Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 91
Văn bản gốc(Tây Tạng)
Trang 3 / 21 (50.000 ký tự/trang)
་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་ཚུལ་སྔ་མ་བཞིན་ཏེ། ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་ རྣམ་པར་ཤེས་ཤིང་ཤེས་པར་བྱེད་པ་གང་ཡིན་པའོ། །ཟད་པ་ཤེས་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་། སྡུག་བསྔལ་དང་། བདག་དང་གཞན་རྣམས་ཀྱི་སྲིད་པ་ཡོངས་སུ་ཟད་པ་ཤེས་པ་དང་། ཡོངས་སུ་ཟད་པའི་རྒྱུ་ཤེས་ པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟད་པ་ཤེས་པའོ། །མི་སྐྱེ་བ་ཤེས་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བདག་དང་གཞན་གྱི་སྲིད་པའི་འགྲོ་བར་སྐྱེ་བ་ཐམས་ཅད་ཤེས་པ་དང་། མི་སྐྱེ་བའི་རྒྱུ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་སྐྱེ་བ་ཤེས་པའོ། །ཆོས་ཤེས་ བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་མངོན་སུམ་དུ་ཤེས་པ་དང་། དོན་དམ་པའི་དབང་གིས་དེ་བཞིན་ཉིད་དུ་ཤེས་པ་ནི་ཆོས་ཤེས་པའོ། །རྗེས་སུ་རྟོགས་པ་ཤེས་པར་བྱའོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྗེས་སུ་དཔག་པས་ཤེས་པ་དང་། མི་རྟག་པ་ལ་སོགས་ པ་མངོན་སུམ་དུ་མ་གྱུར་ཀྱང་དེ་ལྟ་བུར་འགྱུར་བར་ཤེས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྗེས་སུ་མཐུན་པར་ཤེས་པ་གང་ཡིན་པའོ། །ཀུན་རྫོབ་ཤེས་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི། འཕགས་པ་ཐམས་ཅད་ཀྱིས་སེམས་ཅན་དང་། བུམ་ པ་ལ་སོགས་པ་མཁྱེན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་ཐམས་ཅད་ལ་དམིགས་པའི་མཁྱེན་པ་གང་ཡིན་པའོ། །ཡོངས་སུ་འདྲིས་པ་ཤེས་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཤེས་པ་གང་གིས་བྱང་ཆུབ་སེམས་དཔའ་རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་ཡང་། མྱ་ངན་ལས་འདས་པ་མངོན་སུམ་དུ་ནི་མི་བྱེད་ཀྱི། དེ་དག་ཉིད་གོམས་པ་དང་། རབ་ཏུ་བྱུང་བར་བྱེད་པའི་ཤེས་པ་ དེ་ལ་ཡོངས་སུ་འདྲིས་པ་ཤེས་པ་ཞེས་བྱའོ། །གལ་ཏེ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་ན་ནི། དེ་རྒྱུན་དུ་ཞུགས་པ་ལ་སོགས་པ་ཉིད་དུ་འགྱུར་ཏེ། དེས་དགོས་པའི་ཕྱིར་ཡང་དག་པའི་མཐའ་ལ་རེག་པར་མི་བྱེད་ཀྱི་ཤེས་པ་དེས་ཆོས་ཙམ་དུ་སྒོམ་པར་བྱེད་དོ། །འོ་ན་མྱ་ངན་ ལས་འདས་པ་ཐོབ་པར་བྱེད་པའི་ཆོས་རྣམས་བསྒོམས་པས་ཇི་ལྟར་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པར་མི་འགྱུར་ཞེ་ན། སྐྱོ་བ་ཡིད་ལ་བྱེད་པ་དང་མི་ལྡན་པའི་ཕྱིར་རོ་ཞེས་སྔར་ཡང་བཤད་དོ། །གཞན་ཡང་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པའི་སྔོན་དུ་འགྲོ་བ་ནི་ཞི་གནས་ དང་ལྷག་མཐོང་བསྒོམ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟར་ཡང་དག་པའི་མཐའ་ཐོབ་པར་བྱེད་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པར་སྦྱོར་བ་མི་མཛད་ཀྱི། ཆོས་ཐམས་ཅད་དམིགས་སུ་མེད་པར་བསྒོམ་པ་རྒྱས་པར་བྱ་བ་འབའ་ཞིག་གི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་རྣམས་ལ་དམིགས་པས་ན། མཉམ་པར་མ་བཞག་པའི་ཤེས་པ་ཐ་མལ་པས་སོ་སོར་རྟོག་གོ། །དེ་བས་ན་ཞི་གནས་དང་ལྷག་མཐོང་གི་རྐྱེན་དང་མི་ལྡན་པའི་ཕྱིར་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པར་མི་འགྱུར་རོ། །འདི་ལྟར་འོག་ནས་ཀྱང་རབ་འབྱོར་གང་གི་ཚེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་ཀྱང་མངོན་སུམ་དུ་བྱའོ་སྙམ་པས་སོ་སོར་རྟོག་པར་མི་བྱེད་ཀྱང་། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི། མངོན་སུམ་དུ་བྱ་བའི་དུས་ནི་མ་ཡིན་ནོ་ཞེས་སོ་སོར་རྟོག་ ཅིང་མཉམ་པར་མ་བཞག་པ་ཉིད་དུ་དམིགས་པ་ལ་སེམས་ཉེ་བར་འཇོག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བར་སྐབས་དེར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཉམས་པར་ཡང་མི་འགྱུར་ལ། ཟག་པ་ཟད་པ་མངོན་སུམ་དུ་ཡང་མི་བྱེད་དོ་ཞེས་བྱ་བ་ལ་ སོགས་པ་འཆད་དོ། །སྒྲ་ཇི་བཞིན་པ་ཤེས་པས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་སྒྲ་གང་དང་གང་ཡིན་པ་ལ་སྒྲ་ཇི་བཞིན་ཞེས་བྱ་སྟེ། དེ་ཤེས་པ་ནི་སྒྲ་ཇི་བཞིན་ཤེས་པའོ། །ཤེས་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ དང་། ལྷ་དང་། མི་དང་། ཚངས་པ་ཐམས་ཅད་ཀྱི་སྒྲ་དང་སྐད་ཐམས་ཅད་སོ་སོར་རྟོག་ཅིང་མཁྱེན་པ་ནི་སྒྲ་ཇི་བཞིན་ཤེས་པའོ། །ཐམས་ཅད་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བར་སྦྱར་བས་དམིགས་སུ་མེད་པའི་ཚུལ་གྱིས་སྒོམ་པར་བྱེད་ཅེས་བྱ་བར་ ཤེས་པར་བྱའོ། །རྣམ་པར་རྟོག་པ་དང་བཅས་པ་རྣམ་པར་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་བསྒོམ་པ་བསྟན་པ་སྟེ། བསམ་གཏན་བཞི་པོ་དེ་དག་ཀྱང་དོན་དམ་པར་དམིགས་སུ་མེད་ པར་རྟོགས་ནས། ཀུན་རྫོབ་ཏུ་ཐབས་མཁས་པའི་དབང་གིས་སེམས་ཅན་གྱི་དོན་དུ་བསྒོམ་སྟེ། དེ་ལ་བསམ་གཏན་དང་པོ་ལ་ནི་རྣམ་པར་རྟོག་པ་དང་བཅས་རྣམ་པར་དཔྱོད་པ་དང་བཅས་པའོ། །བསམ་གཏན་གཉིས་པ་ལ་ནི་རྣམ་པར་རྟོག་པ་མེད་ཅིང་། རྣམ་པར་དཔྱོད་པ་ཙམ་ དུ་ཟད་དོ། །བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་ནི་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་གཉི་ག་མེད་པ་སྟེ། རྒྱ་ཆེར་འོག་ནས་འཆད་དོ། །ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་དབང་པོ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་ པ་ནི། ཟག་པ་མེད་པའི་དབང་པོ་གསུམ་བཤད་པ་སྟེ། མཐོང་བའི་ལམ་ལ་ནི་ཡང་དག་པའི་ཡོངས་སུ་མ་ཤེས་པ་ཤེས་པར་བྱེད་པའི་དབང་པོ་འབྱུང་ངོ་། །བསྒོམ་པའི་ལམ་ལ་ནི་ཀུན་ཤེས་པའི་དབང་པོ་འབྱུང་ངོ་། །མི་སློབ་པའི་ལམ་དགྲ་བཅོམ་པའི་ས་ལ་ཀུན་ཤེས་པ་ རིག་པའི་དབང་པོ་འབྱུང་སྟེ། འདི་དག་གི་དབང་གིས་ཟག་པ་མེད་པའི་ཆོས་ཐོབ་པར་འགྱུར་བའི་ཕྱིར་དབང་པོ་ཞེས་བྱའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། སེམས་སྦྱང་ཞིང་ལས་སུ་རུང་བར་བྱ་བའི་ཕྱིར། གཟུགས་རྣམས་ལ་བཟང་ ངན་དང་ཆེ་ཆུང་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་མི་བརྩན་པར་བདག་གི་སེམས་ཀྱི་དབང་དུ་བྱས་ཏེ། ཇི་ལྟར་འདོད་པར་ཤེས་པར་བྱ་ཞིང་བལྟ་བར་བྱ་བ་སྟེ། བརྒྱད་པོ་དེ་དག་ཀྱང་གང་ཞེ་ན། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་ བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་ གཟུགས་ཆེན་པོར་གྱུར་པ། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་ གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་ པ། འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་ འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་དོང་གའི་མེ་ཏོག་གམ་ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་ སེར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་ གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་བན་དུ་ཛི་བའི་མེ་ཏོག་གམ་ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་ འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་ གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་སྐར་མ་པ་བ་སངས་ཀྱི་མདོག་ལྟར་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་ འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་ པའི་འདུ་ཤེས་རྣམས་ནུབ་པར་འགྱུར་གྱི། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ། གནས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །དེ་རྣམ་པ་ཐམས་ ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་པར་ཤེས་པ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ། གནས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ། །ཆུབ་པའི་སྐྱེ་མཆེད་ཡོངས་ སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་སེམས་སྦྱངས་ཤིང་ལས་སུ་རུང་བར་བྱ་བའི་ཕྱིར། ཕྱོགས་བཅུ་ཐམས་ཅད་དུ་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་དང་རྣམ་པར་ཤེས་པ་གང་ཡང་ རུང་བས། ཆུབ་པར་གང་བར་སེམས་ཤིང་ཡིད་ལ་བྱེད་པའི་བསམ་གཏན་བསྒོམ་པ་ལ་བྱའོ། །བསྡུ་བའི་དངོས་པོ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྦྱིན་པ་དང་། ཚིག་སྙན་པ་དང་། དོན་མཐུན་པར་ སྤྱོད་པ་དང་། གཞན་གྱི་དོན་སྤྱོད་པ་དང་རྣམ་པ་བཞིས་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུས་ནས་ཡང་དག་པ་ལ་དགོད་པའོ། །རྣམ་པར་འགོད་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་འགོད་པ་དང་། བདེན་པ་གདགས་པ་རྣམ་པར་ འགོད་པ་དང་། རིགས་པ་གདགས་པ་རྣམ་པར་འགོད་པ་དང་། ཐེག་པ་གདགས་པ་རྣམ་པར་དགོད་པ་སྟེ། དེ་ལ་ཆོས་གདགས་པ་རྣམ་པར་དགོད་པ་ནི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་སེམས་ཅན་གྱི་དོན་དུ་མིང་དུ་བཏགས་ཤིང་རྣམ་པར་དགོད་པའོ། ། བདེན་པ་གདགས་པ་རྣམ་པར་དགོད་པ་ནི་སེམས་ཅན་གྱི་དོན་དུ་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་བཞི་རྣམས་མིང་དུ་བཏགས་ཤིང་རྣམ་པར་དགོད་པའོ། །རིགས་པ་གདགས་པ་རྣམ་པར་དགོད་པ་ནི་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། གཏན་ཚིགས་སྒྲུབ་ པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་རྣམ་པར་དགོད་པའོ། །ཐེག་པ་གདགས་པ་རྣམ་པར་དགོད་པ་ནི། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ཁྱད་པར་དུ་ཕྱེ་ཞིང་མིང་དུ་བཏགས་ཏེ་རྣམ་པར་དགོད་པའོ། །ས་བཅུ་ཡོངས་སུ་རྫོགས་པར་ བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ནས། ས་ཆོས་ཀྱི་སྤྲིན་གྱི་བར་དུ་ཡོངས་སུ་རྫོགས་པར་བྱའོ། །སྤྱོད་པ་བཅུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ཆོས་སྤྱོད་པ་རྣམ་པ་བཅུ་སེམས་ཅན་གྱི་དོན་དུ་ཡོངས་སུ་རྫོགས་པར་བྱ་བ་སྟེ། ཆོས་སྤྱོད་པ་བཅུ་ནི་དམ་པའི་ ཆོས་ཡི་གེར་འདྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། བྲིས་ཏེ་གཞན་ལ་སྦྱིན་པ་དང་། འཆང་བ་དང་། མཆོད་པ་བྱེད་པ་དང་། ཉན་པ་དང་། སེམས་པ་དང་། སྒོམ་པ་དང་། གཞན་དག་ལ་སྟོན་པ་རྣམས་སོ། །བཟོད་པ་བཅུ་ཡོངས་སུ་རྫོགས་པར་བྱའོ་ཞེས་ བྱ་བ་ནི་རང་བཞིན་གྱིས་བཟོད་པ་དང་། གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་མོས་པའི་བཟོད་པ་དང་། བྱ་དཀའ་བ་ལ་བཟོད་པ་དང་། ཐབས་ཀྱི་སྒོའི་བཟོད་པ་དང་། སྐྱེས་བུ་དམ་པའི་ བཟོད་པ་དང་། རྣམ་པ་ཐམས་ཅད་དུ་བཟོད་པ་དང་། ཕོངས་པ་འདོད་པ་ལ་བཟོད་པ་དང་། འདི་དང་གཞན་དུ་སྡུག་བསྔལ་བ་ལ་བཟོད་པའོ། །དེ་ལ་རང་བཞིན་གྱིས་བཟོད་པ་གང་ཞེ་ན། གང་རང་བཞིན་གྱིས་མི་འཁྲུགས་པ། ཤ་མི་ལྡོན་པ་དང་། ཞེ་ལ་མི་འཛིན་པའོ། ། གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པའི་བཟོད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱེད་པའི་སེམས་ཅན་རྣམས་ལ། བྱང་ཆུབ་སེམས་དཔའ་འདི་ལྟར་འདུ་ཤེས་སྐྱེད་དེ། འདི་དག་ནི་རྐྱེན་ལ་རག་ལུས་པ་འདུ་བྱེད་ཙམ་དུ་ཟད་དེ། འདི་ལ་བདག་གམ། སེམས་ ཅན་ནམ། སྲོག་གམ། སྐྱེ་བ་གང་གཤེ་བའམ། ཁྲོ་བའམ། རྡེག་པའམ། མཚང་འབྲུ་བ་གང་ཡང་མེད་དོ་སྙམ་དུ་སེམས་ཤིང་སེམས་ཅན་དུ་འདུ་ཤེས་པ་མེད་དེ་ཆོས་ཙམ་དུ་གནས་སོ། །དེ་ཆོས་ཙམ་གྱི་འདུ་ཤེས་དེ་ལ་གནས་ནས། གཞན་གྱིས་གནོད་པ་བྱས་ པ་ལ་ཇི་མི་སྙམ་ཞིང་བཟོད་པའོ། །དེ་ལ་སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་སློབ་སྟེ། བདག་སྔོན་འདོད་པའི་ལོངས་སྤྱོད་ཚོལ་བ་ན་སྡུག་བསྔལ་གྱི་རྒྱུར་གྱུར་པའི་འདོད་པ་རྣམས་ཀྱི་དོན་དུ། སྡུག་བསྔལ་རྣམ་པ་མང་པོ་ མྱོང་ཞིང་ཉམས་སུ་བླངས་ཏེ། ཞིང་རྨོ་བ་དང་། ཚོང་བྱ་བ་དང་། རྒྱལ་སྲིད་བྱ་བ་ལ་སོགས་པའི་སྡུག་བསྔལ་ནི་མི་ཤེས་པའི་དབང་གིས་དོན་མེད་པར་མྱོང་གི །ད་ནི་བདེ་བ་ཐོབ་པར་འགྱུར་བའི་དགེ་བ་སྤྱོད་པ་ལ་སྔོན་གྱི་སྡུག་བསྔལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བས་ལྷག་ པའི་སྡུག་བསྔལ་ཉམས་སུ་བླངས་པ་ཡང་རིགས་ན། དེ་ལས་ཆུང་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་ཅིང་། བྱང་ཆུབ་ཐོབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ཐམས་ཅད་ཉམས་སུ་ལེན་པའི་བཟོད་པའོ། །ཆོས་ལ་ངེས་པར་ མོས་པའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཡང་དག་པར་ཤེས་ཤིང་ལེན་པར་སྤྱད་པའི་བླས་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། ཡང་དག་པ་ཉིད་ཀྱི་དོན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཆེན་པོ་ དང་། རྒྱུ་དང་། འབྲས་བུ་དང་། ཐོབ་པར་བྱ་བའི་དོན་དང་། བདག་གིས་དེ་ཐོབ་པར་བྱ་བའི་ཐབས་དང་། ཤེས་པར་བྱ་བའི་སྤྱོད་ཡུལ་ལ་ཡུན་རིང་པོར་གོམས་པར་བྱས་པ་དང་། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཡང་དག་པར་གྲུབ་པར་བྱས་པས་མོས་པ་རབ་ཏུ་ཞེན་ པའོ། །བྱ་དཀའ་བ་ལ་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་གསུམ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དམན་ཞིང་ཁ་ཉེན་པ་རྣམས་ཀྱིས་གནོད་པ་བྱས་པ་ལ་བཟོད་པ་དང་། རྗེ་དཔོན་དུ་གྱུར་པ་ལ་བདག་ཉིད་ཀྱིས་བཟོད་པ་དང་། རིགས་དང་རུས་ཀྱིས་རབ་ཏུ་དམན་ པར་གྱུར་པའི་སེམས་ཅན་རྣམས་ཀྱིས་གནོད་པ་ཆེན་པོ་བྱས་པ་ལ་བཟོད་པ་དང་གསུམ་མོ། །ཐམས་ཅད་ཀྱི་སྒོའི་བཟོད་པ་གང་ཞེ་ན། དེ་ལ་ཡང་རྣམ་པ་བཞི་སྟེ། འདི་ལ་ཡང་བྱང་ཆུབ་སེམས་དཔའ་མཛའ་བཤེས་དང་། མི་མཛའ་བ་དང་། ཐ་མལ་པས་གནོད་པར་བྱས་པ་ ལ་བཟོད་པ་དང་། དེ་གསུམ་བདག་པས་དམའ་བ་དང་། བདག་དང་མཚུངས་པ་དང་། བདག་པས་ལྷག་པས་གནོད་པར་བྱས་པ་ལ་བཟོད་པའོ། །སྐྱེས་བུ་དམ་པའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་ནས་ བཟོད་པ་ལ་ཕན་ཡོན་དུ་ལྟ་བ་དང་། བཟོད་པ་དང་ལྡན་པའི་མི་ལ་ཕྱིས་དགྲ་མང་དུ་མི་འགྱུར་བ་དང་། དབྱེན་བྱེད་པ་མང་དུ་མི་འགྱུར་བ་དང་། བདེ་བ་དང་ཡིད་བདེ་བ་མང་དུ་འགྱུར་བ་དང་། འགྱོད་པ་མེད་པར་ཚེ་འཕོ་བའི་དུས་བྱེད་ཅིང་ལུས་ཞིག་སྟེ། ཚེ་འཕོས་ནས་ཀྱང་མཐོ་ རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བའོ། །དེ་དེ་ལྟར་བཟོད་པ་ལ་ཕན་ཡོན་དུ་ལྟ་བས་བདག་ཀྱང་བཟོད་ལ། གཞན་ཡང་བཟོད་པ་ལ་བསྐུལ་བ་དང་། བཟོད་པའི་བསྔགས་པ་བརྗོད་པ་དང་། བཟོད་པ་དང་ལྡན་པའི་གང་ཟག་མཐོང་ན་ཡིད་དགའ་བར་འགྱུར་རོ། ། དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་དུ་བཟོད་པ་གང་ཞེ་ན། རྣམ་པ་བཅུ་གསུམ་སྟེ། བྱང་ཆུབ་སེམས་དཔའ་མི་བཟོད་པའི་རྣམ་པར་སྨིན་པའི་འབྲས་བུ་མི་འདོད་པ་མྱོང་བས་འཇིགས་པའི་ཕྱིར་བཟོད་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། བྱམས་པའི་བཟོད་པ་ དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་འདོད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཟོད་པ་དང་། རབ་ཏུ་བྱུང་བས་བཟོད་པ་བྱ་བར་རིགས་པས་བཟོད་པ་བྱ་བའི་ཡི་དམ་བཅས་པའི་ཕྱིར་བཟོད་པ་དང་། སྔོན་བཟོད་པ་བསྒོམས་བསྒོམས་ པས། རིགས་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་རང་བཞིན་གྱིས་བཟོད་པ་དང་། ཆོས་ཐམས་ཅད་བདག་མེད་པར་རིག་ནས་བརྗོད་དུ་མེད་ཅིང་ཆོས་ཉིད་ཙམ་དུ་རྟོགས་པས་ཆོས་ལ་ངེས་པའི་བཟོད་པ་དང་། གནོད་པ་ཐམས་ཅད་བཟོད་པ་དང་། ཐམས་ཅད་ལ་བཟོད་ པ་དང་། དབེན་པའམ་མི་མང་པོའི་ནང་དུ་ཡང་རུང་སྟེ། ཡུལ་ཐམས་ཅད་ལ་བཟོད་པ་དང་། སྔ་དྲོ་དང་། ཉི་མ་གུང་དང་། ཕྱི་དྲོ་དང་། ཉིན་པར་དང་། མཚན་མོ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ན་བའི་ཚེ་དང་། མི་ན་ བའི་ཚེ་དང་། དར་བ་དང་། རྒུད་པའི་དུས་ཐམས་ཅད་དུ་བཟོད་པ་དང་། ལུས་ཀྱིས་མི་རྟོག་པར་བཟོད་པ་དང་། ཡིད་དུ་མི་འོང་བའི་ཚིག་མི་བཟོད་པར་ངག་གི་བཟོད་པ་དང་། མི་འཁྲུག་ཅིང་བསམ་པ་ངན་པ་མེད་པར་ཡིད་ཀྱིས་བཟོད་པ་དང་བཅུ་གསུམ་མོ། །དེ་ལ་ ཕོངས་པ་འདོད་པ་ལ་བཟོད་པ་གང་ཞེ་ན། དེ་ཡང་རྣམ་པ་བཞི་སྟེ། སེམས་ཅན་སྡུག་བསྔལ་བ་རྣམས་སློང་མི་མཁས་པར་སློང་བའི་ཉེས་པ་ལ་བཟོད་པ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་མེད་པར་བྱ་བར་རྩོལ་བ་ལ་བཟོད་པ་དང་། སེམས་ཅན་ཆོས་ ཚོལ་ཞིང་ཆོས་ཀྱི་རྗེས་སུ་སྒྲུབ་པ་རྣམས་ལ་ཆོས་སྟོན་པར་བརྩོན་པའི་བཟོད་པ་དང་། སེམས་ཅན་བྲེལ་བའི་གྲོགས་བྱེད་པ་ལ་འབད་པའི་བཟོད་པ་དང་བཞིའོ། །འདི་དང་གཞན་དུ་སྡུག་བསྔལ་བའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པར་གནས་ཤིང་ དགེ་བ་སྤྱོད་པ་ན། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། སྦྲང་མ་དང་། སྡིག་སྦྲུལ་ལ་སོགས་པའི་གནོད་པ་བཟོད་པ་དང་། ལུས་དང་སེམས་ངལ་བ་བཟོད་པ་དང་། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་འཁོར་བ་ན་འཁོར་བའི་ཚེ། སྐྱེ་བ་ དང་། རྒ་བ་དང་། ན་བ་ལ་སོགས་པའི་སྡུག་བསྔལ་བཟོད་པའོ། །ལྷག་པའི་བསམ་པ་ཉི་ཤུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ལ་དད་པ་དང་། ཤེས་རབ་ཀྱིས་རྟོགས་པའི་རྒྱུས་སངས་རྒྱས་ཀྱི་ཆོས་ལ་མོས་པ་དང་། རྟོགས་ པ་དང་། ངེས་པར་ཁོང་དུ་ཆུད་པའི་བསམ་པ་ནི། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་སྟེ། དེ་ཡང་རྣམ་པ་ཉི་ཤུའོ། །ཉི་ཤུ་གང་ཞེ་ན། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ལྷག་པར་དད་ཅིང་སེམས་པ་མཆོག་གི་བསམ་པ་དང་། བྱང་ཆུབ་ སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལ་ལྷག་པར་སེམས་པའི་ཚུལ་ཁྲིམས་ཀྱི་བསམ་པ་དང་། སྦྱིན་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡང་དག་པར་གྲུབ་པར་བྱ་བའི་ཕྱིར་ལྷག་པར་སེམས་པའི་ཕ་རོལ་ཏུ་ཕྱིན་ པའི་བསམ་པ་དང་། ཆོས་དང་གང་ཟག་ལ་བདག་མེད་པ་དང་། དོན་དམ་པ་དང་ཆོས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པར་སེམས་པ་ཡང་དག་པའི་དོན་གྱི་བསམ་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་རྩེ་གཅིག་ཏུ་ངེས་པར་གྱུར་ཅིང་མི་འགྱུར་བ་བརྟན་པའི་ བསམ་པ་དང་། མོས་པས་སྤྱོད་པའི་ས་ལ་ལྷག་པའི་བསམ་པ་མ་དག་པའི་བསམ་པ་དང་། ས་དང་པོ་ནས་ས་བརྒྱད་པའི་བར་གྱི་ལྷག་པའི་བསམ་པ་དག་པ་དང་། མཐར་ཕྱིན་པའི་ས་སྟེ་ས་དགུ་པ་དང་། བཅུ་པའི་ལྷག་པའི་བསམ་པ་ཤིན་ཏུ་དག་པ་དང་། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་བསམ་གྱིས་མི་ཁྱབ་པའི་མཐུ་ལ་ལྷག་པར་སེམས་པ་དང་། སེམས་ཅན་རྣམས་དགེ་བ་བྱེད་དུ་འཇུག་པ་ཕན་པའི་བསམ་པ་དང་། བླ་མ་དང་སྦྱིན་གནས་ལ་མི་སླུ་བའི་བསམ་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ མཐུན་པར་སྤྱོད་པ་དང་། འགྲོགས་ན་བདེ་བར་བྱ་བའི་བསམ་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་བདུད་ཀྱི་ལས་ཐམས་ཅད་ཟིལ་གྱིས་མནན་པ་དག་གི་སེམས་ཀྱི་དབང་དུ་གྱུར་པར་བྱ་བའི་བསམ་པ་དང་། འདུ་བྱེད་ཐམས་ཅད་ལ་སྐྱོན་དུ་ལྟ་བའི་བསམ་པ་དང་། མྱ་ངན་ལས་འདས་པ་ལ་ཕན་ཡོན་དུ་ལྟ་བའི་བསམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རྟག་ཏུ་བསྒོམ་པར་བྱ་བའི་བསམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་ཉིད་བསྒོམ་པ་དང་མཐུན་པའི་བར་དུ་དབེན་པ་ལ་གནས་པའི་བསམ་པ་དང་། འཇིག་རྟེན་གྱི་ཟང་ཟིང་དང་། རྙེད་པ་དང་བཀུར་སྟི་ལ་མི་ལྟ་བའི་བསམ་པ་དང་། ཐེག་པ་ཆུང་ངུ་སྤངས་ཏེ་ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་བསམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་བྱ་བའི་བསམ་པ་དང་ཉི་ཤུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་གསུམ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་མཁྱེན་པའི་ཡེ་ཤེས་དང་། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ ཡོངས་སུ་རྫོགས་པར་བྱའོ། །ཞི་གནས་དང་ལྷག་མཐོང་ཤེས་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་ཞི་གནས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ་ལ་རྣམ་པར་མི་རྟོག་པའི་སེམས་རྩེ་གཅིག་ཏུ་གནས་པའོ། །ལྷག་མཐོང་ནི་དེ་ལྟར་སེམས་རྩེ་གཅིག་ཏུ་གནས་པ་ལས་བྱིང་ཞིང་ རྨུགས་པར་མི་འགྱུར་བར་ཤེས་རབ་ཀྱིས་གསལ་བར་བྱས་ཏེ། ཡང་དག་པའི་དོན་ལྷག་པར་མཐོང་བར་བྱེད་པའོ། །རིག་པ་གསུམ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་དང་། ཚེ་འཕོ་བ་དང་སྐྱེ་བ་ཤེས་པའི་རིག་པ་དང་། ཟག་པ་ཟད་པ་ ཤེས་པའི་རིག་པ་དང་གསུམ་མོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་ པ་སྟེ། དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི་མདོའི་སྡེ་ལ་སོགས་པ་ཞལ་ནས་གསུངས་པའི་ལུང་གི་ཆོས་རྣམས་ཡང་དག་པར་རིག་པའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་ལུང་གི་ཆོས་དེ་རྣམས་ཀྱི་དོན་ཡང་དག་པ་གང་ཡིན་པ་རིག་པའོ། །ངེས་པའི་ ཚིག་སོ་སོ་ཡང་དག་པར་རིག་པ་ནི། བྱང་ཆུབ་སེམས་དཔའ་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་སེམས་ཅན་ཡིན་ནོ་ཅོག་གིས་སྨྲས་པའི་སྐད་བརྡ་ཕྲད་ཅིང་། སེམས་ཅན་ཡིན་ནོ་ཅོག་གི་སྐད་དུ་གསུང་ཞིང་ཆོས་སྟོན་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་བྱང་ཆུབ་ སེམས་དཔའི་སྤོབས་པ་སུས་ཀྱང་ཟིལ་གྱིས་མི་ནོན་པ་སྟེ། གཞན་ལ་ཆོས་འདྲི་བའི་སྤོབས་པ་ཐོགས་པ་མེད་པ་དང་། གཞན་གྱིས་དྲིས་པའི་ལན་འདེབས་པ་ལ་སྤོབས་པ་ཐོགས་པ་མེད་པ་དང་ལྡན་པའོ། །མི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་མངོན་པར་ བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཟད་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི་ཆོས་ངེས་པར་བསྟན་པ་ལ་མི་འཇིགས་པ་དང་། ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་སྟེ། དེ་ལ་མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི། དེ་བཞིན་གཤེགས་ པས་ཆོས་ཐམས་ཅད་ཀུན་རྫོབ་དང་། དོན་དམ་པའི་མཚན་ཉིད་དུ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་དེ་མངོན་པར་བྱང་ཆུབ་ལ། ལྷ་འམ། བདུད་དམ། ཚངས་པའམ། དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་མཐུ་དང་རྫུ་འཕྲུལ་དང་ཡོན་ཏན་དང་ལྡན་པ་ཤེས་རབ་བསྙེམས་པ་གང་ ཡང་རུང་བ་འགའ་ཞིག་གིས། མངོན་པར་བྱང་ཆུབ་པ་མ་ཡིན་ནོ་ཞེས་རྒལ་བའི་གཞི་དང་། གཏན་ཚིགས་མེད་དེ་བརྒལ་དུ་དོགས་པ་མེད་པས་ན། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ཞེས་བྱའོ། །ཟག་པ་ཟད་པ་ལ་མི་འཇིགས་པ་ནི། དེ་བཞིན་གཤེགས་པས་ འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཟག་པ་རྣམས་བག་ཆགས་ཡན་ཆད་སྤངས་ཏེ། ཟད་པར་མཁྱེན་པ་ལ་ཟག་པ་མ་ཟད་དོ་ཞེས་སུས་ཀྱང་སུན་དབྱུང་ཞིང་གཏན་ཚིགས་ཀྱིས་བརྒལ་དུ་མེད་དེ། མི་དོགས་ཤིང་མི་འཇིགས་པ་ནི་བག་མེད་པ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་ལ་སོགས་པའི་ཆོས་རྣམས་འཕགས་པའི་ལམ་དང་། དགེ་བའི་ཕྱོགས་ཀྱི་བར་དུ་གཅོད་པ་ཡིན་ནོ་ཞེས་བཤད་པ་ལ་ཐོག་ཏུ་མ་བབ་པ་མེད་པས་ན་སུས་ཀྱང་བར་དུ་གཅོད་པའི་ཆོས་མ་ཡིན་ནོ་ཞེས་གཏན་ཚིགས་ཀྱིས་བརྒལ་དུ་མེད་དེ། མི་འཇིགས་ཤིང་མི་དོགས་ པའོ། །ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་ནི། དེ་བཞིན་གཤེགས་པས་ངེས་པར་འབྱུང་བའི་ལམ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་རྒྱུ་ཡིན་པར་བཤད་པ་ལ། དགེ་སྦྱོང་དང་བྲམ་ཟེ་སུས་ཀྱང་ངེས་པར་འབྱུང་བའི་ལམ་མ་ཡིན་ནོ་ཞེས་རྒལ་ཞིང་ གཞན་དུ་བསྒྱུར་དུ་མེད་དེ། མི་དོགས་ཤིང་མི་འཇིགས་པའོ། །མ་ཉམས་པའི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་འགྲོ་བའི་འཆི་འཕོ་དང་། སྐྱེ་བ་ཐམས་ཅད་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པས་མངོན་པར་ཤེས་པ་ཉམས་པ་མེད་པའི་ཕྱིར་མངོན་པར་ ཤེས་པ་མ་ཉམས་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྔར་ཡང་བཤད་མོད་ཀྱི། འོན་ཀྱང་འདིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྐབས་སུ་གཏོགས་པ་ཡང་བཤད་དོ། །ནོར་བདུན་ཡོངས་སུ་རྫོགས་པར་ བྱའོ་ཞེས་བྱ་བ་ནི། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་རྣམས་སོ། །སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ རྣམས་འདི་ལྟར་རྣམ་པར་རྟོག་སྟེ། ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་སྙམ་དུ་རྣམ་པར་རྟོག་པ་དང་། ནམ་ཞིག་དབུལ་བས་སྡུག་བསྔལ་བའི་སེམས་ཅན་རྣམས་འབྱོར་པ་ཆེན་པོ་ལ་འཇོག་ནུས་སྙམ་དུ་རྣམ་པར་རྟོག་པ་དང་། ནམ་ཞིག་ཤ་ཁྲག་ དང་བཅས་པའི་ལུས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ནུས་སྙམ་དུ་རྣམ་པར་རྟོག་པ་དང་། སེམས་ཅན་དམྱལ་བ་ན་ཡུན་རིང་པོར་གནས་པས་ཀྱང་། ནམ་ཞིག་སེམས་ཅན་རྣམས་ལ་ཕན་པ་བྱེད་པ་འབའ་ཞིག་ཏུ་འགྱུར་སྙམ་དུ་རྣམ་པར་རྟོག་པ་དང་། ནམ་ཞིག་འཇིག་རྟེན་པ་ དང་། འཇིག་རྟེན་ལས་འདས་པའི་འབྱོར་པས་འཇིག་རྟེན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པ་མཐོང་བར་འགྱུར་སྙམ་དུ་རྣམ་པར་རྟོག་པ་དང་། ནམ་ཞིག་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ ཡང་དག་པར་འབྱིན་པར་འགྱུར་སྙམ་དུ་རྣམ་པར་རྟོག་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་མེད་པའི་སྐྱེ་བ་དང་། སེམས་ཅན་གྱི་དོན་དུ་སྦྱོར་བ་མེད་པའི་སེམས་དང་། དོན་དམ་པའི་རོ་གཅིག་པུ་ལ་སྤྱོད་པ་དང་། སྐྱེ་བོ་ཐམས་ཅད་སིམ་པར་བྱེད་པ་མ་ཡིན་པའི་ཚིག་ དང་། གཞན་ལ་མི་ཕན་པའི་འཚོ་བ་དང་། གཞན་ལ་ཕན་པ་བྱེད་མི་ནུས་པའི་ལུས་དང་། གཞན་ལ་ཕན་འདོགས་པ་ལ་མི་གསལ་བའི་བློ་དང་། སེམས་ཅན་ལ་ཕན་པར་མི་སྤྱོད་པའི་ནོར་དང་། འགྲོ་བ་རྣམས་ཀྱི་དོན་སྤྱོད་པ་མེད་པའི་དབང་ཕྱུག་དང་། གཞན་ལ་གནོད་པ་ བྱེད་པའི་དགའ་བར་ཚེ་རབས་ཚེ་རབས་སུ་མ་གྱུར་ཅིག་སྙམ་དུ་རྣམ་པར་རྟོག་པ་དང་། སྲོག་ཆགས་ཐམས་ཅད་ཀྱི་སྡིག་པའི་ལས་ཐམས་ཅད་ཀྱི་འབྲས་བུ་བདག་ལ་སྨིན་ལ། བདག་གིས་ལེགས་པར་སྤྱད་པའི་འབྲས་བུ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་ སྙམ་དུ་རྣམ་པར་རྟོག་པ་སྟེ། འདི་དག་ནི་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་དོ། །སེམས་ཅན་གྱི་གནས་དགུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་རྟོག་པ་ན་རྣམ་པར་རྟོག་པ་དེ་དག་འབྲས་བུ་ཡོད་པར་བྱ་བ་དང་། སྙིང་རྗེས་འཇིག་རྟེན་པ་རྣམས་ལ་བལྟས་ནས། གཞན་ལ་ཕན་པ་བསྒྲུབ་པར་བྱ་བ་དང་། ཤེས་རབ་ཀྱིས་མི་དམིགས་པ་ཡིད་ལ་བྱེད་པ་བསྒོམ་པར་བྱ་བ་དང་། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ཡོངས་སུ་བརྟག་པའི་ཕྱིར། སེམས་ཅན་གྱི་གནས་དགུ་བསྒོམ་པར་བྱའོ། །སེམས་ཅན་གྱི་གནས་དགུ་པོ་དེ་དག་ ཀྱང་གང་ཞེ་ན། ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་དཔེར་ན་མི་རྣམས་དང་ལྷ་ཁ་ཅིག་གོ། །ལུས་ཐ་དད་པ་ལ་འདུ་ཤེས་གཅིག་པ་དག་དཔེར་ན་ཚངས་རིས་ཀྱི་ལྷ་དག་དང་པོ་འབྱུང་བའོ། །ལུས་གཅིག་ལ་འདུ་ཤེས་ཐ་དད་པ་དག་དཔེར་ན་འོད་གསལ་བ་རྣམས་སོ། །ལུས་ གཅིག་ལ་འདུ་ཤེས་གཅིག་པ་དག་དཔེར་ན་དགེ་རྒྱས་ཀྱི་ལྷ་རྣམས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་སོ། །དེ་ལྟར་བར་དུ་གཅོད་པ་མེད་པར་སེམས་ ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་བསྟན་ནས། དེའི་འོག་ཏུ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་སྤྱོད་པ་བསྟན་པར་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་ བཅུ་གང་ཞེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡན་པ་ཐམས་ཅད་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་ པ་མཁྱེན་པའི་སྟོབས་དང་། ཚེ་འཕོ་བ་དང་། སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་ དང་། བསྙེལ་བ་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་ འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པའོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་སྟེ། ཚད་མེད་པ་བཞི་སྔར་བསྟན་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་ བྱ་བའི་སྤྱོད་པའི་སྐབས་སུ་བསྟན། འདི་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་སྐབས་སུ་བསྟན་པས་ལན་གཉིས་སུ་ཟློས་པ་ལ་ཉེས་པ་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པ་དེ་དག་ཀྱང་འོག་ནས་རྒྱས་པར་འཆད་དོ། །གོས་པ་མེད་པར་སངས་རྒྱས་ ཀྱི་ཆོས་ཡོངས་སུ་སྨིན་པའི་སྤྱོད་པ་བཤད་ཟིན་ཏོ། །དེ་ལྟར་མགོ་སྨོས་པས་གོ་བའི་གདུལ་བ་རྣམས་ཀྱི་དོན་དུ་མདོར་བཤད་པ་མཛད་ནས། མདོར་བཤད་པ་དེ་ཉིད་ལས་གླེངས་ཏེ་དཀར་པོའི་ཆོས་ཐམས་ཅད་བསྟན་པས་གཞི་བཟུང་ནས། རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ པ་ལ་སོགས་པ་སྤྱོད་པ་རྣམ་པ་བཞི་བསྟན་པས་རྣམ་པར་སྤྲོས་ན་གོ་བའི་གདུལ་བ་རྣམས་ཀྱི་དོན་དུ་འབྲིང་དུ་བཤད་པའི་སྒོ་བསྟན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲིང་དུ་བསྟན་པ་དེ་ཡང་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏོ། །བརྒྱད་གང་ཞེ་ན། གང་གི་ཕྱིར་བརྩོན་པར་བྱ་བ་དང་། ཇི་ལྟར་བརྩོན་པར་བྱ་བ་དང་། བརྩོན་པར་བྱེད་ པ་རྣམས་ཀྱི་མཚན་ཉིད་དང་། བརྩོན་པར་བྱེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་དང་། བརྩོན་པ་ལ་གདམས་པ་དང་། བརྩོན་པའི་ཕན་ཡོན་དང་། བརྩོན་པའི་རབ་ཏུ་དབྱེ་བ་དང་། བཤད་པ་འདི་གཏན་ལ་དབབ་པ་དང་རྣམ་པ་འདི་བརྒྱད་དོ། །དེ་ལ་གང་གི་ཕྱིར་བརྩོན་པར་བྱ་བ་ཞེས་བྱ་ བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད་པ་ནི་རྣམ་པ་གསུམ་སྟེ། ཐེག་པ་གསུམ་བསྒོམ་པར་འདོད་པ་དང་། བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་འདོད་པ་དང་། སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་འདོད་པ་སྟེ། འདོད་པ་དེ་དག་ཐོབ་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་ནི། གང་གི་ཕྱིར་བརྩོན་པར་བྱ་བ་བསྟན་པའོ། །དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་རྣམ་པར་མི་རྟོག་པའི་ ཡེ་ཤེས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། དེ་ལ་རྣམ་པ་ཐམས་ཅད་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་ པ་དང་། སྨོན་པ་མེད་པ་ལ་སོགས་པ་སྟེ། རྣམ་པ་དེ་དག་ཐམས་ཅད་ཀྱི་རྣམ་པའི་མཆོག་ནི་རྣམ་པའི་གཙོ་བོ་སྟོང་པ་ཉིད་ཀྱི་རྣམ་པ་དེ་རྣམ་པ་གཞན་དག་གི་རྩ་བར་གྱུར་པའི་ཕྱིར་རོ། །དེ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་གི་རྣམ་པ་དང་ལྡན་པ་རྣམ་པར་མི་རྟོག་པ་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་དངོས་པོ་མ་ཉམས་པས། མཉམ་པ་ཉིད་དུ་འཇུག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པར་བསྟན་ཏེ། ཡེ་ཤེས་དེ་ལྟ་བུ་མངོན་པར་བྱང་ཆུབ་པར་འདོད་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མངོན་པར་ རྫོགས་པར་འཚང་རྒྱ་བར་འདོད་པ་ཞེས་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་བསྟན་ཏོ། །ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཡེ་ཤེས་ ཐོབ་པར་བྱ་བ་བསྟན་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་ཤེས་པའི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འབྲས་བུ་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་ཅིང་སེམས་ཅན་རྣམས་ཀྱི་སེམས་དང་སྤྱོད་པ་རྣམས་རྟོགས་ནས་སེམས་ཅན་ལ་ཕན་པ་སྒྲུབ་པའི་ཕྱིར་རོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་འདོད་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པའི་མཆོག་ཐམས་ ཅད་དང་ལྡན་པའི་འབྲས་བུ་བསྟན་པ་སྟེ། དེ་ལ་བག་ཆགས་ནི་རྣམ་པ་གསུམ་སྟེ། ལས་ཀྱི་བག་ཆགས་དང་། ཉོན་མོངས་པའི་བག་ཆགས་དང་། ཚེའི་བག་ཆགས་དང་རྣམ་པ་གསུམ་མོ། །མཚམས་སྦྱོར་བ་ཡང་རྣམ་པ་གསུམ་སྟེ། ལས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པའི་མཚམས་སྦྱོར་བ་དང་། ཚེའི་མཚམས་སྦྱོར་བ་དང་རྣམ་པ་གསུམ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མཚམས་སྦྱོར་བ་ཞེས་བྱའོ། །དེ་ལྟར་བག་ཆགས་ཐམས་ཅད་དང་། མཚམས་སྦྱོར་བ་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་སྤང་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ བྱའོ་ཞེས་བྱ་བ་དང་སྦྱར་རོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆེ་བའི་བདག་ཉིད་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡང་རྣམ་པ་བཞིར་བསྟན་ཏེ། མ་དག་པའི་ཡོན་ཏན་དང་། དག་ པའི་ཡོན་ཏན་དང་། སོ་སོ་ཡང་དག་པར་རིག་པའི་སའི་ཡོན་ཏན་དང་། མཐར་ཐུག་པ་ལ་གནས་པའི་སའི་ཡོན་ཏན་རྣམས་སོ། །དེ་ལ་ས་དང་པོ་ནས་ས་བདུན་གྱི་བར་དུ་ནི་ཡིད་ལ་བྱེད་པ་རྩོལ་བ་དང་བཅས་པའི་ཕྱིར་མ་དག་པའོ། །ས་བརྒྱད་པ་ལ་སངས་རྒྱས་ཀྱི་སྐུ་མངོན་པར་སྒྲུབ་ པ་དང་། དེ་བཞིན་ཉིད་ཁོང་དུ་ཆུད་པ་ལ་སོགས་པ་ནི་སའི་ཡོན་ཏན་དག་པ་རྣམས་སོ། །ས་དགུ་པ་ལ་རྡུལ་ཕྲ་རབ་ཀྱི་རྡུལ་ཤེས་པ་ལ་སོགས་པ་ནི་སོ་སོ་ཡང་དག་པར་རིག་པའི་སའི་ཡོན་ཏན་རྣམས་སོ། །ས་བཅུ་པ་ལ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཐོབ་པར་འདོད་པ་ལ་སོགས་པ་ནི་མཐར་ཐུག་པར་གནས་པའི་སའི་ཡོན་ཏན་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ལྡོག་པ་ལ་བྱང་ཆུབ་ སེམས་དཔའི་སྐྱོན་མེད་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཤེས་པར་འདོད་པ་ཞེས་བྱ་བ་ནི་ཡོན་ཏན་རྣམས་ཀྱིས་ལྷག་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་རྣམས་ཤེས་ནས། ས་དེ་དག་ལས་འདས་པར་འདོད་ཅེས་བྱ་བའི་ཐ་ཚིག་སྟེ། སའི་ཡེ་ཤེས་ ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོན་ཏན་རྣམ་པ་བཞིས་ཉན་ཐོས་དང་རང་སངས་རྒྱས་ལས་འདས་པ་ཡིན་ཏེ། བཞི་གང་ཞེ་ན། དབང་པོའི་ཁྱད་པར་དང་། སྒྲུབ་པའི་ཁྱད་པར་དང་། ཡེ་ཤེས་ཀྱི་ཁྱད་པར་དང་། འབྲས་བུའི་ཁྱད་པར་རྣམས་སོ། །དེ་ལ་ཉན་ ཐོས་ནི་རང་བཞིན་གྱིས་དབང་པོ་རྟུལ་པོ་ཡིན། རང་སངས་རྒྱས་ནི་དབང་པོ་བར་མ་ཡིན། བྱང་ཆུབ་སེམས་དཔའ་ནི་དབང་པོ་རྣོན་པོ་ཡིན་ནོ། །དེ་ནི་དབང་པོའི་ཁྱད་པར་རོ། །ཉན་ཐོས་དང་རང་སངས་རྒྱས་ནི་བདག་གི་དོན་ལྷུར་ལེན་པ། བདག་གི་དོན་ཉིད་སྒྲུབ་ཅིང་བདག་ལ་ཕན་པ་ འབའ་ཞིག་མཐར་ཕྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གཉི་གའི་དོན་ལྷུར་ལེན་པ། བདག་དང་གཞན་གྱི་དོན་ཉིད་བསྒྲུབས་ནས། བདག་དང་གཞན་ལ་ཕན་པ་ཉིད་མཐར་ཕྱིན་པར་མཛད་དེ། དེ་ནི་སྒྲུབ་པའི་ཁྱད་པར་རོ། །ཉན་ཐོས་དང་རང་ རྒྱལ་རྣམས་ནི་ཆོས་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་ཉིད་དུ་རྟོགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་ལ་ཕན་པར་མཛད་པ་ལ་ཞུགས་པའི་ཕྱིར་རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་། སེམས་ཅན་གྱི་ དོན་རྣམ་པ་དུ་མ་བསྒྲུབས་ནས། དེའི་འོག་ཏུ་ཆོས་ཐམས་ཅད་དམིགས་སུ་མེད་པའི་མཚན་ཉིད་དུ་རྟོགས་པར་མཛད་དེ། དེ་ནི་ཡེ་ཤེས་ཀྱི་ཁྱད་པར་རོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་ཉིད་ཐོབ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་ འདས་པ་ཐོབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་གཉི་ག་སྤངས་ནས། མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབས་ཏེ། འཁོར་བའི་མཐའི་བར་དུ་སེམས་ཅན་ལ་ཕན་པའི་དོན་འབའ་ཞིག་མཛད་དེ། དེ་ནི་འབྲས་ བུའི་ཁྱད་པར་རོ། །ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པས་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག །ཕྱིས་བྱང་ཆུབ་ཀྱི་སེམས་ལས་ལྡོག་པ་ནི། རྒྱུ་རྣམ་པ་བཞིས་འགྱུར་ཏེ། བྱང་ཆུབ་སེམས་དཔའི་རིགས་དང་མི་ལྡན་པའམ། སྡིག་པའི་གྲོགས་པོས་ ཡོངས་སུ་ཟིན་པའམ། སྙིང་རྗེ་ཆུང་བའམ། འཁོར་བའི་སྡུག་བསྔལ་ཤིན་ཏུ་ཡུན་རིང་ཞིང་མི་བཟོད་པས་འཇིགས་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་སྲིད་དེ། རྒྱུ་དེ་བཞི་ཆར་ཡང་སར་ཆུད་པའི་བྱང་ཆུབ་སེམས་དཔའ་ལ་མེད་དོ། །དེ་བས་ན་ས་རབ་ཏུ་དགའ་བ་ལ་སོགས་པ་ ལ་ཕྱིར་མི་ལྡོག་པའི་ས་ཞེས་བྱའོ། །མངོན་པར་ཤེས་པ་དྲུག་ལ་གནས་པར་འདོད་པས་ཞེས་བྱ་བ་ནི། མངོན་པར་ཤེས་པ་ལྔ་སྔར་སྨོས་པའི་སྟེང་དུ། ཟག་པ་ཟད་པ་ཤེས་པ་དང་དྲུག་ལ་མངོན་པར་ཤེས་པ་དྲུག་ཅེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྣམ་པར་གཡོ་བ་ ཤེས་པར་འདོད་པས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལྷུར་ལེན་པས། སེམས་ཅན་གྱི་སེམས་ལ་ཅི་སེམས་པ་དང་། སྤྱོད་པ་གང་ལ་དད་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཤེས་ནས། དེ་དག་གི་དོན་བྱ་དགོས་པས་དེ་སྐད་ཅེས་གསུངས་སོ། །ཉན་ཐོས་དང་ རང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཟིལ་གྱིས་མནན་པར་འདོད་པས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་གང་ཟག་ལ་བདག་མེད་པ་ཙམ་ཤེས་པ་སྟེ། བྱང་ཆུབ་སེམས་དཔའི་ཡེ་ཤེས་གང་ཟག་དང་ཆོས་གཉིས་ཀ་ལ་བདག་མེད་པར་རྟོགས་པས་ཟིལ་གྱིས་མནན་པར་འདོད་པས་ཞེས་བྱ་ བའི་ཐ་ཚིག་གོ། །གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པར་འདོད་པས་ཞེས་བྱ་བ་ནི་སྔགས་ཀྱི་གཟུངས་དང་དོན་གྱི་གཟུངས་ལ་སོགས་པ་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ནི་བྱང་ཆུབ་སེམས་དཔའི་ས་རྣམས་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ས་ཐོབ་པར་བྱ་བའི་རྒྱུ་དང་སྒོ་ཡིན་པའི་ ཕྱིར་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྦྱིན་པ་གཏོང་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་མནན་པར་འདོད་པས་ཞེས་བྱ་བ་ ནི། ཉན་ཐོས་དང་རང་སངས་རྒྱས་དག་གི་སྦྱིན་པ་བྱེད་པའི་སེམས་དེ་ནི་སྲེད་པ་དང་བཅས་ཤིང་། རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་སྲིད་པའི་འབྲས་བུ་དང་བདག་གི་དོན་དུ་བྱེད་པས་དག་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བའི་སེམས་ནི། སྲེད་པ་མེད་པ་དང་། རྣམ་ པར་མི་རྟོག་པ་དང་། མཚན་མའི་སྤྱོད་ཡུལ་མ་ཡིན་པ་དང་། བདག་དང་གཞན་ལ་ཕན་པ་བསྒྲུབ་པ་སྟེ། ཡོན་ཏན་དེ་དག་གིས་འཕགས་པའི་ཕྱིར་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་གཞན་རྣམས་ལ་ཡང་སྦྱར་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་ དུ་སྦྱིན་པ་ཆུང་ངུ་བྱིན་ཡང་། ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཚུལ་གྱིས་ཇི་ལྟ་བུར་ན་ཚད་མེད་གྲངས་མེད་དཔག་ཏུ་མེད་པར་འགྱུར་སྙམ་ན་ཡང་ཞེས་བྱ་བ་ནི་སེམས་ཅན་ཚད་མེད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དཔག་ཏུ་མེད་པའི་ཕྱིར། ཐབས་ མཁས་པས་ཡོངས་སུ་བསྔོས་པས་ཡོ་བྱད་དང་མི་ལྡན་ཏེ། སྦྱིན་པ་ཆུང་ངུ་བྱིན་ཀྱང་། སྦྱིན་པའི་གནས་ཚད་མེད་གྲངས་མེད་པ་དང་། བསྔོ་བའི་དམིགས་པ་དཔག་ཏུ་མེད་པ་དང་། འཁོར་གསུམ་ཡོངས་སུ་དག་པའི་ཕྱིར། འབྲས་བུ་ཚད་མེད་པ་གྲངས་མེད་དཔག་ཏུ་མེད་པར་འགྱུར་བར་ འདོད་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྦྱར་བར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འདོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པར་བྱ་བར་འདོད་པས་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་མ་དག་པའི་སྦྱིན་པ་སྤྱོད་པ་ནི་སྦྱིན་པ་ལ་གནས་པའོ། །འཁོར་གསུམ་ཡོངས་སུ་དག་པའི་ཚེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ པ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྔ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་འདི་ལྟར་བསྐྱེད་དེ། ཇི་ལྟར་ན་ཚེ་རབས་ཐམས་ཅད་དུ་བདག་གིས་སངས་རྒྱས་ཀྱི་སྐུ་མཐོང་བར་འགྱུར་ཞེས་བྱ་བ་ནི་དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུ་མངོན་སུམ་དུ་མཐོང་བར་འདོད་པ་དང་། མཐོང་ནས་ཀྱང་སངས་རྒྱས་ཀྱིས་དགེ་བ་ལ་བསྐུལ་བར་འདོད་པ་དང་། སངས་རྒྱས་ཀྱིས་དགོངས་པར་འདོད་པ་དང་། སངས་རྒྱས་མཉེས་པར་འགྱུར་བར་ འདོད་པ་དང་། སངས་རྒྱས་ཀྱིས་ཡོངས་སུ་གཟུང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་སྐུ་ཡོངས་སུ་བསྒྲུབ་པར་འདོད་པས་ཞེས་བྱ་བ་ལ་སོགས་པས། ས་བརྒྱད་པའི་ཡོན་ཏན་རྣམ་པར་དག་པ་རྣམས་ཐོབ་པར་འདོད་ པའི་བསམ་པ་བསྟན་ཏེ། དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་འོག་ནས་འཆད་པས་འདིར་མ་བཤད་དོ། །ཚེ་རབས་དྲན་པར་འདོད་པ་དང་། བྱང་ཆུབ་ཀྱི་སེམས་མི་སྟོར་བ་ཐོབ་པར་འདོད་པ་ལ་སོགས་པ་གོ་སླ་བ་རྣམས་ཀྱང་མ་བཤད་དོ། ། དེ་ལ་བཤད་དགོས་པ་རྣམས་བཤད་པར་བྱ་སྟེ། དགེ་བའི་སེམས་བསྐྱེད་པ་གཅིག་འགའ་ཡང་སྙིང་པོ་བྱང་ཆུབ་ལ་ནམ་འདུག་གི་བར་དུ་མི་ཟད་པར་བྱ་བར་འདོད་པས་ཞེས་བྱ་བ་ནི་ཆུའི་ཐིགས་པ་གཅིག་རྒྱ་མཚོའི་ནང་དུ་བླུགས་པ་ཟད་པར་མི་འགྱུར་བ་བཞིན་དུ། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་ཡོངས་སུ་བསྔོས་པ་ཡང་འཁོར་བའི་མཐའི་བར་དུ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་མི་ཟད་པ་ཞེས་བྱའོ། །སངས་རྒྱས་ཀྱི་སྐྱེ་བ་རྒྱུན་མི་གཅད་པའི་དོན་དུ་གནས་པར་འདོད་པས་ཞེས་བྱ་བ་ནི། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཡིན་པས། སངས་ རྒྱས་སྐྱེ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་བསྲུང་འདོད་པས་ཞེས་བྱ་བ་ཡང་ཕྱིར་མི་ལྡོག་པའི་ས་ཡིན་པས་བྱང་ཆུབ་སེམས་དཔའི་རིགས་ལས་མི་ཉམས་པར་སྲུང་བར་གྱུར་པའི་ཕྱིར་རོ། །སངས་རྒྱས་ཀྱི་རིགས་རྒྱུན་མི་གཅད་པའི་དོན་དུ་གནས་ པར་འདོད་པས་ཞེས་བྱ་བ་ནི། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་ངེས་པར་ལུང་བསྟན་པ་ཡིན་པས་ན། སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ནང་སྟོང་པ་ཉིད་ལ་གནས་པར་འདོད་པས་ཞེས་བྱ་བ་ནི་ནང་གི་ཆོས་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ཏེ། དེ་ལ་མིག་མིག་གིས་སྟོང་ཞེས་བྱ་བ་ལ་སོགས་པ་ནི་ནང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ ཉིད་ཅེས་བྱ་བ་ནི། ཕྱིའི་ཆོས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཏེ། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་ནི་ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་རྣམས་ནི་ཕྱི་ནང་གི་ཆོས་ཡིན་ཏེ། དེ་ལ་ནང་གི་ཆོས་ རྣམས་ནི་ཕྱིའི་ཆོས་རྣམས་ཀྱིས་སྟོང་། ཕྱིའི་ཆོས་རྣམས་ཀྱང་ནང་གི་ཆོས་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལྟ་བུའོ། །སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེ་ཡང་ཡོད་པ་མ་ཡིན་ཏེ་སྟོང་པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། ། ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ་ནི་ཤར་གྱི་ཕྱོགས་ཤར་གྱི་ཕྱོགས་ཀྱིས་སྟོང་ངོ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་སྟེང་གི་ཕྱོགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་ཆེན་པོ་སྟོང་པ་ཉིད་གང་ཡིན་པའོ། །དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བ་ལ། དོན་དམ་པ་ནི་མྱ་ངན་ ལས་འདས་པ་སྟེ། མྱ་ངན་ལས་འདས་པ་ཡང་དོན་དམ་པར་ཡོད་པ་མ་ཡིན་པས། མྱ་ངན་ལས་འདས་པ་ཉིད་ཀྱིས་སྟོང་པ་ཉིད་གང་ཡིན་པའོ། །འདུས་བྱས་སྟོང་པ་ཉིད་ཅེས་བྱ་བ་ལ། འདུས་བྱས་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་ མེད་པའི་ཁམས་ཀྱི་ཆོས་རྣམས་ཏེ། དེ་དག་ཀྱང་འདོད་པའི་ཁམས་ནི་འདོད་པའི་ཁམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པའོ། །འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བ་ལ། འདུས་མ་བྱས་ཞེས་བྱ་བ་ནི་གང་ལ་སྐྱེ་བ་ཡང་མེད། འགག་པ་ཡང་མེད། གནས་པ་ལས་ གཞན་དུ་འགྱུར་བ་ཡང་མེད་པ་སྟེ། དེ་ལ་འདུས་མ་བྱས་པ་ཡང་འདུས་མ་བྱས་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལྟ་བུའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བ་ནི་སེམས་ཅན་ལ་སོགས་པ་དངོས་པོ་གང་གིས་མཐའ་དམིགས་སུ་མེད་པ་དེ་ལ་མཐའ་ལས་འདས་པ་ཞེས་བྱ་སྟེ། མཐའ་ལས་འདས་པ་ཉིད་མཐའ་ལས་འདས་པའི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ལྟ་བུའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་འཁོར་བ་ལ་སོགས་པ་དངོས་པོ་གང་གིས་ཐོག་མ་འོང་བ་དང་། ཐ་མ་འགྲོ་བ་དམིགས་སུ་མེད་པ་སྟེ། ཐོག་མ་ དང་ཐ་མ་མེད་པ་ཉིད་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཚེ་ན་ཡང་དགེ་བ་མི་ཟད་པར་བྱ་བའི་ཕྱིར་དོར་བ་གང་ཡང་མེད་པ་སྟེ། དོར་བ་མེད་པ་ཉིད་དོར་བ་མེད་པའི་རང་ བཞིན་གྱིས་སྟོང་པའོ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་ཀྱི་རང་བཞིན་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་གང་གིས་ཀྱང་མ་བྱས་ཏེ་རང་བཞིན་ གྱིས་སྟོང་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུགས་ཅན་དང་། གཟུགས་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་པ་ལ་སོགས་པ་སྟེ། ཆོས་དེ་དག་ཐམས་ ཅད་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་པ་གང་ཡིན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལ་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་ཡོད་པ། ཚོར་བའི་མཚན་ཉིད་ནི་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ མྱོང་བ། འདུ་ཤེས་ཀྱི་མཚན་ཉིད་ནི་མཚན་མར་འཛིན་པ། རྣམ་པར་ཤེས་པའི་མཚན་ཉིད་ནི་བྱེ་བྲག་ཏུ་རྣམ་པར་ཕྱེ་སྟེ་ཤེས་པ། ཕུང་པོ་རྣམས་ཀྱི་མཚན་ཉིད་ནི་སྡུག་བསྔལ་བ། ཁམས་ཀྱི་མཚན་ཉིད་ནི་མྱུར་བའི་དུག་དང་འདྲ་བ། སྐྱེ་མཆེད་ཀྱི་མཚན་ཉིད་ནི་རྣམ་པར་ ཤེས་པ་སྐྱེ་བའི་སྒོ་ཞེས་བྱ་བ་ལ་སོགས་པ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པ་གང་ཡིན་པའོ། །མི་དམིགས་པ་སྟོང་པ་ཉིད་ཅེས་བྱ་བ་ནི། གང་འདས་པ་ཡང་མི་དམིགས། མ་འོངས་པ་ཡང་མི་དམིགས། ད་ལྟར་ བྱུང་བ་ཡང་མི་དམིགས་ཏེ། མི་དམིགས་པ་དེ་ཉིད་མི་དམིགས་པའི་རང་བཞིན་གྱིས་སྟོང་པ་ཉིད་གང་ཡིན་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་མི་དམིགས་ཏེ། དངོས་པོ་མེད་པ་གང་ཡིན་པ་དེའི་རང་བཞིན་ཡོད་སྙམ་དུ་སེམས་པ་ལས་བཟློག་ པའི་ཕྱིར་དངོས་པོ་མེད་པ་དེ་ཡང་དངོས་པོ་མེད་པའི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལ། ངོ་བོ་ཉིད་ནི་བདག་གི་ངོ་བོ་ཉིད་དང་། གཞན་གྱི་ངོ་བོ་ཉིད་དེ་དག་དང་གཞན་གྱི་ངོ་བོ་ཉིད་ཅེས་བྱ་བ་དེ་ཡང་། བདག་དང་གཞན་གྱི་ངོ་བོ་ཉིད་ཀྱིས་ སྟོང་པ་གང་ཡིན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི། འདུས་བྱས་དང་། འདུས་མ་བྱས་པའི་ཆོས་རྣམས་དངོས་པོ་མེད་པའོ་ཞེས་བཤད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཡོད་སྙམ་དུ་རྣམ་པར་རྟོག་པ་སྐྱེ་བ་ལས་བཟློག་པའི་ཕྱིར། དངོས་པོ་མེད་ པའི་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ་སྟོང་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྟོང་པ་ཉིད་དེ་ལྟ་བུ་ལ་གནས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །སྟོང་པ་ཉིད་འདི་རྣམས་ཀྱང་རང་བཞིན་ནི་གཅིག་ཏུ་ཟད་པ་ལས། བྱེ་ བྲག་ཏུ་ཕྱེ་བ་སྟེ་བཅོ་བརྒྱད་དུ་བཤད་པ་ནི། ཕྱི་ནང་གི་དངོས་པོ་རྣམས་ལ་མཚན་མར་འཛིན་པ་ལས་བཟློག་པ་དང་། རྣལ་འབྱོར་པའི་སེམས་དང་། ཡིད་ལ་བྱེད་པའི་ཁྱད་པར་ལས་སྒྲོ་བཏགས་ཏེ་རྣམ་པ་བཅོ་བརྒྱད་དུ་བཤད་དོ། །དམིགས་པ་དང་། དབང་དང་། དེ་མ་ ཐག་པ་དང་། རྒྱུའི་རྐྱེན་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་ནི་རྐྱེན་བཞི་རྟོགས་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་སྟེ། རྣམ་པར་ཤེས་པ་སྐྱེ་བའི་རྐྱེན་བཞི་ལ། གཟུགས་ལ་སོགས་པ་ཡུལ་དྲུག་ནི་དམིགས་པའི་རྐྱེན་ཏོ། །མིག་གི་དབང་པོ་ལ་སོགས་པ་དབང་པོ་དྲུག་ ནི་དབང་གི་རྐྱེན་ཏོ། །རྣམ་པར་ཤེས་པ་དྲུག་འདས་པའི་དེ་མ་ཐག་པ་ནི་དེ་མ་ཐག་པའི་རྐྱེན་ཏོ། །ཀུན་གཞི་རྣམ་པར་ཤེས་པ་ནི་རྒྱུའི་རྐྱེན་ཏེ། རྐྱེན་དེ་རྣམས་ཀུན་རྫོབ་དང་། དོན་དམ་པའི་མཚན་ཉིད་དུ་ཕྱིན་ཅི་མ་ལོག་པར་རྟོགས་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ། ། རྣམ་པ་དང་མཚན་ཉིད་ཅེས་བྱ་བ་ནི་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་རྣམས་ཀྱི་དོན་དམ་པ་དང་། ཀུན་རྫོབ་ཀྱི་རྣམ་པ་དང་མཚན་ཉིད་རྟོགས་པར་འདོད་པས་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་ཉིད་ལ་ནི་ཐ་དད་པ་མེད་མོད་ཀྱི་དེའི་གཞི་དང་འཇུག་པ་ཐ་དད་པ་ལས་རྣམ་པ་གསུམ་དུ་དབྱེ་སྟེ། དེ་ལ་འཇུག་པ་ཐ་དད་པ་རྣམ་པ་གསུམ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་ཀྱིས་འཇུག་པའོ། །དེ་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ནི། ཕྱི་ནང་གི་ཆོས་གཟུགས་དང་སྒྲ་ལ་སོགས་པའི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ལ། ཆོས་ཐམས་ ཅད་ཀྱི་དེ་བཞིན་ཉིད་ཅེས་བྱའོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། འགྱུར་བ་མེད་པའི་དེ་བཞིན་ཉིད་དང་། ཡང་དག་པ་ཇི་ལྟ་བའི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་བཞི་པོ་འདི་ཡང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཀྱིས་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྣམ་གྲངས་ཙམ་དུ་ཟད་དེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཀྱིས་འཇུག་པས་ཁོང་དུ་ཆུད་པར་འདོད་པ་བསྟན་ཏོ། །ཆོས་ཐམས་ཅད་ཀྱི་ཆོས་ཀྱི་ དབྱིངས་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་རང་བཞིན་ནི་སྟོབས་དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་དེ་ལྟ་བུ་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཀྱི་འཇུག་པས་ཁོང་དུ་ཆུད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཐའ་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཕུང་ པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི། ཡང་དག་པའི་མཐའི་དེ་བཞིན་ཉིད་ཅེས་བྱ་སྟེ། ཡང་དག་པའི་མཐའི་དེ་བཞིན་ཉིད་དེ་ལྟ་བུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་ཀྱི་འཇུག་པས་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ས་ བརྒྱད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐོབ་པར་འདོད་པ་བསྟན་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཤེས་པར་འདོད་པས་ཞེས་བྱ་བ་ལ་སོགས་པ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་ བསྟན་པའི་བར་དུ་ནི་ས་དགུ་པའི་སོ་སོ་ཡང་དག་པར་རིག་པའི་ཡོན་ཏན་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱ་བ་བསྟན་པ་སྟེ། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཤེས་པ་དང་། སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་ལ་སོགས་པའི་ཆུ་རྣམས་སྐྲའི་རྩེ་མོ་བརྒྱར་གཤགས་པས་གྱེན་དུ་བླང་བར་འདོད་པ་ལ་སོགས་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པའི་མཐུས་དེ་ལྟར་ནུས་པ་བསྟན་པ་སྟེ། སྐབས་འདིར་ཆོས་སོ་སོ་ཡང་དག་པར་རིག་པ་ ཞེས་བྱ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་དུ་ཡང་དག་པར་རིག་པ་སྟེ། ཇི་ལྟར་སྣང་ཞིང་གྲག་པའི་ཆོས་ཐམས་ཅད་དོན་དམ་པར་ཇི་ལྟར་སྣང་ཞིང་གྲག་པ་བཞིན་དུ་མ་གྲུབ་པས། བྱང་ཆུབ་སེམས་དཔའི་སེམས་ ཀྱི་དབང་དུ་གྱུར་ཏེ། ཀུན་རྫོབ་ཏུ་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་བསྟན་པའི་ཕྱིར་ས་དང་། ཆུ་དང་། མེ་དང་། རླུང་ལ་སོགས་པའི་ཆོས་རྣམས་ལ་དབང་དུ་གྱུར་པ་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་ གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་འགོད་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་མཐུ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད་མཁྱེན་པས། དེ་དག་གི་སྒྲ་དང་སྐད་དུ་ཆོས་བསྟན་ཏེ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ལ་འགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་དང་སྦྱར་ཏེ། དེ་བཞིན་དུ་ཕྱོགས་བཅུར་བསྒྲེ་བར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་གཏོང་བའི་ཚེ་འདི་ལྟར་བསླབ་པར་བྱ་སྟེ། སྦྱིན་པ་རྣམ་པ་འདི་ལྟར་བྱིན་ན་ནི་འབྲས་བུ་ཆེན་པོར་འགྱུར་ཞེས་བྱ་བ་ལ་སོགས་པས་དོན་སོ་སོ་ཡང་དག་པར་རིག་པའི་མཐུ་བསྟན་ཏེ། སྦྱིན་པ་ལ་སོགས་པའི་ ཆོས་རྣམས་བཤད་ཅིང་། སྤྱད་པའི་དོན་རྣམས་རྟོགས་ནས་དོན་དམ་པར་རྟོགས་པའི་དབང་གིས་ནི་འཁོར་གསུམ་ཡོངས་སུ་དག་པར་འགྱུར། ཀུན་རྫོབ་ཀྱི་དོན་རྟོགས་པའི་དབང་གིས་ནི་འབྲས་བུ་ཆེན་པོར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སྦྱིན་པ་འདི་ལྟར་བྱིན་ན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་པུའི་ནང་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ པ་ལྷག་མ་ལྔ་རྣམས་འདུས་པར་བསྟན་པ་སྟེ། དེ་ལ་ཟང་ཟིང་དང་ཆོས་དང་། མི་འཇིགས་པ་གསུམ་ལས་གང་ཡང་རུང་བ་ཅིག་སྦྱིན་པར་བྱེད་པའི་ཚེ། འཁོར་གསུམ་ཡོངས་སུ་དག་པར་བྱིན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྦྱིན་པ་བྱེད་པ་དེ་ཉིད་ཀྱི་ཚེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་སྤོང་བ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ། ལེན་པ་པོ་ལ་སེམས་འཁྲུག་པ་མེད་པར་བྱམས་པ་དང་། སྙིང་རྗེ་བསྐྱེད་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ། བདག་གི་ལག་དར་ཅིང་སྦྱིན་པ་བྱ་བར་སྤྲོ་བའི་སེམས་བསྐྱེད་པ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ། སེམས་གཞན་དུ་མ་ཡེངས་ཤིང་རྩེ་གཅིག་ཏུ་གྱུར་པ་ཉིད་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ། འཁོར་གསུམ་ཡོངས་སུ་དག་པར་བྱེད་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་ལྟར་ས་དགུ་པའི་ཡོན་ཏན་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བསྟན་ནས། ད་ནི་ས་བཅུ་ལ་ མཐར་ཐུག་པར་གནས་པའི་ཡོན་ཏན་རྣམས་ཐོབ་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བསྟན་པ། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་པར་འདོད་པ་དང་། ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་ནི་རྣམ་པ་གཉིས་ཏེ། དོན་དམ་པའི་ཡོན་ཏན་དང་། ཀུན་རྫོབ་ཀྱི་ཡོན་ཏན་ནོ། །དེ་ལ་དོན་དམ་པའི་ཡོན་ཏན་ནི་ཆོས་ ཀྱི་སྐུའི་རང་བཞིན་རྣམ་པར་དག་པ་ཉིད་དོ། །ཀུན་རྫོབ་ཀྱི་ཡོན་ཏན་ནི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །ཆོས་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བ་ལ། འདུས་བྱས་ཀྱི་ཆོས་ཞེས་བྱ་བ་ནི། རྒྱུ་ དང་རྐྱེན་རྣམས་འདུས་ཤིང་ཚོགས་པས་བྱས་པ་ལ་འདུས་བྱས་ཞེས་བྱ་སྟེ། དེ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པ་ནི། ཁམས་གསུམ་དུ་གཏོགས་པའི་ཆོས་རྣམས་སོ། །ཟག་པ་མེད་པ་ནི་འཕགས་པའི་ལམ་གྱི་རང་ བཞིན་ཏེ། ཆོས་དེ་དག་ཀུན་རྫོབ་དང་། དོན་དམ་པའི་ཚུལ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི། མཐར་ཕྱིན་ཅིང་ཆུབ་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཆོས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་ཞེས་བྱ་བ་ལ་ཟག་པ་དང་བཅས་པ་ནི་གཟུགས་ལ་ སོགས་པ་སྟེ། གང་ལ་ཉོན་མོངས་པ་རྣམས་སྐྱེ་བ་རྣམས་སོ། །ཟག་པ་མེད་པ་ནི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་སྟེ། གང་ལ་ཉོན་མོངས་པ་རྣམས་མི་འབྱུང་བའོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་ནི་སྔ་མ་བཞིན་ནོ། །ཆོས་དགེ་བ་དང་མི་ དགེ་བ་རྣམས་ཞེས་བྱ་བ་ལ་དགེ་བ་ནི་འདོད་ཆགས་མེད་པ་དང་། གཏི་མུག་མེད་པ་དང་། ཞེ་སྡང་མེད་པ་ལ་སོགས་པའོ། །མི་དགེ་བ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའོ། །ཆོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམས་ཞེས་བྱ་བ་ནི་མོས་ པས་སྤྱོད་པའི་ས་མན་ཆད་ནི་འཇིག་རྟེན་པའི་ཆོས་སོ། །ས་དང་པོ་ཡན་ཆད་སངས་རྒྱས་ཀྱི་ས་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ། །ཆོས་གཟུགས་ཡོད་པ་དང་། གཟུགས་མེད་པའི་རྣམས་ཞེས་བྱ་བ་ལ། གཟུགས་ཡོད་པ་ལ་ནི་བལྟར་སྣང་ཞིང་ ཐོགས་པ་དང་བཅས་པ་རྣམས་སོ། །གཟུགས་མེད་པ་ནི་བལྟར་མི་སྣང་ལ་ཐོགས་པ་མེད་པ་རྣམས་སོ། །ཆོས་ལུང་བསྟན་དུ་ཡོད་པ་དང་། ལུང་བསྟན་དུ་མེད་པ་རྣམས་ཞེས་བྱ་བ་ལ་ལུང་བསྟན་དུ་ཡོད་པ་ནི་འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་ སེམས་ཀྱིས་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་སྤྱད་པའི་རྒྱུས་མཐོ་རིས་དང་ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ལུང་བསྟན་དུ་རུང་བ་རྣམས་སོ། །ལུང་བསྟན་དུ་མེད་པ་ནི་བཟོའི་གནས་དང་རོལ་མོ་ལ་སོགས་པ་སྤྱད་པའི་འབྲས་བུ་བདེ་བ་དང་། སྡུག་བསྔལ་གང་དུ་ཡང་འགྱུར་བར་ངེས་པ་མེད་པའོ། །ཆོས་ངེས་པ་དང་མ་ངེས་པ་ཞེས་བྱ་བ་ལ། ངེས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་རིས་སུ་ངེས་པ་རྣམས་སོ། །མ་ངེས་པ་ནི་དགེ་བའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོའི་ཁར་ ལས་པ་རྣམས་སོ། །ཆོས་འབྱུང་བ་དང་མི་འབྱུང་བ་རྣམས་ཞེས་བྱ་བ་ལ། འབྱུང་བ་ནི་ཁམས་གསུམ་ནས་འབྱུང་བའི་རང་བཞིན་ཅན་རྣམས་ཏེ། རྒྱུན་ཏུ་ཞུགས་པ་ལ་སོགས་པ་ཉན་ཐོས་ཀྱི་འབྲས་བུ་རྣམས་དང་། ས་དང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ས་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུར་གྱུར་པ་རྣམས་སོ། །མི་འབྱུང་བ་རྣམས་ནི་དེ་ལས་བཟློག་པ་འཁོར་བའི་རྒྱུར་གྱུར་པའི་ཆོས་རྣམས་སོ། །ཆོས་འགྲིབ་པའི་ཚུལ་ཅན་དང་ཁྱད་པར་གྱི་ཚུལ་ཅན་རྣམས་ཞེས་བྱ་བ་ལ་འགྲིབ་ པའི་ཚུལ་ཅན་གྱི་ཆོས་ནི་ཤེས་བྱ་དང་། ཉོན་མོངས་པའི་སྒྲིབ་པ་རྣམས་སོ། །ཁྱད་པར་གྱི་ཆོས་ནི་སྒྲིབ་པ་དེ་གཉིས་ཀྱི་གཉེན་པོར་གྱུར་པ་རྣམས་སོ། །སོ་སོའི་སྐྱེ་བོའི་ཆོས་དང་། འཕགས་པའི་ཆོས་རྣམས་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོའི་ཆོས་ནི་མི་རྟག་པ་ལ་རྟག་པ་དང་། སྡུག་བསྔལ་བ་ལ་བདེ་བ་དང་། མི་གཙང་བ་ལ་གཙང་བ་དང་། བདག་མེད་པ་ལ་བདག་ཏུ་ལྟ་བ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་སྤྱོད་པ་རྣམས་སོ། །འཕགས་པའི་ཆོས་ནི་དེ་ལས་བཟློག་པ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་གཙང་བ་ལ་སོགས་ པར་ལྟ་བའོ། །སློབ་པའི་ཆོས་དང་མི་སློབ་པའི་ཆོས་རྣམས་ཞེས་བྱ་བ་ལ། སློབ་པའི་ཆོས་ནི་རྒྱུན་ཏུ་ཞུགས་པ་ནས་ཕྱིར་མི་ལྡོག་པའི་བར་གྱི་ཆོས་རྣམས་སོ། །མི་སློབ་པ་ནི་དགྲ་བཅོམ་པའི་འབྲས་བུའི་ཆོས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ལ། ཉན་ཐོས་ཀྱི་ཆོས་ནི་འཕགས་པའི་བདེན་པ་བཞིའི་སྒོ་ནས་འཇུག་པ་ལ་སོགས་པའོ། །རང་སངས་རྒྱས་ཀྱི་ཆོས་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པའི་སྒོ་ནས་འཇུག་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ ལ། བྱང་ཆུབ་སེམས་དཔའི་ཆོས་ནི་མོས་པས་སྤྱོད་པའི་ས་ནས་ས་བཅུའི་བར་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་དེའི་འབྲས་བུར་གྱུར་པ། སངས་རྒྱས་ཀྱི་སར་གཏོགས་པ། ཡེ་ཤེས་ལྔ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། ། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་པས་ཞེས་བྱ་བ་ནི་སྔར་སྨོས་པའི་ཆོས་ཐམས་ཅད་མདོར་བསྡུས་ནས་བསྟན་པ་སྟེ། མདོར་ན་ཇི་སྐད་དུ་སྨོས་པའི་ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་དུ་ཡང་དག་པ་ཇི་ལྟ་བ་ཉིད་དུ་རྟོགས་ཏེ། མཐར་ཕྱིན་པར་འདོད་པས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །ཆོས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གོང་དུ་སྨོས་པའི་ཆོས་རྣམས་ ཀྱི་དོན་དམ་པའི་མཚན་ཉིད་རྟོགས་པའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བ་བསྟན་པ་སྟེ། དོན་དམ་པའི་མཚན་ཉིད་ཀྱང་དེ་བཞིན་ཉིད་དང་། མི་སྐྱེ་བ་དང་། ཡང་དག་པའི་མཐའ་ཞེས་བྱ་བ་སྟེ། དེ་དག་གི་མཐར་ཕྱིན་པར་ འདོད་པས་ཞེས་བྱ་བའི་ཐ་ཚིག་གོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་འདོད་པས་ཞེས་བྱ་བ་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡེ་ཤེས་དང་། མཐུ་དང་། རྫུ་འཕྲུལ་ལ་སོགས་པས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་པས་ཁྱད་ཞུགས་ པར་འཕགས་ཏེ། གཙོ་བོར་གྱུར། དམ་པར་གྱུར། ཕུལ་དུ་གྱུར་པ་ལ་སྔོན་དུ་འགྲོ་བ་ཞེས་བྱ་བ་སྟེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་རིམ་གྲོར་བྱ་བར་ འདོད་པས་ཞེས་བྱ་བ་ནི། ས་བཅུའི་བྱང་ཆུབ་སེམས་དཔའ་དབང་ཐོབ་པའི་མཐུ་དང་། རྫུ་འཕྲུལ་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་ཡང་བླ་ན་མེད་པའི་རིམ་གྲོ་བསམ་གྱིས་མི་ཁྱབ་པ་མཛད་པའི་མཐུ་མངའ་བ། དེ་ལྟ་བུའི་ཡོན་ཏན་ཐོབ་པ་ ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ནང་གི་འཁོར་དུ་གྱུར་པར་འདོད་པས་ཞེས་བྱ་བ་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་སར་སྐྱེ་བ་གཅིག་གིས་ཐོགས་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དར་ལས་ཆོད་པ་ཙམ་དུ་ཟད་པས་སངས་ རྒྱས་ཀྱི་འཁོར་དུ་ཉེ་བའི་ཕྱིར་ནང་གི་འཁོར་ཞེས་བྱ་སྟེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཞེས་བྱ་བ་དང་སྦྱར་རོ། །འཁོར་མང་པོ་དང་ལྡན་པར་འདོད་པས་ཞེས་བྱ་བ་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་འདྲ་བར་གྱུར་པས། བརྒྱ་བྱིན་དང་ཚངས་པ་ ལ་སོགས་པ་ལྷའི་ནང་ན་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་བཀུར་སྟི་བྱ་བའི་གནས་ཡིན་ཏེ། འཁོར་དེ་ལྟ་བུ་མང་པོ་དང་ལྡན་པར་འདོད་པས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་འཁོར་ཐོབ་པར་འདོད་པས་ཞེས་བྱ་བ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ ས་འོག་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་དུ་བསྐོར་ཅིང་བཀུར་སྟི་བྱ་བའི་གནས་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་བདག་ཐམས་ཅད་ཀྱི་སྦྱིན་པ་ཡོངས་སུ་དག་པར་འདོད་པས་ཞེས་བྱ་བ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་ ཐམས་ཅད་ཀྱི་མཐར་ཕྱིན་པས་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་ཕྱིར་རོ། །སྦྱིན་པ་ལ་ཐོགས་པ་མེད་པའི་སེམས་དང་ལྡན་པར་འདོད་པས་ཞེས་བྱ་བ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་མི་མཐུན་པའི་ཕྱོགས་ ཅུང་ཟད་ཀྱང་མེད་པ་དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་འདོད་པས་ཞེས་བྱ་བ་ལ་སོགས་པ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔས་ཆོས་བཤད་ཅིང་སེམས་ཅན་གྱི་དོན་དུ་སྦྱར་ བ་རྣམས་ལ་ཐོགས་པ་མེད་དེ། ཇི་ལྟར་སྦྱར་བ་དེ་བཞིན་དུ་འགྲུབ་པས་དོན་མེད་པར་མི་འགྱུར་བའི་ཕྱིར། སེམས་ཅན་རྣམས་བསོད་ནམས་བྱ་བའི་དངོས་པོ་ལྔ་ལ་འགོད་པ་དོན་མེད་པར་མི་འགྱུར་ཏེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཞེས་བྱ་བའི་དོན་ཏོ། །མིག་ལྔ་རྣམ་པ་ཐམས་ ཅད་དུ་ཡོངས་སུ་སྒྲུབ་པར་འདོད་པས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུའི་སྤྱན་ནི་ཤའི་མིག་གོ། །ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་ལྷའི་མིག་གོ། །ཐམས་ཅད་མཁྱེན་ པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་གོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱ