Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 103
Văn bản gốc(Tây Tạng)
Trang 15 / 24 (50.000 ký tự/trang)
་ལ་མོ་གཤམ་གྱི་བུ་ལ་སོགས་པ་ལྟར་སྐྱེ་བ་མི་སྲིད་པའི་ཕྱིར་ དངོས་པོ་མེད་པ་ལས་ཀྱང་དངོས་པོ་མེད་པ་མི་སྐྱེའོ། །དངོས་པོ་མེད་པ་ནི་དངོས་པོ་ལས་ཀྱང་མི་སྐྱེ་སྟེ། བཤད་ཟིན་པའི་ཉེས་པ་ཐོག་ཏུ་འབབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་དངོས་པོ་ལས་ཀྱང་དངོས་པོ་མེད་པ་མི་སྐྱེའོ། །གང་གི་ཚེ་དངོས་པོ་དང་དངོས་པོ་མེད་པ་ལས་དངོས་པོ་དང་ དངོས་པོ་མེད་པ་སྐྱེ་བ་ཡོད་པ་མ་ཡིན་པ་དེའི་ཚེ་སྐྱེ་བ་མི་སྲིད་པས་རྒྱུ་དང་རྐྱེན་གྱི་ཚོགས་པས་དངོས་པོ་དགོས་པ་ཅི་ཞིག་ཡོད་དེ། འདི་ནི་གྱི་ནའོ། །འདི་ལས་ཀྱང་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་འཇིག་པ་དག་མི་རིགས་པའི་ཕྱིར་རོ། །འདིར་སྐྱེ་བའི་དངོས་པོའི་རང་བཞིན་གྱི་དོན་ནམ་ དངོས་པོ་མེད་པའི་རང་བཞིན་ལ་རྟོག་གྲང་ན། དེ་བཞིན་དུ་འཇིག་པ་ཡང་རྟོག་པ་ན། དངོས་པོའམ་དངོས་པོ་མེད་པ་ཞིག་ལ་རྟོག་གྲང་ན། རྣམ་པ་ཐམས་ཅད་དུ་མི་སྲིད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། དངོས་པོ་དངོས་པོར་མི་འགྱུར་ཏེ། །དངོས་མེད་དངོས་པོར་མི་འགྱུར་ རོ། །དངོས་མེད་དངོས་མེད་མི་འགྱུར་ཏེ། །དངོས་ཡོད་དངོས་མེད་མི་འགྱུར་རོ། །དེ་ལ་དངོས་པོ་ཞེས་བྱ་བ་ནི་སྐྱེས་ཤིང་བདག་ཉིད་ཀྱི་དངོས་པོ་རྙེད་པའི་དོན་ཏེ། དེ་སླར་ཡང་དངོས་པོར་མི་འགྱུར་ཞིང་། སླར་ཡང་སྐྱེ་བར་མི་འགྱུར་ཏེ། ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དེ་ ལྟར་ན་ཡང་དངོས་པོ་དངོས་པོར་མི་འགྱུར་རོ། །དངོས་པོ་མེད་པ་ཡང་དངོས་པོར་མི་འགྱུར་རོ། །དངོས་པོ་མེད་པ་ཞེས་བྱ་བ་ཡོད་པ་མ་ཡིན་པ་ཇི་ལྟར་དངོས་པོར་འགྱུར་ཏེ། མོ་གཤམ་གྱི་བུ་ཡང་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་མེད་པ་ཡང་དངོས་པོར་མི་འགྱུར་རོ། ། དེ་ལྟར་ན་རེ་ཞིག་དངོས་པོའམ་དངོས་པོ་མེད་པ་དང་དངོས་པོར་མི་འགྱུར་བས་སྐྱེ་བ་མི་སྲིད་དོ། །ད་ནི་འཇིག་པ་ཡང་མི་སྲིད་དོ། །ཇི་ལྟར་ཞེ་ན། རེ་ཞིག་དངོས་པོ་མེད་པ་ནི་དངོས་པོ་མེད་པར་མི་འགྱུར་ཏེ། ཡོད་པ་མ་ཡིན་པ་ལ་ནི་རི་བོང་གི་རྭ་ལྟར་ཡང་དངོས་པོ་མེད་པ་མེད་པའི་ཕྱིར་ རོ། །དེའི་ཕྱིར་དངོས་པོ་མེད་དེ་དངོས་པོ་མེད་པར་མི་འགྱུར་རོ། །དངོས་པོ་ཡང་དངོས་པོ་མེད་པར་མི་འགྱུར་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །དངོས་པོ་མེད་པ་མེད་ན་ནི་འཇིག་པ་མེད་ལ། སྐྱེ་བ་དང་འཇིག་པ་མེད་ན་ཡང་འདུས་བྱས་མེད་དོ་ཞེས་བྱ་བར་གྲུབ་བོ། །ཇི་སྐད་ དུ། བཅོམ་ལྡན་འདས་ཀྱིས། འདུས་བྱས་འདུས་མ་བྱས་ཀུན་རྣམ་པར་དབེན། །དྲང་སྲོང་དེ་དག་རྣམ་རྟོག་མི་མངའ་སྟེ། །འགྲོ་བ་ཀུན་ལ་འདུས་མ་བྱས་ཐོབ་ཅིང་། །རྟག་ཏུ་ལྟ་བར་གྱུར་པས་རྣམ་པར་དབེན། །ཞེས་གསུངས་སོ། །འདིར་སྨྲས་པ། སྐྱེས་པ་མི་སྐྱེ་ལ་མ་སྐྱེས་པ་ཡང་མི་སྐྱེ་སྟེ། དངོས་པོ་དང་དངོས་པོ་མེད་པ་དག་ལ་སྐྱེ་བ་བཀག་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སྐྱེ་བཞིན་པའི་དོན་སྐྱེའོ། །འདི་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། སྐྱེ་བཞིན་པ་ནི་ཕྱེད་སྐྱེས་ཕྱིར། །སྐྱེ་བཞིན་པ་ནི་སྐྱེ་མི་འགྱུར། །གལ་ཏེ་ གང་ཅུང་ཟད་ཅིག་སྐྱེས་ཤིང་ཅུང་ཟད་ཅིག་མ་སྐྱེས་པ་དེ་སྐྱེ་བཞིན་པ་ཡིན་ན། དེ་ལྟར་ན་ནི་འོ་ན་སྐྱེ་བཞིན་པ་དེ་ཡོད་པ་མ་ཡིན་ཏེ་སྐྱེས་པ་དང་མ་སྐྱེས་པ་དག་ལ་རྗེས་སུ་ཞུགས་པས་གཞན་གསུམ་པ་སྐྱེ་བཞིན་པའི་དུས་ཀྱི་རྣམ་པ་མེད་དོ། །དེའི་ཕྱིར་མེད་པ་ཉིད་ཀྱིས་སྐྱེ་བཞིན་པ་མི་ སྐྱེའོ། །གལ་ཏེ་གཉི་གའི་ངོ་བོ་སྐྱེ་བཞིན་པ་ཡིན་ན་ནི་དེའི་ཕྱིར་དེའི་གང་ཅུང་ཟད་ཅིག་སྐྱེས་པ་དེ་ནི་སྐྱེས་པའི་ཁོངས་སུ་གཏོགས་པའི་ཕྱིར་མི་སྐྱེ་སྟེ། དངོས་པོ་ནི་མི་སྐྱེའོ་ཞེས་བརྗོད་པའི་ཕྱིར་རོ། །དེའི་ཅུང་ཟད་མ་སྐྱེས་པ་གང་ཡིན་པ་དེ་ཡང་མི་སྐྱེ་སྟེ། དངོས་པོ་མེད་པ་མི་སྐྱེའོ་ཞེས་ བརྗོད་པའི་ཕྱིར་རོ། །ཅི་སྟེ་སྐྱེས་པ་དང་མ་སྐྱེས་པ་དག་ལ་སྐྱེ་བཞིན་པ་ཉིད་དུ་རྟོག་ན། དེ་ལྟ་ཡིན་ན་འདས་པ་དང་མ་འོངས་པ་གཉིས་ཀྱང་སྐྱེ་བཞིན་པ་ཉིད་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། ཡང་ན་ཐམས་ཅད་སྐྱེ་བཞིན་པ། །ཉིད་ནི་ཡན་པར་ཐལ་བར་འགྱུར། །ཞེས་ བྱ་བ་སྨོས་སོ། །སྐྱེ་བའི་བྱ་བ་ཐོབ་པར་འགྱུར་བ་སྐྱེས་ཟིན་པ་ནི་མི་གནས་པའི་ཕྱིར་འདས་པ་ཁོ་ནར་འགྱུར་ལ། མ་སྐྱེས་པ་ནི་མ་འོངས་པར་འགྱུར་རོ། །དེའི་ཕྱིར་འདིར་སྐྱེ་བཞིན་པ་ལ་སྐྱེ་བར་རྟོག་ན། ཡང་ན་དུས་གསུམ་པོ་ཐམས་ཅད་སྐྱེ་བཞིན་པའི་ཁོངས་སུ་གཏོགས་ པའམ། ཡང་ན་སྐྱེ་བཞིན་པ་ཞེས་བྱ་བ་གང་ན་ཡང་མེད་དོ་ཞེས་བྱ་བར་གནས་སོ། །གཞན་ཡང་སྐྱེ་བཞིན་པའི་དངོས་པོར་གནས་པ་ཡོངས་སུ་བརྟག་པ་གང་ཡིན་པ་དེ་ཅི་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བའམ་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བ་མ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། གཉི་ག་ལྟར་ ཡང་སྐྱོན་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། སྐྱེ་བཞིན་པ་ཡི་བདག་ཉིད་དུ། །བྱ་བ་སྐྱེ་བཞིན་པར་མི་འགྱུར། །སྐྱེ་བཞིན་པ་ཡི་བདག་ཉིད་དུ། །མི་བྱའང་སྐྱེ་བཞིན་པར་མི་འགྱུར། །སྐྱེ་བཞིན་པའི་རང་བཞིན་གང་ཡིན་པ་དེ་ནི་དེའི་བདག་ཉིད་དུ་རྣམ་པར་གནས་པའི་ཕྱིར་བྱ་ བ་མ་ཡིན་ལ། གང་ཞིག་སྐྱེ་བཞིན་པའི་བདག་ཉིད་དུ་མི་བྱ་བ་དེ་ཡང་སྐྱེ་བཞིན་པར་མི་འགྱུར་ཏེ། སྐྱེ་བཞིན་པའི་བདག་ཉིད་དུ་མ་གྱུར་པའི་ཕྱིར་རོ། །གང་ཞིག་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བ་དེ་ནི་ཡང་སྐྱེ་བཞིན་པ་མ་ཡིན་པ་ལྟར་སྐྱེ་བཞིན་པར་མི་འགྱུར་བས་སྐྱེ་བཞིན་པ་མེད་དོ། །སྐྱེ་ བཞིན་པ་མེད་པས་ཀྱང་སྐྱེ་བཞིན་པ་མི་སྐྱེའོ། །འདིར་སྨྲས་པ། སྐྱེ་བཞིན་པའི་དོན་དེ་ནི་ཡོད་པ་ཉིད་དེ་འདས་པ་དང་མ་འོངས་པའི་བར་ན་གནས་པའི་ཕྱིར་རོ། །འདིར་འདས་པ་དང་མ་འོངས་པའི་བར་ན་སྐྱེ་བཞིན་པ་ཞེས་བྱ་བ་ཡོད་དེ། གལ་ཏེ་མེད་ན་ནི་ཅི་ལ་ལྟོས་ནས་འདས་ པ་དང་མ་འོངས་པ་རྣམ་པར་འཇོག་པར་འགྱུར། དེ་ཡོད་ན་ནི་མ་འོངས་པའི་དོན་དེ་ལ་མ་འོངས་པ་དང་ཐལ་བ་ཞེས་བྱ་བ་དེ་འདས་པ་ཞེས་བརྗོད་དོ། །དེའི་ཕྱིར་སྐྱེ་བཞིན་པ་ལ་ལྟོས་པ་ཉིད་ཀྱིས་དུས་གཉིས་པོ་དེ་རིགས་སོ། །བཤད་པར་བྱ་སྟེ། གང་གིས་གཉིས་པོ་བར་མེད་ པར། །སྲིད་པ་ཡོད་པ་མ་ཡིན་པ། །དེ་ལ་སྐྱེ་བཞིན་པ་མེད་དོ། །གང་ཕྱིར་དེ་ལའང་བར་ཡོད་ཕྱིར། །རྒོལ་བ་གང་གི་ལྟར་ན་བར་མེད་པར་ཏེ། དཀྱིལ་མེད་པར་འདས་པ་དང་མ་འོངས་པ་གཉིས་སྲིད་པ་ཡོད་པ་མ་ཡིན་པ་དེ་ལ་སྐྱེ་བཞིན་པ་མེད་དོ། །ཇི་ལྟར་ཞེ་ན། གང་ ཕྱིར་དེ་ལའང་བར་ཡོད་ཕྱིར་ཏེ། ཇི་ལྟར་སྐྱེ་བཞིན་པ་འདས་པ་དང་མ་འོངས་པ་དག་གི་བར་ན་གནས་པ་ཉིད་ཡིན་པ་དེ་བཞིན་དུ་སྐྱེ་བཞིན་པ་སྐྱེས་པ་དང་མ་སྐྱེས་པའི་རང་བཞིན་ཅན་དེ་ལ་ཡང་གང་ལ་ལྟོས་ནས་སྐྱེས་པ་དང་མ་སྐྱེས་པར་རྣམ་པར་འཇོག་པར་འགྱུར་བ་བར་ཞིག་ཏུ་འགྱུར་བར་བྱ་ དགོས་ན། སྐྱེས་པ་དང་མ་སྐྱེས་པའི་བར་དུ་གཞན་གསུམ་པ་སྐྱེ་བཞིན་པ་ཞེས་བྱ་བ་དེ་རྣམ་པར་གཞག་པར་ནུས་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་སྐྱེས་པ་དང་མ་སྐྱེས་པའི་བར་དུ་སྐྱེ་བཞིན་པར་རྟོག་པ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདིར་སྨྲས་པ། གང་ལ་ ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་བ་ཕྱེད་སྐྱེས་པ་ནི་སྐྱེས་བཞིན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ཞིག་འགགས་པས་དངོས་པོ་སྐྱེ་བར་འགྱུར་བ་སྐྱེས་པའི་སྔ་རོལ་གྱི་གནས་སྐབས་ཀྱི་ངོ་བོའི་དོན་དེ་ལ་སྐྱེ་བཞིན་པ་ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར་སྨྲས་ པ། གང་གི་ཕྱིར་ན་སྐྱེ་བཞིན་པ། །འགགས་པས་སྐྱེས་པ་སྐྱེ་འགྱུར་བ། །དེ་ཡི་ཕྱིར་ན་སྐྱེ་བཞིན་པ། །གཞན་ཡང་ཡོད་པའི་ངོ་བོར་སྣང་། །གང་གི་ཕྱིར་སྐྱེ་བཞིན་པ་འགགས་པས་དངོས་པོ་སྐྱེ་བར་འགྱུར་བ་དེའི་ཕྱིར་སྐྱེས་པ་མ་རྟོགས་པར་སྐྱེ་བཞིན་པའི་དངོས་པོ་ཡོད་དོ། །འདི་ལ་བཤད་ པར་བྱ་སྟེ། གང་ཚེ་སྐྱེས་པ་དེ་ཡི་ཚེ། །སྐྱེ་བཞིན་པ་ལ་སྲིད་པ་མེད། །རེ་ཞིག་གང་གི་ཚེ་དངོས་པོ་འདི་སྐྱེས་སོ་ཞེས་བརྗོད་པ་དེའི་ཚེ་སྐྱེ་བཞིན་པ་མེད་དོ། །སྐྱེ་བཞིན་པ་མི་སྲིད་པས་ཀྱང་གང་ལས་སྐྱེས་པས་གང་ཞིག་གིས་སྐྱེ་བཞིན་པ་རྗེས་སུ་སྤོབས་པར་འགྱུར་བ་སྐྱེས་པ་ཞེས་བྱ་བ་ཉིད་མེད་དོ། ། ཅི་སྟེ་སྐྱེས་པ་ཡང་སྐྱེ་བཞིན་པར་འགྱུར་ན་འོ་ན་ནི་དེ་ལ་སྐྱེ་བ་མི་སྲིད་དེ་སྐྱེས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་ཚེ་སྐྱེས་པ་སྐྱེ་བཞིན་ན། །དེ་ཚེ་ཅི་ཕྱིར་སྐྱེ་བར་འགྱུར། །གང་གི་ཚེ་སྐྱེས་པའི་དོན་ཁོ་ན་ལ་སྐྱེ་བཞིན་པ་ཞེས་བརྗོད་ན་ནི་དེའི་ཚེ་སྐྱེ་བཞིན་པའི་དོན་སྐྱེའོ་ཞེས་ བྱ་བར་ཅིའི་ཕྱིར་རྟོགས་ཏེ། གྲུབ་པའི་ཕྱིར་འདི་ལ་སྐྱེ་བ་བརྟག་པར་མི་རིགས་སོ་སྙམ་དུ་དགོངས་སོ། །དེའི་ཕྱིར་སྐྱེ་བཞིན་པ་སྐྱེའོ་ཞེས་བྱ་བར་མི་རུང་ངོ་། །འདིར་སྨྲས་པ། སྐྱེ་བཞིན་པའི་དོན་འདི་མ་སྐྱེས་ཀྱང་སྐྱེ་བ་ལ་མངོན་དུ་ཕྱོགས་པས་སྐྱེས་སོ་ཞེས་བརྗོད་དོ། །དེའི་ཕྱིར་སྐྱེས་པ་ཁོ་ ན་སྐྱེས་བཞིན་པ་ཡིན་ལ། འདིའི་སྐྱེ་བ་དོན་མེད་པ་ཡང་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་། གལ་ཏེ། སྐྱེ་བཞིན་པ་ནི་མ་སྐྱེས་པ། །ཁོ་ན་སྐྱེས་ཞེས་བྱས་པར་གྲག །གལ་ཏེ་གཞན་གྱིས་སྐྱེ་བཞིན་པའི་དངོས་པོ་མ་སྐྱེས་པ་ཁོ་ན་སྐྱེ་བ་ལ་མངོན་དུ་ཕྱོགས་པས་སྐྱེས་སོ་ཞེས་བྱ་བར་བརྟགས་ཏེ། དེ་ལྟ་ཡིན་ན། སྐྱེས་དང་མ་སྐྱེས་པ་དག་ལ། །ཁྱད་པར་མེད་ཕྱིར་དེ་ཡི་ཚེ། །བུམ་པ་མེད་པ་ཅིས་མི་རྟོག །སྐྱེས་པའི་གནས་སྐབས་ཀྱི་དངོས་པོ་ཁོ་ན་ལ་བུམ་པ་ཞེས་བརྗོད་ལ། སྐྱེས་པ་དང་མ་སྐྱེས་པ་དག་ཀྱང་གཅིག་པ་ཉིད་ཀྱི་ཕྱིར་བུམ་པ་སྐྱེས་པ་ཡང་སྔར་མེད་པས་དངོས་པོ་ མེད་པར་འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་པས་འདི་ནི་མི་རིགས་སོ། །ཅི་སྟེ་ཡང་སྐྱེ་བཞིན་པ་དང་མ་སྐྱེས་པ་ལ་ཁྱད་པར་མེད་པ་མ་ཡིན་པ་ཁོ་ན་སྟེ་སྐྱེ་བཞིན་པ་ནི་སྐྱེ་བའི་བྱ་བ་དང་འབྲེལ་པའི་དངོས་པོ་ཡིན་ནོ་སྙམ་ན་བཤད་པར་བྱ་སྟེ། སྐྱེ་བཞིན་པ་ནི་མ་རྫོགས་ཀྱང་། །མ་སྐྱེས་པ་ལས་ ཕྱི་རོལ་འགྱུར། །གལ་ཏེ་ཡང་སྐྱེ་བཞིན་པའི་དངོས་པོ་ནི་མ་རྫོགས་པའི་ངོ་བོ་ཡིན་ཡང་མ་འོངས་པ་ལས་ཕྱི་རོལ་དུ་རྣམ་པར་གཞག་མོད་ཀྱི། དེ་ལྟར་གང་ཕྱིར་སྐྱེས་པ་ལས། །ཕྱི་རོལ་གྱུར་ཕྱིར་མ་སྐྱེས་སྐྱེ། །ཇི་ལྟར་བྱ་བ་དང་འབྲེལ་པས་སྐྱེ་བཞིན་པ་མ་སྐྱེས་པ་ལས་ཕྱི་རོལ་དུ་འགྱུར་བ་ དེ་བཞིན་དུ་སྐྱེས་པ་ལས་ཀྱང་ཕྱི་རོལ་དུ་གྱུར་པ་ཉིད་དེ་མ་རྫོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མ་སྐྱེས་པ་ཁོ་ན་སྐྱེའོ་ཞེས་བྱ་བར་འགྱུར་བས་སྐྱེ་བཞིན་པ་ཞེས་བྱ་བ་མེད་དོ། །སྐྱེས་པ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་མ་སྐྱེས་པ་ཉིད་སྐྱེ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལས་ཀྱང་ མ་སྐྱེས་པ་ཉིད་སྐྱེའོ། །འདི་ལྟར་གཞན་གྱི། སྐྱེ་བཞིན་པ་སྔར་མ་བྱུང་ཡང་། །ཕྱི་ནས་ཡོད་པ་ཡིན་པར་གྲག །དེས་ཀྱང་མ་སྐྱེས་པ་སྐྱེའོ། །མ་བྱུང་ཞེས་བྱ་བ་ནི་བྱུང་བ་ཡང་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ད་ལྟར་སྐྱེ་བཞིན་པ་ཉིད་དུ་བསྙད་པ་དེ་ནི་སྐྱེ་བཞིན་པའི་གནས་ སྐབས་ཀྱི་སྔར་ཏེ་གང་དུ་མ་བྱུང་ངོ་། །མ་འོངས་པའི་དུས་ན་སྐྱེ་བཞིན་པའི་དོན་དེ་མེད་ཀྱང་ཕྱིས་སྐྱེ་བཞིན་པར་ཡང་འགྱུར་བར་གྲག་གོ། །དེའི་ཕྱིར་ཡང་སྐྱེ་བའི་བྱ་བ་དང་འབྲེལ་པའི་དུས་ན་མ་སྐྱེས་པ་ཁོ་ནར་སྐྱེ་བཞིན་པར་འགྱུར་རོ། །དེའི་ཕྱིར་འདི་མ་སྐྱེས་པ་ཉིད་ཀྱིས་མ་བྱུང་བ་ཉིད་ཡིན་ ལ། བདག་གི་དངོས་པོ་མ་ཐོབ་པའི་མ་བྱུང་བ་ལ་ནི་སྐྱེ་བའི་བྱ་བ་མི་འཇུག་པར་མི་བཟོད་དོ་ཞེས་བསྟན་པའི་ཕྱིར་བཤད་པ་ནི། མ་བྱུང་ཞེས་བྱ་སྐྱེ་མ་ཡིན། །ཞེས་བྱ་བའོ། །གཞན་ཡང་། རྫོགས་པ་ཡོད་ཅེས་བྱར་འགྱུར་ལ། །མ་བྱས་པ་ནི་མེད་ཅེས་བརྗོད། །ཡོད་དོ་ཞེས་བྱ་ བ་འདིས་ནི་རྫོགས་པར་བརྗོད་དོ། །རྫོགས་པའི་དངོས་པོ་ཁོ་ན་ཡོད་དོ་ཞེས་བྱ་བར་འགྱུར་རོ། །ཡོད་དོ་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མེད་དོ་ཞེས་བྱ་བ་འདིས་ཀྱང་མ་བྱས་ཤིང་མ་རྫོགས་པ་ཁོ་ན་བརྗོད་དོ། །དེའི་ཕྱིར་གནས་སྐབས་འདི་གཉིས་དང་བྲལ་ནས། ། གང་གི་ཚེ་ན་སྐྱེ་བཞིན་པ། །མེད་པ་དེ་ཚེ་གང་དེར་བརྗོད། །གང་གི་ཚེ་དངོས་པོ་འདི་ནི་འདི་ལྟར་ཡིན་ནོ། །ཞེས་བྱ་བར་སྐྱེ་བཞིན་པའི་གནས་སྐབས་ཀྱི་དངོས་པོ་བསྟན་པར་མི་ནུས་པ་དེའི་ཚེ་དེ་རང་གི་ངོ་བོས་ངེས་པར་མ་ཟིན་པའི་ཕྱིར་ཡོད་པ་མ་ཡིན་པ་ ཉིད་དེ་དེའི་ཕྱིར་ངེས་པར་མི་ནུས་སོ། །དེའི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་སྐྱེ་བཞིན་པ་མི་སྲིད་པའི་ཕྱིར། གང་ཚེ་རྒྱུ་ནི་མ་གཏོགས་པར། །འབྲས་བུ་ཡོད་པ་མ་ཡིན་པ། །དེ་ཡི་ཚེ་ན་འཇུག་པ་དང་། །ལྡོག་པ་འཐད་པ་ཉིད་མི་འགྱུར། །གང་གི་ཚེ་རྣམ་པར་ དཔྱད་པ་ན་རྒྱུ་ལས་ལོགས་ཤིག་པའི་འབྲས་བུར་མི་འགྱུར་བ་དེའི་ཚེ་རྟེན་མེད་པའི་འཇུག་པ་འབྲས་བུ་སྐྱེ་བ་དང་ལྡོག་པ་རྒྱུ་འཇིག་པ་མེད་དེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། སེམས་ཅན་མི་དང་ཤེད་སྐྱེས་ཀྱང་རུང་སྟེ། །འདིར་སྐྱེས་ཤི་བ་འགའ་ཡང་སྐྱེ་མི་འགྱུར། །ཆོས་ཀུན་ རང་བཞིན་སྒྱུ་འདྲ་སྟོང་པ་སྟེ། །མུ་སྟེགས་ཅན་གྱིས་ཤེས་པར་ནུས་མ་ཡིན། །ཞེས་རྒྱ་ཆེར་གསུངས་ལ། དེ་བཞིན་དུ། སྐྱེ་བ་དང་ནི་འཆི་འཕོ་འང་། །སྐྱེ་བ་མེད་ཅིང་འཆི་འཕོ་མེད། །གང་ཞིག་འདི་ནི་ཤེས་གྱུར་པ། །དེ་ཡི་ཏིང་འཛིན་རྙེད་མི་དཀའ། །ཞེས་འབྱུང་ངོ་། །དེའི་ཕྱིར་ དེ་ལྟར་ཡོངས་སུ་དཔྱད་པ་ན་དངོས་པོ་རྣམས་ཀྱི་རང་བཞིན་འགྲུབ་པར་མི་འགྱུར་བས་སོ་སོ་ནས་དངོས་པོ་རྣམས་ལ་སྒྱུ་མ་ལྟ་བུ་དེ་ཉིད་ལྷག་མ་ལུས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེས་པས་འགྲོ་བ་མཐའ་དག་འགྱེད་པར་འདོད་པས་སྒྱུ་མའི་ སྐྱེ་བོ་བླུན་པོ་རྨོངས་པར་བྱེད་པ་སྐྱེ་བོ་བླུན་པ་མ་ཡིན་པ་ཡ་མཚན་བསྐྱེད་པར་རིག་ཅིང་། འདིར་བདེན་པར་མངོན་པར་ཞེན་པས་བསླད་པའི་དངོས་པོ་ལ་སྲིད་པ་བསལ་ལ། འགྲོ་བ་ཡོངས་ལ་ཕན་གདགས་པའི་ཕྱིར་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུར་འགྱུར་བའི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་ སེམས་དང་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བ་གསུམ་མངོན་དུ་བྱས་ཏེ། མཁས་པ་སྲིད་པར་སྐྱེ་བ་ལ་བཟོ་ཞིང་ཇི་ལྟ་བ་བཞིན་ངེས་པའི་འཁོར་བའི་རང་བཞིན་གྱི་ཉོན་མོངས་པ་དང་སྡུག་བསྔལ་གྱི་མེ་འབར་བའི་ཕྲེང་བའི་ཚོགས་ཀྱིས་བསྐོར་བའི་སྲིད་པ་གསུམ་གྱི་ཁང་པའི་ དབུས་སུ་ཆུད་པའི་འགྲོ་བ་སྐྱོབ་པ་མེད་པར་ལྟ་ཞིང་འགྲོ་བར་འགྲོ་བའི་སྡུག་བསྔལ་མ་ལུས་པར་བསྡོམས་པ་ལྷགས་པ། འཁོར་བའི་བར་དུ་སྐད་ཅིག་དང་སྐད་ཅིག་ལ་རྣམ་པ་གཞན་དང་གཞན་དུ་ལུས་དང་སེམས་དག་ལ་གནོད་པ་དག་གིས་ཀྱང་བྲེད་པར་མི་འགྱུར་ལ། འགྲོ་བའི་ སྡུག་བསྔལ་ཅིག་ཅར་ལྷགས་པ་དག་གིས་འཁོར་བའི་བར་དུ་སྤྲོ་བར་བྱས་པའི་བརྩོན་འགྲུས་ཀྱི་སྐད་ཅིག་རེ་རེ་ནི་འགྲོ་བ་མཐའ་དག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ནོར་གྱི་ཚོགས་མཐའ་ཡས་པ་སྐྱེ་བའི་རྒྱུར་རིག་པར་བྱས་ནས་སླར་ཡང་སྲིད་པ་བརྒྱ་ཕྲག་བླང་བར་རིགས་ཏེ། ཇི་སྐད་དུ་ བཅོམ་ལྡན་འདས་ཀྱིས། དེ་ཡི་ལྷག་བསམ་འཁོར་བར་གཏོགས་པ་སྟེ། །སྦྱོར་བ་མྱ་ངན་འདས་པར་གཏོགས་པ་ཡིན། །སྦྱིན་པས་སེམས་ཅན་ཡོངས་སུ་སྨིན་ཕྱིར་དང་། །རྣམ་པར་སྨིན་ལ་རེ་བ་མེད་པ་ཉིད། །ཅེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་འཕགས་པ་དེ་བཞིན་ གཤེགས་པའི་གསང་བའི་མདོ་ལས། རྒྱལ་པོ་ཆེན་པོ་ཡང་དེའི་ཚེ་དེའི་དུས་ན་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔའ་བའི་སྟོབས་ཞེས་བྱ་བ་ཞིག་ལྷགས་པར་གྱུར་ནས་འཁོད་དེ། དེས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྩོན་འགྲུས་བརྩམས་ཤིང་ལུས་དང་སྲོག་དོར་བར་བགྱིའོ། །བདག་གིས་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པའི་དོན་འཚལ་ཏེ། གང་ཞིག་འདི་སྙམ་དུ་མྱུར་ དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ལེ་ལོར་ལྟུང་བ་ལགས་པར་ཁོ་བོ་ལ་སྣང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་ རྣམས་ལ་འཁོར་བ་ལ་ཡོངས་སུ་སྐྱོ་བ་མི་འབྱུང་ངོ་། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པ་ཉིད་ཉེ་བར་བཟུང་ནས་འཁོར་བ་ལ་ཕན་ཡོན་དུ་ལྟ་བ་དེ་ལྟར་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་མ་ལགས་སོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་ལ་མངོན་པར་བརྩོན་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ཆེས་བདེ་བའི་མྱ་ངན་ལས་འདས་པ་ཆེན་པོ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པ་སྟེ། དེ་རྣམས་ཇི་ལྟ་ཇི་ལྟར་སེམས་ཅན་གྱི་དོན་བྱེད་པ་དེ་ལྟ་དེ་ལྟར་བདེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ནི་སླར་ཅི་ཞིག་བགྱིད་པར་འགྱུར། བཅོམ་ ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔས་ནི་འཁོར་བའི་བདེ་བའི་རོ་མི་མྱང་བར་འཁོར་བའི་སྤྱོད་ཡུལ་ཅན་དུ་བགྱིའི། མྱ་ངན་ལས་འདས་པའི་སྤྱོད་ཡུལ་ཅན་དུ་ནི་མ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་ཡུལ་ཅན་འཁོར་བའི་བདེ་བའི་རོ་མི་མྱང་ བར་སེམས་ཅན་གྱི་དོན་ལ་བརྩོན་པས་ནི་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་ཁུམས་ཤིང་ཆོས་དཔག་ཏུ་མེད་པ་ཁུམས་ལ་སེམས་ཅན་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བགྱིད་དོ། །བཅོམ་ལྡན་འདས་འཁོར་བའི་སྤྱོད་ཡུལ་ཅན་གྱི་བྱང་ཆུབ་སེམས་དཔའ་ ནི་སེམས་ཅན་གྱི་སྤྱོད་ཡུལ་གྱི་རྗེས་སུ་འཇུག་གོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་སྤྱོད་ཡུལ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་བཏང་སྙོམས་སུ་ལྟུང་ངོ་། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་ཡུལ་ལ་སྐྲག་ན་ནི་སྤྱོད་ཡུལ་མ་ལགས་ པར་ལྟུང་ངོ་། །སྤྱོད་ཡུལ་མ་ལགས་པར་ལྟུང་ན་ཕྱིས་སེམས་ཅན་གྱི་དོན་མི་བགྱིད་དོ། དེས་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་དགོད་པར་མི་ནུས་ཤིང་། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་མི་འགྱུར་ལགས་སོ། །ཡང་དེའི་སྤྱོད་ཡུལ་མ་ལགས་པ་གང་ཞེ་ན་གང་འདི་ ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་དགའ་བ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བཏང་སྙོམས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མ་ལགས་སོ། །བཅོམ་ ལྡན་འདས་ཉན་ཐོས་རྣམས་ནི་འཁོར་བའི་སྤྱོད་ཡུལ་ལ་སྐྲག་པར་འགྱུར་ལགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ནི་སླར་འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པར་བྱེད་པར་འགྱུར་ལགས་སོ། །དེ་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་སྤྱོད་ཡུལ་ལ་གནས་པར་འགྱུར་ བར་བགྱི་འཚལ་ལོ་ཞེས་རྒྱ་ཆེར་གསུངས་སོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་འགྲེལ་པ་ལས། འདུས་བྱས་ཀྱི་དོན་དགག་པ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའི་འགྲེལ་པའོ།། །། ད་ནི་ཐལ་ཟིན་པའི་རབ་ཏུ་བྱེད་པ་བཅོ་ལྔས་བསྟན་བཅོས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་བྱས་ནས་བསྟན་བཅོས་རྩོམ་པའི་དགོས་པ་དང་། རྒོལ་བ་ངན་པའི་ལྷག་མ་སྤངས་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་བཅུ་དྲུག་པ་རྩོམ་མོ། །རྒྱུ་འགའ་ཞིག་གིས་སྟོང་པ་ཡང་། །སྟོང་པ་མིན་པ་ལྟ་བུར་ སྣང་། །རབ་ཏུ་བྱེད་པ་ཐམས་ཅད་ཀྱིས། །དེ་ནི་སོ་སོ་འགོག་པར་བྱེད། །སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་ངེས་པར་མ་བྱས་པར་ནི་འགས་ཀྱང་འཁོར་བ་ལ་ཆགས་པ་སྤངས་ནས་མྱ་ངན་ལས་འདས་པ་ལ་དགའ་བ་བསྐྱེད་པར་མི་ནུས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ དེ་ཡང་འགྲོ་བ་མཐའ་དག་དང་བདག་གི་བ་ལ་མངོན་པར་ཞེན་པའི་ཞགས་པས་དབང་དུ་བྱས་པ་ཐོས་པ་དང་མི་ལྡན་པ་རྣམས་ཧ་ཅང་སྐྲག་པར་བྱེད་པ་ཡིན་པས་མཁས་པས་མི་སྙན་པ་གླེང་བ་ལ་མཁས་པའི་སྐྱེས་བུས་རྒྱལ་པོ་ལ་བཙུན་མོ་ཕངས་བ་ཤི་བའི་ཚུལ་གསོལ་བས་ཐུགས་བདེ་བ་ བསྐྱེད་པ་བཞིན་དུ་རིགས་པ་འགའ་ཞིག་གིས་གཞུག་པར་བྱའོ། །བདག་ཏུ་འཛིན་པ་དང་བདག་གིར་འཛིན་པའི་འཛིན་པས་ཕྱིན་ཅི་ལོག་པའི་འཇིག་རྟེན་གྱིས་ནི་དངོས་པོ་མི་རྟག་པ་ཉིད་ལ་སྐད་ཅིག་མར་འཇིག་པ་མ་མཐོང་བས་འདུ་བྱེད་ཙམ་གྱི་རྒྱུན་གྱི་དོན་ཡང་དག་པར་མ་ངེས་པ་ལས་ སྟོང་པ་ཉིད་དུ་ལྟ་བའི་གེགས་སུ་འགྱུར་བ་རྟག་པ་ཉིད་དུ་ངེས་པར་བྱས་ནས་ཕྱིར་འཇིལ་བར་བྱེད་པ་ན་འགྲོ་བ་མི་སྟོང་པ་ཁོ་ནར་རྟོགས་ཏེ། དེའི་ཕྱིར་དེའི་སྟོང་པ་ཉིད་མ་ཡིན་པ་ཉིད་དུ་ལྟ་བ་དགག་པའི་ཕྱིར་རབ་ཏུ་བྱེད་པ་དང་པོ་བརྩོམས་སོ་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། ། འདིར་སྟོང་པ་ཉིད་ཀྱི་དོན་རང་བཞིན་དང་བྲལ་བའི་དོན་ཡིན་ནོ་ཞེས་ནི་ལན་ཅིག་མ་ཡིན་པར་བསྟན་ཟིན་ཏོ། །དེའི་ཕྱིར་དེ་ལྟར་ན་དངོས་པོའི་རྣམ་པ་རང་བཞིན་དང་བྲལ་བ་ཡིན་ཡང་རྒྱུ་འགའ་ཞིག་གིས་སྟོང་པ་མ་ཡིན་པར་གང་དག་ལ་སྣང་བ་དེ་དག་གི་ཡོད་པ་མ་ཡིན་པའི་ འཛིན་པའི་རྒྱུ་དེ་རབ་ཏུ་བྱེད་པ་བཅོ་ལྔ་པོ་ཐམས་ཅད་ཀྱིས་འགོག་པར་བྱེད་དོ། །གལ་ཏེ་དེ་ལྟ་བུའི་དོན་དུ་རབ་ཏུ་བྱེད་པ་དེ་རྣམས་བརྩམས་ན། དེ་ཉིད་ཀྱི་ཕྱིར་དངོས་པོ་རྣམས་སྟོང་པ་མ་ཡིན་པ་ཉིད་དུ་འགྲུབ་པ་མ་ཡིན་ནམ་འདི་ལྟར་རབ་ཏུ་བྱེད་པ་དེ་རྣམས་ཀྱི་སྨྲ་བ་པོ་ནི་རེ་ཞིག་ཁྱོད་ཡོད་ལ། རབ་ཏུ་བྱེད་ པ་བརྗོད་པར་བྱ་བའི་དོན་སྟོང་པ་མ་ཡིན་པའི་རྒྱུ་ཟློག་པར་བྱེད་པའི་རྒྱུ་ཡང་ཡོད་ཅིང་དོན་ཁྱད་པར་དུ་འཕགས་པས་མཚམས་བྱས་པས་སྒྲའི་ཚོགས་ཀྱི་ངོ་བོ་ཅན་གྱི་ཚིག་རབ་ཏུ་བྱེད་པ་བཅོ་ལྔའི་བདག་ཉིད་ཅན་འདི་ཡང་ཡོད་པས་སྨྲ་བ་པོ་དང་བརྗོད་པར་བྱ་བ་དང་། ཚིག་རྣམས་ཡོད་པ་ལས་དངོས་པོ་རྣམས་ སྟོང་པ་ཉིད་མ་ཡིན་པར་གྲུབ་སྟེ། དེའི་ཕྱིར་ཁྱོད་ཀྱི་རབ་ཏུ་བྱེད་པ་ཐམས་ཅད་རྩོམ་པའི་ངལ་བའི་ཚོགས་དོན་མེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གང་ཚེ་སྨྲ་བ་བརྗོད་བྱ་ནའང་། །དེའི་ཚེ་སྟོང་པ་ཞེས་བྱར་མི་རུང་ངོ་། །འང་གི་སྒྲ་ནི་ཚིག་བསྡུ་བའི་དོན་དུའོ། །གང་གི་ཚེ་ཁྱོད་སྨྲ་བ་པོ་ཡོད་ཅིང་། བརྗོད་པར་བྱ་བ་རབ་ཏུ་བྱེད་པ་བཅོ་ལྔས་བསྟན་པར་བྱ་བའི་དོན་ཡོད་ལ་ཁྱོད་ཀྱི་ཚིག་སྟོང་པ་ཉིད་ཀྱི་དོན་རབ་ཏུ་སྒྲུབ་པར་བྱེད་པ་ཡང་ཡོད་པ་དེའི་ཚེ་དངོས་པོ་ཐམས་ཅད་གྲུབ་པོ། །མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པ་ནི་དོན་གང་གི་ཡང་སྨྲ་བ་པོར་མི་རིགས་ཤིང་། དེའི་ཚེ་ཚིག་ཀྱང་ཡོད་པ་མ་ཡིན་ལ་ དེའི་ཚིག་གིས་བསྟན་པར་བྱ་བའི་དོན་ཡང་མེད་ན་འདི་གསུམ་ནི་ཡོད་པ་ཡང་ཡིན་པས་དངོས་པོ་རྣམས་རང་བཞིན་དང་བཅས་པ་ཉིད་དུ་གྲུབ་པོ། །བཤད་པར་བྱ་སྟེ། འདི་ནི་རིགས་པ་ཡང་མ་ཡིན་ནོ། །གང་ལས་ཤེ་ན་འདི་ལྟར། གང་ཞིག་བརྟེན་ནས་ཀུན་འབྱུང་བ། །དེ་ནི་གསུམ་ལའང་ ཡོད་མ་ཡིན། །རང་བཞིན་བྱ་བ་ནི་ཚིག་གི་ལྷག་མའོ། །འདི་ན་སྨྲ་བ་པོ་གང་ཡིན་པ་དེ་ཡང་ཁོ་བོ་ཅག་གི་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་དང་སྨྲ་བ་པོ་ཉིད་དུ་རྣམ་པར་གཞག་སྟེ། ཚིག་དང་བརྗོད་པར་བྱ་བ་ལ་བརྟེན་ནས་སྨྲ་བ་པོར་འདོགས་ཀྱི་མི་སྨྲ་བ་ནི་མ་ཡིན་ནོ། །གང་གི་ ཚེ་དེ་ལྟ་ཡིན་པ་དེའི་ཚེ་སྨྲ་བ་པོ་ལ་སྨྲ་བའི་རང་བཞིན་མེད་ལ་ཚིག་དང་བརྗོད་པར་བྱ་བ་ལ་ཡང་སྨྲ་བ་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་ནི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་སྨྲ་བ་པོའི་རང་བཞིན་རང་ངམ་དེ་ལ་མེད་དེ། དེའི་ཕྱིར་སྟོང་པ་ཡིན་ནོ། །དེ་བཞིན་དུ་བརྗོད་ པར་བྱ་བ་ཡང་སྨྲ་བ་པོ་དང་ཚིག་ལ་བརྟེན་ནས་གདགས་ཀྱི། རང་བཞིན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་ཚིག་ལ་ཡང་སྦྱར་བར་བྱའོ། །དེའི་ཕྱིར་གསུམ་པོ་དེ་དག་གི་རང་བཞིན་ནི་གསུམ་ཆར་ལ་ཡང་ཡོད་པ་མ་ཡིན་པས་སྨྲ་བ་པོ་དང་། བརྗོད་པར་བྱ་བ་ དང་ཚིག་རྣམས་རང་བཞིན་སྟོང་པ་ཉིད་དུ་གྲུབ་པ་ཁོ་ན་སྟེ་དེའི་ཕྱིར་སྐྱོན་མེད་དོ། །འདིར་སྨྲས་པ། གལ་ཏེ་འདི་ཐམས་ཅད་སྟོང་པ་ཡིན་ན་དེའི་ཚེ་དབང་པོ་དང་དོན་དག་རྣམ་པ་ཐམས་ཅད་དུ་མེད་པས་འགྲོ་བ་བོང་བུའི་རྭ་དང་འདྲ་བར་འགྱུར་ན། དབང་པོ་དང་དོན་བདེན་པའི་ངོ་བོ་འདི་ཡོད་ པ་ཡང་ཡིན་པས་དངོས་པོ་ཐམས་ཅད་རང་བཞིན་དང་བཅས་པ་ཁོ་ན་ཡིན་ནོ། །འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་སྟོང་པའི་ཉེས་པ་ཡིས། །སྟོང་པ་མ་ཡིན་འགྲུབ་འགྱུར་ན། །དེ་ལྟ་ཡིན་དང་དེ་ལས་བཟློག་པའི་སྒོ་ནས་ཁྱོད་ལ། མི་སྟོང་ཉེས་པས་སྟོང་པ་ནི། །ཅི་སྟེ་འགྲུབ་པར་འགྱུར་ མ་ཡིན། །གལ་ཏེ་འགྲོ་བ་སྟོང་པ་མ་ཡིན་པར་འགྱུར་ན་ནི་དེའི་ཚེ་འགྲོ་བ་ལྡོག་པ་མེད་པའི་རང་བཞིན་གྱིས་གནས་པའི་ཕྱིར་རྟག་པར་འགྱུར་ཞིང་མ་སྐྱེས་པ་དང་མི་འགག་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ཏེ་བརྟེན་ནས་དམིགས་པའི་ཕྱིར་རོ། །དེ་ལྟར་ན་སྟོང་པ་མ་ཡིན་པའི་ཉེས་པས་ཁྱོད་ ལ་སྟོང་པ་ཉིད་ཀྱི་དོན་འགྲུབ་པར་ཅི་སྟེ་མི་འགྱུར། སྟོང་པ་ཉིད་དུ་སྨྲ་བ་བསལ་བ་ཙམ་གྱིས་རང་གི་ཕྱོགས་འགྲུབ་པར་རིགས་པ་ཡང་མ་ཡིན་ནོ། །ཕྱོགས་གཞན་ཁས་བླངས་པའི་རྒོལ་བས་ནི་གདོན་མི་ཟ་བར། གཞན་གྱི་ཕྱོགས་ནི་བཟློག་པ་དང་། །རང་གི་ཕྱོགས་ནི་སྒྲུབ་པ་སྟེ། །གཉིས་བྱ་བ་ ཞིག་ན་ཁྱོད་ནི་སྟོང་པ་ཉིད་དུ་སྨྲ་བ་གསལ་བ་ཙམ་ལ་ཞུགས་པའི་ཕྱིར། གལ་ཏེ་སུན་འབྱིན་བྱེད་ཕྱོགས་གཅིག །དགའ་ན་སྒྲུབ་བྱེད་ལ་ཅིས་མིན། །ཁྱོད་སུན་འབྱིན་པར་བྱེད་པའི་ཕྱོགས་ལྟར་སྒྲུབ་པར་བྱེད་པའི་ཕྱོགས་ལ་ཡང་དགའ་ལ་རག་གོ། །དེའི་ཕྱིར་གལ་ཏེ་རིལ་བསྒྲུབ་པར་བྱ་བ་ དང་མཚུངས་པར་མི་འགྱུར་ན། རང་གི་ཕྱོགས་སྒྲུབ་པའི་ཕྱིར་རེ་ཞིག་འཐད་པ་ཅུང་ཟད་ཅིག་བརྗོད་དགོས་ན། སྟོང་པ་ཉིད་དུ་སྨྲ་བ་ལ་ནི་ཐམས་ཅད་བསྒྲུབ་པར་བྱ་བ་དང་མཚུངས་པར་ཡང་འགྱུར་རོ། །དེའི་ཕྱིར་རང་གི་ཕྱོགས་སྒྲུབ་པའི་ནུས་པ་དང་བྲལ་བའི་ཕྱོགས་ ཡོངས་སུ་འཛིན་པ་ཐོང་ཤིག །ཕྱོགས་སུ་མ་ལྷུང་ཞིང་དབུ་མའི་ལམ་ནས་ཞུགས་པ་ཁྱོད་ལ་མཐོང་བ་དང་མ་མཐོང་བ་དང་འགལ་བ་མེད་པས་འགའ་ལ་ཡང་འཇིགས་པ་མི་སྲིད་དོ། །ཅི་སྟེ་རེ་ཞིག་ཁྱོད་ཀྱིས་སྟོང་པ་ཉིད་དུ་སྨྲ་བའི་ཕྱོགས་འདི་ཡོངས་སུ་བརྟགས་པ་ན་མི་རིགས་པས་ཡོད་པ་ མ་ཡིན་ནོ། །དེའི་ཕྱིར་འདི་མེད་པ་ཉིད་དུ་གྲུབ་ན་ཕྱོགས་གཞན་མེད་པས་སེལ་བར་བྱེད་པ་ཁོ་བོ་ཅག་གི་ཕྱོགས་སུ་གྲུབ་པར་འགྱུར་རོ་སྙམ་ན། འདི་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོངས་སུ་བརྟགས་པས་ན། །མེད་གང་དེ་ཕྱོགས་མི་འགྱུར་ན། །དེས་ན་གཅིག་ཉིད་ལ་སོགས་གསུམ། ། ཀུན་ཀྱང་ཕྱོགས་མ་ཡིན་པར་འགྱུར། །ཇི་ལྟར་ཁོ་བོ་ཅག་གི་ཕྱོགས་ཡོངས་སུ་བརྟགས་པ་ན་མེད་པས་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྒོལ་བ་རྣམས་གྱི་གཅིག་ཉིད་དང་གཞན་ཉིད་དང་བརྗོད་དུ་མེད་པའི་ཕྱོགས་རྣམས་ཀྱང་རྣམ་པར་དཔྱད་པ་ན་ཡོད་པ་མ་ཡིན་པས་དེ་རྣམས་ཀྱང་ཕྱོགས་ མ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཡོངས་སུ་བརྟགས་པ་ན་ཕྱོགས་ཐམས་ཅད་ཡོད་པ་མ་ཡིན་པས་ཁྱོད་ཀྱི་ཕྱོགས་ཡོངས་སུ་འཛིན་པ་མི་རིགས་སོ། །འདིར་སྨྲས་པ། ཁྱོད་ཀྱིས་སྟོང་པ་ཉིད་ཀྱིས་གཅིག་ཉིད་ལ་སོགས་པའི་ཕྱོགས་ཐམས་ཅད་མི་རིགས་པར་བརྗོད་དོ། །གང་དུ་ མངོན་སུམ་གྱིས་བུམ་དེར། །སྟོང་པའི་གཏན་ཚིགས་དོན་མེད་འགྱུར། །གང་དུ་བུམ་པ་མངོན་སུམ་གྱིས་དམིགས་པའི་ཆོས་དེ་ལ་སྟོང་པའི་གཏན་ཚིགས་དོན་མེད་དོ། །མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པ་ནི་འགའ་ཞིག་གི་ཡང་མངོན་སུམ་མ་ཡིན་ན་བུམ་པ་འདི་ནི་མངོན་སུམ་ཡིན་ ཏེ། དེའི་ཕྱིར་མངོན་སུམ་ཉིད་ཀྱི་གཏན་ཚིགས་ཀྱིས་བསལ་བའི་ཕྱིར་སྟོང་པ་ཉིད་ཀྱི་གཏན་ཚིགས་མི་རིགས་པ་ཉིད་དོ་ཞེ་ན། སྔར་བུམ་པའི་མངོན་སུམ་ཉིད་བསལ་ཟིན་པའི་ཕྱིར་དེས་ཁོ་བོ་ཅག་ལ་གནོད་པ་མེད་པ་མ་ཡིན་ནམ། གལ་ཏེ་བུམ་པ་མངོན་སུམ་ཉིད་ཁྱོད་ཀྱིས་བསལ་གྱི་བདག་གིས་ ནི་མ་ཡིན་ཏེ་དེའི་ཕྱིར་ཁྱོད་ལ་བུམ་པ་མངོན་སུམ་མ་ཡིན་གྱི། ཁོ་བོ་ཅག་གི་ལྟར་ན་ནི་བུམ་པ་མངོན་སུམ་ཉིད་ཡིན་པའི་ཕྱིར་འདི་མི་རིགས་སོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར། འདི་ན་གཞུང་ལུགས་ལས་འབྱུང་བའི། །གཏན་ཚིགས་ཡོད་མིན་གཞན་དུ་ཡོད། །འདི་ན་སྟེ་སྟོང་པ་ ཉིད་རིགས་པར་སྨྲ་བ་ནི་གཞུང་ལུགས་གཞན་དུ་གྲགས་པའི་གཏན་ཚིགས་ཁས་ལེན་པ་མེད་དོ། །གཞན་གྱི་གཞུང་ལུགས་དེ་ཉིད་མི་རིགས་པ་ཉིད་དུ་བསྟན་པར་འདོད་པའི་ཕྱིར་རོ། །གང་དུ་རྒོལ་བ་རྣམས་ལ་ལྟ་བ་མཚུངས་པ་ཡོད་པ་དེར་ནི་གཉི་གས་ཀྱང་དོན་དེར་ཁས་བླངས་པས་ཚད་མ་ཉིད་དུ་རིགས་ པ་ཁོ་ན་ཡིན་གྱི། རིགས་པ་སྨྲ་ན་ནི་འཐད་པ་དང་བཅས་པའི་དོན་ནམ་གྲུབ་པའི་མཐའ་ཁོ་ན་ཡོངས་སུ་འཛིན་ཏེ། དེའི་ཕྱིར་འདི་ལ་གཞན་གྱི་གཞུང་ལུགས་སུ་གྲགས་པའི་གཏན་ཚིགས་ཀྱིས་གནོད་པ་མི་སྲིད་པས་སྟོང་པ་ཉིད་ཀྱི་གཏན་ཚིགས་ལ་དོན་མེད་པ་ཉིད་དོ། །ཅི་སྟེ་སྟོང་པ་ཉིད་སྨྲ་བ་ཁྱོད་ ཀྱིས་སྟོང་པ་ཉིད་ཀྱི་དངོས་པོ་སྨྲ་ལ། སྟོང་པ་མ་ཡིན་པ་ལ་མ་ལྟོས་པའི་སྟོང་པ་ཡོད་པ་ཡང་མ་ཡིན་པས་དངོས་པོ་ཐམས་ཅད་རང་བཞིན་དང་བཅས་པ་ཉིད་དུ་སྒྲུབ་པོ་སྙམ་ན་བཤད་པར་བྱ་སྟེ། གལ་ཏེ་སྟོང་པ་ཉིད་ཅེས་བྱ་བ་རང་གི་ངོ་བོས་གྲུབ་པ་འགའ་ཞིག་ཡོད་ན་ནི་དངོས་པོ་རྣམས་རང་ བཞིན་དང་བཅས་པར་འགྱུར་ན་ཡོད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། སྟོང་མིན་མེད་པར་སྟོང་པ་ནི། །གང་ལས་འབྱུང་བ་ཉིད་དུ་འགྱུར། །ཇི་ལྟ་བུར་ན་ཅིག་ཤོས་ནི། །མེད་པར་གཉེན་པོ་འབྱུང་བར་འགྱུར། །གལ་ཏེ་སྟོང་པ་མ་ཡིན་པ་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་ན་ནི་ དེའི་ཚེ་དེའི་གཉེན་པོར་གྱུར་པ་སྟོང་པའི་དངོས་པོ་ཅུང་ཟད་ཅིག་ཏུ་འགྱུར་ན། སྟོང་པ་མ་ཡིན་པ་ནི་སྲིད་པ་ཡང་མ་ཡིན་ཏེ། རྒྱུ་མེད་པར་འགའ་ལ་ཡང་ནམ་མཁའི་མེ་ཏོག་ལྟར་ཡོད་པ་ཉིད་མི་སྲིད་པའི་ཕྱིར་རོ། །གང་གི་ཚེ་སྟོང་པ་མ་ཡིན་པ་མི་སྲིད་པ་དེའི་ཚེ། དེའི་གཉེན་པོ་སྟོང་པ་ཡང་ཅིག་ ཤོས་སྟོང་པ་མ་ཡིན་པ་མེད་པར་མི་སྲིད་དོ། །འདི་ལྟར་ཡོད་པ་མ་ཡིན་པའི་ཁྱི་ནི་སྤྲེའུའི་གཉེན་པོར་མི་འགྱུར་ཏེ། ཐམས་ཅད་དུ་འགལ་བའི་དོན་གཞན་མེད་པར་འགལ་བའི་དོན་གཞན་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་སྟོང་པ་མ་ཡིན་པ་མེད་པར་སྟོང་པ་ཡོད་པ་མ་ཡིན་ལ། དེ་མེད་པ་ཡིན་དང་ སྟོང་པ་ཉིད་ཅེས་བྱ་བ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་གྲུབ་པོ། །ཇི་སྐད་དུ། སྟོང་ཉིད་ལྟ་བ་ཐམས་ཅད་ནི། །ངེས་པར་འབྱིན་པར་ཐུབ་པས་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་ལ། བཅོམ་ལྡན་འདས་ཀྱིས་ ཀྱང་། འོད་སྲུངས་འདི་ལྟ་སྟེ། མི་ནད་པ་ཞིག་ཡོད་ལ་སྨན་པས་དེ་ལ་སྨན་བཏང་ནས་སྨན་དེས་དེའི་ནད་ཐམས་ཅད་བསྐྱོད་དེ་སྨན་ལྟོ་ན་འདུག་པ་ཐམས་ཅད་མི་འབྱུང་ན་འོད་སྲུངས་དེ་ཇི་སྙམ་དུ་སེམས། མི་དེ་ནད་དེ་ལས་ཐར་བར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མི་འགྱུར་ ལགས་ཏེ། གང་སྨན་དེས་ནད་ཐམས་ཅད་བསྐྱོད་ནས་སྨན་ལྟོར་མཆིས་པ་ཉིད་མ་བྱུང་ན་ནི་མི་དེའི་བྲོ་ནད་ཤིན་ཏུ་ཚབས་ཆེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ལས་བྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་ སྲུངས་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ་ཞེས་གསུངས་སོ། །འདིར་སྨྲས་པ། སྟོང་པ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པས་སྟོང་པ་ཉིད་ཀྱི་ཕྱོགས་སུ་མི་འགྱུར་མོད་ཀྱི། དེ་ལྟ་ན་ཡང་ཕྱོགས་མེད་པ་ཡང་ཕྱོགས་ཉིད་དུ་ཡོངས་སུ་གཟུང་བས་ཕྱོགས་ཉིད་དུ་འགྱུར་ལ། མི་མཐུན་པའི་ཕྱོགས་ལ་མ་ལྟོས་པར་ཕྱོགས་སྲིད་པ་ཡང་མ་ཡིན་པས་མི་མཐུན་པའི་ཕྱོགས་སུ་ཡང་འགྱུར་རོ། །ཕྱོགས་དང་མི་མཐུན་པའི་ཕྱོགས་ཡོད་པ་ལས་ཀྱང་དངོས་པོ་ཐམས་ཅད་འགྲུབ་པོ། །འདི་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། གལ་ཏེ་ཕྱོགས་ཉིད་དུ་འགྱུར་ ན། །ཕྱོགས་མེད་ཕྱོགས་ཀྱི་ངོ་བོར་འགྱུར། །གལ་ཏེ་ཕྱོགས་མེད་ཉིད་ཡོད་ན་ནི་དེ་དེ་ལྟར་འགྱུར་ན་སྲིད་པ་ཡང་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་མེད་པ་དེ་ནི་རྒོལ་བ་ཐམས་ཅད་བསལ་བས་བསྟན་ཟིན་ཏོ། །ཡང་གང་གི་ཚེ། དེ་ལྟར་ཕྱོགས་མེད་ ཉིད་མེད་ན། །གང་ཞིག་མི་མཐུན་ཕྱོགས་སུ་འགྱུར། །ཕྱོགས་མེད་པའི་ཕྱིར་མི་མཐུན་པའི་ཕྱོགས་ཀྱང་མེད་པས་ཕྱོགས་ཡོངས་སུ་འཛིན་པ་ཐོང་ཤིག །འདིར་སྨྲས་པ། དངོས་པོ་རྣམས་ཀྱི་རང་བཞིན་ནི་ཡོད་པ་ཁོ་ན་སྟེ། ཁྱད་པར་གྱི་ངོ་བོ་དམིགས་པའི་ཕྱིར་རོ། །འདི་ལྟར། གལ་ ཏེ་དངོས་པོ་ཡོད་མིན་ན། །མེ་ནི་ཇི་ལྟར་ཚ་བར་འགྱུར། །དེའི་ཕྱིར་ཁྱད་པར་དམིགས་པ་འདི་ལས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་ཉིད་དོ། །བརྗོད་པར་བྱ་སྟེ། འདི་ནི་མི་རིགས་སོ། །གང་གི་ཕྱིར། ཚ་བ་མེ་ཡང་ཡོད་མིན་ཞེས། །གོང་ཉིད་དུ་ནི་བཟློག་པར་བྱས། །མེ་ཚ་ བའི་རང་བཞིན་ཉིད་ནི་སྔར་ཚ་བ་མེ་ཉིད་དུ་འགྱུར་ཏེ། ཚ་བ་མིན་པ་ཇི་ལྟར་སྲེག །དེས་ན་བུད་ཤིང་ཞེས་བྱ་བ། །ཡོད་མིན་དེ་མེད་མེ་ཡོད་མིན། །ཞེས་བྱ་བ་དེར་བཟློག་ཟིན་ཏོ། །དེའི་ཕྱིར་ཁྱད་པར་མེད་པས་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་མེད་དོ། །གཞན་ཡང་གལ་ཏེ། དངོས་པོ་ མཐོང་ནས་དངོས་པོ་ནི། །མེད་པ་ཞེས་བྱ་བཟློག་འགྱུར་ན། །གལ་ཏེ་དངོས་པོ་མེ་དམིགས་ནས་དེའི་དངོས་པོ་མེད་པ་བཟློག་ན་ནི་རིགས་པར་བསྟན་པ་ཞིག་སྟེ། དངོས་པོའི་དངོས་པོ་མེད་པ་དམིགས་ནས་དངོས་པོ་ཡང་བཟློག་པར་ཅིའི་ཕྱིར་མི་འགྱུར། །ཚུལ་འདི་ཉིད་ཀྱིས། དེ་ལྟར་ཕྱོགས་ ནི་བཞི་ཆར་ལ། །ཉེས་པ་སྤངས་པ་གང་ཞིག་མཐོང་། །འདི་ཡང་། ཡོད་དང་མེད་དང་ཡོད་མེད་དང་། །ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས། །དག་ལ་རྟག་ཏུ་སྦྱར་བར་བྱ། །ཞེས་བྱ་བ་དེར་བཤད་ཟིན་ཏོ། །དེའི་ཕྱིར་དེ་ལྟར་ན་ཕྱོགས་བཞི་ཀ་ལ་ ཡང་སྐྱོན་མཐོང་བའི་ཕྱིར་ཕྱོགས་འགའ་ཡང་ཡོངས་སུ་བཟུང་བར་མི་རིགས་སོ། །འདི་ལས་ཀྱང་ཕྱོགས་ཡོངས་སུ་འཛིན་པར་མི་རིགས་ཏེ། རྡུལ་ཡང་ཆ་ཤས་ཡོད་མེད་ཅེས། །དཔྱད་པ་དེར་ཡང་འཇུག་པར་འགྱུར། །དེའི་ཕྱིར་བསྒྲུབ་པར་བྱ་བ་ཡིས། །བསྒྲུབ་བྱ་འགྲུབ་ པ་མི་འཐད་དོ། །ཞེས་སྔར་བཤད་པའི་ཕྱིར་རོ། །དེའི་ཕྱིར་ཚུལ་འདིས་རྣམ་པར་དཔྱད་པ་ན་དངོས་པོ་ཤིན་ཏུ་ཞིབ་པ། རྡུལ་ཕྲན་ལ་ཡང་ཡོད་པའི་དངོས། །གང་དུ་མེད་དེར་ཇི་ལྟར་འབྱུང་། །གང་དུ་རྡུལ་ཕྲ་རབ་ཙམ་ལ་ཡང་བདེན་པའི་ངོ་བོ་ཡོད་པ་མ་ཡིན་པ་དེར་ཇི་ལྟར་འབྱང་ཞིང་། སྐྱེ་སྟེ། དངོས་པོ་སྐྱེ་བ་པོ་རྣམ་པ་ཐམས་ཅད་དུ་མེད་པས་དེར་སྐྱེ་བ་མེད་པ་ཁོ་ནའོ། །སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པའི་ངོ་བོ་ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་མ་རིག་པའི་མུན་པ་མཐའ་དག་བསལ་བ། མི་ཤེས་ པའི་མུན་པ་མཐུག་པོའི་མཚན་མོའི་གཉིད་ཀྱིས་ལོག་པའི་འགྲོ་བ་རངས་པ་སད་པར་མཛད་པ་ལྷུར་བཞེས་པ་བྱང་ཆུབ་ཏུ་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་པའི། སངས་རྒྱས་རྣམས་ལ་མེད་ཉིད་ཀྱང་། །དེ་ཉིད་ཕྱིར་ན་མ་འབྲེལ་པའོ། ། དེ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་ཡེ་ཤེས་ལ་ལྟོས་ནས་དངོས་པོ་འགའ་ཡང་མ་དམིགས་པས་ཡོད་པ་ཉིད་ལྟར་མེད་པ་ཉིད་ཀྱང་མངོན་པར་མི་བཞེད་དོ། །ཡང་ན་རང་བཞིན་མ་སྐྱེས་པའི་ཕྱིར་དེ་མེད་པ་ཡང་མི་སྲིད་པས་སངས་རྒྱས་རྣམས་ལ་མེད་པ་ཉིད་ཀྱང་སྟེ། ཉན་ཐོས་དང་ རང་སངས་རྒྱས་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མི་བཞེད་དོ། །ཡོངས་སུ་རྟོག་པར་བྱེད་པས་ནི་གདོན་མི་ཟ་བར་གཉིས་མེད་པར་སྨྲ་བ་འདི་ཐམས་ཅད་དུ་སོན་པ་ཡིན་ནོ་ཞེས་བྱ་བར་ངེས་པར་བྱའོ། །འདི་ལྟར། གལ་ཏེ་ཀུན་ལ་གཉིས་མིན་ན། ། རྣམ་པར་དཔྱད་བཞིན་པ་ཡི་དོན། །གཞན་གང་ཞིག་ལ་ཡོད་དངོས་ཡོད། །གལ་ཏེ་ཁྱོད་ལའང་དེ་རིགས་ན། །རྒལ་བ་གཞན་པོ་ཅི་སྟེ་བྱེད། །གང་དུ་གཉིས་མ་ཡིན་པ་གཉིས་སུ་མེད་པར་སྨྲ་བ་འདིར་མི་འགྱུར་བ་དངོས་པོ་གང་ཞིག་ལ་དངོས་པོའི་ངོ་བོ་ཡོད། །རེ་ ཞིག་དངོས་པོ་རྟག་པ་གང་དག་ཡིན་པ་དེ་དག་ལ་ནི་རང་གི་ངོ་བོས་ཡོད་པ་མ་ཡིན་པས་ཡོད་པ་དང་མེད་པ་ཉིད་ཀྱི་རྟོག་པ་དག་བརྟག་པར་མི་ནུས་ཏེ། ཡོད་པ་དང་མེད་པར་རྟོག་པ་འཇུག་པའི་རྒྱུ་དངོས་པོ་རྟག་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དངོས་པོ་གང་དག་སྐྱེ་བ་དང་ལྡན་པ་ དེ་དག་ཀྱང་རྟག་པའི་ངོ་བོར་མེད་པས་རང་བཞིན་གྱི་མཚན་ཉིད་དང་མཚན་ཉིད་མི་མཐུན་པ་ཡོད་པ་ཡིན་དང་རང་བཞིན་ཡོད་པ་མ་ཡིན་པས་ཡོད་པ་དང་མེད་པའི་རྟོག་པ་དག་རྣམ་པར་གཞག་པར་མི་ནུས་སོ། །འདུས་བྱས་དང་འདུས་མ་བྱས་ལས་མ་གཏོགས་པའི་དངོས་པོ་གཞན་ ཡོད་པ་ཉིད་དུ་གཞག་པར་ནུས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་རིགས་པས་ཐོབ་པར་བྱ་བའི་ཕྱིར་དྲངས་ཤིང་གསལ་བའི་དོན་འདི་རྒོལ་བ་དག་གིས་ཅི་སྟེ་ཁས་ལེན་པར་མི་བྱེད་དེ། རིགས་པ་དང་ལྡན་པའི་ཕྱིར་རྒོལ་བ་དག་གིས་གཉིས་སྨྲ་བ་རང་གི་བློས་ཕྱིན་ཅི་ལོག་ཏུ་བརྟགས་པ་སྤངས་ ཏེ་གཉིས་མེད་པར་སྨྲ་བ་འདི་རང་གི་བློ་ལ་གཞག་པར་འོས་པ་ཉིད་དོ། །ཅི་སྟེ་འཐད་པ་གང་ཞིག་གིས་དོན་འདི་མི་འགྲུབ་པ་སྲིད་ན་ནི་འོ་ན་གང་གིས་ཁོ་བོ་ཅག་ཀྱང་ཡིད་ཆེས་པར་འགྱུར་བ་དེ་བརྗོད་པར་གྱིས་ཤིག །འོན་ཏེ་ཇི་སྐད་དུ་བཤད་པའི་དོན་དང་འགལ་བའི་འཐད་པ་གང་ཞིག་ ཀྱང་བརྗོད་པར་མི་ནུས་ན་ནི་དེའི་ཚེ་ཁོ་བོ་ཅག་གིས་བཤད་པའི་འཐད་པ་ཁོ་ནས་ཁྱོད་ལ་ཡང་མཐར་གཉིས་སྤངས་པ་དེ་རིགས་ན་ཅིའི་ཕྱིར་རྩོད་པ་གཞན་བྱེད། གང་གི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་པོ་རང་དང་གཞན་གྱི་གཞུང་ལུགས་ཀྱིས་ཡོངས་སུ་ བརྟགས་པ་རྣམས་ལ་གཉིས་སུ་མེད་པའི་ངོ་བོ་འདིར་དབྱེར་མེད་པ་དེ་ཉིད་ཀྱི་ཕྱིར། དངོས་པོ་ཀུན་གྱི་དངོས་མེད་ལ། །རྣམ་པར་དབྱེ་བ་མི་རིགས་ཏེ། །རྫས་རྣམས་ཀུན་ལ་གང་མཐོང་བ། །དེ་ནི་རྣམ་དབྱེར་མི་འགྱུར་རོ། །རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་རང་བཞིན་བྱས་པ་ ཅན་ཉིད་དུ་ཐལ་བའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་རྒྱུ་མེད་པ་ཅན་ཁོ་ན་ཡིན་ལ་རྒྱུ་མེད་པ་ལ་ཡང་ཡོད་པ་ཉིད་མི་སྲིད་པས་མེད་པར་དགག་པ་ལ་བརྟེན་ནས་དངོས་པོ་མེད་པ་ཁོ་ན་རང་བཞིན་ཡིན་ཏེ་དངོས་པོ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་འདི་ཐམས་ཅད་ལ་ དབྱེར་མེད་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་རང་གི་ངོ་བོ་གཅིག་པ་སྟེ། འདི་ལྟ་སྟེ་དངོས་པོ་མེད་པའི་རང་བཞིན་གྱི་ངོ་བོའོ། །དཔེར་ན་བུམ་པ་དང་འཁར་གཞོང་ལ་སོགས་པ་ཐ་དད་ཀྱང་ཐམས་ཅད་སྒྲིབ་པ་མེད་པ་ཉིད་དུ་མཚུངས་པའི་ཕྱིར་གཟུགས་ མེད་པ་ཙམ་གྱི་ངོ་བོའི་ནམ་མཁའ་ལ་རང་གི་ངོ་བོ་ཐ་དད་པ་ཡོད་པ་མ་ཡིན་པ་དང་། ཡང་དཔེར་ན་དངོས་པོ་རྣམས་བདག་ཉིད་ཇི་ལྟ་བ་བཞིན་དུ་འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དང་། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ཐ་མི་དད་པ་དེ་བཞིན་དུ་རྫས་ ཐམས་ཅད་ལ་གང་ཞིག་མཐོང་བ་དེ་ཡང་རྫས་ཐ་དད་ཀྱང་ཐ་དད་པར་རྣམ་པར་གཞག་པར་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར། དངོས་པོ་གཅིག་གི་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བཤད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཅེས་སྔར་བཤད་ཟིན་ཏོ། །དེ་ཉིད་ ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། གང་གི་དངོས་རྣམས་དངོས་པོ་མེད་ཅེས་ཤེས་གྱུར་པ། །དེ་ནི་དངོས་པོ་ཀུན་ལ་གཞར་ཡང་ཆགས་པ་མེད། །གང་ཞིག་དངོས་པོ་ཀུན་ལ་གཞར་ཡང་ཆགས་མེད་པ། །འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་རེག །ཅེས་ གསུངས་སོ། །གཞན་ཡང་གཞན་རྟོག་པ་སྔོན་དུ་གཏོང་བར་གྱུར་པས་ཀྱང་། །ཇི་སྐད་བཤད་པའི་དོན་འདི་ཁས་བླང་བར་བྱ་བའམ་ཡང་ན་བརྒལ་ཞིང་བརྟགས་པས་ལན་གདབ་པར་བྱའོ། །ཅི་སྟེ་གང་ལ་ཅུང་ཟད་ཅིག་སྲིད་པ་དེ་ལ་ལན་གདབ་པར་རིགས་ཀྱི། གང་གི་ལྟར་ན་ཐམས་ ཅད་དངོས་པོ་མེད་པ་དེ་ལ་བརྗོད་པར་བྱ་བ་དང་། ཚིག་དང་སྨྲ་བ་པོ་རྣམས་དང་། རྟོགས་པ་དང་རྟོགས་པར་བྱེད་པ་དང་རྟོགས་པ་པོ་རྣམས་རྣམ་པ་ཐམས་ཅད་དུ་མེད་པས་ཇི་ལྟར་ལན་གདབ་པར་བྱ། དེའི་ཕྱིར་དེ་ལ་ལན་མ་སྨྲས་པ་ཉིད་དོ་སྙམ་ན། གལ་ཏེ་དེ་ལྟར། མེད་ ཕྱིར་གཞན་གྱི་ཕྱོགས་ལ་ལན། །བརྗོད་པ་མིན་པར་གྲགས་ན་ནི། །གཏན་ཚིགས་ཀྱིས་བཟློག་རང་ཕྱོགས་ཀྱང་། །ཅི་ཡི་ཕྱིར་ན་སྒྲུབ་མི་འགྱུར། །གལ་ཏེ་གཞན་ལ་ཐམས་ཅད་མེད་པས་ལན་མི་འདེབས་ན་ཁྱོད་ཀྱི་འཐད་པ་འགའ་ཞིག་གིས་ཁྱོད་ཀྱི་རང་གི་ཕྱོགས་སྟོང་པ་ཉིད་ཀྱི་ གཏན་ཚིགས་ཀྱིས་བཟློག་པ་ཅི་སྟེ་མི་སྒྲུབ། མ་གྲུབ་པ་ནི་ཁས་བླང་བར་རིགས་པ་ཡང་མ་ཡིན་པས་འདི་ནི་ཡོད་པ་ཡང་མ་ཡིན་ནོ། །གང་ཡང་། སུན་འབྱིན་བྱེད་པའི་གཏན་ཚིགས་རྙེད། །སླ་ཞེས་འཇིག་རྟེན་ན་བརྗོད་ན། །དེ་ཡང་མི་རིགས་སོ། །གལ་ཏེ་སུན་འབྱིན་པར་བྱེད་ པའི་གཏན་ཚིགས་ཡོད་པར་འགྱུར་ན་ནི་དེའི་ཚེ་རྙེད་སླ་བའི་ཕྱིར་དེ་ཁྱོད་ལ་ཡང་ཡོད་པས་ཁྱོད་ཀྱིས་ཀྱང་། གཞན་གྱི་ཕྱོགས་ལ་སྐྱོན་བརྗོད་པ། །ཉིད་དུ་ཅི་ཡི་ཕྱིར་མི་ནུས། །ཁྱོད་ཀྱིས་གཞན་གྱི་ཕྱོགས་ལ་སུན་འབྱིན་པ་བརྗོད་པར་མི་ནུས་པས་སུན་འབྱིན་པར་བྱེད་པའི་གཏན་ ཚིགས་རྙེད་པར་མི་སླའོ། །བཅོམ་ལྡན་འདས་ཀྱིས། ཇི་ལྟར་མི་གཡོ་རི་རབ་ཆེན་པོ་ནི། །གྲོག་མ་ཀུན་གྱིས་བསྐྱོད་པར་མི་ནུས་ལྟར། །དེ་བཞིན་ཡང་དག་ཚུལ་ལ་ལེགས་བསླབས་པའི། །མཁས་དེ་ལྷ་ཡི་གཟུགས་ཀྱིས་ཀྱང་མི་བསྐྱོད། །ནམ་མཁའ་ཚོན་རྩིས་ བཀྲ་བར་བྱ་ནུས་ཤིང་། །ནམ་མཁའ་ལག་པ་ཡིས་ནི་གཟུང་ནུས་ཀྱི། །དེ་ནི་བསྐྱོད་པར་འདོད་ཆགས་ཞེ་སྡང་དང་། །བདུད་རྣམས་བྱེ་བས་ནུས་པ་ཉིད་མ་ཡིན། །འགའ་ཡིས་བྲག་ཅ་བཟུང་བར་བྱ་ནུས་ཤིང་། །བྲག་ནི་ཆུ་ཡི་ནང་དུའང་འཕྱོ་འགྱུར་གྱི། །གང་ཞིག་འདི་འདྲའི་ ལུས་སྡོམ་ལ་སློབ་པ། །དེ་ཡི་བསམ་པ་འདིར་ནི་བལྟར་མི་ནུས། །ཞེས་རྒྱས་པར་གསུངས་སོ། །ཅི་སྟེ་འཐད་པ་མེད་པར་ཡང་། །ཡོད་ཅེས་བྱ་བ་ཙམ་ཞིག་གིས། །གལ་ཏེ་དེ་ཉིད་དངོས་ཡོད་ན། །མེད་ཅེས་བྱ་བ་ཙམ་ཞིག་གིས། །མེད་པར་ཡང་ནི་ཅིས་མི་ འགྱུར། །ཇི་ལྟར་ཁྱོད་ཀྱིས་ཡོད་དོ་ཞེས་བྱ་བའི་ཚིག་ཙམ་གྱིས་དངོས་པོའི་དེ་ཁོ་ན་ཉིད་ཡོད་དོ་ཞེས་བྱ་བར་འཇོག་པ་དེ་བཞིན་དུ་ངའི་མེད་དོ་ཞེས་བྱ་བའི་ཚིག་ཙམ་ཀྱིས་ཀྱང་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཅི་སྟེ་རྣམ་པར་མི་འཇོག །དེའི་ཕྱིར་ཡུ་བུ་ཅག་ གཉིས་ཀྱིས་གཉིས་སུ་སྨྲ་བ་བསལ་བས་གཉིས་མེད་པར་སྨྲ་བ་སྤྲོས་པ་ཐམས་ཅད་བཅོམ་པ་འདི་གཞུང་ལུགས་བཙུགས་པར་འགྱུར་རོ། །འདིར་སྨྲས་པ། དོན་དམ་པར་དངོས་པོ་མེད་ན་ནི་དེའི་ཚེ་མེད་པ་ལ་ཡོད་དོ་ཞེས་བྱ་བའི་མིང་འདིར་མི་འགྱུར་རོ། །ཡོད་པ་མ་ཡིན་པའི་མོ་ གཤམ་གྱི་བུ་ལ་ནི་ཡོད་དོ་ཞེས་བྱ་བའི་མིང་འདི་མི་རུང་ངོ་། །བཤད་པར་བྱ་སྟེ། གང་ཕྱིར་ཡོད་བདོག་ཅེས་མིང་བཏགས། །དེ་ཕྱིར་མེད་པར་མི་འགྱུར་ན། །གལ་ཏེ་དེ་ལྟར་ན། གང་ཕྱིར་མེད་ཅེས་མིང་བྱས་པ། །དེ་ཕྱིར་ཡོད་པར་མི་འགྱུར་རོ། །མིང་རྣམས་ནི་མིང་ ཅན་གྱི་རང་གི་ངོ་བོའི་རྗེས་སུ་མི་བྱེད་དོ། །དེ་རྣམས་ནི་མིང་ཅན་གྱི་དངོས་པོའི་རང་གི་ངོ་བོ་དང་དུས་མཚུངས་པ་ཡང་མ་ཡིན་ཏེ། དེ་རྣམས་སྔ་རོལ་དང་ཕྱིས་འདོད་པས་བྱེད་པའི་ཕྱིར་རོ། །འདི་ལྟར་མིག་ལེགས་པ་ལ་ཞར་བ་ཞེས་བྱ་བ་དང་། ཚེ་ཐུང་བ་ལ་ཚེ་རིང་པོ་ཞེས་བྱ་བ་དང་། ཆོམས་པ་ལ་ལྷས་བཙས་པ་ཞེས་བྱ་བ་ལ་སོགས་པས་དོན་དང་མི་མཐུན་པའི་མིང་རྣམས་ཀྱང་དམིགས་པ་ཡིན་ནོ། །དེའི་ཕྱིར། གང་ཕྱིར་ཡོད་ཅེས་མིང་བྱས་པ། །དེའི་ཕྱིར་ཡོད་པར་མི་འགྱུར་རོ། །རྣམ་པ་གཅིག་ཏུ་ན་འདི་འདོན་པ་གཞན་ཡིན་ཏེ། གང་ཕྱིར་ མེད་མི་བདོག་ཅེས་མིང་། །བཏགས་པ་དེའི་ཕྱིར་ཡོད་འགྱུར་མིན། །གལ་ཏེ་ཡོད་པ་ལ་ཡོད་དོ་ཞེས་མིང་བྱས་པ་ལས་དངོས་པོ་རང་གི་ངོ་བོས་ཡོད་པ་ཉིད་དུ་རྟོག་ན་ནི། རིགས་པས་རྣམ་པར་དཔྱད་པ་ན་ཡོད་པ་མ་ཡིན་པ་ཉིད་ཀྱིས་ཡོད་པ་མ་ཡིན་ པ་ལ་མེད་དོ་ཞེས་མིང་བཏགས་པ་ལས་ཡོད་པ་ཉིད་དགག་པ་ཅིའི་ཕྱིར་མི་ངེས་ཏེ། འདི་ཡོད་པ་ཉིད་དུ་རྟོག་པ་ལྟར་མེད་པ་ཉིད་དུ་ཡང་བཏགས་པར་མི་རིགས་སོ། །འདིར་ཁ་ཅིག་ན་རེ་སྒྲ་རྣམས་ནི་དོན་གྱི་རང་གི་ངོ་བོ་སྟོན་པར་བྱེད་པ་མ་ཡིན་ཏེ། གལ་ཏེ་སྟོན་ན་ནི་དེའི་ ཚེ་མེ་ཞེས་སྨྲས་ན་ཁ་འཚིག་པར་འགྱུར་ལ། བུམ་པ་ཞེས་སྨྲས་ན་ཁ་ཁེངས་པར་འགྱུར་རོ། །དེའི་ཕྱིར་ཁོ་བོ་ཅག་གི་དོན་གྱི་རང་གི་ངོ་བོ་ལ་མི་རེག་པའི་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་བརྡ་འཇིག་རྟེན་པས་ཐམས་ཅད་ཡོད་དོ་ཞེས་ཟེར་རོ། ། དེ་ལ་བརྗོད་པར་བྱ་སྟེ། གལ་ཏེ་ཐམས་ཅད་འཇིག་རྟེན་པ། །བརྗོད་པས་འཇིག་རྟེན་པ་ཡོད་ན། །དངོས་གང་དེ་ཉིད་དུ་ཡོད་པ། །དེ་ནི་འཇིག་རྟེན་པར་ཅིས་འགྱུར། །གལ་ཏེ་དངོས་པོ་ཡོད་པའི་རང་བཞིན་ཅན་ཉིད་རང་གི་ངོ་བོ་ལ་མི་རེག་པའི་སྒྲ་རྣམས་ཀྱིས་ འཇིག་རྟེན་པ་བརྗོད་ཅིང་། །དེའི་རང་གི་ངོ་བོ་ཡོད་ན་ནི་དེའི་ཕྱིར་རང་གི་ངོ་བོས་ཡོད་པའི་ཕྱིར་དེ་དོན་དམ་པ་ཁོ་ནར་འགྱུར་གྱི། འཇིག་རྟེན་པ་ནི་མ་ཡིན་ནོ། །ཅི་སྟེ་དེ་འཇིག་རྟེན་པ་ཉིད་དུ་ཡོད་པ་ཡིན་གྱི། རང་བཞིན་གྱིས་མ་ཡིན་ན་ནི་དེའི་ཚེ་འཇིག་རྟེན་པ་དེ་དོན་དམ་པ་ཉིད་དུ་ འགྲུབ་ཅིང་། དོན་དམ་པ་མཐོང་བ་ལས་རྣལ་འབྱོར་པ་རྣམས་འཁོར་བ་ལས་གྲོལ་བ་ཡང་འགྲུབ་པོ་ཞེས་བྱ་བར་རིགས་སོ། །འདིར་སྨྲས་པ། ཁྱོད་ཀྱིས་ཐུན་མོང་དུ་སྨྲ་མོད་ཀྱི། དེ་ལྟ་ན་ཡང་དངོས་པོ་བསལ་བས་ཁྱོད་ལ་དངོས་པོ་རྣམས་མེད་པ་ཉིད་དུ་འགྱུར་རོ། །བཤད་པར་བྱ་སྟེ། ཚིག་འདི་ནི་ཁོ་བོའི་བསམ་པ་ལས་མ་འདས་པར་མི་གནས་སོ། །གལ་ཏེ་བདག་དང་དངོས་པོ་བཀག་པ་ལས་ཡོད་པ་ཉིད་དང་འགལ་བ་མེད་པ་ཉིད་ཁས་ལེན་པར་འགྱུར་ན་ནི་དེའི་ཚེ་བདག་གིས་སྨྲ་བ་ཐམས་ཅད་སེལ་བ་བསྒྲུབ་པར་མི་འགྱུར་ཏེ་མེད་པ་ཉིད་དུ་སྨྲ་བ་ཤིན་ཏུ་ཐ་ཆད་པ་ ཁས་བླངས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། གལ་ཏེ་དངོས་ཀུན་མེད་པའི་ཕྱིར། །མེད་པ་ཉིད་དུ་འགྱུར་ན་ནི། །དེ་ལྟར་ཡིན་ན་ཕྱོགས་རྣམས་ཀུན། །དངོས་པོ་མེད་པར་མི་རིགས་སོ། །དངོས་པོ་ཡོད་ན་ནི་དེ་དེ་བཀག་པས་དངོས་པོ་མེད་པར་སྨྲ་བར་འགྱུར་ན་གང་གི་ཚེ་ཇི་སྐད་ བཤད་པའི་ཚུལ་གྱིས་དངོས་པོ་ཉིད་མི་སྲིད་པ་དེའི་ཚེ། དངོས་པོ་མེད་ཕྱིར་དངོས་མེད་ལ། །སྲིད་པ་ཡོད་པར་མི་འགྱུར་རོ། །ཅིའི་ཕྱིར་དངོས་པོ་མེད་ཅེ་ན། །དངོས་པོ་མེད་པ་མེད་པའི་ཕྱིར་རོ། །གང་ལས་དངོས་པོ་མེད་ཅེ་ན། །འདི་ལྟར། དངོས་པོ་མེད་པར་ དངོས་པོ་ནི། །མེད་པ་གང་ལ་འགྲུབ་པར་འགྱུར། །དངོས་པོ་འཇིག་པ་གཞན་དུ་འགྱུར་བའི་མཚན་ཉིད་ཅན་ནི་དངོས་པོ་མེད་པའོ་ཞེས་འཇིག་རྟེན་སྨྲ་བ་ལ་དངོས་པོ་དེ་ཡང་ངེས་པར་དཔྱད་པ་ན་ཡོད་པ་མ་ཡིན་པས་གང་ཞིག་མེད་པས་དངོས་པོ་མེད་པར་སྲིད་པར་འགྱུར། གང་གི་ཚེ་དངོས་པོ་མེད་པ་ཡོད་པ་མི་སྲིད་པ་དེའི་ཚེ་དངོས་པོར་རྟོག་པ་དངོས་པོ་མེད་པ་ལ་ལྟོས་པས་དེ་མེད་པ་ཡིན་དང་དངོས་པོ་མེད་པ་མེད་པར་གྲུབ་པོ། །འདིར་སྨྲས་པ། རྒྱུ་མེད་པའི་དོན་ལ་གྲུབ་པ་མེད་པའི་ཕྱིར་ཁྱོད་ཀྱིས་གདོན་མི་ཟ་བར་སྟོང་པ་ཉིད་དུ་བསྒྲུབ་པ་ལ་གཏན་ཚིགས་བསྟན་ པར་བྱ་དགོས་ལ། གཏན་ཚིགས་ཡོད་པས་ཀྱང་། དངོས་པོ་ཐམས་ཅད་སྟོང་པ་ཉིད་མ་ཡིན་ཏེ། གཏན་ཚིགས་ལྟར་གཞན་ཡང་ཡོད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། གལ་ཏེ། སྟོང་པ་གཏན་ཚིགས་ལས་གྱུར་པ། །དེ་ཕྱིར་སྟོང་པར་མི་འགྱུར་ན། །དམ་བཅའ་གཏན་ ཚིགས་ལས་གཞན་ནི། །མ་ཡིན་དེས་ན་གཏན་ཚིགས་མེད། །རྒྱུའི་སྔ་རོལ་དུ་སྟོང་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་ལ། ཕྱིས་ཡོད་པའི་ཕྱིར་སྟོང་པ་ཉིད་བྱས་པར་འགྱུར་ལ། བྱས་པ་མ་ཡིན་ན་ཡང་སྒྱུ་མས་སྤྲུལ་པའི་བ་གླང་མོ་ལྟར་བསླུ་བར་འགྱུར་ན། སྟོང་པ་ཉིད་ནི་ཡེ་མཚུངས་ པའི་ངོ་བོ་ཡིན་པའི་ཕྱིར་སླུ་བ་ཡང་མ་ཡིན་པས་སྟོང་པ་ཉིད་རྒྱུས་བསྒྲུབ་པར་བྱ་བ་མ་ཡིན་ནོ། །ཅི་སྟེ་ཤེས་པར་བྱེད་པའི་རྒྱུ་ལ་བསམས་ནས་བརྗོད་ན་དེ་ལྟ་ན་ཡང་གཏན་ཚིགས་མི་སྲིད་པ་ཉིད་དོ། །ཇི་ལྟར་ཞེ་ན། འདིར་གཏན་ཚིགས་འདི་དམ་བཅའ་བ་འགའ་ཞིག་བསྒྲུབ་པའི་ ཕྱིར་བརྗོད་པ་ཞིག་ན། གལ་ཏེ་དམ་བཅས་པ་དེ་ལས་གཏན་ཚིགས་དེ་གཞན་ཡིན་ན་ནི། དེ་ལྟར་ཡིན་ན་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་དམ་བཅའ་བའི་དོན་གོ་བར་མི་བྱེད་པས་གཏན་ཚིགས་ལ་དམ་བཅའ་བ་ལས་གཞན་ཉིད་ཡོད་པ་མ་ཡིན་ནོ། ། གང་གི་ཚེ་གཞན་དུ་མི་འགྱུར་བ་དེའི་ཚེ་གཞན་ཉིད་མེད་པའི་ཕྱིར་དམ་བཅའ་བའི་རང་གི་ངོ་བོ་བཞིན་དུ་འདི་གཏན་ཚིགས་མ་ཡིན་པ་གཏན་ཚིགས་མེད་པ་སྟེ་དེའི་ཕྱིར་དངོས་པོ་རྣམས་རང་བཞིན་མེད་པར་གྲུབ་པོ། །འདིར་སྨྲས་པ། གལ་ཏེ་གཏན་ཚིགས་མེད་པས་གཏན་ཚིགས་ དང་བསྒྲུབ་པར་བྱ་བ་སྟོང་པ་ཉིད་མ་ཡིན་པར་མི་འགྱུར་ན། འོ་ན་ནི་རེ་ཞིག་སྟོང་པ་ཉིད་ཀྱི་དཔེ་ཡོད་ལ། །དེ་ཡོད་པས་དེ་དང་འདྲ་བར་དངོས་པོ་གཞན་ཡང་འབྱུང་བར་འགྱུར་རོ། །བཤད་པར་བྱ་སྟེ། དཔེ་དེ་ཡང་རྟོག་པ་ན་གཏན་ཚིགས་ཀྱི་དོན་དང་མ་འབྲེལ་བ་ཁོ་ན་ཞིག་གམ། འབྲེལ་པ་བཞིན་རྟོག་གྲང་། རེ་ཞིག་གལ་ཏེ་འབྲེལ་ན་ནི་གཏན་ཚིགས་ཀྱི་སུན་འབྱིན་པ་ཉིད་ཀྱིས་བསལ་ཏོ། །ཅི་སྟེ་མ་འབྲེལ་ན་ནི་དེའི་ཚེ་དེ་གཉིས་ལ་དམ་བཅའ་བའི་དོན་སྒྲུབ་པའི་ནུས་པ་ཉིད་མེད་པས་ཅུང་ཟད་ཀྱང་མི་བྱེད་ལ་དེ་བརྟགས་པས་ཅི་དགོས་ཞེས་བསྟན་པའི་ཕྱིར་བཤད་པ། གང་ཕྱིར་སྟོང་པའི་དཔེ་ཡོད་པ། །དེས་ན་སྟོང་པར་མི་འགྱུར་ན། །བྱ་རོག་ཇི་ལྟར་དེ་བཞིན་དུ། །བདག་ཀྱང་ནག་ཅེས་བརྗོད་ནུས་སམ། །གལ་ཏེ་གཏན་ཚིགས་ཀྱི་དོན་དང་མ་འབྲེལ་བའི་དཔེ་ལས་དོན་གྲུབ་པར་སེམས་ན་ནི་དེའི་ཚེ་བྱ་རོག་གི་ནག་པོའི་དཔེ་བདག་ཀྱང་ནག་པོར་ འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་པས་དཔེ་མི་རིགས་ཏེ། དངོས་པོ་མེད་པའི་ཕྱིར་རོ། །གལ་ཏེ་གཏན་ཚིགས་ཀྱང་མེད་ལ་དཔེ་ཡང་མེད་ཅིང་དངོས་པོ་ཐམས་ཅད་ཀྱང་མེད་ན་ཁྱོད་ཀྱི་བསྟན་བཅོས་བྱེད་པའི་ཚེགས་འདི་དོན་གང་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་ཡིན། བརྗོད་ པར་བྱ་སྟེ། གལ་ཏེ་ངེས་པར་བརྟགས་པ་ན་དངོས་པོ་འགའ་ཞིག་གི་རང་བཞིན་དམིགས་ན་ནི་དེའི་ཚེ་ཁས་ལེན་པར་བྱེད་པ་དེ་ལྟ་ཡིན་དང་སྟོང་པ་ཉིད་དུ་ལྟ་བ་ཡང་ཕྱིན་ཅི་ལོག་ཉིད་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། གལ་ཏེ་རང་བཞིན་གྱིས་དངོས་ཡོད། །སྟོང་མཐོང་ཡོན་ཏན་ ཅི་ཞིག་ཡོད། །སྟོང་པ་ཉིད་ཉེ་བར་བསྟན་པ་ནི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་ཡིན་ལ། དེ་ཁོ་ན་ཉིད་ཀྱང་རང་བཞིན་དང་ངོ་བོ་ཡིན་ནོ། །གལ་ཏེ་དངོས་པོ་འགའ་ཞིག་ལ་ཡོད་ན་ནི་དེའི་ཚེ་དེ་ཉིད་དོན་དམ་པ་ཡིན་པས་གྲོལ་བ་དོན་དུ་གཉེར་བ་ལ་དེ་མཐོང་བ་ཁོ་ན་མཛེས་ཀྱི་སྟོང་པ་ ཉིད་མཐོང་བ་ནི་མ་ཡིན་ནོ། །དེ་ནི་དེའི་ཚེ་ཡོན་ཏན་དུ་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི་སྐུར་བ་འདེབས་པ་ལ་ཞུགས་པའི་ཕྱིར་སྐྱོན་ཉིད་དུ་འགྱུར་རོ། །གང་གི་ཚེ་དངོས་པོ་རང་བཞིན་མེད་པ་རྣམས་ཕྱིན་ཅི་ལོག་ལས་རང་བཞིན་དང་བཅས་པ་ཉིད་དུ་སྣང་བ་ན་འཇིག་ རྟེན་གྱི་མངོན་པར་ཞེན་པའི་རྒྱུར་འགྱུར་ཞིང་། དངོས་པོར་ལྷག་པར་ཞེན་པའི་རྒྱུ་ཅན་ལས་དང་ཉོན་མོངས་པ་ལས་སྐྱེ་བའི་རྒྱུན་སྐྱེ་བའི་ཕྱིར་དེ་ལས་འཁོར་བར་འཇུག་པར་འགྱུར་བ་དེའི་ཚེ་དངོས་པོ་རང་བཞིན་མེད་པ་རྣམས་རང་བཞིན་མེད་པ་ཉིད་དུ་མངོན་པར་གསལ་བར་བྱེད་པའི་བསྟན་ བཅོས་འདིས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སྤངས་པའི་སྒོ་ནས་རང་བཞིན་མེད་པ་ཉིད་སྟོན་ཅིང་། འཇིག་རྟེན་ཡང་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་བཏོན་ནས་གཟུགས་བརྙན་དང་སྤྲུལ་པ་དང་སྒྱུ་མ་ལ་སོགས་པ་ལྟར་དངོས་པོ་རྣམས་ལ་མངོན་པར་མི་ཞེན་པ་ན་ དངོས་པོ་ལ་མངོན་པར་ཞེན་པའི་རྒྱུ་ཅན་ལས་དང་ཉོན་མོངས་པ་ཟད་པས་འདོད་ཆགས་ལ་སོགས་པའི་འཆིང་བ་མཐའ་དག་ཆད་པ་ལས་ངེས་པར་གྲོལ་བར་འགྱུར་རོ། །དེའི་ཕྱིར་བསྟན་བཅོས་འདིས་དངོས་པོ་རྣམས་རང་བཞིན་མེད་པ་ཙམ་ཞིག་སྟོན་ཏོ། །བཅོམ་ ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་སྟོང་པས་ཏེ་རང་བཞིན་མེད་པའི་ཚུལ་གྱིས་སོ། །ཆོས་ཐམས་ཅད་མཚན་མ་མེད་པ་སྟེ། །མཚན་མ་མེད་པ་ཉེ་བར་བཟུང་ནས་སོ། །ཆོས་ཐམས་ཅད་སྨོན་པ་མེད་པ་སྟེ། །མི་སྨོན་པ་ཡི་ཚུལ་གྱིས་སོ། །ཆོས་ཐམས་ཅད་ནི་ རང་བཞིན་གྱིས་འོད་གསལ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་སོ་ཞེས་བྱ་བ་དང་། དེ་བཞིན་དུ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བ་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བསྙོན་པ་ནི་མ་ཡིན་ནོ། །ཞེས་བཤད་པ། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །རྟོག་པ་ནི་ཡང་དག་ པ་མ་ཡིན་པའི་རང་བཞིན་གྱི་དོན་སྒྲོ་འདོགས་པ་སྟེ། དེའི་སྒོ་ནས་སེམས་ཅན་རྣམས་བཅིངས་པར་དམིགས་ནས། འཁོར་བའི་སྡུག་བསྔལ་གཅད་པར་བྱ་བའི་ཕྱིར་དོན་དེ་བཟློག་པར་བྱ་བའི་ཕྱིར་ཐུགས་རྗེ་ཆེན་པོ་མངའ་ཞིང་སེམས་ཅན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་ བའི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་རྟེན་ཅིང་འབྲལ་བར་འབྱུང་བ་དང་མི་འགལ་བར་དངོས་པོ་རྣམས་རང་བཞིན་མེད་པ་ཙམ་ཞིག་ཏུ་སྟོན་པར་མཛད་དེ། དེ་ལྟར་ན་འདི་ནི་མདོར་བསྡུས་ན་སངས་རྒྱས་ཀྱི་གསུང་གི་དོན་ཡིན་ནོ་ ཞེས་སློབ་དཔོན་གྱི་བསྟན་བཅོས་འདིས་རྣམ་པར་བཤད་དོ། །བཅོམ་ལྡན་འདས་ཀྱིས། འདི་ན་གང་གིས་རང་བཞིན་གྱིས་སྟོང་ཞིང་། །རང་བཞིན་རྣམ་དག་བདག་མེད་ཆོས་ཤེས་པ། །དེ་ལ་ནམ་ཡང་སྡོམ་མིན་མི་འབྱུང་སྟེ། །འདི་ལྟར་ཡང་དག་ངེས་ལ་དེས་བསླབས་ ཕྱིར། །གང་ཞིག་ཕུང་པོ་ལྔ་པོ་སྟོང་པ་རྣམས། །དབེན་པ་བདག་མེད་རང་བཞིན་སྟོང་ཤེས་ཤིང་། །ལས་གང་ཞིག་ལ་ལུས་ཀྱི་ཀུན་སྤྱོད་པ། །དེ་ལ་གཞར་ཡང་སྡོམ་པ་མིན་མི་འབྱུང་། །ཞེས་རྒྱ་ཆེར་གསུངས་སོ། །གང་དག་ཇི་ལྟར་གནས་པའི་གསུང་རབ་ཀྱི་ དོན་ཇི་ལྟ་བ་བཞིན་མ་རྟོགས་པས་ན་དངོས་པོ་ཁ་ཅིག་དངོས་པོ་ཡོད་པ་དང་། ཁ་ཅིག་དངོས་པོ་མེད་པར་ཡོངས་སུ་གསལ་བར་བྱེད་པ་དེ་དག་གི་རྟོག་པ་དེ་ཕྱིན་ཅི་ལོག་པ་ཉིད་དུ་བསྟན་པའི་ཕྱིར་བཤད་པ། གཅིག་ཡོད་གཅིག་མེད་ཅེས་བྱ་བ། །དེ་ཉིད་མིན་འཇིག་རྟེན་ པའང་མིན། །གང་གི་ཚེ་འཇིག་རྟེན་པའི་དངོས་པོ་བཤད་པར་འདོད་པ་དེའི་ཚེ་ཕྱི་ནང་གི་དོན་གྱི་དབྱེ་བས་ཕུང་པོ་ལྔ་ཆར་ཡང་འཇིག་རྟེན་པའི་རྟོག་པ་ཚད་མར་བྱས་ཏེ་ཁས་བླང་བར་བྱ་ལ། གང་གི་ཚེ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་བཤད་པར་འདོད་པ་དེའི་ཚེ་འཕགས་པའི་ཡེ་ ཤེས་ལ་ལྟོས་ནས་ཕུང་པོ་ལྔ་ཆར་ཡང་རང་བཞིན་གྱིས་སྟོང་པར་བཤད་པར་བྱའོ། །དེ་ལས་གཞན་དུ་གང་རུང་ཅིག་འདོད་ཅིང་གང་རུང་ཅིག་མི་འདོད་པའི་རྒོལ་བས་ནི་དེ་ཁོ་ན་ཉིད་དང་འཇིག་རྟེན་པ་ཡང་བཤད་པར་མི་འགྱུར་རོ། །གང་གིས་འདི་དེ་ལྟར་ཡིན་པ། །དེས་ན་འདི་ཡོད་ འདི་ཅིས་མེད། །བརྗོད་པ་ཉིད་དུ་ནུས་མ་ཡིན། །གལ་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ཡོད་ན་ནི་དེའི་ཚེ་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ཀྱང་ཡོད་དེ་འཇིག་རྟེན་མཐའ་དག་ལ་གྲགས་པའི་ཕྱིར་རོ། །ཅི་སྟེ་བུམ་པ་དང་སྣམ་བུ་ལ་སོགས་པ་དེ་རྣམས་རྣམ་པར་ དཔྱད་པ་ན་མེད་ན་ནི་དེའི་ཚེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མེད་པར་འགྱུར་ཏེ། གཉི་ག་ཡང་རིགས་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་འདི་ཡོད་ལ་འདི་ནི་མེད་དོ་ཞེས་བྱ་བར་བརྗོད་པ་ཉིད་དུ་མི་ནུས་སོ། །འདིར་སྨྲས་པ། བདག་གིས་ཁྱོད་ལ་ལན་ གདབ་པར་མི་ནུས་མོད་ཀྱི། དེ་ལྟར་ན་ཡང་གང་དག་ཁྱོད་ལ་ལན་འདེབས་པར་འགྱུར་བ། དེ་བཞིན་གཤེགས་པའི་བསྟན་པ་ལ་མངོན་པར་བརྩོན་པ་དག་འབྱུང་བར་འགྱུར་རོ། །བཤད་པར་བྱ་སྟེ། ཁྱོད་ཀྱི་རེ་བ་འདི་ནི་བརྫུན་པ་ཞིག་སྟེ། འདི་ལྟར། ཡོད་དང་མེད་དང་ཡོད་ མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལྟ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཕྱོགས་ཡོངས་སུ་འཛིན་པ་ཡོད་ན་ནི་རྣམ་པ་གཞན་དུ་བསྒྲུབས་པ་ལས་དེ་ལྟ་ནའང་དུས་ཆེས་ཡུན་རིང་བ་ཞིག་གིས་དེ་ལ་སུན་འབྱིན་པ་སྲིད་ན། གང་ལ་ཕྱོགས་ ཡོངས་སུ་འཛིན་པ་ཉིད་ཡོད་པ་མ་ཡིན་པ་དེ་ལ་ནི་ཡོད་པ་དང་མེད་པ་གཉི་གའི་ཕྱོགས་སྤངས་པས་དུས་ཡུན་རིང་པོས་ཀྱང་སུན་འབྱིན་པ་བརྗོད་པར་མི་ནུས་པ་ཉིད་དོ། །ནམ་མཁའི་གཟུགས་ཅན་ཉིད་དེ་ལྟ་མི་སྲིད་པས་དུས་ཡུན་རིང་པོས་ཀྱང་དེ་ལྟར་སྲིད་པར་བྱ་བར་མི་ནུས་པ་དེ་བཞིན་དུ་རྒོལ་བ་ དག་གིས་ཀྱང་དེའི་རྟེན་ཕྱོགས་གསུམ་ཀ་ཡང་མི་སྲིད་པས་སྟོང་པ་ཉིད་དུ་སྨྲ་བ་ལ་སུན་འབྱིན་པ་ཡུན་རིང་པོས་ཀྱང་བརྗོད་པར་མི་ནུས་ཏེ། མཁས་པས་སྟོང་པ་ཉིད་དུ་སྨྲ་བ་ལ་སུན་འབྱིན་པ་ནམ་མཁའི་རི་མོ་དང་ལྕག་གིས་གཞུས་པའི་གཟིར་བ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །ཡང་ཇི་ལྟར་ནམ་མཁའི་ཉི་མའི་ འོད་ཟེར་གྱི་ཚོགས་ཀྱིས་བསལ་ཞིང་ཞིག་པར་འགྱུར་བའི་མུན་པ་རྣམས་ཀྱིས་དུས་ཡུན་རིང་པོས་ཀྱང་ཉི་མའི་འོད་ཟེར་གྱི་ཚོགས་གསལ་བ་མོག་མོག་པོར་བྱ་བར་མི་ནུས་པ་དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་ལ་བསམ་གྱིས་མི་ཁྱབ་པའི་རྟེན་ཅིང་འབྲེལ་པར་ འབྱུང་བ་བསྒོམས་པས་རྟོགས་པའི་ཉི་མའི་འོད་ཟེར་གྱིས་རྒོལ་བ་མཐའ་དག་གི་གཞུང་ལུགས་ཀྱི་མུན་པ་རྣམས་བསལ་བ་ཡང་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཡང་བཤད་པ། ཇི་ལྟར་འདི་ན་ཉི་མའི་འོད་ཟེར་མཚུངས་པ་མེད་པ་ཡིས། །དུས་ཡུན་རིང་པོར་མུན་ པའི་ཚོགས་ཆེན་འཇོམས་ཤིང་འཇོམས་འགྱུར་ལྟར། །དེ་བཞིན་འགྲོ་བའི་དོན་བྱེད་གཉིས་སུ་མེད་པའི་ཉི་མ་ཡང་། །ཡོད་དང་མེད་པ་ལ་སོགས་གཞུང་ལུགས་མུན་པ་འཇོམས་བྱེད་ཡིན། །རྟོག་གེའི་གཞུང་ལུགས་མུན་པས་བཀག་པ་ཡི། །བློ་ཡི་མིག་འདི་ ད་ལྟར་ཕྱེ་བྱས་ནས། །བསོད་ནམས་གང་ཐོབ་དེ་ཡིས་སྐྱེ་བོ་འདི། །ཡོངས་ཀྱིས་དེ་ཉིད་བློ་མིག་གིས་མཐོང་ཤོག །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། སློབ་དཔོན་དང་སློབ་མ་རྣམ་ པར་གཏན་ལ་དབབ་པ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའི་འགྲེལ་པའོ།། །།བཞི་བརྒྱ་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།དཔལ་གྲོང་ཁྱེར་དཔེ་མེད་ཀྱི་དབུས་ རིན་ཆེན་སྦས་པའི་ཀུན་དགའ་ར་བར། རྒྱ་གར་གྱི་མཁན་པོ་སུཀྵྨ་ཛཱ་ན་ཞེས་བྱ་བ་གདུང་རབས་གྲངས་མེད་པར་པཎྜི་ཏ་བརྒྱུད་པའི་རིགས་སུ་སྐུ་འཁྲུངས་པ་བྲམ་ཟེ་ཆེན་པོ་རིན་ཆེན་རྡོ་རྗེའི་དབོན་པོ་བྲམ་ཟེ་ཆེན་པོ་སད་ཛཱ་ནའི་སྲས་གཅིག་ཏུ་བདེ་བར་གཤེགས་པའི་བསྟན་པ་ལ་གཅེས་ སྤྲས་སུ་མཛད་པ་བདག་དང་གཞན་གྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ཞལ་སྔ་ནས་དང་། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། པཉྩ་སྐན་དྷ་པྲ་ཀ་ར་ཎ། བོད་སྐད་དུ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བློ་གྲོས་སྦྱངས་པ་མེད་རྣམས་ཀྱི། །བློ་ཡི་ཁ་ནི་དབྱེ་བའི་ ཕྱིར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀྱི། །མདོར་བསྡུས་ཡང་དག་མཚན་ཉིད་བརྗོད། །དེ་ལ་ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་དང་། །ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །སྐྱེ་མཆེད་བཅུ་གཉིས་ནི། འདི་ལྟ་སྟེ། མིག་གི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། རེག་ བྱའི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ཅེས་བྱའོ། །ཁམས་བཅོ་བརྒྱད་དག་ནི། འདི་ལྟ་སྟེ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་ པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་ལ་གཟུགས་ཀྱི་ཕུང་པོའི་དབང་དུ་བྱས་ནས་བརྗོད་པ། དེ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཏེ་དབང་པོ་ལྔ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྟེ་ཡུལ་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་སྟེ་རྫས་བཅུ་གཅིག་གི་བདག་ཉིད་ནི་གཟུགས་ཀྱི་ཕུང་པོའོ། །དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། འབྱུང་བ་དང་། འབྱུང་བ་ལས་གྱུར་པའོ། །དེ་ལ་འབྱུང་བ་ནི་ཆེན་པོ་ བཞི་སྟེ། སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་། རླུང་གི་ཁམས་ཞེས་བྱ་བའོ། །ཉེ་བར་བཟུང་བའི་གཟུགས་ཐམས་ཅད་འཛིན་པའམ། རང་གི་མཚན་ཉིད་འཛིན་པས་ནི་ཁམས་ཏེ། དེ་དག་ནི་རེག་བྱའི་སྐྱེ་མཆེད་ཀྱི་ཁོངས་སུ་འདུས་ སོ། །རེག་བྱའི་སྐྱེ་མཆེད་ལྷག་མ་ནི་འཇམ་པ་ཉིད་ལ་སོགས་པའོ། །མིག་ལ་སོགས་པ་བཅུ་པོ་རྣམས་ནི་འབྱུང་བ་ལས་གྱུར་པ་སྟེ། འབྱུང་བ་ལས་བྱུང་བའི་ཕྱིར་རོ། །ཇི་ལྟར་རྩིག་པ་ལ་བརྟེན་ནས་རི་མོ་དང་། རྩྭ་དང་ཤིང་ལ་བརྟེན་ནས་ཁྱིམ་དང་། མེ་ལོང་ལ་བརྟེན་ནས་ གཟུགས་བརྙན་དང་། ཤིང་མགལ་ལ་བརྟེན་ནས་མེ་ལྟར་འབྱུང་བ་ཆེན་པོ་ལ་བརྟེན་ནས་མིག་ལ་སོགས་པ་ཀུན་དུ་འབྱུང་བའི་ཕྱིར་ཉེ་བར་གཟུང་བའི་གཟུགས་ཞེས་བརྗོད་དོ། །སའི་ཁམས་ནི་འཐས་པ་ཉིད་དང་། མཁྲང་བ་ཉིད་དང་། སྲ་བ་ཉིད་དེ་དེའི་ལས་ནི་འཛིན་པའོ། ། ཆུའི་ཁམས་ནི་གཤེར་བ་ཉིད་དང་། སྣུམ་པ་ཉིད་དང་། ཞུ་བ་ཉིད་དེ། དེའི་ལས་ནི་སྡུད་པའོ། །མེའི་ཁམས་ནི་དྲོ་བ་ཉིད་དེ། དེའི་ལས་ནི་ཚོས་པ་དང་སྐེམས་པའོ། །རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་སྟེ། དེའི་ལས་ནི་བསྐྱེད་པ་དང་འཕེལ་བའོ། །དེ་ལས་སྐྱེད་པ་ནི་ རང་གི་ཡུལ་དང་མངོན་པར་འབྲེལ་པ་ལྷག་པར་དེའི་སྟེང་དུ་འབྱུང་བར་བྱེད་པའོ། །འཕེལ་བ་ནི་ཡུལ་གཞན་དུ་བར་མ་ཆད་པར་འབྱུང་བས་ཡུལ་གཞན་འཐོབ་པར་བྱེད་པའོ། །འཕེལ་བར་བྱེད་པ་འདི་ཉིད་ལ་རྒྱས་པ་ཞེས་གསུངས་སོ། །འབྱུང་བ་ཆེན་པོ་འདི་རྣམས་ནི་གང་ན་གཅིག་ ཡོད་པ་ན་ལྷག་མ་ཡང་ཡོད་ལ། གང་ན་ལྷག་མ་ཡོད་པ་ན་གཅིག་ཀྱང་ཡོད་དེ་ཕན་ཚུན་དབྱེར་མེད་དོ། །དེ་ལྟ་བས་ན་དེ་དག་ནི་ཕན་ཚུན་མ་ལྟོས་པར་མེད་པས་རང་གི་ངོ་བོར་གྲུབ་པ་མེད་དོ། །དེ་དག་ལས་གཟུགས་ཁ་ཅིག་ནི་དངོས་སུ་ཡོད་པ་ཉིད་དུ་རང་གི་དབང་པོའི་རྣམ་པར་ ཤེས་པས་རྟོགས་སོ། །ཁ་ཅིག་ནི་འབྲས་བུ་མཐོང་བ་རྗེས་སུ་དཔག་གོ། །དེ་དག་ནི་འབྱུང་བ་ཡང་ཡིན་པས་འབྱུང་བ་ཆེན་པོ་སྟེ། རྒྱ་ཆེ་བའི་ནམ་མཁའ་ཁྱབ་པར་གནས་པ་ན་འདི་དག་ཉིད་ཆེན་པོའོ། །ཐུན་མོང་དང་ཐུན་མོང་མ་ཡིན་པ་དེ་ལས་ཀྱི་ཁྱད་པར་ལས་འབྱུང་བ་ཉིད་ ཀྱིས་འབྱུང་བའོ། །དེ་ལྟ་བས་ན་ནམ་མཁའ་ནི་གཟུགས་ཐམས་ཅད་འབྱུང་བའི་སྐབས་འབྱེད་པས་ཆེན་པོ་ཡིན་ཡང་འབྱུང་བ་ནི་མ་ཡིན་ཏེ། འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ནམ་མཁའ་ནི་འབྱུང་བ་ཆེན་པོ་མ་ཡིན་ནོ། །དེ་ལྟར་འབྱུང་བ་ཆེན་པོ་རྣམས་བཤད་ཟིན་ཏོ། །ཡང་ ཇི་ལྟར་འབྱུང་བ་ཆེན་པོ་འདི་དག་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་པ་ཉིད་ཀྱིས་འཇིག་རྟེན་པའི་དབང་པོ་དང་དབང་པོས་སོ་སོར་རྟོགས་པས་མངོན་སུམ་ཉིད་ཡིན་པ་ལྟར་མིག་ལ་སོགས་པ་ནི་མ་ཡིན་ཏེ། དབང་པོའི་ཡུལ་ལས་འདས་པ་ཉིད་ཀྱིས་ན་རང་གི་འབྲས་བུ་རྣམ་པར་ཤེས་པ་ ལས་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རྗེས་སུ་དཔག་པས་རྟོགས་སོ། །འདི་ལྟར་མ་དང་ཕ་ལ་བརྟེན་ནས་བུ་འབྱུང་བར་འགྱུར་བ་དེ་བཞིན་དུ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་བ་ན་དེའི་མ་རིག་གནས་ལྟ་བུ་ནི་མིག་སྟེ། དེའི་ཡོངས་སུ་ གྱུར་པ་ལས་རྣམ་པར་ཤེས་པའི་འགྱུར་བ་འབྱུང་བར་འགྱུར་ཏེ། ཕན་བཏགས་པ་དང་གནོད་པ་བྱས་པ་དག་གིས་གསལ་བ་དང་མི་གསལ་བ་དག་ཏུ་རྗེས་སུ་སྒྲུབ་པས་སོ། །དེ་ལྟ་བས་ན་མིག་གི་དབང་པོ་ནི་འདིའི་རྟེན་དུ་འགྱུར་བས་ན་མིག་གི་རྣམ་པར་ཤེས་པ་ཞེས་དེ་ཡིས་ བསྟན་ཏོ། །མིག་གི་དབང་པོ་འདི་ནི་མིག་གི་རྟེན་གྱི་མིག་གི་འབྲས་བུའི་ནང་ན་རྒུན་འབྲུའི་འབྲས་བུའི་ཚད་ཙམ་ཟི་རའི་མེ་ཏོག་ལྟ་བུ་ལྟར་མེད་པ་པགས་པ་དང་བས་གཡོགས་པ་དང་བར་གནས་པ་རང་གི་འབྲས་བུ་རྣམ་པར་ཤེས་པ་ལས་རྟོགས་པ་སྟེ། དེ་ཡང་འདི་ལྟར་ཅེ་རེ་ལོང་ རྣམས་ཀྱི་མིག་གི་རྟེན་འདྲ་བར་གནས་ཀྱང་རྣམ་པར་ཤེས་པ་མི་འབྱུང་བས་དབང་པོ་མེད་པར་རབ་ཏུ་ཤེས་སོ། །མིག་གི་བརྟེན་པའི་རྣམ་པར་ཤེས་པ་ཡང་མིག་དང་། གཟུགས་དང་། སྣང་བ་དང་། ཡིད་ལ་བྱེད་པའི་རྐྱེན་རབ་ཏུ་རྙེད་ནས་འབྱུང་བར་འགྱུར་མོད་ཀྱི། ཐུན་ མོང་མ་ཡིན་པའི་རྒྱུས་ཉེ་བར་བརྟེན་ཏེ་ཇི་ལྟར་རྔ་བོ་ཆེའི་སྒྲ་དང་། ནས་ཀྱི་མྱུ་གུ་ཞེས་བྱ་བ་བཞིན་དུ་རྟེན་དེའི་རྣམ་པར་ཤེས་པ་ཞེས་བསྟན་ཏོ། །རབ་ཏུ་བྱེད་པའི་གཞུང་དང་ཡང་རྗེས་སུ་མཐུན་པར་འགྱུར་ཏེ། མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་ དང་པོའི་ཞེས་འབྱུང་ངོ་། །མིག་གི་རྣམ་པར་ཤེས་པ་འདིའི་རྟེན་ནི་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མིག་དང་འདས་པའི་ཡིད་དོ། །དེ་ལ་མིག་ལ་མིག་གི་རྣམ་པར་ཤེས་པའི་རྟེན་དུ་བརྗོད་ན་ཡིད་ཀྱིས་ཀྱང་མིག་ཅེས་བྱ་བ་འཐོབ་པར་འགྱུར་བས། དེ་ བས་ན་གཟུགས་དང་བ་ཞེས་སྨོས་སོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་ཤེས་པར་བྱའོ། །ཁྱད་པར་ནི་འདི་ཡིན་ཏེ། རྣ་བའི་དབང་པོའི་རྡུལ་ཕྲ་རབ་ནི་གྲོ་བའི་མདུད་པ་ལྟ་བུར་གནས་སོ། །སྣའི་དབང་པོའི་རྡུལ་ཕྲ་རབ་ནི་མཚུལ་པའི་ནང་ལྟག་ཁུང་གི་ཐད་ཀ་ན་མིག་སྨན་གྱི་ ཐུར་མ་གཤིབས་པ་ལྟར་གནས་ཏེ། དབང་པོ་དང་པོ་གསུམ་ནི་ཕྲེང་བ་ལྟར་གནས་སོ། །ལྕེའི་དབང་པོའི་རྡུལ་ཕྲ་རབ་ནི་ཟླ་བ་ཁམ་པ་ལྟར་གནས་སོ། །ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་ནི་ལུས་བཞིན་དུ་གནས་སོ། །ལུས་ཀྱི་དབང་པོའི་ཁྱད་པར་ཉིད་མོ་དང་ཕོའི་དབང་ པོའོ། །དེ་ལ་མོའི་དབང་པོའི་རྡུལ་ཕྲ་རབ་ནི་རྔ་བོ་ཆེ་མ་གཡོས་པའི་སྦུབས་ལྟར་གནས་སོ། །ཕོའི་དབང་པོའི་རྡུལ་ཕྲ་རབ་ནི་མཐེ་བོའི་རྣམ་པ་ལྟ་བུར་གནས་སོ། །མིག་ལ་སོགས་པ་ལྔ་པོ་འདི་རྣམས་ནི་རང་གི་ཡུལ་ལ་ཉེ་བར་དམིགས་པའི་བདག་པོ་ཡིན་པས་དབང་པོ་ཞེས་བྱའོ། ། དེ་ལྟ་བས་ན་མིག་ནི་གཟུགས་ལ་ཉེ་བར་དམིགས་པ་ལ་ལྷག་པར་དབང་བྱེད་ཀྱི་གཟུགས་ནི་མ་ཡིན་ནོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་རྣམས་ལ་ཡང་རིག་པར་བྱའོ། །མོ་ཉིད་དང་ཕོ་ཉིད་ལ་དབང་བྱེད་པས་མོ་དང་ཕོའི་དབང་པོ་སྟེ། དེ་ལ་མོའི་ངོ་བོ་ནི་མོའི་རང་བཞིན་དང་སྐད་དང་བྱེད་པ་ དང་བསམ་པའོ། །ཕོའི་ངོ་བོ་ནི་ཕོའི་རང་བཞིན་དང་སྐད་དང་བྱེད་པ་དང་བསམ་པ་སྟེ། དེ་དག་ལ་དབང་བྱེད་པས་མོ་དང་ཕོའི་དབང་པོའོ། །དེ་ལྟར་དབང་པོ་རྣམས་བསྟན་ནས། ད་ནི་དོན་རྣམས་བཤད་པར་བྱ་སྟེ། དེ་ལ་མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཉིད་ནི་གཟུགས་ ཀྱི་སྐྱེ་མཆེད་ཀྱི་རང་བཞིན་གྱི་རང་གི་མཚན་ཉིད་དོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ནི་རང་རང་གི་དབང་པོའི་རྣམ་པར་ཤེས་པས་ཤེས་པར་བྱེད་པ་ཉིད་ནི་སྒྲ་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་དོ། །སོ་སོའི་དབྱེ་བས་ཕྱེ་བ་ན་གཟུགས་ཀྱི་སྐྱེ་མཆེད་ནི་རྣམ་པ་གཉིས་སུ་ འགྱུར་ཏེ། ཁ་དོག་དང་དབྱིབས་སོ། །དེ་ལ་ཁ་དོག་ནི་བཞི་སྟེ། སྔོན་པོ་ལ་སོགས་པའོ། །གཞན་ནི་དེའི་བྱེ་བྲག་གོ། །དབྱིབས་ནི་རྣམ་པ་བརྒྱད་དེ། རིང་པོ་ལ་སོགས་པ་ནས་མི་མཉམ་པའི་བར་དུའོ། །གཟུགས་ཀྱི་སྐྱེ་མཆེད་དེ་ཉིད་ཡང་རྣམ་པ་ཉི་ཤུར་བརྗོད་པར་བྱ་སྟེ། འདི་ ལྟ་སྟེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། རིང་པོ་དང་། ཐུང་ངུ་དང་། ཟླུམ་པོ་དང་། ལྷམ་པ་དང་། མཐོ་བ་དང་། དམའ་བ་དང་། མཉམ་པ་དང་། མི་མཉམ་པ་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། གྲིབ་མ་དང་། ཉི་ མ་དང་། སྣང་བ་དང་། མུན་པ་ཞེས་བྱ་བའོ། །དེ་ལ་མཉམ་པ་ནི་མི་མཉམ་པ་མེད་པའོ། །མི་མཉམ་པ་ནི་མཐོན་དམན་དུ་གནས་པའོ། །ཁུག་རྣ་ནི་ལྷོ་བུར་རོ། །ཉི་མ་ནི་ཉི་མའི་འོད་དོ། །སྣང་བ་ནི་ཟླ་བ་དང་། སྐར་མ་དང་། མེ་དང་། སྨན་དང་། ནོར་བུ་རྣམས་ཀྱི་འོད་དོ། ། གྲིབ་མ་ནི་གང་ན་གཟུགས་རྣམས་སྣང་བའོ། །བཟློག་པ་ནི་མུན་པའོ། །ལྷག་མ་ནི་གོ་སླའོ། །གཟུགས་ཀྱི་སྐྱེ་མཆེད་བཤད་ཟིན་ཏོ། །སྒྲ་ནི་རྣམ་པ་བརྒྱད་དེ། ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོ་རྒྱུ་ལས་བྱུང་བ་དག་སོ་སོར་སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་ པས་རྣམ་པ་བཞིའོ། །ཡང་དེ་ཉིད་རེ་རེ་ཞིང་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་བྱེ་བྲག་གིས་རྣམ་པ་བརྒྱད་དོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་རྟེན་ཉིད་དུ་བཟུང་བས་ཟིན་པའོ། །དེ་ནི་སེམས་དང་བཅས་པ་ཞེས་བྱ་བའི་དོན་ཏེ། དབང་པོ་ལས་ཐ་དད་དུ་ གྱུར་པ་མ་ཡིན་པའོ། གང་ལ་རྒྱུ་ཟིན་པའི་འབྱུང་བ་ཆེན་པོ་ཡོད་པ་དེ་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་ཏེ་ལག་པ་དང་ངག་གི་སྒྲ་ལྟ་བུའོ། །གཞན་ནི་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་ཏེ། ཇི་ལྟར་རླུང་དང་ནགས་ཚལ་དང་ཆུ་ཀླུང་གི་སྒྲ་ལྟ་བུའོ། །སེམས་ཅན་དུ་སྟོན་ པའི་སྒྲ་ནི་སེམས་ཅན་དུ་ངེས་པར་བྱེད་པའི་སྒྲ་སྟེ། སྒྲ་གང་གིས་སེམས་ཅན་ཏེ་སྲོག་ཆགས་སོ་ཞེས་ངེས་པར་འགྱུར་བ་དེ་ནི་སེམས་ཅན་དུ་སྟོན་པའོ། །བཟློག་པ་ནི་སེམས་ཅན་མ་ཡིན་པར་སྟོན་པའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་སེམས་ཅན་དུ་སྟོན་པའི་སྒྲ་ནི་ངག་ གི་སྒྲའོ། །སེམས་ཅན་དུ་སྟོན་པ་མ་ཡིན་པ་ནི་དེ་ལས་གཞན་པའོ། །མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་དུ་སེམས་ཅན་དུ་སྟོན་པ་ནི་སྤྲུལ་པའི་ངག་གི་སྒྲའོ། །སེམས་ཅན་དུ་སྟོན་པ་མ་ཡིན་པ་ནི་རླུང་དང་ནགས་ཚལ་དང་ཆུ་ཀླུང་གི་སྒྲའོ། །ཡིད་དུ་འོང་བ་ནི་ཡིད་ དགའ་བར་བྱེད་པའོ། །ཡིད་དུ་མི་འོང་བ་ནི་དེ་ལས་བཟློག་པའོ། །གཞན་དག་ན་རེ་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ཅན་གྱི་སྒྲ་ཡང་ཡོད་དོ། །འདི་ལྟ་སྟེ། ལག་པ་དང་རྔའི་སྦྱོར་བ་ལས་བྱུང་བ་ལྟ་བུའོ་ཞེས་ཟེར་རོ། །དེ་ནི་མི་རུང་སྟེ། ཁ་དོག་གི་རྡུལ་ཕྲ་རབ་གཅིག་ལ་འབྱུང་ བ་ཆེན་པོ་བཞི་མཚན་གཉིས་ཀྱིས་བསྐྱེད་པར་མི་འདོད་པ་དེ་བཞིན་དུ་འདི་ཡང་མི་འདོད་དོ། །དྲི་ནི་རྣམ་པ་བཞི་སྟེ། དྲི་ཞིམ་པ་དང་། མི་ཞིམ་པ་དང་། མཉམ་པ་དང་། མི་མཉམ་པ་ཉིད་དོ། །བསྟན་བཅོས་ལས་ནི་དྲི་ཞིམ་པ་ད