ཡོན་གྱི་སྐབས་སུ་མདོར་བསྡུ་ན། རྣམ་པ་གཉིས་སུ་གནས་ཏེ། ཡང་དག་པར་བླང་བ་དང་། འཇུག་པའི་ཁྱད་པར་གྱིས་གཉིས་ཡིན་པར་ཤེས་པར་བྱའོ། །གལ་ཏེ་དེ་ལྟ་ན་སྨོན་པ་བྱང་ཆུབ་ཀྱི་སེམས་ཀྱང་སྤྱོད་པའི་བདག་ཉིད་ཀྱང་ཡིན་ན་འདི་གཉིས་ལ་དབྱེ་བ་ཅི་ཞིག་ཡོད་ ཅེ་ན། དེའི་ཕྱིར་འགྲོ་བར་འདོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བར་འདོད་པ་ནི་ཡུལ་དུ་འགྲོ་འདོད་པ་ཉིད་ཡིན་གྱིས་འགྲོ་བ་མ་ཡིན་ནོ། །འགྲོ་བ་ནི་དེར་འགྲོ་བ་སྟེ། དེ་གཉིས་ཀྱི་བྱེ་བྲག་ཅི་ལྟར་ཤེས་པ་དེ་བཞིན་དུ། འདི་གཉིས་ཀྱི་བྱེ་བྲག་ཀྱང་རིམ་པ་ཇི་ལྟ་བ་ བཞིན་དུ་ཤེས་པར་བྱ་སྟེ། སྨོན་པའི་སེམས་ནི་འགྲོ་བར་འདོད་པ་ལྟ་བུ་ཡིན་ལ། འཇུག་པ་ནི་འགྲོ་བ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གིས་ཤེས་པར་བྱ་ཞེ་ན། མཁས་པས་ཏེ། ལུས་ལ་སོགས་པའི་ལས་ལ་ཡང་དག་པར་བརྟགས་ནས། བདག་དང་གཞན་ལ་ཕན་པའི་ ཐབས་ཤེས་ནས་རྟག་ཏུ་བྱེད་པ་གང་ཡིན་པ་དེ་ནི་ལྟུང་བའི་ཉེས་པ་མི་འབྱུང་བས་དེ་ནི་ཤེས་རབ་ཡིན་ལ། དེ་འདི་ལ་ཡོད་པས་ན་མཁས་པ་ཞེས་བྱ་སྟེ། མཁས་པ་དེས་ཤེས་པར་བྱའོ། །སྨོན་པ་ནི་མངོན་པར་འདོད་པ་ཙམ་ཉིད་ཡིན་ལ། འཇུག་པ་ནི་ཡང་ དག་པར་བླངས་པ་ལ་སོགས་པས་འཇུག་པའི་རང་བཞིན་ཡིན་ལ། འདིར་སྡོམ་པ་ཡང་དག་པར་ལེན་པ་འམ། འདིས་བྱང་ཆུབ་ཏུ་འཇུག་པས་ན་ཡང་དག་པར་ལེན་པ་དང་། འཇུག་པའི་བྱང་ཆུབ་ཀྱི་སེམས་ཡིན་པ་ལྟར་སྨོན་པ་ཡང་དེ་དང་འདྲའོ། །དེ་བས་ན་འཁོར་བའི་ཚེ་ འབྲས་བུ་ཆེན་པོ་འབྱུང་བར་འཇུག་པ་ལས་སྨོན་པ་དང་དབྱེ་བ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི། །ཡང་ཞེས་བྱ་བའི་སྒྲས་བྱང་ཆུབ་ཏུ་སྨོན་པའི་སེམས་ནི་འཁོར་བ་བདག་དང་གཞན་གྱི་བྱང་ཆུབ་ཀྱི་དོན་དུ་འགྱུར་བ་འབྲས་བུ་ཆེ་བ་ཉིད་འབྱུང་བ་ཡིན་མོད་ཀྱི། ཇི་ལྟར་ འཇུག་པའི་སེམས་ཀྱིས་དེར་འཇུག་པ་བཞིན་དུ་བསོད་ནམས་རྒྱུན་མི་ཆད་པར་རྒྱུན་ཆགས་སུ་འབྱུང་བ་མ་ཡིན་པས། འདིར་འཇུག་པའི་སེམས་ནི་སྔ་མ་ལས་ཁྱད་པར་ཡོད་དོ། །དེ་ཉིད་ཇི་ལྟར་བསོད་ནམས་ཀྱི་རྒྱུན་མི་འཆད་པར་འབྱུང་བ་ཡིན་ཞེ་ན། དེའི་ཕྱིར་གང་ནས་བཟུང་ སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་དགྲོལ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སེམས་ཅན་གྱི་ཁམས་འདི་ཙམ་ཞེས་མཐའ་གཟུང་བར་ནི་མི་ནུས་པའི་མཐའ་ཡས་པ་སྟེ། སེམས་ཅན་དེ་རྣམས་ཀྱང་ རང་གི་མཚན་ཉིད་འཛིན་པས་ན་ཁམས་ཏེ། ཉོན་མོངས་པ་དང་ལས་དང་རྐྱེན་སྐྱེ་བའི་རྒྱུན་གྱི་རང་བཞིན་ནོ། །དེ་རྣམས་ནི་ཉོན་མོངས་པའི་འཆིང་བ་དང་། འཁོར་བའི་བཙོན་ར་ལས་རབ་ཏུ་དགྲོལ་བར་བྱ་བ་དེའི་དོན་གྱི་ཕྱིར། འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་མི་ལྡོག་ཅིང་ཕྱིར་བཟློག་ པར་མི་ནུས་པའི་སེམས་ཀྱིས་འཇུག་པའི་སེམས་དེ་ནི་མངོན་པར་འཕེལ་ཞིང་རྣམ་པར་དག་པར་བྱ་བ་ཡང་དག་པར་བླངས་པའི་སེམས་དེ་ཉིད་ཀྱིས་བྱ་བ་མཐར་ཕྱིན་པར་བྱ་བའི་ཕྱིར་ལེན་པར་གྱུར་པའོ། །དུས་དེང་ནས་བཟུང་ནས་ཏེ་གཉིད་ལོག་པར་གྱུར་ཏམ། བག་མེད་པ་ཉིད་དུ་ གྱུར་ཀྱང་མི་དགེ་བ་ལས་ལྡོག་པ་དང་། དགེ་བ་ལ་འཇུག་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་རྣམས་ལ་བྱམས་པ་དང་། སྙིང་རྗེ་ཆེན་པོ་དག་གིས་བསོད་ནམས་ཀྱི་ཤུགས་ཏེ། དགེ་བའི་རྒྱུན་བར་མི་འཆད་པ་དང་། དེ་ཁོ་ན་ཉིད་ལ་ལྷག་པར་མོས་པའི་དབང་གིས་ཟད་མི་ཤེས་ པའི་བསོད་ནམས་ཀྱི་རྒྱུན་རེ་རེ་ཞིང་ཡང་རྣམ་པ་ཐ་དད་དུ་མ་ཞིག་འབྱུང་བར་འགྱུར་ལ། དེ་ལྟར་ཤིན་ཏུ་རྒྱ་ཆེ་བ་དང་། ཟད་མི་ཤེས་པ་ཉིད་ཀྱིས་ནམ་མཁའ་དང་མཉམ་པར་རབ་ཏུ་འབྱུང་བར་འགྱུར་ཏེ། དཔའ་སྦྱིན་གྱིས་ཞུས་པ་ལས་ཀྱང་། བྱང་ཆུབ་སེམས་དཔའི་བསོད་ནམས་གང་། ། དེ་ལ་གལ་ཏེ་གཟུགས་ཡོད་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །འདིར་རིགས་པ་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ཕན་ཡོན་ཆེན་པོ་དང་བཅས་པ་ཡིན་ པ་འདི་ཉིད་ནི། འཐད་པ་དང་བཅས་པར་ཞེས་བྱ་བར་རིགས་པ་དང་ལྡན་པ་ཡིན་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་གསུངས་ཤེ་ན། དམན་མོས་སེམས་ཅན་དོན་གྱི་ཕྱིར། །ཞེས་གསུངས་ཏེ། འགྲོ་བ་དམན་པ་ལ་མོས་པ་དག་གི་དོན་དུ་བྱའོ། ། གང་ལས་གསུངས་ཤེ་ན། ལག་བཟངས་ཀྱིས་ནི་ཞུས་པ་ལས། །ཞེས་བྱ་བ་སྨོས་སོ། །ལག་བཟངས་ཀྱིས་ཞུས་པ་ལས་འཐད་པ་དང་བཅས་པར་ཇི་ལྟར་གསུངས་ཤེ་ན། དེའི་ཕྱིར་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་རྣམས་ཀྱི་གླད་ནད་ཙམ། །བསལ་ལོ་ སྙམ་དུ་སེམས་པ་ཡང་། །ཕན་འདོགས་བསམ་པ་དང་ལྡན་ཏེ། །སྨན་པ་ལ་སོགས་པས་རང་གི་འདོད་པའི་དོན་གྱི་སྲིད་པ་མེད་པའི་སེམས་དང་ལྡན་ན། བསོད་ནམས་སུ་བྱ་བ་དཔག་ཏུ་མེད་པ་དག་འཛིན་པར་འགྱུར་ན། སེམས་ཅན་རེ་རེའི་མི་བདེ་བའི་སྡུག་བསྔལ་དཔག་ཏུ་མེད་ཅིང་ གྲངས་མེད་པའི་དབྱེ་བ་སྙེད་ཀྱི་བྱ་བ་ལ་དམིགས་པ་གསལ་བར་འདོད་ཅིང་གཞོམ་པར་འདོད་པ་དང་། སེམས་ཅན་རེ་རེའང་ཡོན་ཏན་དཔག་ཏུ་མེད་པ་འགྲུབ་ཅིང་སྐྱེད་པར་འདོད་པ་དག་ནི་སྨོས་ཅི་དགོས་ཏེ། ཤིན་ཏུ་ཡང་ཚད་མེད་པའི་བསོད་ནམས་སུ་འགྱུར་རོ་ཞེས་བྱ་བར་ དགོངས་སོ། །དེ་ཡང་སུ་ལ་ཞེ་ན། འདི་འདྲ་བའི་ཕན་སེམས་སུ་ཞིག་ལ་ཡོད་ཅེས་སྤྱིར་ཉེ་བར་བརྟགས་ནས་ཁྱད་པར་བསྟན་པའི་ཕྱིར་ཕ་འམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་འམ་ཡང་ན་མ་ཡང་རུང་། །ཞེས་བྱ་བའི་ཡང་གི་སྒྲས་ནི་མི་རྣམས་ཀྱི་སྤུན་ཟླ་འམ་ མཛའ་བོ་ལ་སོགས་པའོ། །ལྷ་དང་ཞེས་བྱ་བ་ནི་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་སོ། །དྲང་སྲོང་རྣམས་ཞེས་བྱ་བ་ནི་ཤེད་ལས་སྐྱེས་ལ་སོགས་པའི་སྐྱེས་བུ་རྣམས་སོ། །ཚངས་པ་ནི་འབྱིན་པ་པོ་ཉིད་ཡིན་པར་གཞན་དག་མངོན་པར་འདོད་པ་སྟེ། དེ་རྣམས་ལ་བྱང་ཆུབ་སེམས་ དཔའ་དག་སེམས་ཅན་རྣམས་ཕན་པར་དགོངས་པ་ལྟ་བུའི་ཕན་པའི་སེམས་འདི་ཡོད་པ་མ་ཡིན་ཏེ་མི་སྲིད་པ་ཉིད་ཡིན་ནོ། །གཞན་ཡང་སེམས་ཅན་དེ་དག་ཉིད་དེ། ཕ་ལ་སོགས་པ་དང་དེས་རྗེས་སུ་གཟུང་བར་བྱ་བའི་སེམས་ཅན་རྣམས་ལ། སྔོན་ཆད་རང་གི་དོན་དུ་ཡང་འདི་འདྲ་ པའི་ཡིད་ལ་མངོན་པར་འདོད་པའི་སེམས་རྨི་ལམ་དུ་ཡང་མ་རྨིས་ཤིང་སྔར་སྐྱེས་པ་མ་མཐོང་ན། གཞན་དག་གི་དོན་དུ་འདི་འདྲ་བའི་སེམས་པར་ག་ལ་འགྱུར། དེ་བཞིན་དུ་སྡུག་བསྔལ་བའི་ནད་ཀྱི་རྩི་སྨན་དུ་གྱུར་པ་ནི་ཐར་པ་ཐོབ་པའི་དོན་དུ་གྱུར་པའི་ཕྱིར། འགྲོ་བ་ཀུན་གྱི་ དགའ་བའི་རྒྱུར་གྱུར་པ་དང་། སྐྱེ་དགུའི་སྡུག་བསྔལ་གྱི་སྨན་དུ་གྱུར་པའི་སེམས་རིན་པོ་ཆེའི་བསོད་ནམས་གང་ཡིན་པ་ཞེས་སྒྲ་གཅན་ཟིན་གྱི་མགོ་དང་འདྲ་བར་དབྱེ་བ་མེད་ཀྱང་ཕྱེ་སྟེ་བཤད་པ་ཡིན་ནོ། །འདིར་བསོད་ནམས་ནི་འགྲོ་བའི་དོན་གྱི་རྒྱུར་གྱུར་པ་ཉིད་ཡིན་པས། བསོད་ ནམས་དེ་ལས་ཇི་ལྟར་གཞལ་གྱིས་ལང་། །དེ་བས་ཤིན་ཏུ་ཡང་ཚད་མེད་པ་ཡིན་ནོ་ཞེས་དེ་ལྟར་འདིར་ནི་ལག་བཟངས་ཀྱིས་ཞུས་པ་ལས་འཐད་པ་དང་བཅས་པར་གསུངས་པ་ཡིན་ནོ། །གཞན་ཡང་། ཕན་པར་བསམས་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ ན། །ཞེས་བྱ་བ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། མཆོད་པ་ཚད་མེད་རྣམས་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་རྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །སེམས་ ཅན་ཀུན་གྱི་བདེ་བ་ནི། །ཀུན་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་ཐམས་ཅད་ཐོབ་པའི་དོན་དུ་བརྩོན་པས་འཇུག་པ་དག་ནི་ཅིའི་ཕྱིར་ཁྱད་པར་དུ་འཕགས་པ་ཉིད་མ་ཡིན་ཏེ། ཁྱད་པར་དུ་འཕགས་པ་ཉིད་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་ཏུ་ སྨོན་པ་དག་གི་བསོད་ནམས་ཚད་མེད་པ་ཡིན་ཡང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇུག་པས། ཁྱད་པར་དུ་འཕགས་པ་ཉིད་མ་ཡིན་པར་བསྟན་པའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་འདོར་ཞིང་དེ་ལས་ངེས་པར་འབྱུང་བའི་ཐར་པ་སྟེ། དེ་འདོད་ པའི་ཕྱིར་བརྟུལ་ཞུགས་ཅན་ཁ་ཅིག་སྐྲ་འབལ་བ་ལ་སོགས་པ་བྱེད་ཅིང་སྡུག་བསྔལ་ཉིད་ལ་མངོན་པར་བརྒྱུག་གོ། །དེ་བཞིན་དུ་གཞན་ནི་བདེ་བ་འཐོབ་པར་འདོད་ཀྱང་མཐོ་རིས་དང་ཐར་པའི་ལམ་མི་ཤེས་ཤིང་། ཀུན་ཏུ་གཏི་མུག་པས་ཤིན་ཏུ་སྡུག་བསྔལ་བའི་རྒྱུ་དག་ལ་བདེ་བའི་རྒྱུ་ ཡིན་ནོ་སྙམ་པས་མངོན་པར་བརྒྱུག་ཅིང་རང་གི་བདེ་བ་དག་ནི་དགྲ་བོ་ལྟར་འཇོམས་པར་བྱེད་པ་སྟེ་མཐོང་བ་དང་མ་མཐོང་བའི་བདེ་བའི་རྒྱུ་མི་ཤེས་ཤིང་། དེ་ལ་ཀུན་ཏུ་རྨོངས་པས་སྦྱིན་པ་ལ་སོགས་པ་ནི་བདེ་བའི་རྒྱུ་ཡིན་ལ། དེ་ཁོ་ན་ཉིད་ཤེས་པའི་བློ་ནི་ཐར་པའི་རྒྱུ་ཡིན་ནོ་ཞེས་མི་ ཤེས་པས་དེ་དང་མི་མཐུན་པ་འབའ་ཞིག་སྟོན་པར་བྱེད་དོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ་སྡོམ་བརྩོན་ཅན་དང་། ཁྱིམ་པ་གང་ཞིག་བདེ་བས་མི་ངོམས་པའི་ཕྱིར་བདེ་བས་ཕོངས་པར་གྱུར་པ་དང་། དམྱལ་བ་ལ་སོགས་པའི་སྡུག་བསྔལ་མང་པོ་དང་ལྡན་པས་ལན་དུ་ མར་གཟིར་བར་གྱུར་པ་དེ་དག་ལ་བྱམས་པ་ཆེན་པོ་ལས་བྱུང་བའི་བདེ་བ་ཀུན་གྱིས་ནི་ཚིམ་པར་བྱེད་དོ། །སྙིང་རྗེ་ཆེན་པོས་སྡུག་བསྔལ་ཐམས་ཅད་ནི་གཅོད་པར་བྱེད་ཅིང་འགོག་པར་བྱེད་དོ། །ཤེས་རབ་ཀྱིས་གཏི་མུག་ཀྱང་ནི་སེལ་ཞིང་འཇིག་པར་བྱེད་དོ། །བྱང་ཆུབ་སེམས་ དཔའི་རིགས་དང་ལྡན་པ་དག་ནི་རང་བཞིན་གྱིས་སྙིང་རྗེ་ཆེན་པོ་ལ་སོགས་པ་དང་ལྡན་པའི་ཕྱིར་གསོལ་བ་མ་བཏབ་ཏུ་ཟིན་ཀྱང་གཞན་གྱི་དོན་འཇུག་པ་ཡིན་ནོ། །དེ་བས་ན་སེམས་ཅན་གྱི་དོན་གྱི་འཇུག་པའི་བྱང་ཆུབ་སེམས་དཔའ་དེ་དང་དགེ་ཞིང་ལེགས་པ་མཚུངས་ཤིང་མཉམ་པ་ག་ ལ་ཡོད་དེ། སྨོན་པ་ལ་གནས་སུ་ཟིན་ཀྱང་དེ་དང་མཉམ་པ་མ་ཡིན་ཏེ། ག་ལ་ཡོད་ཅེས་བྱ་བས་ནི་མི་སྲིད་པ་ཉིད་ཡིན་པར་སྟོན་ཏོ། །དེ་བས་ན་འཕགས་པ་བྱམས་པས་ཀྱང་རིགས་ཀྱི་བུ་བྱང་ཆུབ་ཏུ་སྨོན་པ་འདི་ཡང་རྙེད་པར་དཀའོ། །དེ་བས་ཀྱང་གང་དག་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་དེ་ཡང་ཆེས་རྙེད་པར་དཀའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་ཏུ་འཇུག་པའི་བསོད་ནམས་ནི་ཤིན་ཏུ་ཡང་རྙེད་པར་དཀའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །ཅེས་བྱ་བ་ནི་སྨོན་ པ་ལ་གནས་སུ་ཟིན་ཀྱང་འཇུག་པའི་སེམས་ལྟ་བུ་མ་ཡིན་ཏེ། འཇུག་པ་ནི་ཤིན་ཏུ་ཡང་བསྔགས་པར་བྱ་བ་ཡིན་པས་འདི་ནི་ཁྱད་པར་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕན་བཏགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གིས་ཕན་འདོགས་པར་བྱེད་པ་འདིར་ཕན་འདོགས་པ་ ཞེས་བཤད་ལ། ཕན་བཏགས་པ་དེ་ལ་སླར་ལན་ལོན་པ་དེ་གང་ཡིན་པ་དེ་ནི་ལན་ལྡོན་པ་ཞེས་བྱ་བ་སྟེ། དེ་ཡང་རེ་ཞིག་བསྔགས་པར་འོས་པ་ཉིད་ཡིན་ན། མ་བཅོལ་ཕན་པར་བྱེད་པ་ཡི། །ཞེས་བྱ་བ་གསོལ་བ་མ་བཏབ་ཏུ་ཟིན་ཀྱང་ཐམས་ཅད་དུ་ཕན་འདོགས་པར་བྱེད་པ་ཉིད་ཡིན་ན། གང་བྱང་ཆུབ་སེམས་དཔའ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་ནི་སྨོས་ཅི་དགོས་པས་ཤིན་ཏུ་ཡང་བསྔགས་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བསྟོད་པའི་ཚིག་དག་གིས་བསྔགས་པར་འོས་པ་ཡིན་པ་འབའ་ཞིག་ཏུ་མ་ཟད་དེ། ཕྱག་འཚལ་བ་དང་། མེ་ཏོག་ལ་སོགས་ པས་མཆོད་པ་བྱ་བ་ཡང་ཡིན་ནོ། །དེ་ཡང་གང་གི་ཕྱིར་འགྲོ་བ་ཉུང་ཟད་ཅིག་ལ་ནར་མ་ཙམ་གྱིས་ཁ་ཟས་སྦྱོར་ཞིང་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ལ་ཡང་འདི་ནི་འགྲོ་བ་ལ་ཟས་སྦྱིན་པར་བྱེད་པ་ཡིན་པས། དགེ་བ་བྱེད་པ་ཡིན་ནོ་ཞེས་སྐྱེ་བོ་རྣམས་ཀྱིས་བཀུར་ཞིང་མངོན་པར་མཆོད་པར་བྱེད་པ་ ཡིན་ནོ། །ནར་མའི་ཟས་ཅི་ཙམ་ཞིག་སྦྱོར་བར་བྱེད་ཅེ་ན། སྐད་ཅིག་ཙམ་གྱིས་དུས་ཐམས་ཅད་དུ་མ་ཡིན་པ་དང་། ཟས་ཙམ་སྦྱིན་པ་དེ་ཡང་བརྙས་པ་དང་བཅས་པ་ཉིད་དུ་བསྟེན་པར་བྱེད་པ་ཉིད་ཡིན་པའོ། །ཇི་ལྟར་ན་བརྙས་པ་དང་བཅས་པར་བྱིན་དུ་ཟིན་ཀྱང་དགེ་བ་ཡིན་ཞེ་ན། ཉིན་ཕྱེད་ འགྲངས་པར་བྱེད་པ་ཞེས་བྱ་བ་སྨོས་ཏེ། འགྲོ་བ་ཉུང་ཟད་ཅིག་གི་ཉི་མ་ཕྱེད་ཀྱི་འཚོ་བ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་གྲངས་ངེས་པ་མེད་པ་མཐའ་ཡས་ཞེས་བྱ་བས་ཉེ་བར་མཚོན་པ་རྣམས་ལ། དུས་རིང་དུ་སྟེ་དུས་ཆད་པ་མེད་པར་སྦྱིན་ཞིང་སྟེར་བར་བྱེད་ པའོ། །ཅི་ཞིག་སྦྱིན་པར་བྱེད་ཅེ་ན། མཁའ་དང་འགྲོ་བ་ཟད་ཀྱང་གང་ཡིན་ལ་བསམས་པ་མ་ལུས་པ་མཐའ་དག་ཡོངས་སུ་རྫོགས་པར་བྱེད་པ་དང་། ནམ་མཁའ་དང་འགྲོ་བ་རྣམས་ཟད་པར་གྱུར་ཀྱང་མི་ཟད་པ་གང་ཡིན་པ་དེ་ནི། ཡིད་ལ་བསམས་པ་མཐའ་དག་རྫོགས་བྱེད་ཅིང་། ། མཁའ་དང་འགྲོ་བ་ཟད་ཀྱང་མི་ཟད་པ། །ཞེས་བྱ་བ་སྟེ། དུས་གསུམ་ཐམས་ཅད་དུ་དགེ་བའི་བདག་ཉིད་ཅན་གྱི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་སྐད་སྟོན་ཏེ། ཡང་དག་པར་སྦྱིན་པར་བྱས་པའི་སེམས་ཅན་གྲངས་མཐའ་ཡས་ཉེ་བར་མཚོན་པའི་ཕྱིར་ཆད་པ་མེད་པ་དང་། ཐམས་ཅད་ཀྱི་ཡིད་ལ་རེ་བ་མ་ལུས་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ནམ་མཁའ་དང་འགྲོ་བ་རྣམས་ཡོངས་སུ་ཟད་ཀྱང་ཟད་པ་མེད་པ་ཉིད་ཀྱིས་དུས་ཀྱི་རྒྱུན་ཆད་པ་མེད་པར་རྗེས་སུ་སྦྱིན་པར་བྱེད་པ་དག་ཅིའི་ཕྱིར་མཆོད་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། གཞན་དུ་ན་དེ་ནི་ཤིན་ཏུ་མཆོད་ པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་དོན་ཏོ། །དེ་ལྟ་ན་གང་ཞིག་དེ་འདྲའི་རྒྱལ་སྲས་ནར་མའི་སྦྱིན་བདག་ཆེན་པོའི་ཡུལ་ལ་འགྲོ་བ་གང་ཞིག་གལ་ཏེ་རང་གི་སེམས་རྙོག་པ་དང་བཅས་ཤིང་། དད་པ་མེད་པའི་ངན་སེམས་སྐྱེད་པར་བྱེད་པ་དེ། ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་ པར་ནི། །ཞེས་པ་རྙོག་པའི་ངན་སེམས་སྐྱེས་པའི་སྐད་ཅིག་མའི་གྲངས་ཇི་སྙེད་པའི་སྐད་ཅིག་མ་དེ་དང་མཉམ་པའི་བསྐལ་པའི་གྲངས་དེ་སྙེད་དུ་དམྱལ་བར་གནས་པར་འགྱུར་རོ་ཞེས་རྒྱལ་བས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལ་སོགས་པ་ལས་ གསུངས་པ་ཡིན་ནོ། །འོན་ཏེ་རྒྱལ་བའི་སྲས་ལ་ཡིད་རབ་ཏུ་དང་བར་བྱེད་ཅིང་དང་བར་བྱེད་པ་ན་སྐྱེས་བུ་དེའི་འབྲས་བུ་སྔར་བཤད་པའི་འབྲས་བུ་ཡིད་དུ་མི་འོང་བའི་དུས་དེ་ལས་ལྷག་པར་ཡིད་དུ་འོང་བའི་འབྲས་བུ་བདེ་འགྲོ་ལ་སོགས་པ་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་རྒྱལ་བའི་སྲས་ རྣམས་ལ་དོ་གལ་ལམ་སྟོབས་ཆེན་པོས་ཀྱང་སྡིག་པ་མི་འབྱུང་སྟེ། རྐྱེན་གྱི་སྟོབས་དང་ལྡན་པ་དག་ཉེ་བར་གནས་པས་ཀྱང་། སེམས་ཅན་གྱི་སྡིག་པའི་ལས་དང་འབྲེལ་པར་མི་མཛད་ལ། སེམས་ཅན་མགུ་བ་ལ་མཆོག་ཏུ་བརྩོན་པས་དགེ་བ་ནི་ངང་གིས་འཕེལ་བར་གྱུར་ པ་ཡིན་ནོ། །དེ་བས་ན་གང་གི་སྐུ་ལ་རྒྱལ་བའི་སྲས་ཀྱི་སེམས་ཀྱི་ཕན་ཡོན་ཆེན་པོ་དེ་ལྟ་བུ་དང་ལྡན་པའི་མཆོག་དམ་པ་སེམས་ཀྱི་རིན་པོ་ཆེ་འདི་སྐྱེས་ཤིང་འཁྲུངས་པར་གྱུར་པ་དེ་རྣམས་ཀྱི་སྐུ་ལུས་ལ་ཕྱག་འཚལ་ཞིང་འདུད་པར་བྱེད་དོ། །དེ་བཞིན་དུ་གང་ལ་གནོད་པ་བྱས་ཀྱང་བདེ་བ་དང་རྗེས་སུ་ འབྲེལ་པར་འགྱུར་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་གནོད་པར་བྱེད་པ་གང་ཡིན་པ་དེ་རྣམས་ཀྱང་མཐོ་རིས་སུ་ཉེ་བར་འགྲོ་བའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དམྱལ་བར་གནས་པར་འགྱུར་ཞེས་མ་གསུངས་སམ་ཞེ་ན། དེ་ནི་བདེན་མོད་ཀྱིས། དེ་རྣམས་ལ་གནོད་པ་བྱས་པའི་དབང་གིས་དམྱལ་བ་རྣམས་སུ་གནས་པར་གྱུར་ཀྱང་དེ་གཞི་དེ་ལས་གནས་སྐབས་གཞན་དུ་སེམས་དད་ཅིང་དང་བས་སླར་ཡང་སྣོད་དུ་གྱུར་པ་ན། དེ་དད་པ་ལ་སོགས་པའི་རིམ་པས་མཐོ་རིས་སུ་འགྲོ་བའི་ཐབས་ཀྱང་དེ་ཉིད་ཡིན་པར་དེ་རྣམས་ཀྱིས་གཟིགས་ ཏེ། དཔེར་ན་འཕགས་པ་མེ་ཏོག་ཟླ་མཛེས་ཀྱིས་རྒྱལ་པོ་དཔའ་བྱིན་ལ་བྱས་པ་ལྟ་བུའོ། །འདིར་ཕན་པ་ནི་ཐར་པའི་ས་བོན་ཡིན་ལ། བདེ་བ་དང་སྡུག་བསྔལ་ཡང་དེ་དང་འབྲེལ་པའི་ངང་ཚུལ་ཡིན་པས་དེ་ལྟར་ན་བརྒྱུད་པའི་སྒོ་ནས་གནོད་པར་བྱེད་པ་ལ་ཡང་བདེ་ཞིང་ཕན་པ་དང་འབྲེལ་ པ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལས་ནི་ཕན་པ་དང་བདེ་བ་ཉིད་འབྱུང་བའི་ཕྱིར་བདེ་བའི་འབྱུང་གནས་ཞེས་བྱ་བ་སྨོས་ཏེ། བདེ་བའི་འབྱུང་གནས་ནི་བདེ་བའི་ཞིང་གྱུར་པ་ཡིན་པས། བྱང་ཆུབ་སེམས་དཔའ་སྐྱོབ་པ་དེ་ལ་སྐྱབས་སུ་མཆི་ཞེས་པའོ། །བྱང་ཆུབ་ ཀྱི་སེམས་ཀྱི་ཕན་ཡོན་ནི་དེའི་འབྲས་བུའམ་ཡོན་ཏན་གྱི་བདག་ཉིད་ཆེ་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་ལེའུ་དང་པོའོ།། །།དེ་ལྟར་ཕན་ཡོན་ཆེན་པོ་དང་ལྡན་ཞིང་བདེ་བའི་འབྱུང་གནས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར། སེམས་རིན་ པོ་ཆེ་དེ་ངེས་པར་གཟུང་ཞིང་བླང་དགོས་པས་དེའི་ཕྱིར་རིན་ཆེན་སེམས་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིན་པོ་ཆེ་ལྟ་བུའི་སེམས་དེ་ཡང་དག་པར་ལེགས་པར་གཟུང་བར་བྱ་བའི་ཕྱིར། མཆོད་པ་ཡང་དག་པར་བྱའོ། །དེ་ཡང་དད་པའི་ཤུགས་ཆེན་པོས་ཕྱག་འཚལ་བ་དང་། སྐྱབས་སུ་འགྲོ་བ་ལ་སོགས་པས། དེ་བཞིན་གཤེགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དམ་པའི་ཆོས་དཀོན་མཆོག་དྲི་མ་མེད་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་དཔྱད་ན་དྲི་མའི་ནག་ནོག་དང་བྲལ་བ་དག་དང་། སངས་རྒྱས་ཀྱི་སྲས་ཡོན་ཏན་མཐའ་ཡས་ པ་སྟེ་རྒྱ་མཚོ་སྙེད་མངའ་བ་རྣམས་ལ་ལེགས་པར་མཆོད་པར་བྱ་སྟེ། མཆོད་པ་དང་། བསྟོད་པ་དང་། ཕྱག་འཚལ་བ་དང་། སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས། བསམ་པ་ཡང་དག་པར་སྦྱངས་ནས་སྡིག་པ་རྣམས་ཀྱང་བཤགས་ལ། དེའི་རྗེས་ལ་བྱང་ཆུབ་ཏུ་སྨོན་པར་བྱ་སྟེ། དེ་ནས་ནི་འཇུག་པར་བྱའོ། །དེ་ལྟར་སྦྱོར་བ་དང་། དངོས་གཞི་དང་། མཇུག་གིས་རྒྱས་པ་དང་། ཡོངས་སུ་དག་པ་ཉིད་ཀྱིས་སེམས་རིན་པོ་ཆེ་དེ་ཡང་དག་པར་འཛིན་པ་ཉིད་དུ་འགྱུར་རོ། །དེ་ལ་མཆོད་པ་ནི་མེ་ཏོག་དབུལ་བ་དང་། དེའི་རྐྱེན་དུ་གྱུར་པའི་ལས་རྣམས་སོ། །དེ་ཡང་ བླ་ན་ཡོད་པ་དང་བཅས་པ་དང་། བླ་ན་མེད་པའོ། །དེ་ལས་ཀྱང་རེ་ཞིག་དང་པོ་བསྟན་པ་ནི་མེ་ཏོག་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཇི་སྙེད་ཡོད་པ་དང་ཞེས་བྱ་བ་ནི་ཁྱད་པར་སྨྲས་པ་ཡིན་ནོ། །སྨན་གྱི་རྣམ་པ་ཞེས་བྱ་བ་ནི་སྨན་གྱི་རིགས་སུ་གཏོགས་པ་སྟེ། སྨན་གྱི་མེ་ ཏོག་ལ་སོགས་པའི་མཆོག་གང་དག་ཇི་སྙེད་ཡོད་པ་དང་། དེ་བཞིན་དུ་འཇིག་རྟེན་དག་ན་རིན་པོ་ཆེའི་རྣམ་པ་མཆོག་ཏུ་གྱུར་པ་གང་དག་ཇི་སྙེད་ཡོད་པ་སྟེ། འདིར་འཇིག་རྟེན་ཞེས་བྱ་བ་ལྷ་ལ་སོགས་པ་སྟེ། འཇིག་རྟེན་ན་ཇི་སྙེད་ཡོད་པ་ཞེས་ཐམས་ཅད་ལ་ཡང་སྦྱར་བའི་ཕྱིར་ཟློས་པའི་ ཚིག་ཏུ་སྨོས་པ་ཡིན་ནོ། །གཙང་མ་ཡང་ཡིན་ལ་ཡིད་དུ་འོང་བ་ཡང་ཡིན་པས་ཆུ་གཙང་ཡིད་དུ་འོང་བའོ། །རི་བོ་ནི་ས་འཛིན་ནོ། །དབེན་ཞིང་ཉམས་དགའ་བ་ནི་དབེན་ཞིང་ཉམས་དགའ་བའོ། །ལྗོན་ཤིང་རང་གི་མེ་ཏོག་གིས་བརྒྱན་ཅིང་འབར་བར་སྣང་བ་ནི་བརྒྱན་པས་ སྤུད་པའོ། །དེ་བཞིན་དུ་ཤིང་གང་འབྲས་བུ་བཟང་ཞིང་མཆོག་ཏུ་གྱུར་པས་ཡལ་ག་དུད་ཅིང་གཡུར་ཟ་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ཤིང་གང་འབྲས་བཟང་ཡལ་ག་དུད་པ་ཞེས་བྱའོ། །དྲི་ནི་བཞི་པོ་ཆ་མཉམ་དུ་སྦྱར་བ་ལ་སོགས་པའོ། །སྤོས་ནི་ཨ་ཀ་རུ་ནག་ པོ་ལ་སོགས་པའོ། །དེ་ཡང་ཕྱོགས་ལ་སོགས་པ་སྟོང་པར་ལྷ་ལ་སོགས་པས་ལེགས་པར་སྦྱར་ཏེ་བཏང་བའོ། །དཔག་བསམ་ཤིང་ནི་ཇི་ལྟར་མངོན་པར་འདོད་པའི་འབྲས་བུ་འབྱུང་བའི་ཤིང་ངོ་། །ཆུ་ལས་སྐྱེས་པའི་མེ་ཏོག་པདྨ་ལ་སོགས་པས་བརྒྱན་པ་གང་ཡིན་པ་དེ་ནི་པདྨས་ བརྒྱན་པའོ། །དེ་བཞིན་དུ་ངང་པའི་སྒྲ་སྐད་ཤིན་ཏུ་སྙན་པ་དང་ལྡན་པ་གང་ཡིན་པ་དེ་ནི་ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ཞེས་བྱའོ། །གཞན་ཡང་ཞེས་བྱ་བ་ནི་རེ་རེ་ནས་བརྗོད་པར་ཇི་ཙམ་ཞིག་ནུས་ཏེ། ཁྱད་པར་ཅན་གྱི་དངོས་པོ་གང་དག་ཡོད་པ་དེ་དག་ཐམས་ཅད་དབུལ་བར་བྱའོ་ ཞེས་བྱ་བར་དགོངས་ཏེ། སངས་རྒྱས་ལ་སོགས་པ་མཆོད་པར་འོས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྒྱན་དུ་གྱུར་པ་མེ་ཏོག་ལ་སོགས་པ་འདི་དག་ནི། ནམ་མཁའ་རབ་འབྱམ་ཁམས་ཀྱི་མཐས་གཏུགས་པ། །ཞེས་བྱ་བ་ནི་ནམ་མཁའ་མ་ལུས་པ་ཁྱབ་པར་བྱེད་པ་ ཡོངས་སུ་གཟུང་བ་མེད་པ་སྟེ། དཔེར་ན་བྱང་གི་སྒྲ་མི་སྙན་ལྟ་བུའོ། །དཔག་བསམ་གྱི་ཤིང་ལ་སོགས་པ་དེ་དག་ཀུན་བློ་ཡིས་བླངས་ཤིང་ཀུན་ནས་བཟུང་ནས་ཐུབ་པ་སྐྱེས་བུ་རྣམས་ཀྱི་མཆོག་སྲས་དང་བཅས་པ་རྣམས་ལ་ལེགས་པར་དབུལ་བ་བགྱི་ཞིང་འདི་དག་བདག་གིས་ལེགས་པར་ བསྟབ་པར་བྱའོ། །དེ་ནས་ཡོན་གནས་ཀྱི་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་ལ་རྗེས་སུ་བརྩེ་བར་དགོངས་པས་བདག་གི་མེ་ཏོག་ལ་སོགས་པ་གནས་གང་ན་གནས་པ་དེ་དག་ཐམས་ཅད་བཞེས་པར་མཛོད་ཅིག །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་མི་ལྡན་ ཞེས་བྱ་བ་སྨོས་ཏེ། བསོད་ནམས་ཉེ་བར་མ་བསགས་པས་སོ། །དེ་ཉིད་ཀྱིས་ན་བཀྲེན་ཆེན་ཏེ་ཤིན་ཏུ་དབུལ་པོར་གྱུར་པའོ། །དེའི་ཕྱིར་མཆོད་པའི་ནོར་དུ་རུང་བ་ནི་ཇི་སྐད་དུ་བཤད་པའི་མེ་ཏོག་ལ་སོགས་པ་ལས་གཞན་པ་བདག་ལ་ཅང་ཡང་མ་མཆིས་སོ། །དེ་བས་ན་གཞན་ གྱི་དོན་ལ་དགོངས་པར་མཛད་པའི་མགོན་པོ་ཁྱེད་ཀྱིས་མེ་ཏོག་ལ་སོགས་པ་འདི་རྣམས་རང་རང་གི་གནས་ན། ཇི་ལྟ་བ་གནས་སུ་ཟིན་ཀྱང་བདག་གི་བློ་ལ་གནས་པ་སྟེ། ཉིད་ཀྱི་མཐུས་བཞེས་པར་མཛོད་ཅིག་ཅེས་པའོ། །དྲིས་པ། ཁྱེད་ལ་རང་གི་བདག་ཉིད་ལ་སོགས་པ་ཡང་ ཡོད་བཞིན་དུ། བདག་ལ་ཅི་ཡང་མ་མཆིས་སོ་ཞེས་སྨྲ་ཞེ་ན། དེའི་ཕྱིར་རྒྱལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བ་ནི་བདུད་བཞི་ལས་རྒྱལ་བའི་སངས་རྒྱས་ཏེ། དེ་སྲས་དང་བཅས་པ་རྣམས་ལ་བདག་གིས་ནི་དུས་གསུམ་གྱི་དགེ་བ་ཐམས་ཅད་དང་བཅས་པ་དང་དངོས་པོ་ ཐམས་ཅད་གཏན་དུ་དབུལ་བར་བགྱིའོ། །དེས་ན་སེམས་དཔའི་མཆོག་ཁྱེད་རྣམས་ཀྱིས་བདག་ཡོངས་སུ་བཞེས་ཤིག །བདག་གིར་མཛོད་ཅིག །ཀྱེ་སེམས་དཔའི་མཆོག་མཆོག་ཏུ་གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི་ཞིང་འབངས་ཀྱི་དངོས་པོ་ཉིད་བགྱིད་དོ་ཞེས་པའོ། ། བདག་ཉིད་ལ་སོགས་པ་ནི་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱེད་པ་ཡིན་ལ། དེས་གདུལ་བྱ་དེ་རྣམས་ཀྱི་དོན་ནི་ཁྱེད་ཀྱིས་བྱ་དགོས་པ་ཡིན་ན། དེ་བདག་ཅག་རྣམས་ལ་ཅིའི་ཕྱིར་དབུལ་བར་བྱེད་ཅེ་ན། དེའི་ཕྱིར་བདག་ནི་ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཁྱེད་ ཀྱིས་ཡོངས་སུ་གཟུང་ཞིང་བཞེས་པར་མཛད་ན། སྲིད་པ་སྟེ་འཁོར་བ་ན་མི་འཇིགས་ཤིང་སྐྲག་པ་མེད་པས་སེམས་ཅན་རྣམས་ལ་ཕན་པར་གྱུར་པའི་དོན་བགྱིད་པ་དང་། སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཡང་དེ་ལྟར་ གྱུར་ན་ཆོས་དང་མི་འཇིགས་པ་དང་། ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ལ་ཕན་པ་བགྱིད་པར་རྔོ་ཐོགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཆེན་པོ་རྣམས་ལ་བརྟེན་བཅས་ན་དོན་ཆེན་པོར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཁྱེད་རྣམས་ཀྱིས་བཞེད་པའི་དོན་ནི་འགྲོ་བའི་དོན་ཉིད་ཡིན་པས་ ཁྱེད་རྣམས་ལ་ཕུལ་བས་སེམས་ཅན་ཐམས་ཅད་ལ་སྩལ་བར་གྱུར་པ་ལགས་ཏེ། ཁྱེད་ཀྱི་བཀའ་ཉིད་ཀྱིས་དེ་རྣམས་ལ་ཡང་སྩལ་བར་བགྱིའོ་ཞེས་སྦྱིན་པར་བཤད་པ་ཡིན་ནོ། །ཡང་དེའི་རྐྱེན་དུ་གྱུར་པ་དག་བསྟན་པར་བྱ་བའི་ཕྱིར། ཁྲུས་ཀྱི་ཁང་པ་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ་དག་ནི་ཤེལ་གྱི་རང་བཞིན་ཅན་གྱི་ས་གཞི་ཀུན་ཏུ་གསལ་ཞིང་དངས་ལ་འཚེར་བག་དང་བཅས་པ་ཉིད་དུ་བསྟར་ཞིང་བྱི་དོར་བྱས་པ་དེ་ནི་རིན་པོ་ཆེ་སྣ་ཚོགས་འོད་ཟེར་འབར་བ་དང་ལྡན་པའི་ཀ་བས་ཡིད་དུ་འོང་ཞིང་ ཉམས་དགའ་བར་གྱུར་པར་མུ་ཏིག་གི་རྒྱུ་ལས་བྱས་པའི་བླ་རེ་འོད་ཀྱི་མདངས་ཆགས་པ་བྲེས་པ་གང་ཡིན་པ་དེར། དེ་དག་དང་དེ་ལས་གཞན་པའི་རྒྱན་རྣམས་ཀྱིས་ཀྱང་བརྒྱན་པ་དག་ཏུ། དེ་བཞིན་གཤེགས་པ་རྣམས་དང་། དེའི་སྲས་རྣམས་ལ་རིན་པོ་ཆེའི་རང་བཞིན་ལས་བྱས་ པའི་བུམ་པ་གྲངས་མང་པོ་དུ་མ་དག་སྤོས་དྲི་ཞིམ་པོ་སྣ་ཚོགས་པ་དང་སྦྱར་བའི་ཆུ་ཡིད་དུ་འོང་བ་དང་། མེ་ཏོག་གིས་ཀྱང་ལེགས་པར་བཀང་བ་བྱས་པ་དང་། དེ་བཞིན་དུ་གླུ་སྙན་པ་དང་། རོལ་མོ་སྙན་པ་དང་བཅས་པ་དུ་མ་དག་གིས་སྐུ་ཁྲུས་གསོལ་བར་བགྱིའོ། །དེ་ནས་དེའི་ རྗེས་ལ་ཁྲུས་གསོལ་བ་དེ་དག་གི་སྐུ་ལ་ན་བཟའི་རྣམ་པ་མཚུངས་པ་མེད་པའི་གོས་གཙང་ཞིང་དྲི་ཞིམ་པོའི་བདུག་པས་རབ་ཏུ་བསྒོས་ཤིང་བདུག་པས་མཛེས་པར་བྱ་བའི་ཕྱིར་སྐུ་ཕྱི་བར་བགྱིའོ། །དེ་ནས་ནི་དེ་དག་ལ་ཁ་དོག་ཚོན་གྱིས་ལེགས་པར་བསྒྱུར་ཞིང་མཛེས་པར་བྱ་བ་དང་། དྲི་ཤིན་ཏུ་ཞིམ་པོས་བསྒོས་པའི་ན་བཟའ་དམ་པ་བདག་གིས་དབུལ་བ་འམ་དབུལ་དུ་གཞུག་པར་བྱའོ། །ན་བཟའ་དག་ལ་དྲི་དང་སྤོས་ཀྱིས་བསྒོས་ཤིང་བྱུགས་པ་ནི་རྒྱན་དང་འདྲ་བར་དྲེགས་པའི་རྒྱུ་ཡིན་པའི་ཕྱིར་བཀག་པ་ཡིན་ལ། ཆོས་ཀྱི་བདག་པོ་ཡང་རང་ཉིད་ལ་གནས་པར་ མཛད་པས་སློབ་མ་རྣམས་རྗེས་སུ་འཇུག་ཅིང་སློབ་པར་མཛད་པ་མ་ཡིན་ནམ། དེ་ནི་བདེན་མོད་ཀྱི། དད་པས་བྱིན་པའི་སྤོས་དང་མེ་ཏོག་ལ་སོགས་པས་མིག་ལ་ཕན་པ་ལ་སོགས་པའི་བློས་དེ་ལ་སྤྱོད་པར་ནི་མངོན་སུམ་སྣང་བ་ཡིན་གྱི། བརྒྱན་པ་འམ་ཆགས་པའི་བློས་ནི་མ་ཡིན་ལ། སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པ་ལ་ནི་དེ་ལྟར་བྱས་པ་ཉིད་ཀྱང་ཉེས་པ་ཡོད་པ་མ་ཡིན་པས་བརྩད་པ་འདིས་ཅི་ཞིག་བྱ། ཁྱིམ་པའི་རྟགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་གོས་བཟང་པོ་མཐོ་རིས་ན་ལྷ་ལ་ཡོད་པ་ལྟ་བུ་སྲབ་ཅིང་ཤིན་ཏུ་ཕྲ་བ་སྣ་ཚོགས་ཤིང་ཁ་དོག་དུ་མས་ ཉེ་བར་བསྒྱུར་བས་མཛེས་པ་གང་ཡིན་པ་དེ་ནི་སྲབ་ལ་འཇམ་པ་སྣ་ཚོགས་མཛེས། །ཞེས་བྱ་བ་སྟེ། དེ་ལྟ་བུའི་ན་བཟའ་དང་རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས་ཞེས་བྱ་བ་གདུ་བུ་དང་། དཔུང་རྒྱན་དང་། སྙན་ཆ་དང་། ཅོད་པན་ལ་སོགས་པ་བཟང་པོ་རྣམས་ཀྱིས་མ་ཕམ་པ་ལ་ སོགས་པ་ལ་མཆོད་ཅིང་བརྒྱན་པར་བགྱིའོ། །དེ་ལ་མ་ཕམ་པ་ནི་བདུད་ཐམས་ཅད་ཀྱིས་ཕམ་པར་མི་ནུས་པས་ན་མ་ཕམ་པ་སྟེ། འཕགས་པ་བྱམས་པའོ། །ཀུན་ནས་བཟང་བས་ན་ཀུན་ཏུ་བཟང་པོ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། །འཇམ་ཞིང་སྙན་པའི་དབྱངས་མངའ་ ཞིང་བྱིས་པ་འདྲ་བས་ན་འཇམ་དབྱངས་སོ། །འཇིག་རྟེན་ཐམས་ཅད་ཀྱི་དབང་ཕྱུག་བཟང་བ་ཡིན་ཞིང་དེའི་རྣམ་པ་འདྲ་བའི་ཕྱིར་དང་། འགྲོ་བ་སྡུག་བསྔལ་དང་ལྡན་པ་རྣམས་ལ་སྤྱན་རས་ཀྱིས་འཚོ་ཞིང་གཟིགས་པར་མཛད་པས་ན་འཇིག་རྟེན་དབང་ཕྱུག་སྟེ། འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་གོ། །སོགས་པའི་སྒྲས་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་བསྡུ་སྟེ། དེ་ལྟར་ན། མི་ཕམ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལ་འང་བརྒྱན་པར་བགྱི། །ཞེས་བྱ་སྟེ། དེ་རྣམས་ནི་གདུལ་བྱ་རྣམས་ཀྱི་དབང་དུ་མཛད་ནས་ ཁྱིམ་པའི་རྟགས་འཛིན་པར་མཛད་པ་ཡིན་ནོ། །འང་ཞེས་བྱ་བའི་སྒྲས་གདུལ་བྱའི་དབང་གིས་སངས་རྒྱས་དེ་ལྟ་བུར་སྟོན་པར་མཛད་པ་ལ་ཡང་བརྒྱན་པར་བགྱིའོ་ཞེས་སྟོན་ཏོ། །གླིང་བཞི་པ་དང་། ཉི་མ་དང་ཟླ་བ་ལ་སོགས་པ་རེ་རེ་ཞིང་སྟོང་སྟོང་ཡོད་པ་ལ་ནི་སྟོང་སྤྱི་ཕུད་ཅེས་བྱའོ། ། དེ་སྟོང་ལ་ནི་སྟོང་གཉིས་པའོ། །སྟོང་གཉིས་པ་སྟོང་ལ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཏེ། སངས་རྒྱས་ཀྱི་ཞིང་གཅིག་ཡིན་ལ་ཞིང་རྣམས་ལ་ནི་ཕྱོགས་བཅུ་དག་ཏུ་མཐའ་ཡོད་པ་མ་ཡིན་ཏེ། སྟོང་གསུམ་དེ་ཐམས་ཅད་དུ་དྲིའི་ངད་ལྡང་ཞིང་འགྲོ་བ་ཁྱབ་པར་འབྱུང་བའི་ངང་ ཚུལ་གང་ལ་ཡོད་པ་དེ་ནི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་ཅེས་བྱ་བ་སྟེ། དེ་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ་ཞེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་ལ་བྱུག་པར་བགྱིའོ། །ཇི་ལྟ་བུའི་སྐུ་ལ་བྱུག་པར་བྱ་ཞེ་ན། ཐུབ་པ་རྣམས་ཀྱི་ སྐུ་གང་ཡིན་པ་དེ་གསེར་དེ་མདོག་བཟངས་ཀྵ་ར་དང་། སའི་སྐྱོང་བུ་ཁ་སྦྱར་ནང་དུ་ལེགས་པར་བསྲེགས་ཤིང་བཙོས་ལ་ཤིན་ཏུ་སྦྱངས་ཤིང་དག་པར་བྱས་ནས་བྱི་དོར་བྱས་ཏེ་ཕྱིས་པ་ལྟ་བུའི་འོད་ཆགས་ཤིང་ཤིན་ཏུ་འབར་བར་གྱུར་པ་དེ་དག་ལ་བདག་ཉིད་རང་གིས་བྱུག་ པར་བགྱི་བ་འམ་གཞན་དག་ཉེ་བར་བྱུག་ཏུ་གཞུག་པར་བྱའོ། །གཞན་ཡང་ཐུབ་པའི་དབང་པོ་མཆོག་མཆོད་པར་བྱ་བའི་གནས་ཀྱི་མཆོག་ལ་དྲི་དང་དབྱིབས་ལ་སོགས་པ་ཡིད་དུ་འོང་བའི་མེ་ཏོག་ལྷ་ཡུལ་ན་ཡོད་པའི་མེ་ཏོག་དྲི་ཞིམ་པ་མནྡཱ་ར་བ་ཞེས་བྱ་བ་དང་། པདྨ་དང་། ཨུཏྤལ་ལ་ སོགས་པ་ཞེས་བྱ་བ་དེ་དག་ཐོག་མར་གྱུར་པ་སྣ་མ་དང་། ཙམ་པ་དང་། ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་གང་ཡིན་པ་དེ་ཐམས་ཅད་ཀྱིས་ཐུབ་པའི་དབང་པོ་ལ་མཆོད་པ་དང་། ཕྲེང་བས་ཀྱང་མཆོད་པར་བགྱིའོ། །ཇི་ལྟ་བུས་ཤེ་ན། སྤེལ་ལེགས་ཡིད་འོང་རྣམས་ཀྱིས་ཞེས་བྱ་བ་ སྟེ། སྣ་ཚོགས་པ་སྤེལ་ལེགས་པར་བྱས་པས་དབྱིབས་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པར་གྱུར་པ་རྣམས་ཀྱིས་མཆོད་པར་བགྱིའོ། །དེ་བཞིན་དུ་སྤོས་ཀྱི་དྲིའི་ངད་ཀྱིས་འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པས་རྒྱ་ཆེར་སྤྲོས་པར་གྱུར་པ་སྟེ། དེ་ཉིད་ཀྱིས་ནི་ཡིད་དུ་འོང་བས། སྤོས་མཆོག་ཡིད་ འཕྲོག་དྲི་ངད་ཁྱབ་པ་ཡི། །ཞེས་བྱ་བ་སྟེ། དེ་ལྟ་བུའི་བདུག་པའི་སྤྲིན་ཚོགས་ཞེས་བདུག་སྤོས་ཀྱི་ཚོགས་རྣམས་ཀྱིས་ཐུབ་པའི་དབང་པོ་དེ་ལ་དབུལ་བར་བགྱི་ཞིང་བདུག་པར་བགྱིའོ། །དེ་བཞིན་དུ་ཞལ་ཟས་ཀྱི་རྣམ་པ་འབྲས་ཆན་ལ་སོགས་པ་དང་། ཁ་ར་དཀར་པོ་ལ་སོགས་པ་སྣ་ཚོགས་པ་ དང་བཅས་པ་དང་། བཏུང་བ་ཡིད་དུ་འོང་བ་དང་། རྒྱ་སྟར་གྱི་འབྲས་བུའི་ཁུ་བ་ལ་སོགས་པས་ཉེ་བར་མཚོན་པའི་ལྷ་བཤོས་རྣམས་ཀྱང་ཐུབ་པ་དེ་རྣམས་ལ་དབུལ་བར་བགྱི་ཞིང་བསྟབ་པར་བགྱིའོ། །དེ་བཞིན་དུ་མར་མེའི་རྣམ་པ་གསེར་གྱི་པདྨ་རྣམས་ལ་ཚར་དུ་དངར་ནས་གནས་པའི་ རིན་པོ་ཆེ་སྒྲོན་མ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་པ་གསལ་ཞིང་སྣང་བར་བྱེད་པ་རྣམས་ཀྱང་དེ་རྣམས་ལ་དབུལ་བར་བགྱིའོ། །གཞན་ཡང་ས་གཞི་ལེགས་པར་བསྟར་ཞིང་བྱི་དོར་བྱས་པ་དྲི་ཞིམ་པས་ཉེ་བར་བྱུགས་པ་གང་ཡིན་པ་དེར་མེ་ཏོག་གི་སིལ་མ་ཁ་དོག་དང་དབྱིབས་ སྣ་ཚོགས་པ་ཡིད་དུ་འོང་བས་སྤེལ་བ་དགྲམ་ཞིང་དགོད་པར་བགྱིའོ། །གཞལ་ཡས་ཁང་གི་ཁྱད་པར་དབུལ་བ་ནི་སྔར་ཕུལ་བའི་གཞལ་ཡས་ཁང་གི་ཁྱད་པར་གྱི་ཚོགས་ཀྱི་སྤྲིན་མང་པོ་ལ་དེ་ན་གནས་པའི་ལྷའི་བུ་མོ་རྣམས་ཀྱིས་སྦྱར་ཞིང་ཉེ་བར་བླངས་པའི་བསྟོད་པ་དང་། གླུ་ཤིན་ཏུ་ ཡིད་དུ་འོང་ཞིང་སྙན་པ་དང་ལྡན་པ་དང་། གཞན་ཡང་མུ་ཏིག་དང་། ནོར་བུ་རྣམས་ཀྱི་ཆུན་འཕྱང་གིས་དེ་ལ་མཛེས་པར་བྱས་པའམ། དེས་མཛེས་པར་བྱས་པས་མུ་ཏིག་ཆུན་འཕྱང་མཛེས་པ་འབར། །ཞེས་བྱ་བ་ལ་དེ་དག་ཐམས་ཅད་ཀུན་ནས་འབར་ཞིང་འོད་དང་ལྡན་པ་དང་། རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་ལ་སོགས་པ་འོད་དང་བཅས་ཤིང་སྣང་བའི་རང་བཞིན་ཅན་རྣམས་ཀྱིས་ཕྱོགས་བཅུ་པ་ཐམས་ཅད་ཀྱི་མཐའ་ཡས་པའི་ནམ་མཁའ་བརྒྱན་ཅིང་འོད་ཀྱིས་ཁྱབ་པར་གྱུར་ལ་དེ་དག་ཀྱང་། བྱམས་པ་ཆེན་པོའི་རང་བཞིན་ ཅན་བྱམས་པ་ཆེན་པོ་གང་ལ་གོམས་ཤིང་མངོན་དུ་མཛད་པ་རྣམས་ལ་ཁྱབ་པར་དབུལ་བ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བར་འདོད་པས་བསྡུས་པ་ནི་བྱམས་པ་སྟེ། དེའི་རང་བཞིན་ཅན་གྱི་ཐུབ་པ་རྣམས་ལ་བསྟབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་གདུགས་ ཀྱི་མཆོད་པ་ནི་གང་འདི་རིན་པོ་ཆེའི་རྒྱུ་ལས་བྱས་པའི་གདུགས་སྡུག་ཅིང་ཡིད་དུ་འོང་བས་མཛེས་པར་གྱུར་པ་དེ་ནི་རིན་ཆེན་གདུགས་མཛེས་ཞེས་བྱ་བ་ཡང་དེའི་ཁྱད་པར་ནི་གསེར་གྱི་ཡུ་བ་ཅན་དུ་བྱས་པས་ཉེ་བར་མཚོན་པ་དང་། ཁོ་ར་ཁོར་ཡུག་ཏུ་མུ་ཏིག་གི་རྒྱན་གྱི་རྣམ་པ་ལ་སོགས་པ་ ཡིད་དུ་འོང་བ་བཏགས་པས་བརྒྱན་ཅིང་མཛེས་པ་དང་། དབྱིབས་ལེགས་ཤིང་བལྟ་ན་སྡུག་པར་སྣང་བ་དེ་གྱེན་དུ་བསྒྲེང་བ་འདི་ཡང་རྟག་ཏུ་ཐུབ་པའི་དབང་པོ་རྣམས་ཀྱི་ཐད་དུ་བཟུང་ལ་དབུལ་བར་བགྱིའོ། །དེ་ལྟར་མཆོད་པའི་དབྱེ་བ་ཕྱོགས་ཙམ་ཞིག་སྨྲས་ནས། གཞུང་མངས་ཀྱིས་ དོགས་པས་སྤྱིར་མཆོད་པའི་སྤྲིན་ཇི་སྙེད་པ་སོ་སོར་གནས་པ་འབྱུང་བ་ཉིད་དུ་བསྟན་པའི་ཕྱིར། དེ་ལས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་པའི་ལས་ཀྱི་རྟེན་དུ་གྱུར་པ་དེ་དག་ལས་མཆོག་སྟེ། སྔ་མ་ལས་ཕུལ་དུ་བྱུང་བ་ཉིད་དུ་སོ་སོར་གནས་ཤིང་འབྱུང་བར་བྱིན་གྱིས་ རློབ་པར་གྱུར་ཅིག་པའོ། །ཅི་ཞིག་ཅེ་ན། མཆོད་པའི་ཚོགས་ཏེ་མཆོད་པའི་སྤྲིན་གྱི་ཕུང་པོའོ། །རོལ་མོ་ནི་རྔ་བོ་ཆེ་ལ་སོགས་པའོ། །དབྱངས་སྙན་པ་ནི་རྫ་རྔ་ལ་སོགས་པའི་རོལ་མོ་དང་། གར་དང་བཅས་པའི་དབྱངས་སྙན་པའི་གླུ་ལེན་པ་ཡིད་དུ་འོང་བ་སྟེ། དེ་རྣམས་ཀྱིས་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱང་ཚིམ་པར་བྱེད་པ་ཉིད་དོ། །དམ་པ་ནི་སངས་རྒྱས་ཏེ། དེའི་ཆོས་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་ནོ། །དེ་ནི་དཀོན་མཆོག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་དལ་འབྱོར་ཕུན་སུམ་ཚོགས་པ་ཉིད་ཐོབ་ཀྱང་རྙེད་ དཀའ་བ་དང་། དོན་ཆེ་བ་ཉིད་ཡིན་པའི་ཕྱིར་རོ། །དམ་ཆོས་དཀོན་མཆོག་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་སྐད་ཅེས་བྱ་སྟེ། དམ་པའི་ཆོས་དཀོན་མཆོག་དེ་ལ། དེའི་གླེགས་བམ་ལ་སོགས་པ་མཆོད་པའི་སྒོ་ནས་མཆོད་པ་དང་། དེའི་གླེགས་བམ་ལ་ སོགས་པ་དང་ལྡན་པ་འམ་སངས་རྒྱས་ཀྱི་སྐུ་གདུང་ཆུད་པར་བྱས་པའི་མཆོད་རྟེན་རྣམས་དང་། སྐུ་གཟུགས་རྣམས་ལ་རིན་པོ་ཆེ་དང་། མེ་ཏོག་ལ་སོགས་པ་གང་ཡིན་པ་དེའི་ཆར་རྒྱུན་མི་འཆད་ཅིང་བར་མཚམས་མེད་པ་ཉིད་དུ་འབབ་པར་ཤོག་ཅིག་ཅེས་པའོ། །དེ་ལྟར་བླ་ན་ ཡོད་པ་དང་བཅས་པའི་མཆོད་པ་བཤད་ནས། བླ་ན་མེད་པའི་མཆོད་པ་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བགྲོད་པར་བྱ་བ་ཇི་སྙེད་པ་ཐུགས་སུ་ཆུད་པས་ན། དེ་བཞིན་གཤེགས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །བསྟོད་པ་བཤད་པ་ ནི་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དབྱངས་ཀྱི་ཡན་ལག་ནི་སོ་རིང་ཞེས་བྱ་བ་ལ་སོགས་པ་ལྔ་པོ་རེ་རེ་ཞིང་ཡང་ཡན་ལག་ནི་དབྱེ་བ་མཐའ་ཡས་པ་ཡོད་པས་རྒྱ་མཚོ་ཇི་སྙེད་པ་གང་བའི་བསྟོད་པའི་ཚོགས་རྣམས་ཀྱིས། ཡོན་ཏན་རྒྱ་མཚོ་དེ་སྙེད་མངའ་བ་རྣམས་ ལ་བདག་གིས་བསྟོད་པ་བགྱིའོ་ཞེས་པའོ། །བསྟོད་པའི་བྱིན་གྱིས་བརླབ་པ་སྨྲས་པ་ནི། བསྟོད་དབྱངས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྟོད་པའི་དབྱངས་གླུར་ཡང་དག་པར་བླངས་པའི་ཚོགས་ནི་བསྟོད་དབྱངས་སྙན་པའི་སྤྲིན་ཏེ། དེ་དག་ཀྱང་ཡོན་ཏན་རྒྱ་མཚོ་དང་ ལྡན་པའི་སྤྱན་སྔར་ངེས་པར་ཀུན་དུ་འབྱུང་བ་འམ་རྣམ་པ་ཐམས་ཅད་དུ་འབྱུང་བར་གྱུར་ཅིག་པའོ། །ཕྱག་འཚལ་བ་སྨྲས་པ་ནི། དུས་གསུམ་ཞེས་པ་ལ་སོགས་པ་སྨོས་པ་ཡིན་ཏེ། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་དུས་ གསུམ་པོའི་སྤྱིར་བསྡུས་པ་ནི་དུས་གསུམ་སྟེ། དེ་དག་ཏུ་གཤེགས་ཤིང་བཞུགས་པའོ། །སུ་ཞིག་ཅེ་ན། སངས་རྒྱས་ཏེ། ཤེས་བྱ་མཐར་ཐུག་པ་མེད་ན་ཡང་ཡེ་ཤེས་མཐའ་ཡས་པའི་སྟོབས་མངའ་བ་ཉིད་ཀྱིས་ན། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ཁྱབ་པར་མཛད་པའི་ བློ་གང་ལ་མངའ་བ་དེ་ནི་སངས་རྒྱས་ཏེ་དེ་རྣམས་ཀུན་ལའོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི། ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞེས་བྱ་བ་སྟེ། དམ་པའི་ཆོས་དང་ཚོགས་ཀྱི་མཆོག་དང་བཅས་པ་ནི་ལུང་དང་རྟོགས་པའི་བདག་ཉིད་དང་། གང་ཟག་ཆེན་པོ་བརྒྱད་ལ་ སོགས་པའི་དགེ་འདུན་དང་བཅས་པ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཀྱི་ལུས་ཐམས་ཅད་ཀྱིས་རབ་ཏུ་བཏུད་པས་ནི་བདག་ཕྱག་འཚལ་ལོ་ཞེས་པའོ། །གཞན་ཡང་ཕྱག་བྱ་བའི་གནས་སུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞི་སྐུའི་གཟུགས་བརྙན་ རྣམས་དང་། བང་རིམ་དང་། བུམ་པ་དང་། ཁ་ཁྱེར་དང་། སྲོག་ཤིང་དང་། འཁོར་ལོ་དང་། གདུགས་ལ་སོགས་པའི་གཟུགས་སོ་ཕག་ལ་སོགས་པ་ལས་བརྩིགས་ཤིང་བསགས་པ་ལས་བསྒྲུབས་པ་ཉིད་ནི་མཆོད་རྟེན་ནོ། །མཆོད་རྟེན་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ ཚིགས་སུ་བཅད་པ་ལ་སོགས་པའི་སྙིང་པོ་དང་ལྡན་པར་བྱས་པའི་བཅོམ་ལྡན་འདས་ཀྱི་རྟེན་ནི་འདི་ལ་ཕྱག་བྱ་བ་ལ་སོགས་པས་བསོད་ནམས་བསྐྱེད་པའི་དོན་དུ་བྱིན་གྱིས་བརླབས་པ་ཡིན་པས་དེ་ལ་ཕྱག་འཚལ་བའོ། །འདིར་ཕྱག་འཚལ་བའི་སྒྲའི་དོན་ནི་ཡན་ལག་གི་དམ་པ་ས་ལ་ བཏུད་པ་ཡིན་པ། ཡན་ལག་གི་དམ་པ་ཡང་མགོ་བོ་ཡིན་པས་དེ་བཏུད་པ་ཞེས་བྱ་བའི་དོན་ཏོ། །ཆེད་དུ་སོང་སྟེ་འདི་ལས་ལུང་ནོད་པས་ན་མཁན་པོའོ། །ཐར་པའི་དོན་དུ་འབད་ཅིང་བརྩལ་བས་ན་བརྟུལ་ཞུགས་ཅན་ཏེ། དེ་དག་མངོན་དུ་དམིགས་ནས་ཕྱག་འཚལ་ལོ་ཞེས་པའོ། ། དེ་བཞིན་དུ་སྐྱབས་སུ་འགྲོ་བ་སྨྲས་པ་ནི། བྱང་ཆུབ་སྙིང་པོར་ཞེས་པ་ལ་སོགས་པ་སྨོས་པ་ཡིན་ཏེ། སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་ཀྱི་བར་དུ་ཞེ་ན། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་བྱ་སྟེ། སྙིང་པོར་གྱུར་པ་བྱང་ཆུབ་ཀྱི་མཆོག་ ཐོབ་ཀྱི་བར་དུའོ། །ཆོས་ནི་མྱ་ངན་ལས་འདས་པ་སྟེ། དེ་ལ་སྐྱབས་སུ་མཆིའོ་ཞེས་པའོ། །བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་བྱ་བ་ལ། སྔར་བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ལ་ དད་པ་སྐྱེས་པའི་ཤུགས་ཀྱིས་དེ་སྐད་སྨྲས་པ་ཡིན་ལ། ད་ལྟར་ནི་སྡོམ་པ་ལེན་པའི་དོན་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། །སྡིག་པ་བཤགས་པ་བསྟན་པར་བྱ་བའི་ཕྱིར། ཕྱོགས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པར་རྫོགས་པར་ཀུན་ལ་སངས་རྒྱས་པས་ན་རྫོགས་པའི་ སངས་རྒྱས་སོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཀུན་དུ་གདོན་པར་བཞེད་པ་ཉིད་ནི་ཐུགས་ཏེ། དེས་གཞན་གྱི་དོན་དུ་སྤྱོད་པར་མཛད་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་བརྙེས་པར་གྱུར་པས་ན། ཐུགས་རྗེ་ཆེན་པོ་མངའ་བ་སྟེ། དེ་ལྟ་བུའི་བྱང་ཆུབ་སེམས་ དཔའ་རྣམས་ལ་ཡང་ཐལ་མོ་སྦྱར་ཏེ་གསོལ་བར་བགྱིའོ། །ཐོག་མ་མེད་ལྡན་ཞེས་བྱ་བ་ནི་རྒྱུ་མེད་པར་སྐྱེ་བ་དང་། གཙོ་བོ་ལས་སྐྱེ་བར་འདོད་པ་ལ་སོགས་པ་དགག་པའི་ཕྱིར་འཁོར་བ་ནི་ཐོག་མ་མེད་པར་བསྟན་པ་ཡིན་ཏེ། འཁོར་བ་ལ་ཐོག་མ་ཡོད་པ་མ་ཡིན་ཏེ། ཐོག་མ་མེད་ ལྡན་འཁོར་བ་སྟེ། །དེས་ན་ཚེ་རབས་འདི་འམ་སྔོན་གྱི་སྐྱེ་བ་གཞན་དག་ལ་གང་བདག་གིས་མ་འཚལ་ཞིང་ཕྱུགས་ལྟར་རྨོངས་པས་སྡིག་པའི་རྣམ་པ་བདག་ཉིད་ཀྱིས་བགྱིས་པའམ། གཞན་བགྱིད་དུ་སྩལ་བ་ཉིད་དང་། རྗེས་སུ་ཡི་རང་བ་གང་བགྱིས་པ་ཅི་ཡང་རུང་བའོ། །དེ་ཅིའི་ཕྱིར་ དེ་ལྟར་བྱེད་ཅེ་ན། གཏི་མུག་འཁྲུལ་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འབྲས་བུ་མི་ཤེས་པའོ། །ཅི་ཞིག་ཏུ་འགྱུར་ཞེ་ན། བདག་ནོན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམྱལ་བ་ལ་སོགས་པའི་འགྲོ་བར་རང་ཉིད་གནས་པའི་ཕྱིར་རོ། །དེ་ལྟར་ཁྱེད་ཀྱི་དཀའ་བ་ལས་འདས་ པའི་ནོངས་པ་དེ་ནི་རྗེས་སུ་འགྱོད་པའི་སྒོ་ནས་དེའི་ཉེས་པ་མཐོང་བར་བགྱིས་ནས་བསམ་པ་ཐག་པས་ཡང་དག་པར་བཤགས་པར་བགྱིད་དོ། །དེ་ལྟར་བྱས་པ་ལ་སོགས་པའི་སྒོ་ནས་བཤད་ནས། ཡུལ་དང་བསམ་པ་དང་། སྦྱོར་བའི་དབྱེ་བས་དེ་བཤགས་པ་བསྟན་པའི་ཕྱིར། བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པ་མཐར་ཐུག་པ་ལས་བྱུང་བའི་སངས་རྒྱས་ཀྱི་ཡེ་ཤེས་ནི་སངས་རྒྱས་སོ། །དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པ་ནི་འདིར་དེའི་ཆོས་ཡིན་ནོ། །དེ་མཐོང་བ་ནི་དགེ་འདུན་ཞེས་བྱ་སྟེ། འདི་ནི་མངོན་པར་རྟོགས་པའི་ ཀུན་རྫོབ་ཀྱི་དཀོན་མཆོག་གསུམ་མོ། །འཇིག་རྟེན་པའི་ཀུན་རྫོབ་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་སྒྱུ་མ་ལྟ་བུར་བསྟན་པ་དེའི་སྐུའི་གཟུགས་བརྙན་ལ་སོགས་པ་ནི་སངས་རྒྱས་སོ། །གཞི་དེ་ལས་བྱུང་བའི་དེའི་ལུང་གི་གླེགས་བམ་ལ་སོགས་པ་ནི་ཆོས་སོ། །དགེ་སློང་གཞིའི་ཚོགས་ ལ་སོགས་པའི་འདུས་པ་ནི་དགེ་འདུན་ཡིན་ནོ། །འདིར་མངོན་པར་རྟོགས་པའི་དཀོན་མཆོག་གསུམ་ལ་ནི་གནོད་པར་བྱ་བར་ནུས་པ་མ་ཡིན་པས། དཀོན་མཆོག་གསུམ་པོ་ཅིག་ཤོས་ཀྱི་ཡུལ་ལ། ཤས་ཆེ་བའི་སེམས་ཀྱིས་གནོད་པ་བགྱིས་པའམ། ཕ་མ་དག་གམ། བླ་མ་སྟེ། མཁན་པོ་དང་། སློབ་དཔོན་ལ་སོགས་པའམ། གཞན་གང་ཡང་རུང་བ་དག་ལ་ཉོན་མོངས་ཀྱི་སྒོ་ནས་ཏེ། གནོད་པའི་བསམ་པས་ལུས་དང་། ངག་དང་། ཡིད་ཀྱི་སྦྱོར་བའི་བདག་ཉིད་ཅན་གྱིས་གནོད་པ་བགྱིས་པ་གང་ལགས་པ་དང་། མདོར་ན། ཉེས་པ་དུ་མའི་སྐྱོན་ཆགས་པའི། ། སྡིག་ཅན་བདག་གིས་སྡིག་པ་གང་། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་འཆགས། །ཞེས་བྱ་བ་སྤྱིར་བསྡུས་ཏེ་བཤགས་པའོ། །ཅིའི་ཕྱིར་འབད་པས་འཆགས་ཤེ་ན། གལ་ཏེ་བདག་ནི་སྡིག་པ་བགྱིས་པ་མ་བྱང་ཞིང་མ་ཟད་པར་མྱུར་དུ་འགུམ་པར་འགྱུར་དུ་མཆི་ ཞིང་འོང་བར་འགྱུར་བས། །ཇི་ལྟར་ན་སྡིག་པ་འདི་དག་ལས་སམ། ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ལས་ངེས་པར་ཐར་ཅིང་འབྱུང་བར་འགྱུར་བ། མྱུར་བའི་ཚུལ་གྱིས་ཏེ། རིངས་པ་ཉིད་དུ་མགོན་པོས་ཡོངས་སུ་བསྐྱབ་ཏུ་གསོལ་ཞིང་བདེ་བ་དམ་པར་ངེས་པར་འབྱུང་བའི་ ཐབས་བསྟན་དུ་གསོལ་ཞེས་པའོ། །འདི་ལྟར་འཆི་བདག་འདིས་ནི་བྱ་བ་འདི་བྱས་ཟིན་ལ། འདིས་ནི་ད་རུང་མ་བྱས་སོ་ཞེས་སྡོད་པར་མི་བྱེད་པས་ན། ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ཞེས་བྱ་སྟེ། ནད་མེད་ཅིང་བདེ་བར་ བྱས་པས་ཡིད་བརྟན་དུ་རུང་བ་ཡིན་ན་ཡང་། དོགས་པ་མེད་ཀྱང་འཇོམས་པར་བྱེད་པས། ཡིད་བརྟན་དུ་མི་རུང་བ་ཡིན་པས་དེ་བས་ན། ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་བྱ་བ་སྟེ་དོགས་པ་མེད་ཀྱང་གློ་བུར་ཉིད་དུ་འབྱུང་བས། སྤྲིན་མེད་པའི་ནམ་ མཁའ་ལས་ཐོག་ཆེན་པོ་འབབ་པ་དག་སྲིད་པ་དང་འདྲ་བར་གློ་བུར་དུ་གནོད་པ་ཆེན་པོ་འབྱུང་ངོ་། །དེ་བཞིན་དུ། ཐམས་ཅད་བོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །ཞེས་བྱ་བ་སྡུག་པ་ལ་སོགས་པའི་དངོས་པོ་ཐམས་ཅད་བོར་ཞིང་སྤངས་ནས། རང་གི་ལས་ཀྱི་ ལམ་འགའ་ཞིག་དང་ཆས་ཤིང་འགྲོ་དགོས་པ་ཡིན་པས་བདག་གིས་དེ་ལྟ་བུ་འདི་མི་ཤེས་ན། མཛའ་དང་མི་མཛའ་ཀུན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །ཞེས་བྱ་བ་ནི་རྒྱུ་དེས་མི་དགེ་བ་དུ་མ་ཞིག་བྱས་སོ་ཞེས་པའོ། །ཤི་བར་གྱུར་ནས་ནི་བདག་དང་མི་མཛའ་བའི་དགྲ་བོ་ རྣམས་ཀྱང་མེད་པར་འགྱུར་ཞིང་། གཞན་དག་ཀྱང་མེད་པར་འགྱུར་ལ། མཛའ་བ་སྟེ་སྡུག་པ་རྣམས་ཀྱང་མེད་པར་འགྱུར་བ་དང་། བདག་ཉིད་ཀྱང་ནི་མེད་པར་འགྱུར་རོ། །དེ་ལྟ་ན་སུ་ཞིག་ཆ་དགོས་པར་འགྱུར། །སེམས་ཀྱི་རྒྱུན་རྒྱུན་ཉིད་འགྲོའོ། །དེ་ལྟ་ན་ནི་དེ་ཉིད་བདག་ ཅེ་ན། དེ་ནི་བདེན་མོད་ཀྱི། ཚེ་འདིའི་ཕུང་པོའི་སྡུག་བསྔལ་ལ་སོགས་པའམ། དེ་ལས་གཞན་པ་དག་ལ་རྣམ་པ་ཐམས་ཅད་དུ་འཕོ་བར་བྱེད་པ་མ་ཡིན་གྱི། འཆི་བའི་སྐད་ཅིག་མའི་རྐྱེན་དང་ཕྲད་པ་ལས་སྐྱེ་བ་གཞན་དུ་འགྲོ་བ་ན་དྲན་པའི་ཚུལ་ཉིད་ཀྱིས་དེ་དང་དེ་དྲན་པའི་ཡུལ་དུ་དེ་ འགྱུར་བ་ཡིན་པས་ན་དེ་དྲན་པར་བྱེད་དེ། དེ་བས་ན། དངོས་པོ་གང་དང་གང་དག་རྗེས་སུ་སྤྱད་པ་དེ་དང་དེ་གོམས་པའི་སེམས་ཀྱིས་ཉམས་སུ་མྱོང་བར་འགྱུར་ལ། དེ་ཡང་རྨི་ལམ་ཉམས་སུ་མྱོང་བ་བཞིན་དུ་ཚེ་འདི་འདས་ཤིང་སོང་བར་གྱུར་པ་དེ་དག་ཐམས་ཅད་ནི་སླར་མཐོང་བར་མི་འགྱུར་ ཞིང་། ཉམས་སུ་མྱོང་བར་མི་འགྱུར་རོ། །སྐྱེ་བ་གཞན་དག་ཏུ་ཉམས་སུ་མྱོང་བ་ལྟ་སྨོས་ཀྱང་ཅི་དགོས་ཀྱི། རེ་ཞིག་གསོན་པའི་དུས་ཀྱི་ད་ལྟར་གྱི་ཚེ་འདི་ཉིད་ལ་མཛའ་བ་དང་མི་མཛའ་བ་དུ་མ་ཞིག་འདས་པར་གྱུར་ཀྱང་། རྨི་ལམ་ཉམས་སུ་མྱོང་བ་བཞིན་དུ། དྲན་པའི་ཡུལ་དུ་གྱུར་པ་ཡིན་ གྱི། སླར་མཐོང་བར་མི་འགྱུར་རོ། །དེ་དག་གི་དོན་དུ་བྱས་པའི་སྡིག་པ་མི་བཟད་ཅིང་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་འབྱིན་པའི་དྲག་པོ་གང་ཡིན་པ་དེ་ནི་མདུན་ན་གནས་པ་ཡིན་ནོ། །དེ་ལ་ཐམས་ཅད་བོར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་མཛའ་བ་དང་མི་མཛའ་བ་དང་བྲལ་བ་སྔོན་བྱུང་བ་ བཤད་པ་ཡིན་ནོ། །མི་མཛའ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པས་ཕྱིས་འབྱུང་བར་འགྱུར་བ་བཤད་པ་ཡིན་ནོ། །རྨི་ལམ་ཉམས་སུ་མྱོང་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་ད་ལྟར་བ་ཡིན་ཏེ། ཚེ་འདིར་ཡང་མི་མཛའ་བ་ལ་སོགས་པའི་དངོས་པོ་གང་དང་གང་ལས་འཇིགས་པ་ལ་ སོགས་པ་ཉམས་སུ་མྱོང་བར་གྱུར་པ་དེ་དང་དེར་ནི་སྐད་ཅིག་མ་རེ་རེ་ཞིང་དྲན་པ་ཉིད་ཀྱིས་དྲན་པའི་ཡུལ་དུ་གྱུར་པ་ཡིན་པས་དེ་ནི་རྨི་ལམ་ཉམས་སུ་མྱོང་བ་བཞིན་དུ་འདས་པར་གྱུར་པ་ཐམས་ཅད་སླར་མཐོང་བར་མི་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་འཇིགས་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་དྲན་ པ་དང་། སླར་ངོ་ཤེས་པར་འགྱུར། ལས་དང་འབྲས་བུ་ཡང་འབྲེལ་པར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཉམས་སུ་མྱོང་བའི་སྐད་ཅིག་མ་རེ་རེ་ལས་མངོན་སུམ་མམ། གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་དྲན་པ་ལ་སོགས་པ་སྐྱེ་བར་འགྱུར་བ་དེའི་ས་བོན་དང་རྐྱེན་ དུ་གྱུར་པ་ཡིན་པས། དེ་ལྟར་ཚེ་སྔ་མ་ནས་འོངས་པ་དང་། ཐམས་ཅད་བོར་ཏེ་སྐྱེ་བ་གཞན་དག་ཏུ་འགྲོ་དགོས་པས་བདག་ནི་གློ་བུར་བ་ཡིན་ནོ་ཞེས་བདག་གིས་སོ་སོར་རྟོགས་ཤིང་ཤེས་པར་མ་གྱུར་པས། རྒྱུ་དེས་ན་མཛའ་བ་འམ་མི་མཛའ་བ་རྣམས་ལ། རྗེས་སུ་ཆགས་པ་དང་ ཞེ་སྡང་བའི་དབང་གིས་སྡིག་པ་རྣམ་པ་དུ་མ་ཞིག་བྱས་པར་གྱུར་པ་འདི་ལ་གལ་ཏེ་བདག་འཆི་བར་གྱུར་པ་ན་སླར་བཅོས་པའི་ཐབས་ལས་བརྩོན་པར་མ་བྱས་ན་མྱུར་དུ་འཆི་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་འགོད་འགྱུར་ཞིང་། ། སྣོན་པ་གུད་ནས་འོང་མེད་ན། །ཞེས་བྱ་བ་སྟེ། ཚེ་མ་ཉམས་པ་འམ། འཕེལ་བ་འམ། སླར་འོང་བར་གྱུར་པའི་ཐབས་ཡོད་པ་མ་ཡིན་པས། བདག་ལྟ་འཆི་བར་ཅིས་མི་འགྱུར་ཏེ་ངེས་པར་འཆི་བར་འགྱུར་ཏེ། འཆི་བའི་ཚེ་ན་ཡང་བདག་ཉིད་ཀྱི་མལ་དུ་ འདུག་པ་བཞིན་དུ་འམ། གཉེན་བཤེས་རྣམས་ཀྱིས་མཐའ་ནས་ཉེ་བར་བསྐོར་དུ་ཟིན་ཀྱང་། སྲོག་ཆད་པའི་ཚོར་བ་དག་སྲོག་གཅོད་པ་ལ་སོགས་པའི་སྡུག་བསྔལ་ནི་བདག་ཉིད་གཅིག་པུས་རྗེས་སུ་མྱོང་བར་འགྱུར་གྱི། ཉེ་དུ་དང་མལ་སྟན་ལ་སོགས་པ་སྡུག་བསྔལ་བ་ནི་མ་ཡིན་ ནོ། །དེ་ལྟ་ན་ཡང་དེ་རྣམས་ནི་སྐྱོབ་པར་བྱེད་དོ་ཞེ་ན། དེ་རྣམས་ནི་ཚེ་འདི་ཉིད་ལ་སྐྱོབ་པར་བྱེད་པ་ཡིན་གྱི། འཆི་བའི་ཚེ་ན། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་པས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །བསོད་ནམས་དེ་ཡང་བདག་གིས་མ་བསྟེན་ ཏོ། །དེ་བས་ན་མགོན་པོ་བག་མེད་པར་གྱུར་པ་བདག་གིས་ནི་སྡིག་པ་མང་པོ་ཞིག་ཉེ་བར་བསྒྲུབས་ཤིང་བསགས་པར་གྱུར་ཏོ། །ཅིའི་ཕྱིར་ཇི་ལྟར་བྱེད་ཅེ་ན། འཆི་བའི་འཇིགས་པ་འདི་འདྲ་བ་ཉིད་མ་འཚལ་བས། མི་རྟག་ཚེ་འདི་ཉིད་ཀྱི་ཆེད་དུ་བདག་དང་བདག་གིར་ལྷག་པར་ ཆགས་པའི་རྒྱུས་སྡིག་པ་རྣམས་བསགས་སོ་ཞེས་པའོ། །དེ་བས་ན་བདག་ཉིད་ནི་གཤིན་རྗེའི་ཕོ་ཉས་ངེས་པར་ཁྲིད་པར་འགྱུར་རོ། །དེ་ལྟར་ན་དེ་ཉིད་ཀྱི་ཚེ་ཀུན་ནས་སྐྱོབ་པས་བསོད་ནམས་དག་བྱའོ་ཞེ་ན། སྐྱེ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བོ་དག་ཡན་ལག་བཅད་པའི་ ཕྱིར་དེའི་སར་ཉེས་པའི་དབང་གིས་དེ་རིང་ཁྲིད་པར་གྱུར་པ་ཡང་འཇིགས་པས་བྱེད་པར་འགྱུར་ཞིང་སྐོམ་པས་ཤིན་ཏུ་གདུངས་པས་ཁ་སྐམས་པ་དང་། མིག་རྩ་ངན་པ་ལ་སོགས་པ་རང་བཞིན་སྔ་མ་ལས་གཞན་དུ་གྱུར་པ་སྣང་ཞིང་། དེ་ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད་པ་ན། སྐྱབས་བྱེད་པ་དག་མེད་པ་ན། ལྷག་པར་ཞུམ་པར་བྱེད་པ་ཡིན་ན། འཆི་བའི་དུས་བྱེད་པའི་གཤིན་རྗེའི་ཕོ་ཉ་ཤིན་ཏུ་འཇིགས་འཇིགས་ལྟ་བུའི་ཤ་ཚུགས་ཅན་གྱིས་བཟུང་ཞིང་། བདག་གིར་བྱས་པར་གྱུར་ལ་འཇིགས་པ་ཆེན་པོས་སྐྲག་པར་བྱེད་པའི་རིམས་ནད་ཀྱིས་ཐེབས་པར་ གྱུར་ཅིང་། རབ་ཏུ་ཉམ་ཐག་བྱེད་པ་སྟེ། བཤང་གཅི་འབྱུང་བར་ལུས་ལ་གོས་པར་འགྱུར་བའི་གནས་སྐབས་སུ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་སྔར་བས། བྲེད་ཤ་འཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཇི་ལྟ་ཞེ་ན། སུ་ཞིག་འཇིགས་ ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །དེ་ལྟར་སྐྱབས་ཚོལ་བས། ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི་སྟེ་བསོད་ནམས་མེད་པའི་ཕྱིར་རོ། །བསོད་ནམས་ལས་ནི་སངས་རྒྱས་ལ་སོགས་པ་དེའི་ཚེ་ཡང་སྐྱབས་མཛད་པར་སྣང་ངོ་། །བསོད་ནམས་ ཀྱང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས་དེ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྟེ། བདག་ཉིད་རང་བཞིན་དུ་གནས་པར་གྱུར་པ་ཡང་དེ་ལྟར་འགྱུར་གྱི། སྡིག་པ་ཤིན་ཏུ་དྲག་པ་ཡང་དེའི་ཚེ་རང་བཞིན་དུ་གནས་པར་མི་འགྱུར་རོ། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །སྐྱོབ་ པར་གྱུར་པས་ཀྱང་། གནས་དེར་སྐྱབས