Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 91

Văn bản gốc(Tây Tạng)

Trang 17 / 21 (50.000 ký tự/trang)
་ལྟར་ན། གཟུགས་ཀྱང་མ་སྐྱེས་ལ་ཚོར་བ་ཡང་མ་སྐྱེས་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱང་སྐྱེ་བ་མེད་པ་སངས་རྒྱས་ཀྱི་ཆོས་ཀྱང་སྐྱེ་བ་མེད་པ་

ནི་ཞེས་བྱ་བའི་བར་དུ་ནི་གོང་དུ་རབ་འབྱོར་གྱིས་ཆོས་ཐམས་ཅད་མ་སྐྱེས་པའི་རང་བཞིན་དུ་རོ་གཅིག་སྟེ། ཐ་མི་དད་པར་བཤད་པའི་དོན་དང་ཚིག་ཤཱ་རིའི་བུས་བཟླས་ཏེ། ཁྱོད་ཀྱིས་དེ་སྐད་དུ་བཤད་པའི་དོན་བདག་གིས་འཇལ་ཏེ། དེ་ལྟར་ཆོས་ཐམས་ཅད་མ་སྐྱེས་པའི་རང་བཞིན་དུ་རོ་གཅིག་ཅིང་ཐ་མི་དད་ན།
ཆོས་གཅིག་རྟོགས་པས་ཐམས་ཅད་རྟོགས་པར་འགྱུར་བས་ཉན་ཐོས་ལ་སོགས་པས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་ཟིན་པར་འགྱུར་རོ་ཞེས་བྱ་བའི་ཚིག་འོག་ནས་འབྱུང་བ་དང་སྦྱར་རོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་
བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་ཟིན་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ཟིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཟིན་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་
གོང་དུ་བཤད་པའི་རིམ་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་སྟེ། ཐ་མི་དད་ན་གཟུགས་ལ་སོགས་པའི་ཆོས་རྣམས་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་རྣམས་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམས་
སྟོང་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་སྟེ། ཐ་མི་དད་གཟུགས་ལ་སོགས་པའི་ཆོས་རྣམས་མཐོང་ཞིང་རྟོགས་པ་ཉིད་ཀྱིས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་ཀྱང་རྟོགས་ཤིང་ཐོབ་པར་འགྱུར་བའི་རིགས་ན། ཅིའི་ཕྱིར་དེ་ལྟར་མི་འགྱུར་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །འགྲོ་བ་ལྔ་རྣམས་
ཀྱང་ཐ་མི་དད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པའི་རང་བཞིན་དུ་རོ་གཅིག་སྟེ། ཐ་མི་དད་ན་ལྷ་དང་། མི་དང་དུད་འགྲོ་དང་ཡི་དགས་དང་། སེམས་ཅན་དམྱལ་བའི་འགྲོ་བ་འདི་དག་ཡང་ཐ་དད་དུ་དབྱེར་མེད་པར་འགྱུར་རོ་ཞེས་སྨྲས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
ཀྱང་བྱང་ཆུབ་ལྔ་ཐོབ་ཟིན་པར་འགྱུར་རོ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང་། རང་བྱང་ཆུབ་དང་བྱང་ཆུབ་ལྔ་པོ་འདི་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་དང་། རང་བཞིན་ཐ་མི་དད་པས་བྱང་ཆུབ་སེམས་དཔས་བྱང་ཆུབ་ལྔ་པོ་དེ་དག་མ་བསྒོམས་མ་བསྒྲུབས་པར་ཡང་ཐོབ་ཟིན་པར་

འགྱུར་རོ་ཞེས་སྨྲས་པའོ། །ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ན། ཅིའི་ཕྱིར་ན་རྒྱུན་དུ་ཞུགས་པས་ནི་ཀུན་དུ་སྦྱོར་བ་གསུམ་སྤང་བའི་ཕྱིར་ལམ་བསྒོམས་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་གཅིག་སྟེ་ཐ་མི་དད་ན་ཉན་ཐོས་
རྒྱུན་དུ་ཞུགས་པས་ཀུན་དུ་སྦྱོར་བ་གསུམ་སྤང་བའི་ཕྱིར་འཕགས་པའི་ལམ་བསྒོམ་དུ་ཡང་ཅི་ཞིག་ཡོད་ཅེས་སྨྲས་པ་སྟེ། ཀུན་དུ་སྦྱོར་བ་གསུམ་ནི་འཇིགས་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་གསུམ་མོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་བདག་
ཏུ་ལྟ་བ་སྟེ། བདག་ཏུ་ལྟ་བ་ལ་ཆགས་ན་གང་ཟག་ལ་བདག་མེད་པའི་ཆོས་རྣམ་པར་ཐར་པ་མི་འདོད་པར་འགྱུར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་ཆོག་པར་འཛིན་ཏེ། འཕགས་པའི་ལམ་མི་སྒོམ་པར་འགྱུར་རོ། །ཐེ་ཚོམ་གྱིས་ནི་འཕགས་
པའི་ལམ་ལ་ཡིད་གཉིས་ཟ་བར་འགྱུར་ཏེ། ཆོས་འདི་གསུམ་འཕགས་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཡིན་ལ། འཁོར་བ་རྣམས་སུ་སྐྱེ་བར་སྦྱོར་བ་རྒྱུ་ཡིན་པའི་ཕྱིར་ཀུན་དུ་སྦྱོར་བ་ཞེས་བྱའོ། །ལན་ཅིག་ཕྱིར་འོང་བས་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྲབ་པའི་ཕྱིར་ལམ་བསྒོམ་ཞེས་
བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་ཐ་མི་དད་ན་ཉན་ཐོས་ལན་ཅིག་ཕྱིར་འོང་བས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྲབ་མོར་བྱ་བའི་ཕྱིར་འཕགས་པའི་ལམ་སྒོམ་དུ་ཡང་ཅི་ཞིག་ཡོད། གཟུགས་ལ་སོགས་པའི་ཆོས་རྣམས་མཐོང་བ་ཉིད་ཀྱིས་འཕགས་པའི་ལམ་
བསྒོམས་ཟིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཕྱིར་མི་འོང་བས་ནི་དོན་དམ་པ་མ་ཡིན་པའི་ཆ་ཅན་གྱི་ཀུན་དུ་སྦྱོར་བ་ལྔ་སྤང་བའི་ཕྱིར་ལམ་བསྒོམས་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐ་མི་དད་ན། དམ་པ་མ་ཡིན་པའི་ཆ་ཅན་གྱི་ཀུན་དུ་སྦྱོར་བ་ལྔ་སྤང་བའི་ཕྱིར། འཕགས་པའི་
ལམ་བསྒོམ་མི་དགོས་སོ་ཞེས་སྨྲས་པ་སྟེ། དམ་པ་མ་ཡིན་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་བྱ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་གོང་མ་གཉིས་པས་ངན་ཅིང་དམན་པའི་ཕྱིར་རོ། །དམ་པ་མ་ཡིན་པའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་གཏོགས་པའི་

ཉོན་མོངས་པ་ལྔ་ལ་བྱ་སྟེ། ཀུན་དུ་སྦྱོར་བ་ལྔ་ནི་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འདོད་པའི་འདོད་ཆགས་དང་། གནོད་སེམས་དང་ལྔའོ། །ཀུན་དུ་སྦྱོར་བའི་དོན་ནི་སྔར་བཤད་པ་བཞིན་ནོ། །དགྲ་བཅོམ་པས་ནི་བླ་མའི་ཆ་ཅན་གྱི་ཀུན་
དུ་སྦྱོར་བ་རྣམས་སྤང་བའི་ཕྱིར་ལམ་བསྒོམས་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཐ་མི་དད་ན་འཕགས་པ་དགྲ་བཅོམ་པས་གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར་འཕགས་པའི་ལམ་བསྒོམ་དུ་ཡང་ཅི་ཞིག་ཡོད་
ཅེས་སྨྲས་པ་སྟེ། བླ་མའི་ཆ་ཅན་གྱི་ཀུན་དུ་སྦྱོར་བ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ལྔ་ལ་བྱ་སྟེ། དེ་དག་ཀྱང་གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང་། རྒོད་པ་དང་། ང་རྒྱལ་དང་། མ་རིག་པ་རྣམས་ཏེ་ཀུན་དུ་
སྦྱོར་བའི་དོན་ནི་སྔར་བཤད་པ་བཞིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པས་ནི་རང་བྱང་ཆུབ་ཀྱི་དོན་དུ་ལམ་བསྒོམས་ཞེས་བྱ་བ་ལ་སོགས་པ་ནི་རང་སངས་རྒྱས་ཀྱིས་རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ལམ་བསྒོམ་པ་དང་། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་དཀའ་བ་སྤྱད་
པ་དང་། དེ་བཞིན་གཤེགས་པས་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པས་སངས་རྒྱས་པར་བྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་དུ་ཡང་ཅི་ཞིག་ཡོད་ཅེས་སྨྲས་པའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་
ནས། མ་སྐྱེས་པ་ལ་རང་སངས་རྒྱས་ཡོད་པར་མི་འདོད་དོ། །རང་བྱང་ཆུབ་ཡོད་པར་མི་འདོད་དོ་ཞེས་བྱ་བའི་བར་དུ་ནི་ཉན་ཐོས་རྒྱུན་དུ་ཞུགས་པ་ལ་སོགས་པར་གདགས་ཤིང་རྣམ་པར་གཞག་པ་ནི་ཀུན་རྫོབ་ཀྱི་ཐ་སྙད་ཙམ་དུ་གདགས་པར་ཟད་ཀྱི་དོན་དམ་པར་དེ་དག་ཡོད་པར་མི་འདོད་དོ་ཞེས་བསྟན་པ་སྟེ།
འཐོབ་པ་དང་ཁོང་དུ་ཆུད་པ་ཞེས་བྱ་བ་ལ་འཐོབ་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་འཐོབ་པར་བྱ་བ་ལ་བྱའོ། །ཁོང་དུ་ཆུད་པ་ནི་འཕགས་པའི་ལམ་གྱི་རང་བཞིན་རྟོགས་པ་ལ་བྱ་སྟེ། དོན་དམ་པར་འཐོབ་པ་དང་། ཁོང་དུ་ཆུད་པ་དེ་དག་ཀྱང་ཡོད་པར་མི་འདོད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བ་སྤྱད་པ་སྤྱོད་པ་ཡོད་པར་མི་འདོད་དོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་དཀའ་བ་སྤྱད་པའི་དངོས་པོ་ཡོད་པར་མི་ལྟ་བའི་ཕྱིར་རོ། །དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དཀའ་བ་སྤྱོད་པའི་འདུ་ཤེས་ཀྱིས་མི་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་བཤད་དེ། དོན་དམ་པར་དཀའ་བ་སྤྱད་པའི་དངོས་པོ་ཡོད་པར་མི་ལྟ་བ་དང་། ཀུན་རྫོབ་ཏུ་ཡང་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཕ་མ་ལ་སོགས་པའི་འདུ་ཤེས་བསྐྱེད་པས་དཀའ་བའི་འདུ་
ཤེས་མི་འབྱུང་བའི་ཕྱིར་རོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་སེམས་བསྐྱེད་དེ། དེ་ལྟར་བདག་བདག་ཅེས་བྱ་བ་ཡང་དེ་ནི་ཐམས་ཅད་རྣམ་པ་ཐམས་ཅད་དུ་མེད་ཅིང་མི་དམིགས་པ་དེ་བཞིན་དུ། ཕྱི་ནང་གི་ཆོས་རྣམས་ལ་ཡང་འདུ་ཤེས་བསྐྱེད་དེ་དེ་ལྟར་འདུ་ཤེས་བསྐྱེད་ཀྱང་དཀའ་
བའི་འདུ་ཤེས་མི་སྐྱེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པས་དཀའ་བའི་འདུ་ཤེས་མི་སྐྱེ་བའི་ཐབས་བསྟན་པ་སྟེ། མུ་སྟེགས་ཅན་གྱིས་བདག་ཏུ་བརྟགས་པ་རྣམས་གང་ཟག་ལ་བདག་མེད་པར་རྟོགས་པའི་ཚེ་བདག་ཏུ་བརྟགས་པ་དེ་དག་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོང་ཡེ་
མེད་པ་དེ་བཞིན་དུ། ཆོས་ལ་བདག་མེད་པར་རྟོགས་པའི་ཚེ་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཕྱི་ནང་གི་ཆོས་རྣམས་ཀྱང་རྣམ་པ་ཐམས་ཅད་དུ་མེད་ཅིང་མི་དམིགས་པར་ཤེས་པར་བྱས་ལ་དཀའ་བའི་འདུ་ཤེས་ཀྱང་མི་སྐྱེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་གང་
ཡང་མི་ལན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་དཀའ་བའི་འདུ་ཤེས་མི་སྐྱེ་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་དཀའ་བའི་འདུ་ཤེས་སྐྱེ་བར་འགྱུར་བའི་ཆོས་གང་ཡང་མཚན་མར་མི་འཛིན་ཅིང་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་མ་སྐྱེས་པ་ལ་
དེ་བཞིན་གཤེགས་པ་ཡོད་པར་མི་འདོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད་པར་མི་འདོད་དོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ། དེ་བཞིན་གཤེགས་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མ་སྐྱེས་པའི་རང་བཞིན་ཡིན་པའི་ཕྱིར་དངོས་པོ་

ཡོད་པར་མི་འདོད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟར་ན། མ་སྐྱེས་པའི་ཆོས་ཀྱིས་འཐོབ་པའམ་འཐོབ་པར་བྱ་བ་མེད་དོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པའོ་ཞེས་བཤད་པ་དང་སྦྱར་ན་དོན་དམ་པར་མ་སྐྱེས་པའི་ཆོས་ཀྱིས་
རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པར་བྱེད་པའང་མ་སྐྱེས་ལ། ཐོབ་པར་བྱ་བའི་འབྲས་བུ་དེ་རྣམས་ཀྱང་མ་སྐྱེས་པའི་ཕྱིར་འཐོབ་པའམ་འཐོབ་པར་བྱ་བ་མེད་དོ་ཞེས་བྱ་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཆོས་སྐྱེས་པས་འཐོབ་པ་དང་། འཐོབ་པར་བྱ་བ་འདོད་དམ་ཞེས་བྱ་བའི་རྒྱུན་
དུ་ཞུགས་པ་ལ་སོགས་པའི་གང་ཟག་རྣམས་དངོས་པོ་ཡོད་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དངོས་པོ་མེད་པའི་རང་བཞིན་ཐོབ་པར་འདོད་དམ་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །འོན་ཏམ་མ་སྐྱེས་པའི་ཆོས་ཀྱིས་འཐོབ་པར་འདོད་ཅེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་
དངོས་པོ་མེད་པ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དངོས་པོ་ཡོད་པ་རྣམས་འཐོབ་པར་འདོད་ཅེས་དྲིས་པ་སྟེ། དངོས་པོ་ཡོད་པས་དངོས་པོ་མེད་པ་འཐོབ་པ་དང་། དངོས་པོ་མེད་པས་དངོས་པོ་ཡོད་པ་འཐོབ་པ་གཉི་ག་ལ་ཡང་མི་རིགས་པར་མཐོང་ནས་གལ་བཟུང་སྟེ་དྲིས་པའོ། །རབ་
འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་དེ་ལྟར་མི་འདོད་དོ། །མ་སྐྱེས་པའི་ཆོས་ཀྱིས་ཀྱང་འཐོབ་པར་མི་འདོད་དོ་ཞེས་བྱ་བ་ནི་དངོས་པོ་ཡོད་པས་དངོས་པོ་མེད་པ་འཐོབ་པ་དང་། དངོས་པོ་མེད་པས་དངོས་པོ་ཡོད་པ་འཐོབ་པ་གཉི་ག་ཡང་མི་རིགས་པས་དེ་ལྟར་མི་འདོད་དོ་ཞེས་སྨྲས་པའོ། །
སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འོ་ན་ཐོབ་པ་མེད་པ། མངོན་པར་རྟོགས་པ་མེད་དམ་ཞེས་བྱ་བ་ནི་དེ་ལྟར་རྣམ་པ་གཉི་གར་མི་འདོད་ན་རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་རྣམས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་འཐོབ་པ་དང་། ལམ་སྒོམ་ཞིང་མངོན་པར་རྟོགས་པ་ཡང་མེད་དམ་ཞེས་
དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འཐོབ་པ་ཡང་ཡོད་མངོན་པར་རྟོགས་པ་ཡང་ཡོད་དེ་དེ་གཉིས་ཀྱིས་ནི། མ་ཡིན་གྱི་ཞེས་བྱ་བ་ནི་འཐོབ་པ་དང་མངོན་པར་རྟོགས་པ་དག་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤོང་བ་ཙམ་ལ་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པ་ཙམ་དུ་ཡོད་པར་

འདོད་ཀྱི། དངོས་པོ་ཡོད་པས་མེད་པ་འཐོབ་པ་དང་། དངོས་པོ་མེད་པས་ཡོད་པ་འཐོབ་པ་གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའོ། །དོན་དེ་ཉིད་གསལ་བར་བཤད་པའི་ཕྱིར། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འཐོབ་པའང་མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་
གདགས་པའོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། རྒྱུན་དུ་ཞུགས་པའི་གང་ཟག་ལ་སོགས་པ་འཐོབ་པར་བྱེད་པ་རྣམས་དང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་འཐོབ་པར་བྱ་བ་རྣམས་ནི་ཀུན་རྫོབ་ཏུ་བཏགས་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་
ལྡན་པ་རབ་འབྱོར་ཐོབ་པ་དང་། མངོན་པར་རྟོགས་པར་བྱ་བ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་དུ་ཡོད་ཀྱི། དོན་དམ་པར་མ་ཡིན་ནམ་ཞེས་བྱ་བ་ནི་གོང་དུ་འགྲོ་བ་ལྔ་རྣམས་ཀྱང་ཐ་མི་དད་པར་འགྱུར་རོ་ཞེས་བརྒལ་བའི་དོན་ཞིབ་ཏུ་བཤད་པའི་
གླེང་བསླང་བའི་ཕྱིར། ཇི་ལྟར་ཐོབ་པ་དང་མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་ཀྱི། དོན་དམ་པར་མེད་པར་དེ་བཞིན་དུ་འགྲོ་བ་ལྔ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི་དོན་དམ་པར་ཐ་མི་དད་དམ་ཞེས་དྲིས་པའོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཐོབ་པ་དང་། མངོན་པར་
རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་དེ་དག་ཐམས་ཅད་མ་སྐྱེས་པའི་རང་བཞིན་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་པ་ལས་ཀུན་རྫོབ་ཏུ་སེམས་ཅན་རྣམས་དྲང་ཞིང་བཀྲི་བའི་ཕྱིར་
མིང་དང་མཚན་མར་བཟུང་ཞིང་ཐ་སྙད་དུ་བཏགས་པ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དོན་དམ་པར་ནི་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་སྐྱེ་བ་ཡང་མེད། འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པའང་མེད། རྣམ་པར་བྱང་བའང་
མེད་དོ་ཞེས་བྱ་བ་ནི་འགྲོ་བ་ལྔ་རྣམས་དོན་དམ་པར་ཐ་མི་དད་པའི་གཏན་ཚིགས་བསྟན་པ་སྟེ། འགྲོ་བ་ལྔ་ཞེས་བྱ་བ་ནི་ལས་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་ལས་ལྷ་དང་། མི་དང་། དུད་འགྲོ་དང་། ཡི་དགས་དང་། སེམས་ཅན་དམྱལ་བ་དང་ལྔར་ཐ་དད་དུ་དབྱེ་ཞིང་གདགས་

པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པ་མེད་པས་ན་འགྲོ་བ་ལྔ་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་བའམ། འོན་ཏམ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་རམ་ཞེས་བྱ་བ་ནི་འཇིག་རྟེན་དང་
འཇིག་རྟེན་ལས་འདས་པའི་ཆོས་རྣམས་མ་སྐྱེས་པ་ལས་ཀྱང་མི་སྐྱེ་བ་དང་། སྐྱེས་པ་ལས་མི་སྐྱེ་བའི་གཏན་ཚིགས་ཞིབ་ཏུ་འཆད་དུ་གཞུག་པའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པ་སྟེ། མ་སྐྱེས་པའི་ཆོས་ནི་དངོས་པོ་མེད་པ་སྟེ། རི་བོང་གི་རྭ་དང་འདྲ་བས་སྐྱེ་བར་འགྱུར་བའི་མི་རིགས་པ་དང་།
སྐྱེས་པའི་ཆོས་ནི་དངོས་པོ་ཡོད་པར་གྱུར་ཟིན་པས་གདོད་སྐྱེ་མི་དགོས་པའི་ཕྱིར་དེ་སྐད་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་མ་སྐྱེས་པའི་ཆོས་ཀྱང་སྐྱེ་བར་མི་འདོད། སྐྱེས་པའི་ཆོས་ཀྱང་སྐྱེ་བར་མི་འདོད་དོ་ཞེས་བྱ་བ་ནི་དོན་དམ་པར་སྐྱེས་པ་དང་མ་སྐྱེས་པ་གཉི་ག་རང་
བཞིན་གྱིས་སྟོང་པའི་ཕྱིར་གཉི་ག་ཡང་སྐྱེ་བར་མི་འདོད་དོ་ཞེས་མདོར་སྨྲས་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་པ་གང་ཡིན་ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་ཞེས་བྱ་བ་གང་ཡིན་པ་མིང་གིས་སྨོས་ཏེ་འཆད་དུ་གཞུག་པའི་སྐབས་དབྱེ་བའི་ཕྱིར་ཤཱ་རིའི་བུས་རབ་
འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་གཟུགས་མ་སྐྱེས་པ། རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་
དོ་ཞེས་བྱ་བའི་བར་དུ་ནི་མ་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་པ་གང་ཡིན་ཞེས་ཤཱ་རིའི་བུས་དྲིས་པའི་ལན་རབ་འབྱོར་གྱིས་བཤད་པ་སྟེ། ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་ལས་
འདས་པའི་ཆོས་དེ་དག་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་སྟོང་པའི་ཕྱིར་སྐྱེ་བར་མི་འདོད་དོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཆོས་སྐྱེས་པ་སྐྱེ་བར་མི་འདོད་པ་གང་ཞེས་བྱ་བ་ནི་ཆོས་སྐྱེས་པ་ཡང་སྐྱེ་བར་མི་འདོད་དོ་ཞེས་རབ་འབྱོར་གྱིས་གོང་དུ་སྨྲས་པ་དེ་ཆོས་

གང་ཡིན་པ་མིང་གིས་སྨོས་ཏེ་འཆད་དུ་གཞུག་པའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ནི་གཟུགས་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་སྐྱེས་པ། རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ་ཞེས་བྱ་བའི་བར་དུ་ནི་ཆོས་སྐྱེས་པ་སྐྱེ་བར་མི་འདོད་པ་གང་ཡིན་ཞེས་དྲིས་པའི་ལན་དུ་ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་
གི་བར་དུ། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་སྐྱེས་པར་རྣམ་པར་བརྟགས་པ་དེ་དག་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་སྟོང་པའི་ཕྱིར་སྐྱེ་བར་མི་འདོད་དོ་ཞེས་བསྟན་པའོ། །དེ་ལྟར་གཟུགས་ལ་སོགས་པ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བ་
དང་། མི་སྐྱེ་བའི་ཆོས་ཅན་རྣམས་དོན་དམ་པར་སྐྱེ་བ་མེད་པ་བསྟན་ན། དེའི་འོག་ཏུ་སྐྱེ་བ་ཞེས་བྱ་བ་དང་། མི་སྐྱེ་བ་ཞེས་བྱ་བའི་ཆོས་ཉིད་ཀྱང་སྐྱེ་བ་མེད་པར་བསྟན་པའི་ཕྱིར། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་སྐྱེ་བ་སྐྱེའམ། འོན་ཏམ་མི་སྐྱེ་བ་སྐྱེ་ཞེས་བྱ་བ་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་
པའོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྐྱེ་བ་ཡང་མི་སྐྱེ། མི་སྐྱེ་བ་ཡང་མི་སྐྱེའོ་ཞེས་བྱ་བ་ནི་སྐྱེ་བ་དང་མི་སྐྱེ་བ་ཞེས་བྱ་བ་དེ་དག་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བརྗོད་དུ་ཟད་ཀྱི། དོན་དམ་པར་དེ་གཉི་ག་ཡང་དངོས་པོ་ཡོད་པར་མ་གྲུབ་པས་མི་སྐྱེའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་སྐྱེ་བ་གང་ཡིན་པ་དང་། སྐྱེ་བ་མེད་པ་གང་ཡིན་པའི་ཆོས་དེ་གཉི་ག་ཡང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་བལྟར་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ་ཞེས་བྱ་བ་
ནི་སྐྱེ་བ་དང་མི་སྐྱེ་བ་ཞེས་བྱ་བའི་ཆོས་དེ་དག་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་ཅིང་མི་སྐྱེ་བའི་གཏན་ཚིགས་བསྟན་པ་སྟེ། ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་དངོས་པོ་བལྟར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་སེམས་དང་

མི་ལྡན་པའི་འདུ་བྱེད་ཀྱི་དངོས་པོ་བལྟར་ཡོད་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་མེད་པ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལྟར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །བལྟར་མེད་པ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་རང་བཞིན་དུ་བསྟན་དུ་མེད་པའོ་ཞེས་བྱ་བའི་དོན་ཏོ། །
ཐོགས་པ་མེད་པ་ཞེས་བྱ་བ་ནི་མིག་གི་དབང་པོ་ལ་སོགས་པ་ལྟར་ཐོགས་པ་དང་བཅས་པའི་དངོས་པོ་ཡོད་པ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ་ཞེས་བྱ་བ་ནི་དེ་ལྟར་ལྡན་པ་དང་མི་ལྡན་པ་དང་། གཟུགས་ལ་སོགས་པ་གང་གི་མཚན་ཉིད་
ཀྱང་མ་ཡིན་ཞིང་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཚན་ཉིད་གཅིག་གོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་སྐྱེ་བ་ཡང་མི་སྐྱེ། མི་སྐྱེ་བ་ཡང་མི་སྐྱེའོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་གོང་དུ་བཤད་པའི་དོན་མཇུག་བསྡུས་ནས་བསྟན་པ་མི་སྐྱེ་བའི་གཏན་ཚིགས་དེ་ལྟ་བུ་ཡིན་
པའི་ཕྱིར་སྐྱེ་བ་ཞེས་བྱ་བ་དང་། མི་སྐྱེ་བ་ཞེས་བྱ་བའི་ཆོས་དེ་དག་ལ་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་བྱ་བ་བརྗོད་པ་ཁྱོད་ཀྱིས་སྤོབས་སམ་ཞེས་བྱ་བ་ནི་དེ་ལྟར་སྐྱེ་བ་དང་མི་སྐྱེ་བ་ཞེས་
བྱ་བའི་ཆོས་དེ་དག་དོན་དམ་པར་དངོས་པོ་མེད་དེ། མི་སྐྱེ་བ་ཡིན་ན་མ་སྐྱེས་ཞེས་བྱ་བའི་ཚིག་གིས་བརྗོད་དུ་ཡང་ཅི་ཡོད་ཅེས་དྲིས་པའོ། །ཚེ་དང་ལྡན་པ་རབ་འབྱོར་ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མེད་པ་ཡང་བརྗོད་དུ་སྤོབས་པར་འགྱུར་རམ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་སྐྱེ་བ་མེད་པའི་
ཆོས་ཅན་རྣམས་ཀྱང་དོན་དམ་པར་དངོས་པོ་མེད་དེ་སྐྱེ་བ་མེད་པ་ཡིན་ན། དེ་ལྟར་དངོས་པོ་མེད་པ་ལ་སྐྱེ་བ་མེད་དོ་ཞེས་བརྗོད་དུ་ཡང་རུང་ངམ་ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་མ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་བྱ་བ་བརྗོད་པར་ཁྱོད་ཀྱིས་སྤོབས་སམ་
ཞེས་ཟེར་བ་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་མ་སྐྱེས་པའི་ཆོས། མ་སྐྱེས་པའི་ཆོས་ཞེས་བྱ་བ་བརྗོད་པ་ལ་བདག་གིས་སྤོབས་པ་མེད་དོ་ཞེས་བྱ་བ་ནི་ཤཱ་རིའི་བུས་དྲིས་པ་གོང་མའི་ལན་བཏབ་པ་སྟེ། སྐྱེ་བ་དང་མི་སྐྱེ་བ་ཞེས་བྱ་བའི་ཆོས་དོན་དམ་པར་དངོས་པོ་མེད་པ་དེ་དག་མི་སྐྱེའོ། །ཞེས་

བདག་གིས་བརྗོད་པ་ནི་ཀུན་རྫོབ་ཏུ་ཚིག་གིས་དོན་བསྟན་པའི་ཕྱིར་བརྗོད་པ་ཙམ་དུ་ཟད་ཀྱི་དོན་དམ་པར་བརྗོད་པ་སྤོབས་པ་མེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མེད་པ་ཡང་བདག་གིས་ནི་བརྗོད་པར་སྤོབས་པ་མེད་དེ་ཞེས་བྱ་བ་ནི་
ནི་ཤཱ་རིའི་བུས་དྲིས་པ། འོག་མའི་ལན་བཏབ་པ་སྟེ། གཟུགས་ལ་སོགས་པ་སྐྱེ་བ་མེད་པའི་ཆོས་ཅན་རྣམས་སྐྱེ་བ་མེད་དོ་ཞེས་བརྗོད་པ་ཡང་ཀུན་རྫོབ་ཏུ་ཚིག་གིས་དོན་བསྟན་པའི་ཕྱིར་བརྗོད་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་བརྗོད་པར་སྤོབས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། དེ་ཅིའི་
ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་མ་སྐྱེས་པའི་ཆོས་གང་ཡིན་པ་དང་། སྐྱེ་བ་མེད་པ་གང་ཡིན་པ་དང་། སྤོབས་པ་གང་ཡིན་པ་དང་། བརྗོད་པ་གང་ཡིན་པ་དང་། མི་སྐྱེ་བའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་
མེད་པ་བལྟར་མེད་པ་ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ་ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་ཞེས་བྱ་བར་བརྗོད་པར་སྤོབས་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་མ་སྐྱེས་པ་ཞེས་བྱ་བ་དང་། སྐྱེ་བ་མེད་པ་ཞེས་
བྱ་བའི་ཆོས་ཉིད་དང་། སྤོབས་པ་མེད་པ་བརྗོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི། དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་སྟེ། ལྡན་པ་དང་མི་ལྡན་པ་ལ་སོགས་པའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །སྨྲས་པ་
ཚེ་དང་ལྡན་པ་རབ་འབྱོར་བརྗོད་པ་ནི་སྐྱེ་བ་མེད་ཅེས་བྱ་བ་ཡིན་ཏེ། སྤོབས་པ་ཡང་སྐྱེ་བ་མེད་ལ་ཆོས་ཀྱང་སྐྱེ་བ་མེད་དེ། གང་ལས་བརྩམས་ཤིང་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་པ་ཡིན་ནམ་ཞེས་བྱ་བ་ནི་བརྗོད་པ་དང་། སྤོབས་པ་དང་། སྐྱེ་བ་དང་། མི་སྐྱེ་བ་ཞེས་བྱ་
བའི་ཆོས་དང་། གཟུགས་ལ་སོགས་པའི་ཆོས་གང་ལས་བརྩམས་ཏེ་བརྗོད་པས་སྤོབས་པར་འགྱུར་བའི་ཆོས་དེ་དག་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་བལྟར་མེད་པ། ཐོགས་པ་མེད་པ་ཡིན་པར་འཇལ་ན། ཅི་དེ་དག་སྐྱེ་བ་མེད་པ་ཡང་ཡིན་

ནམ་ཞེས་ཤཱ་རིའི་བུས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བརྗོད་པ་ནི་མ་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་པ་ལ་སོགས་པ་ཆོས་མིང་གིས་སྨོས་པ་དེ་དག་དོན་དམ་པར་མ་སྐྱེས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན།
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་གཟུགས་སྐྱེ་བ་མེད་དོ་ཚོར་བ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་པ་དང་སྤོབས་པ་ལ་སོགས་པ་འདི་དག་འབའ་ཞིག་དོན་དམ་པར་སྐྱེ་བ་མེད་པར་མ་ཟད་ཀྱི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང་།
འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་སྐྱེ་བ་མེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་བརྗོད་པ་ནི་སྐྱེ་བ་མེད་པ་སྟེ། སྤོབས་པ་ཡང་སྐྱེ་བ་མེད་ལ། ཆོས་ཀྱང་སྐྱེ་བ་མེད་དེ། གང་ལས་བརྩམས་ཤིང་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་དོ་ཞེས་
བྱ་བ་ནི་གོང་དུ་བཤད་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་དེ་དག་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པ་ཡིན་ཏེ། བརྗོད་པ་ལ་སོགས་པ་ཡང་ཆོས་དེ་དག་གི་ནང་དུ་གཏོགས་པས་དེའི་ཕྱིར་བརྗོད་པ་ལ་
སོགས་པ་འདི་དག་ཀྱང་དོན་དམ་པར་སྐྱེ་བ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ནི་ཆོས་སྨྲ་བའི་ནང་ནས་མཆོག་ཏུ་བྱ་བར་འོས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གནས་བརྟན་རབ་འབྱོར་ནི་གང་དང་གང་ཡོངས་སུ་དྲིས་པ་དེ་དང་དེ་ལ་ཐོགས་པ་མེད་དོ་ཞེས་བྱ་བ་ནི་ཤཱ་
རིའི་བུས་རབ་འབྱོར་ལ་བསྟོད་པ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་སོགས་པའི་དོན་གང་དང་གང་དྲིས་པ་དེ་དག་གི་ལན་ཐགས་ཐོགས་མེད་པར་ཐེབས་པས། དེའི་ཕྱིར་འཕགས་པ་ཉན་ཐོས་ཆོས་འཆད་པ་རྣམས་ཀྱི་ནང་ན་རབ་འབྱོར་ཁྱོད་མཆོག་ཏུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་
གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆོས་ཐམས་ཅད་ལ་གནས་པ་མེད་པ་དག་གི་ཆོས་ཉིད་དེ། དེ་དག་ནི་གང་དང་གང་ཡོངས་སུ་དྲིས་པ་དེ་དང་དེ་ལ་ཐོགས་པ་མེད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་གནས་པའི་དོན་འོག་ནས་འབྱུང་བ་གླེང་བསླང་བའི་ཕྱིར་རབ་

འབྱོར་གྱིས་སྨྲས་པ་སྟེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆོས་ཐམས་ཅད་ལ་གནས་པ་མེད་པ་དག་གི་ཆོས་ཉིད་དེ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་དགྲ་བཅོམ་པ་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པས་ཆོས་དེ་དག་གང་
ལ་ཡང་མི་གནས་ཤིང་། མ་ཆགས་པར་གྱུར་པ་རྣམས་ཀྱི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མི་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཆོས་ཐམས་ཅད་ལ་གནས་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ།
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་ཕྱི་ནང་གང་ལ་ཡང་མི་གནས་པའི་ཕྱིར་འཕགས་པ་ཉན་ཐོས་དེ་དག་ཀྱང་ཆོས་ཐམས་ཅད་ལ་གནས་པ་མེད་དོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་ཐམས་ཅད་མི་གནས་
པ་ཡིན་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཇི་ལྟར་མི་གནས་པའི་གཏན་ཚིགས་ཞིབ་ཏུ་བཤད་དུ་གཞུག་པའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་
ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་གནས་སོ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ཀྱི་རང་བཞིན་མེད་པས་ནང་གི་དབང་པོ་རྣམས་ལ་ཡང་མི་གནས། ཕྱི་རོལ་གྱི་ཡུལ་ས་རྣམས་ལ་ཡང་མི་གནས། ཕྱི་ནང་གཉིས་ལ་མ་གཏོགས་པའི་དངོས་པོ་གཞན་ཡང་མེད་པས་དེ་ལ་ཡང་མི་གནས་སོ་
ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་མི་གནས་པའོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་
ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཕྱི་ནང་གང་ལ་ཡང་མི་གནས་སོ་ཞེས་གོང་དུ་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་དེ་ལྟར་གཟུགས་

ཡོངས་སུ་སྦྱང་བར་བྱའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྦྱང་བར་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཕྱི་ནང་གང་ལ་ཡང་མི་གནས་པར་རྟོགས་པ་ཉིད་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་
པའི་རང་བཞིན་དུ་རྟོགས་པ་ཡིན་ཏེ། དེ་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡོངས་སུ་སྦྱང་བར་བྱའོ་ཞེས་བསྟན་པ་སྟེ། དེ་ལྟར་ཡོངས་སུ་དག་པར་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་
བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་གནས་པ་མེད་པའི་དོན་བསྟན་
ནས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱང་བའི་ཐབས་བསྟན་པའི་ཕྱིར་ཇི་ལྟར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་
ལས་འདས་པ་ཡང་ཡོད་ཅེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པ་དང་། འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པའི་བྱེ་བྲག་ཞིབ་ཏུ་ཕྱེ་སྟེ་བསྟན་ནས་གང་འཁོར་གསུམ་ཡོངས་སུ་མ་དག་པར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་
སྤྱོད་པ་ནི་འཇིག་རྟེན་པས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་མ་ཡིན་གྱི། འཁོར་གསུམ་ཡོངས་སུ་དག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ནི་འཇིག་རྟེན་ལས་འདས་པ་ཡིན་པས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་འཇིག་རྟེན་པའི་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་། འཇིག་རྟེན་ལས་འདས་པ་ནི་གང་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཡང་ཡོད་དོ་ཞེས་མདོར་སྨོས་པ། ཤཱ་རིའི་བུས་འཇིག་རྟེན་པ་ནི་གང་། འཇིག་རྟེན་ལས་འདས་པ་ནི་གང་ཞེས་

བྱེ་བྲག་ཏུ་ཕྱེ་སྟེ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་བྱེད་ཅིང་སྦྱིན་བདག་ཏུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་འཇིག་རྟེན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བཤད་པ་སྟེ།
དགེ་སྦྱོང་དང་། བྲམ་ཟེ་དང་། ཕོངས་པ་དང་། ལྟོགས་པ་དང་། འདྲོན་པ་དང་། སློང་བ་ཞེས་བྱ་བ་ནི་སྦྱིན་པའི་གནས་ལེན་པ་པོའི་དམིགས་བསྟན་པའོ། །ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ་ཞེས་བྱ་བ་ལ་སོགས་པ་ནི་ཟང་ཟིང་གི་སྦྱིན་པའི་རྫས་བསྟན་པའོ། །ཟང་ཟིང་གི་སྦྱིན་
པ་ལ་ཡང་རྣམ་པ་གསུམ་སྟེ། སྦྱིན་པ་ཐ་མལ་པ་དང་། སྦྱིན་པ་ཆེན་པོ་དང་། དཀའ་བའི་སྦྱིན་པའོ། །དེ་ལ་སྦྱིན་པ་ཐ་མལ་པ་ནི། ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ་ཞེས་བྱ་བ་ནི་མིའི་ཡོ་བྱད་གཞན་ཅི་ཡང་རུང་བའི་བར་དུ་ཡོངས་སུ་གཏོང་སྟེ་ཞེས་བྱ་བའི་བར་གྱིས་
བསྟན་ཏེ། ཐེག་པ་ཞེས་བྱ་བ་ནི་བཞོན་པ་ལ་བྱའོ། །སྦྱིན་པ་ཆེན་པོ་ནི། བུ་ཕོ་འདོད་པ་ལ་ནི་བུ་ཕོ་ཡོངས་སུ་གཏོང་། བུ་མོ་འདོད་པ་ལ་ནི་བུ་མོ་ཡོངས་སུ་གཏོང་། ཆུང་མ་འདོད་པ་ལ་ནི་ཆུང་མ་ཡོངས་སུ་གཏོང་། རྒྱལ་སྲིད་འདོད་པ་ལ་ནི་རྒྱལ་སྲིད་ཡོངས་སུ་གཏོང་ཞེས་བྱ་བས་བསྟན་ཏོ། །
དཀའ་བའི་སྦྱིན་པ་ནི། མགོ་འདོད་པ་ལ་ནི་མགོ་ཡོངས་སུ་གཏོང་། མིག་འདོད་པ་ལ་ནི་མིག་ཡོངས་སུ་གཏོང་། ཡན་ལག་དང་ཉིང་ལག་འདོད་པ་ལ་ནི་ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་། ཤ་དང་ཁྲག་དང་རྐང་འདོད་པ་ལ་ནི་ཤ་དང་ཁྲག་དང་རྐང་ཡོངས་སུ་གཏོང་ཞེས་བྱ་
བས་བསྟན་ཏོ། །དེ་ཡང་གནས་ཤིང་ཡོངས་སུ་གཏོང་བ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་མ་དག་ཅིང་དམིགས་པ་དང་བཅས་པར་སྦྱིན་པ་ཡོངས་སུ་གཏོང་ཞེས་བྱ་བའི་དོན་ཏོ། །དེ་འདི་སྙམ་དུ་བདག་ནི་ཡོངས་སུ་གཏོང་བའོ། །འདི་ནི་ལེན་པའོ་ཞེས་བྱ་བ་ནས། འདི་ནི་འཇིག་རྟེན་པའི་སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་འཁོར་གསུམ་ཡོངས་སུ་མ་དག་ཅིང་དམིགས་པ་ཅན་གྱི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་བ་བསྟན་ཏོ། དེ་ཅིའི་ཕྱིར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ལས་མི་གཡོ། མི་འཕགས་མི་འདའ་

བས་དེའི་ཕྱིར་འཇིག་རྟེན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བ་ནི་དེ་ལྟར་འཁོར་གསུམ་ཡོངས་སུ་མ་དག་ཅིང་དམིགས་པ་ཅན་གྱི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། འཇིག་རྟེན་ལས་མི་གཡོ་ཞེས་བྱ་བ་ནི་
བདག་ཏུ་འདུ་ཤེས་པ་ལ་ཆགས་པའི་ཕྱིར་རོ། །མི་འཕགས་ཞེས་བྱ་བ་ནི་གཞན་དུ་འདུ་ཤེས་པ་ལ་ཆགས་པའི་ཕྱིར་རོ། །མི་འདའ་བས་ཞེས་བྱ་བ་ནི་སྦྱིན་པར་འདུ་ཤེས་པ་ལ་ཆགས་པའི་ཕྱིར་ཏེ། དེ་ལྟར་འཁོར་གསུམ་ཡོངས་སུ་མ་དག་ཅིང་དམིགས་པ་དང་བཅས་པའི་སེམས་ཀྱིས་སྦྱིན་པ་
བྱས་པ་ནི་འཇིག་རྟེན་ལས་མི་འདའ་སྟེ། འཁོར་བའི་ལོངས་སྤྱོད་ཀྱི་རྒྱུར་འགྱུར་བའི་ཕྱིར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའི། འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མི་ཆུད་པས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དམིགས་པ་དང་བཅས་ཤིང་འཁོར་གསུམ་ཡོངས་སུ་མ་དག་པའི་ཕྱིར་འཇིག་རྟེན་ལས་འདས་པར་མ་ཆུད་དོ། །དེ་ལ་འཇིག་རྟེན་
ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བྱེ་བྲག་ཏུ་ཕྱེ་སྟེ་བསྟན་པ་སྟེ། སྦྱིན་པ་དེ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་སྟེ་ཞེས་བྱ་བ་ནི། འཁོར་
གསུམ་ཡོངས་སུ་དག་པར་སྦྱིན་པ་བྱས་པའི་བསོད་ནམས་ཀྱང་ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཡོངས་སུ་བསྔོའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕགས་ལ་འདས་པས། དེའི་
ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བ་ནི་བདག་མི་དམིགས་པའི་ཕྱིར་འཇིག་རྟེན་ལས་གཡོའོ། །གཞན་མི་དམིགས་པའི་ཕྱིར་འཇིག་རྟེན་ལས་འཕགས་སོ། །སྦྱིན་པ་མི་དམིགས་པའི་ཕྱིར་འཇིག་རྟེན་ལས་འདའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སོགས་པ་གཞན་ལ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་གོང་དུ་བཤད་པའི་རིམ་པས་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་རྒྱུ་ཡོངས་སུ་དག་པར་བྱེད་པ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་བསྟན་པའོ། །འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ནི་དངོས་པོ་ཁོ་ནར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བར་མི་ཆུད་ཀྱང་འཇིག་རྟེན་ལས་འདས་
པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུར་འགྱུར་བའི་ཕྱིར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཉིད་ནས་བརྒྱུད་པའི་རྒྱུ་ཡིན་པར་རིག་པར་བྱའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ཡིན་ཞེས་བྱ་བ་ནི་གོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཁོར་གསུམ་
ཡོངས་སུ་དག་པར་སྤྱོད་པ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་བཤད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་བྱང་ཆུབ་ཀྱི་ལམ་སྦྱོང་བ་ཡིན་ན། བྱང་ཆུབ་ཀྱི་ལམ་ཉིད་གུད་ན་ཡོད་དམ་སྙམ་དུ་སེམས་པའི་ཐེ་ཚོམ་བསལ་བའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ།
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་ཀྱི་ལམ་ཞེས་
བྱ་བ་གཞན་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་འཁོར་གསུམ་ཡོངས་སུ་དག་པར་བྱེད་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །དེ་

ལས་གུད་ན་བྱང་ཆུབ་ཀྱི་ལམ་མེད་དེ། འདི་དག་ཉིད་བྱང་ཆུབ་ཀྱི་ལམ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ་དེ་ལ་ཕ་རོལ་ཏུ་ཕྱིན་པ་གང་གི་མཐུ་ཡིན་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་བྱང་བའི་ཆོས་རྣམས་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ཉིད་བྱང་ཆུབ་ཀྱི་ལམ་དུ་འགྱུར་བར་
བཤད་པ་ལེགས་སོ་ཞེས་བསྟོད་ནས། དེ་ལྟར་འགྱུར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ན་གང་གི་མཐུ་ཡིན་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་སྟེ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་
ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མིག་དང་འདྲ་སྟེ། གཙོ་བོ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ན་འཁོར་གསུམ་ཡོངས་སུ་དག་པར་འགྱུར་བའི་ཕྱིར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་དང་། དགེ་བའི་ཆོས་ཐམས་ཅད་སྐྱེའོ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ནང་ན་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་གཙོ་བོ་ཡིན་ཞིང་དེའི་མཐུ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། སྐྱེད་པའོ་ཞེས་བྱ་བ་ནི་དགེ་བའི་ཆོས་ཐེག་པ་གསུམ་དུ་གཏོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་སྡུད་ཅིང་ཡང་དག་པར་སྡུད་པའོ་ཞེས་བྱ་བ་ནི་ཐེག་པ་གསུམ་དུ་
གཏོགས་པའི་དགེ་བའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་ཡོངས་སུ་ཁྱབ་པའོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་
སྤྱད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་རྒྱུའི་གཙོ་བོ་ཡིན་པར་

བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནེམ་ནུར་འམ་རྨོངས་པར་མི་འགྱུར་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟར་སེམས་
ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཕྱིར་དེ་མི་དམིགས་པའི་ཚུལ་གྱིས་རྣམ་པར་སྤྱོད་པ་འདིས་རྣམ་པར་སྤྱོད་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་འཁོར་གསུམ་ཡོངས་སུ་དག་པར་སྤྱད་ན་བྱང་ཆུབ་
ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་པར་བཤད་པའི་ཆོས་ཟབ་མོ་དེ་བཤད་པའི་ཚེ་དད་ཅིང་ཡིད་ཆེས་པས་ནེམ་ནུར་མེད་པ་དང་། ཤེས་རབ་རྣོ་བས་རྨོངས་པར་མ་གྱུར་ན་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣམ་པར་སྤྱོད་པར་ཤེས་པར་བྱ་སྟེ། ཀུན་རྫོབ་ཏུ་ཡང་སེམས་ཅན་ཐམས་
ཅད་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་ནུས་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱ་བའི་ཡིད་ལ་བྱ་བ་དེ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་
ཟབ་མོ་ལ་རྣམ་པར་སྤྱོད་ཅིང་སེམས་ཅན་ཐམས་ཅད་བསྐྱབ་པ་དང་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དེ་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་ལྡན་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་ཅིང་འདི་ལྟ་སྟེ། སྙིང་རྗེ་
ཆེན་པོ་ཡིད་ལ་བྱ་བའི་ཡིད་ལ་བྱ་བ་དེ་དང་མ་བྲལ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འདོད་ན། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་ན་ནི་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་སེམས་ཅན་ཐམས་ཅད་ཀྱང་ཡིད་ལ་བྱ་བ་དང་མ་བྲལ་ལོ་
ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་ཡིད་ལ་བྱ་བ་དང་མ་བྲལ་བ་རབ་འབྱོར་གྱིས་བསྟོད་པ་ལ་ཤཱ་རིའི་བུས་དོན་དམ་པ་ལས་བསམས་ནས་བརྒལ་བ་སྟེ། ཡིད་ལ་བྱེད་པ་ནི་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་དང་བཅས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པར་རྟོགས་པར་མི་ནུས་པས་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །དེ་སྟེ་ཡིད་

ལ་བྱེད་པ་དང་མ་བྲལ་ཞིང་རྣམ་པར་རྟོག་པ་དང་བཅས་པ་ཡང་བྱང་ཆུབ་སེམས་དཔར་འདོད་ན་ནི་སེམས་ཅན་ཐམས་ཅད་ཡིད་ལ་བྱེད་པ་དང་མ་བྲལ་ཞིང་། རྣམ་པར་རྟོག་པ་དང་བཅས་པས་བྱང་ཆུབ་སེམས་དཔར་འགྱུར་བའི་རིགས་ན། དེ་ལྟར་འགྱུར་བ་ཡང་མི་སྲིད་པས་ཡིད་ལ་
བྱ་བ་དང་མ་བྲལ་བ་ལ་དེ་སྐད་བསྟོད་པའི་མི་རིགས་སོ་ཞེས་བརྒལ་བའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །དྲིའོ་དྲིའོ་སྙམ་པའི་དོན་དེ་ཉིད། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཡང་དག་པའི་ཚིག་བརྗོད་པས་ཡོངས་སུ་
བཟུང་ངོ་ཞེས་བྱ་བ་ནི་ཤཱ་རིའི་བུས་བརྒལ་བའི་དོན་དམིགས་སུ་ཕེབས་ཏེ་དྲིས་ཞིང་བརྒལ་བར་འོས་པའི་དོན་ཐོག་ཏུ་ཕེབས་ཤིང་ལེགས་པ་དྲིས་སོ་ཞེས་བསྟོད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་ཅན་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་
བྱའོ་ཞེས་བྱ་བ་ནི་དོན་དམ་པར་སེམས་ཅན་དངོས་པོ་ཡོད་པར་མ་གྲུབ་པས་སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་འབྱུང་བའི་ཡིད་ལ་བྱ་བ་ཡང་དོན་དམ་པར་མེད་པ་ལས་ཡིད་ལ་བྱེད་པ་འབྱུང་བ་མི་རིགས་པས་གལ་བཟུང་སྟེ་དྲིས་པ་དམིགས་སུ་ཕེབས་ཏེ་ལེགས་སོ་ཞེས་བྱ་བ་དང་སྦྱར་རོ། །
སེམས་ཅན་དངོས་པོ་མེད་པ་དང་། སེམས་ཅན་རང་བཞིན་མེད་པ་དང་། སེམས་ཅན་སྟོང་པ་ཉིད་དང་། སེམས་ཅན་དབེན་པ་ཞེས་བྱ་བ་ཡང་མེད་པའི་དོན་གྱི་རྣམ་གྲངས་སུ་ཟད་དོ། །སེམས་ཅན་མངོན་པར་འཚང་མི་རྒྱ་བའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་འཚང་མི་རྒྱ་བར་རིག་པར་བྱའོ། །
ཞེས་བྱ་བ་ནི་དེ་ལྟར་སེམས་ཅན་མེད་པས་དོན་དམ་པར་སེམས་ཅན་དེ་དག་མངོན་པར་འཚང་རྒྱ་བ་ཡང་མེད་ཅིང་། ཡིད་ལ་བྱེད་པ་ཡང་དོན་དམ་པར་མེད་པས་ཡིད་ལ་བྱེད་པ་དེས་མངོན་པར་འཚང་རྒྱ་བར་འགྱུར་བ་ཡང་དོན་དམ་པར་མེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་མེད་པ་དང་། སེམས་
ཅན་དངོས་པོ་མེད་པ་དང་། སེམས་ཅན་རང་བཞིན་མེད་པ་དང་། སེམས་ཅན་སྟོང་པ་ཉིད་དང་། སེམས་ཅན་དབེན་པ་དང་། སེམས་ཅན་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཞེས་བྱ་བ་དེ་དག་གིས་ནི་གང་ཟག་ལ་བདག་མེད་པར་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་

མེད་པའི་ཕྱིར་ཡིད་ལ་བྱ་བ་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་ཉིད་དང་མི་འབྲལ་བར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་
གཟུགས་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བླ་ན་མེད་པའི་བྱང་ཆུབ་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་མེད་པ་དང་། དངོས་པོ་མེད་པ་དང་། རང་བཞིན་མེད་པ་
དང་། སྟོང་པ་ཉིད་དང་། དབེན་པ་དང་། མངོན་པར་རྫོགས་པར་འཚང་མི་རྒྱ་བའི་དོན་གོང་མ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ནི་ཆོས་ལ་བདག་མེད་པའི་དོན་བསྟན་ཏེ། དེ་ལྟར་དོན་དམ་པར་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པར་རྟོགས་པ་ཉིད་ཀྱི་མཐུ་དང་བྱིན་གྱི་རླབས་
ཀྱིས་ཡིད་ལ་བྱེད་པ་མེད་ཅིང་རྣམ་པར་མི་རྟོག་པར་ལྷུན་གྱིས་གྲུབ་པ་ཉིད་དུ་སེམས་ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གྱུར་པ་ཉིད་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་མ་བྲལ་བར་རིག་པར་བྱའོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་བ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དེ་ལྟ་བུ་རབ་འབྱོར་གྱིས་ཤཱ་རིའི་བུ་ལ་བཤད་པའི་དོན་འཁོར་རྣམས་ཐེ་ཚོམ་མེད་པར་འཛིན་དུ་གཞུག་པའི་ཕྱིར་དེ་བཞིན་གཤེགས་པའི་མཐུ་དང་བྱིན་གྱི་
རླབས་ཀྱིས་ཁྱོད་ཀྱིས་དེ་ལྟར་བཤད་པ་ལེགས་ཀྱིས་གཞན་གྱིས་ཀྱང་དེ་ལྟར་བསྟན་ཅིང་བསླབ་པར་བྱའོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་
དྲུག་ཏུ་གཡོས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པར་བཤད་པའི་རྟགས་སུ་མཐུ་དང་ཆོ་འཕྲུལ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་

མེད་གྲངས་མེད་པ་དག་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་མཛད་དོ་ཞེས་བསྟན་པ་སྟེ། དེ་སྐད་བསྟན་པ་དང་འཁོར་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དད་པ་བསྐྱེད་ཅིང་རྗེས་སུ་ཡི་རང་
དུ་གཞུག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བཤད་པའི་ཚེ་ལྷ་དང་མིའི་སྐྱེ་དགུ་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་དོན་མེད་པ་མ་ཡིན་ཞིང་། འབྲས་བུ་ཆེན་པོ་དང་
བཅས་པ་ཡིན་པར་བསྟན་པ་སྟེ། དེ་ཡན་ཆད་ཀྱིས་ནི་འབྲིང་དུ་བཤད་པས་འདུལ་བའི་གདུལ་བྱ་རྣམས་ཀྱི་དོན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འབྲིང་དུ་བཤད་པ་བསྟན་ཟིན་ཏོ། །ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལས་ཀྱི་ལེའུ་སྟེ་བཅུ་བཞི་
པའོ།། །།འདི་མན་ཆད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱས་པར་བཤད་པ་འབྱུང་སྟེ། རྒྱས་པར་བཤད་པ་དེ་ཡང་འདུལ་བའི་འགྲོ་བ་ཡོངས་སུ་མ་སྨིན་པ་རྣམས་ཀྱི་ཐེ་ཚོམ་སྐྱེས་པ་བསལ་བས་ཡོངས་སུ་སྨིན་པར་བྱས་ནས་ཡོངས་སུ་སྨིན་པ་རྣམས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་
པར་བྱ་བའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་ཚུལ་རྣམ་པ་གཉིས་ཀྱིས་བསྟན་ཏོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་འདུས་པར་གྱུར་ཞེས་བྱ་བ་
ལ་སོགས་པ་ནི་རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་པའི་ལྷ་ལ་སོགས་པ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷའི་གཙོ་བོ་རྣམས་ཆོས་འཆད་པའི་འཁོར་དེ་ཉིད་ན་འཁོད་པར་བསྟན། ལྷ་དེ་དག་འཁོར་དེ་ན་འཁོད་པར་བསྟན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་རྒྱས་པར་བཤད་པ་འདི་འཇིག་རྟེན་པའི་ལྷ་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩམས་པའི་ཕྱིར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་

པའི་སྐུའི་ཡོན་ཏན་དང་མཐུ་བསྟན་པ་སྟེ། དེ་ཡང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་རང་བཞིན་གྱིས་ལུས་བཟང་ཞིང་འོད་གསལ་བ་སྙེམས་པ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ཟིལ་གྱིས་མནན་ནས་དེ་དག་ང་རྒྱལ་
བཅག་སྟེ། དེ་བཞིན་གཤེགས་པ་ལ་ཆོས་གུས་པར་ཉན་དུ་གཞུག་པའི་ཕྱིར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་བཤད་པ་གླེང་བསླང་བའི་ཕྱིར་བརྒྱ་
བྱིན་གྱིས་སྨྲས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་མི་གནས་པའི་ཚུལ་གྱིས་གནས་པར་བྱ་བ་འོག་ནས་ཞིབ་ཏུ་བཤད་པ་དྲིས་པའོ། །བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་གྱིས་འཇུག་པ་དང་། བྱང་ཆུབ་སེམས་དཔའི་ཚུལ་གྱིས་འཇུག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོག་ནས་ཞིབ་ཏུ་བཤད་པ་དྲིས་པའོ། །བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཇི་ལྟར་བསླབ་པར་བྱ་ཞེས་བྱ་བ་ནི་དོན་དམ་པར་ཆོས་གང་ལ་ཡང་བསླབ་ཏུ་མེད་པའི་ཚུལ་གྱིས་བསླབ་པར་བྱ་བ་འོག་ནས་ཞིབ་ཏུ་བཤད་པ་དྲིས་པའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་
འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བསླབ་པར་བྱ་བ་དང་། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་
པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བ་རྣམས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བསྟན་པར་བྱས། ལེགས་པར་ཉོན་ལ་ཡིད་ལ་གྱིས་ཤིག་ཅེས་བྱ་བའི་ཚིག་གོང་མ་དང་སྦྱར་རོ། །གང་ཡང་དག་པ་སྐྱོན་

མེད་པར་ཞུགས་པར་གྱུར་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་རྒྱུན་དུ་ཞུགས་པ་ཡན་ཆད་ལ་ཡང་དག་པར་སྐྱོན་མེད་པར་ཞུགས་པ་ཞེས་བྱ་སྟེ། དེ་ལྟར་ཐེག་པ་ཆུང་ངུ་ལ་སེམས་ངེས་པར་གྱུར་པ་དེ་དག་
ནི་བྱང་ཆུབ་སེམས་དཔའ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུད་ཀྱི་མཚམས་བཅད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཉན་ཐོས་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་མི་ནུས་པའི་
གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་དུ་འཁོར་བ་མི་སྤོང་བར་འདུལ་བའི་དབང་གིས་འཁོར་བར་སྐྱེ་ཞིང་འཁོར་བ་ན་གནས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་པོ་རྣམས་ཡུན་རིང་དུ་སྤྱད་དེ། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་
རྒྱ་བར་བྱེད་ཀྱི། ཉན་ཐོས་རྣམས་ནི་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས་འཁོར་བ་སྤངས་ཏེ། མྱུར་དུ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདའ་བ་ལ་འཁོར་བའི་རྒྱུད་ཀྱི་མཚམས་བཅད་པ་ཞེས་བྱ་སྟེ། དེའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དོ་ཞེས་བསྟན་
པའོ། །འོན་ཀྱང་གལ་ཏེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་རྣམས་ལ་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་འགྱུར་བའི་སྐལ་བ་ཡོད་པ་བསྟན་པ་སྟེ། ཉན་ཐོས་ཞི་བ་
ཕྱོགས་གཅིག་པ་ལ་གནས་པ་ལས་སྐལ་བ་དང་སྦྱར་ནས་དེ་བཞིན་གཤེགས་པའི་འོད་ཀྱིས་བསྐུལ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དག་ཀྱང་ཡོད་དེ། དེ་དག་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་ཏོ་ཞེས་བྱ་བའི་
དོན་ཏོ། །ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ཐོབ་པར་འགྱུར་བས། དེ་དག་གི་དགེ་བའི་ཕྱོགས་ལ་བདག་ནི་བར་ཆད་མི་བྱེད་དོ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་རྣམས་འཇིག་རྟེན་པ་ཕལ་དང་། མུ་སྟེགས་ཅན་རྣམས་ལས་

ཁྱད་པར་དུ་འཕགས་པ་ཡིན་ལ། ཉན་ཐོས་ལས་ཀྱང་བྱང་ཆུབ་སེམས་དཔའི་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ལྟར་ཉན་ཐོས་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སྲིད་པས་དེ་དག་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པར་བྱའི། །
ཉན་ཐོས་རྣམས་བཀོལ་ཏེ་གཞག་པར་ནི་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་
ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་གཟུགས་ནི་མི་རྟག་པ་ཡིད་ལ་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གོང་དུ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན་ཞེས་དྲིས་པའི་ལན་དུ་རབ་འབྱོར་གྱིས་ཉན་
ཐོས་དང་རང་སངས་རྒྱས་ཀྱི་སའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པར་ཡིད་ལ་བྱས་ན་
ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་གཟུགས་ནི་མི་རྟག་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་མ་བྱུང་བ་ལས་བྱུང་བ་དང་། བྱུང་ནས་ཀྱང་མེད་པར་འགྱུར་བའི་ཕྱིར་མི་རྟག་པ་ཞེས་བྱའོ། །གཟུགས་ནི་སྡུག་
བསྔལ་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་གནོད་པ་སྣ་ཚོགས་དང་ལྡན་པའི་ཕྱིར་རོ། །གཟུགས་ནི་བདག་མེད་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་གི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །གཟུགས་ནི་ཞི་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་དོན་དམ་པར་སྡུག་
བསྔལ་ཐམས་ཅད་ཞི་བའི་ཕྱིར་རོ། །གཟུགས་ནི་དབེན་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་དོན་དམ་པར་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །གཟུགས་ནི་ནང་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི་རྐྱེན་དུ་མས་གསོ་དགོས་པ་དང་། ལུས་དང་ཡིད་ཀྱི་སྡུག་བསྔལ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ནད་དུ་

ཡིད་ལ་བྱའོ། །གཟུགས་ནི་ཤུ་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་གནོད་པ་དང་ལྡན་པ་དང་། ཉོན་མོངས་པའི་རྣག་ཁྲག་ཟག་པའི་ཕྱིར་ཤུ་བ་དང་འདྲ་བས་ཤུ་བར་ཡིད་ལ་བྱའོ། །གཟུགས་ནི་ཟུག་རྔུར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཕྱི་ནང་གི་གནོད་པས་ཟུག་པར་བྱེད་ཅིང་བཅོས་བཀའ་
བའི་ཕྱིར་ཟུག་རྔུ་དང་འདྲ་བས་ཟུག་རྔུར་ཡིད་ལ་བྱའོ། །གཟུགས་ནི་སྡིག་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་སྨད་པར་བྱ་བ་དང་། མ་རུང་བར་འགྱུར་བའི་ཕྱིར་སྡིག་པ་དང་འདྲ་བས་སྡིག་པར་ཡིད་ལ་བྱའོ། །གཟུགས་ནི་ན་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཡུན་རིང་པོའི་གནོད་པ་དང་ལྡན་པའི་ཕྱིར་ནད་
རྙིང་ན་བ་དང་འདྲ་བས་ན་བར་ཡིད་ལ་བྱའོ། །གཟུགས་ནི་དགྲར་ཡིད་ལ་བྱའོ་ཞེས་བྱ་བ་ནི་མི་བདེ་བ་དང་གནོད་པ་སྣ་ཚོགས་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དགྲ་དང་འདྲ་བས་དགྲར་ཡིད་ལ་བྱའོ། །གཟུགས་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི་ནད་དང་། རྒས་པ་དང་། འཆི་བ་
རྣམས་ཀྱིས་རབ་ཏུ་འཇིག་པའི་རང་བཞིན་ཡིན་པའི་ཕྱིར་འཇིག་པའི་ཆོས་ཅན་ཞེས་བྱའོ། །གཟུགས་ནི་མི་བརྟན་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་སྐྱེ་བ་དང་རྒས་པ་ལ་སོགས་པའི་གནས་སྐབས་དང་། གཞན་དུ་འགྱུར་ཞིང་མལ་གཅིག་ན་མི་གནས་པའི་ཕྱིར་མི་བརྟན་པའོ། །གཟུགས་ནི་འཇིག་པར་ཡིད་
ལ་བྱའོ་ཞེས་བྱ་བ་ནི་རང་གི་ངང་གིས་འཇིག་པ་དང་། འཇིག་པར་བྱེད་པའི་རྐྱེན་རྣམས་ཀྱིས་འཇིག་པའི་ཕྱིར་འཇིག་པའོ། །གཟུགས་ནི་འཇིགས་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཕྱིའི་དགྲ་དང་ནང་གི་ནད་ལ་སོགས་པའི་འཇིགས་པ་ཀུན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །གཟུགས་ནི་འགོ་བའི་ནད་དུ་ཡིད་ལ་བྱའོ་
ཞེས་བྱ་བ་ནི་གནོད་པ་རྣམ་པ་མང་པོ་དང་འདྲེ་བ་དང་། འགོ་བའི་ནད་དང་འདྲ་བའི་ཕྱིར་འགོ་བའི་ནད་དོ། །གཟུགས་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི་ནང་གི་བྱེད་པ་པོ་མེད་པའི་ཕྱིར་སྟོང་པའོ། །གཟུགས་ནི་བདག་གི་བ་མེད་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའི་ཆོས་རྣམས་ལ་བདག་
གི་བར་འཛིན་པའི་ལྟ་བ་མེད་པའི་ཕྱིར་རོ། །གཟུགས་ནི་ཡིད་བརྟན་དུ་མི་རུང་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ལས་ཀུན་བརྟགས་པ་ཡིན་ཏེ། འགྱུར་ཞིང་མི་བརྟན་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །གཟུགས་ནི་གནོད་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ལུས་དང་སེམས་ལ་མི་བདེ་

བ་དང་། གནོད་པ་སྣ་ཚོགས་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་གནོད་པར་ཡིད་ལ་བྱའོ་ཞེས་བསྟན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་ཚོར་བ་ནི་མི་རྟག་པར་ཡིད་ལ་བྱའོ་ཞེས་བྱ་བ་ནས། རྒ་ཤི་ནི་གནོད་པར་
ཡིད་ལ་བྱའོ་ཞེས་བྱ་བའི་བར་དུ་ཡང་མི་རྟག་པ་ལ་སོགས་པའི་དོན་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་དག་གིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ་གྱིས་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི་ཀུན་རྫོབ་ཏུ་བདག་དང་། སེམས་ཅན་ཐམས་ཅད་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཅིག་ཅེས་བྱ་བའི་སེམས་བསྐྱེད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ལ། དོན་དམ་པར་དེ་ཡང་མི་དམིགས་པར་སྤྱོད་པ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྒོམ་མོ་ཞེས་བྱ་བའི་བར་དུ་ནི་དྲན་པ་
ཉེ་བར་གཞག་པ་བཞི་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་སྒོམ་པའི་ཚེ་ཀུན་རྫོབ་ཏུ་བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་དང་ལྡན་པས་སྒོམ་ཞིང་དོན་དམ་པར་དེའང་མི་དམིགས་པར་སྒོམ་པ་ཉིད་

ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་སོ་སོ་ཡང་དག་པར་སློབ་སྟེ་ཞེས་བྱ་བ་ལ་སོགས་
པ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དང་གང་ཟག་ལ་བདག་མེད་པའི་རང་བཞིན་ལ་ཡང་དག་པར་རྟོག་ཅིང་སློབ་པ་བསྟན་པ་སྟེ། འདི་ལྟར་ཆོས་རྣམས་མངོན་པར་བརླན་པར་བྱེད་པ་དང་། ཡོངས་སུ་བརླན་པར་བྱེད་པ་དང་།
ཡོངས་སུ་རྫོགས་པར་བྱེད་པ་དང་། ཡོངས་སུ་རྒྱས་པར་བྱེད་པ་དང་། ཡོངས་སུ་དཔྱོད་པར་བྱེད་པ་དེ་དག་ནི་ཆོས་ཁོ་ནར་ཟད་དེ། དེ་ལ་བདག་གམ་བདག་གི་མེད་དོ་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པ་བརྟག་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ། བྱང་ཆུབ་སེམས་
དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱམས་པ་དང་། སྙིང་རྗེའི་དབང་གིས་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་གདུངས་པ་རྣམས་ཀྱི་སེམས་ཀྱི་རྒྱུད་བྱམས་པ་དང་། སྙིང་རྗེ་ལ་སོགས་པའི་རང་བཞིན་ཅན་དུ་བྱས་ཏེ། དུལ་ཞིང་ཞི་བའི་སེམས་སུ་བྱེད་པ་ནི་བྱང་
ཆུབ་ཀྱི་སེམས་དང་། དགེ་བའི་རྩ་བ་དང་། ཡོངས་སུ་བསྔོ་བའི་སེམས་ཀྱི་ཆོས་ཉིད་ཙམ་དུ་ཟད་ཀྱི་མུ་སྟེགས་ཅན་གྱིས་ཡོངས་སུ་བརྟགས་པའི་བྱེད་པ་པོ་བདག་ལ་སོགས་པ་གང་ཡང་མེད་དོ་ཞེས་བསྟན་པའོ། །ཆོས་རྣམས་མངོན་པར་བརླན་པར་བྱེད་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་
ཀྱི་སེམས་ཀྱི་རྒྱུད་འདོད་ཆགས་ལ་སོགས་པས་གདུངས་ཤིང་ཁེངས་པ་རྣམས་བྱང་ཆུབ་ཀྱི་སེམས་དང་དགེ་བའི་རྩ་བ་དང་ཡོངས་སུ་བསྔོ་བའི་སེམས་ཀྱིས་བྱམས་པ་དང་། སྙིང་རྗེ་ལ་སོགས་པས་མངོན་པར་བརླན་ཅིང་དུལ་བར་བྱས་ནས་དང་པོ་སྦྱིན་པ་ལ་སོགས་པ་བསྡུ་བ་རྣམ་པ་བཞི་ལ་
འཇུག་པའི་སེམས་བསྐྱེད་པའོ། །ཡོངས་སུ་བརླན་པར་བྱེད་པ་ཞེས་བྱ་བ་ནི་དེ་ལྟར་སེམས་བསྐྱེད་ནས་སྦྱིན་པ་ལ་སོགས་པ་དངོས་སུ་བྱེད་དུ་འཇུག་པའོ། །ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དེ་དག་འཁོར་གསུམ་ཡོངས་སུ་དག་ཅིང་མཐར་ཕྱིན་པར་བྱེད་པའོ། །ཡོངས་

སུ་རྒྱས་པར་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་ཡོངས་སུ་བསྔོ་ཞིང་ཁྱབ་པར་བྱེད་པའོ། །ཡོངས་སུ་དཔྱོད་པར་བྱེད་པ་ཞེས་བྱ་བ་ནི་དེ་ལྟར་སྦྱིན་པ་ལ་སོགས་པ་བྱེད་པའི་སྔོན་
རོལ་ལམ། བྱས་ཟིན་པའི་འོག་ཏུ་ཤེས་རབ་ཀྱིས་སྦྱིན་པ་བྱེད་པ་དང་། སྦྱིན་པའི་རྫས་དང་། ལེན་པ་པོ་རྣམས་མི་དམིགས་པར་དཔྱོད་པའོ། །དེ་དག་ནི་ཆོས་ཁོ་ནར་ཟད་དེ་དེ་ལ་བདག་གམ་བདག་གི་མེད་དོ་ཞེས་བྱ་བ་ནི་དེ་ལྟར་མངོན་པར་བརླན་པར་བྱེད་པ་ལ་སོགས་པ་ནི་བྱང་ཆུབ་ཀྱི་སེམས་ལ་
སོགས་པའི་ཆོས་རྣམས་ཀྱིས་བྱས་པར་ཟད་ཀྱི་བདག་ལ་སོགས་པའི་བྱེད་པ་པོ་གང་གིས་ཀྱང་བྱས་པ་མེད་དོ་ཞེས་གང་ཟག་ལ་བདག་མེད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བའི་སེམས་གང་
ཡིན་པ་དེ་ཡང་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་
དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་མངོན་པར་བརླན་པ་ལ་སོགས་པ་བྱེད་པའི་བྱང་ཆུབ་ཀྱི་སེམས་དང་། ཡོངས་སུ་བསྔོ་བའི་སེམས་དེ་གཉི་ག་ཡང་དོན་དམ་པའི་དངོས་པོ་མེད་པས་གཅིག་ལ་གཅིག་གནས་པ་འམ། ཕན་ཚུན་འཕྲད་ཅིང་
འགྲོགས་པ་མེད་དོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་ཡོངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་། ཡོངས་སུ་བསྔོ་
བའི་སེམས་གཉིས་ཕན་ཚུན་དུ་མི་འཕྲད་ཅིང་མི་འགྲོགས་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་དེ་གཉིས་ཀའི་དངོས་པོ་མེད་ཅིང་མི་དམིགས་པའི་ཕྱིར་གཅིག་ལ་གཅིག་རྟེན་ཅིང་འགྲོགས་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་གང་དེ་ལྟར་ཆོས་ཐམས་ཅད་ལ་ཡང་རབ་ཏུ་

རྟོག་ལ། ཆོས་གང་ལ་ཡང་རྣམ་པར་རྒྱུ་བ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོག་ཀྱང་དོན་དམ་པར་ཆོས་གང་ལ་ཡང་མཚན་མར་མི་འཛིན་ཅིང་ཆགས་པ་མེད་པ་དེ་ཉིད་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་
ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་མ་ཡིན། ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་དང་། བྱང་ཆུབ་ཀྱི་སེམས་གཉིས་དོན་
དམ་པར་དངོས་པོ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་སེམས་མ་ཡིན། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་སེམས་མ་ཡིན་ཏེ། དེ་
ལྟར་ན་སེམས་མ་ཡིན་པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་སྟེ། སེམས་མ་ཡིན་པ་དེ་ནི་སེམས་མ་ཡིན་པར་ཡོངས་སུ་བསྔོ་བ་མེད། བསམ་གྱིས་མི་ཁྱབ་པ་ཡང་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྔོ་བ་
མེད་དེ། དེ་ལྟར་ན་སེམས་མ་ཡིན་པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་སྟེ། ཀཽ་ཤི་ཀ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་
ཡོངས་སུ་བསྔོ་བའི་སེམས་དང་། བྱང་ཆུབ་ཀྱི་སེམས་གཉི་ག་ཡང་དོན་དམ་པར་ཡོད་པར་མ་གྲུབ་པས་སེམས་མ་ཡིན་ཏེ། དེ་ལྟར་སེམས་མ་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་སེམས་མ་ཡིན་པ་དེ་ལ་ཡོངས་སུ་བསྔོ་བ་མེད་པར་ཡོངས་

སུ་རྟོགས་ནས་རྣམ་པར་མི་རྟོག་པར་གྱུར་པ་དེ་ཉིད་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་དེ་ལྟར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་མོས་པ་བསྐྱེད་པ་ལེགས་སོ་ལེགས་སོ། །རབ་འབྱོར་ལེགས་སོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྟན་པ་ལེགས་སོ་ཞེས་བསྟོད་པ་དང་། བཀའ་དྲིན་
དྲན་པར་བྱ་བའི་ཚིག་འོག་ནས་འཆད་པ་གླེང་བསླང་བའི་ཕྱིར་གསུངས་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་བཀའ་དྲིན་དྲན་པར་བགྱི་སྟེ། བཀའ་དྲིན་མི་དྲན་པར་མི་བགྱིའོ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་ཁྱོད་
དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་མོས་པ་སྐྱེད་པ་ལེགས་སོ་ཞེས་བསྟོད་པའི་ལན་དུ། བདག་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་འདི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་སྔོན་
བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ཡང་སྔོན་གྱི་ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་པ་དང་། རྗེས་སུ་བསྟན་པ་བགྱིས་པ་ལས་བྱང་ཆུབ་སེམས་དཔའ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་གྱུར་ཏེ། དེ་བཞིན་དུ་
བདག་གིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་པ་དང་། རྗེས་སུ་བསྟན་པ་ལ་སོགས་པ་བགྱ