Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 91
Văn bản gốc(Tây Tạng)
Trang 4 / 21 (50.000 ký tự/trang)
ེན་པ་དང་། མོས་པ་སྣ་ཚོགས་མཁྱེན་པ་དང་། ཁམས་སྣ་ཚོགས་མཁྱེན་པའི་ཡེ་ཤེས་ནི་ཆོས་ཀྱི་མིག་གོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པའི་ ཡེ་ཤེས་དགྲ་བཅོམ་པའི་ལམ་མཁྱེན་པ་ནི་སངས་རྒྱས་ཀྱི་མིག་གོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ལྷའི་མིག་གིས་བལྟ་བར་འདོད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ས་ བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་ཁྱད་པར་དུ་འཕགས་པ་ཐོབ་པར་བསྟན་པ་སྟེ། འཇིག་རྟེན་པའི་མངོན་པར་ཤེས་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་ཤེས་པ་རྣམས་ནི་བདག་དང་མཚུངས་པ་དང་། བདག་ པས་དམའ་བ་རྣམས་ཀྱི་སེམས་ལ་སོགས་པ་ཤེས་པ་ཙམ་དུ་ཟད་ཀྱི། བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་མངོན་པར་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པས་གོང་མ་རྣམས་ཀྱི་ཐུགས་ལ་སོགས་པ་ཤེས་པ་ལ་ཐོགས་པ་མེད་དེ། དེ་ལྟ་བུའི་མངོན་པར་ ཤེས་པ་ཁྱད་པར་ཅན་དང་ལྡན་པའི་ཡོན་ཏན་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ཕྱོགས་ལྷག་མ་བཅུ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཕྱོགས་བཅུ་ཀུན་དུ་ཆོས་གང་སྟོན་པ་དེ་དག་ཐམས་ཅད་དྲན་པའི་སྟོབས་དང་། ཤུགས་གཅད་དུ་མི་ཆོད་པས་ཡང་དག་པར་གཟུང་བར་འདོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་དེ་ཐམས་ཅད་ ཆུད་མི་ཟ་བར་འདོད་པས་ཞེས་བྱ་བ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་གཟུངས་ཁྱད་པར་ཅན་བསྟན་ཏེ། ཡོན་ཏན་དེ་ལྟ་བུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མང་པོ་མཐོང་བར་འདོད་པ་དང་། ཡོངས་སུ་སྒྲུབ་པར་འདོད་པས་ཞེས་བྱ་བ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་དག་པ་དང་། མ་དག་ པ་མཐོང་བར་བྱ་བ་དང་ཡོངས་སུ་དག་པ་སྒྲུབ་ནུས་ཏེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་ཞེས་བྱ་བ་ ལ་སོགས་པ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་མཐུ་བསྟན་པ་སྟེ། དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་དག་སྐད་ཅིག་ཡུད་ཙམ་ཐང་ཅིག་གིས་ཐོས་པ་དང་། གཟུང་བ་ནས་གཞན་ལ་རྒྱ་ཆེར་ཡང་དག་པར་སྟོན་པར་ནུས་པའི་ཡོན་ཏན་ དེ་ལྟ་བུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་བྱང་ཆུབ་སེམས་དཔའ་ དེ་དག་གི་ཤེས་རབ་ཡོངས་སུ་དག་པ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལྟ་བུ་ཐོབ་པར་འདོད་པས་ཞེས་བྱ་བའི་དོན་ཏེ། དེ་བཞིན་དུ་ཕྱོགས་བཅུ་ལ་སྦྱར་བར་བྱའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། མུན་པ་མུན་གནག་ སྨག་ཏུ་གྱུར་པ། སྨག་གིས་ཁྱབ་པ། ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་གཟི་བརྗིད་ཆེ་ལ། འདི་ལྟར་མཐུ་ཆེ་བ་གཉིས་ཀྱིས་ཀྱང་ལྷམ་མེར་མི་རུང་། ལྷན་ནེར་མི་རུང་། ལྷང་ངེར་མི་རུང་བ་དེ་ལྟ་བུ་ཐམས་ཅད་སྣང་བར་བྱ་བར་འདོད་པས་ཞེས་བྱ་བ་ལ་སོགས་པས་ནི་ས་བཅུ་ པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། དེ་ལྟ་བུའི་མཐུ་དང་ཡོན་ཏན་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། མུན་པ་མུན་གནག་སྨག་ཏུ་གྱུར་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་དག་གི་བར་ གྱི་མུན་གནག་ལ་བྱའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་སེམས་ཅན་རྣམས་ཀྱིས་མ་ཐོས་པ་དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་དག་ཏུ་སེམས་ཅན་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ དང་ཆོས་དང་དགེ་འདུན་གྱི་སྒྲ་ཐོས་པར་བྱ་བར་འདོད་པ་དང་། ཡང་དག་པའི་ལྟ་བ་ལ་དགོད་པར་འདོད་པ་དང་ཞེས་བྱ་བ་ལ་སོགས་པས་ས་བཅུའི་བྱང་ཆུབ་སེམས་དཔའ་དེ་དག་གི་མཐུས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པ་བསྟན་ཏེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ་ཞེས་བསྟན་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ལོང་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བདག་གི་མཐུས་མིག་གིས་གཟུགས་མཐོང་བ་དང་། འོན་པ་ རྣམས་རྣ་བས་སྒྲ་ཐོས་པ་དང་། སྨྱོན་པ་རྣམས་དྲན་པ་ཐོབ་པ་དང་། གོས་མེད་པ་རྣམས་གོས་ཐོབ་པ་དང་། བཀྲེས་པ་དང་སྐོམ་པ་རྣམས་ཟས་དང་སྐོམ་ཐོབ་པ་དང་། ནད་པ་རྣམས་ནད་འཚོ་བར་འགྱུར་བ་དང་། བཙོན་ར་དང་ཁྲི་མོན་ན་འཁོད་པ་རྣམས་བདག་གི་རྫུ་འཕྲུལ་དང་། བདག་ གི་མཐུས་དགའ་མགུར་འདོང་དུ་ཡོད་པར་བྱའོ་སྙམ་ན་ཡང་ཞེས་བྱ་བ་ལ་སོགས་པས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་སྡུག་བསྔལ་སྣ་ཚོགས་ལས་ཐར་བར་བྱ་བའི་མཐུ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། མཐུ་དང་ཡོན་ཏན་དེ་ལྟ་བུ་ཐོབ་པར་འདོད་པས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་མི་ཁོམ་པ་དང་། ངན་སོང་དུ་ལྷུང་བ་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་ རྗེའི་འཇིག་རྟེན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བདག་གི་མཐུས། དེ་ནས་ཚེ་འཕོས་ནས་མིའི་ལུས་ཐོབ་པར་བྱ་སྙམ་སྟེ་ཞེས་བྱ་བ་ལ་སོགས་པས་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་མཐུས་སེམས་ཅན་རྣམས་ཀྱི་མི་ཁོམ་པ་བརྒྱད་ལ་སོགས་པ་མེད་པར་བྱ་ནུས་པ་དང་། དེ་དག་མེད་པར་བྱས་ནས་ཀྱང་། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་འབྲས་བུ་ཕུན་སུམ་ཚོགས་པ་ལ་འགོད་པར་ནུས་པ་བསྟན་པ་སྟེ། མཐུ་དང་ཡོན་ཏན་དེ་ལྟ་བུ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། ། དེ་ལྟར་ས་བཅུ་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་། ཆེ་བའི་བདག་ཉིད་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བསྟན་ནས། དེའི་འོག་ཏུ་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བསྟན་པའི་ ཕྱིར། དེ་བཞིན་གཤེགས་པའི་སྤྱོད་ལམ་ལ་བསླབ་པར་འདོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་བཞིན་གཤེགས་པའི་སྤྱོད་ལམ་ནི་བཞེངས་པ་དང་། བཞུད་པ་དང་། བཞུགས་པ་དང་། མནལ་བ་རྣམས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་ སེམས་དཔའ་ལ་སོགས་པ་གཞན་གང་དང་ཡང་མི་འདྲ་བར་འཕགས་པར་བཟང་ཞིང་འདི་ཁོ་ན་ལྟ་བུ་ཡིན་ནོ་ཞེས་སུས་ཀྱང་མི་རྟོགས་པའོ། །དེ་བཞིན་གཤེགས་པའི་སྤྱོད་པ་དང་། ཚུལ་རྣམ་པར་དག་པ་ཞེས་བྱ་བ་ཡང་སྤྱོད་ལམ་གྱི་ཁྱད་པར་ཉིད་བསྟན་ཏེ། སྤྱོད་པ་དང་ཚུལ་ལ་སྐྱོན་མེད་ ཅིང་། བདག་དང་གཞན་གྱི་དོན་དུ་ཕུན་སུམ་ཚོགས་པར་མཛད་པ་ལ་རྣམ་པར་དག་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་དང་ཞེས་བྱ་བ་ལ་སོགས་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བཤད་པའི་སྐབས་སུ་བཤད་པའོ། །ཇི་ལྟར་ན་བདག་གིས་གླང་ པོ་ཆེན་པོའི་ལྟ་སྟངས་ཀྱིས་བལྟས་ཏེ། སེམས་ཅན་རྣམས་ལ་ཐོགས་པ་མེད་པར་ཆོས་བསྟན་པར་འགྱུར་ཞེས་བྱ་བ་ལ། གླང་པོ་ཆེ་ཞེས་བྱ་བ་ནི་རྒྱ་གར་སྐད་དུ་ནཱ་ག་ཞེས་བྱ་སྟེ། ནཱ་ག་ཞེས་བྱ་བ་དམ་པའམ། མཆོག་གམ། གཙོ་བོ་ལ་ཡང་བྱ། གླང་པོ་ཆེ་དང་། ཀླུ་དང་། སངས་རྒྱས་བཅོམ་ལྡན་འདས་ལ་ཡང་བྱ་སྟེ། སྐབས་འདིར་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟིགས་པའི་སྟངས་སམ་ཐབས་ལ་གླང་པོ་ཆེའི་ལྟ་སྟངས་ཞེས་བྱ་སྟེ། ལྟ་སྟངས་དེ་ཡང་སྟེང་ན་འདུག་པ་ལ་བསྐྱེད་དེ་མི་ལྟ། འོག་ན་འདུག་པ་ལ་བཏུད་དེ་མི་ལྟ། གཡས་ གཡོན་ན་འདུག་པ་ལ་མིག་བཟུར་ཏེ་མི་ལྟ། རྒྱབ་ན་འདུག་པ་ལ་མཇིང་པ་བསྒྱུར་ཏེ་མི་ལྟ། ཐག་རིང་པོ་ན་འདུག་པ་ལ་བསྒྲིམས་ཏེ་མི་ལྟ། ཐག་ཉེ་བ་ན་འདུག་པ་ལ་སྒྲིམ་པ་མེད་པར་ཡང་མི་ལྟའི། ཇི་ལྟར་འདུག་པའི་སྤྱོད་ལམ་དང་ཇི་ལྟར་ལྟ་བའི་མིག་གིས་འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་ལ་ལྟ་བ་ནི་གླང་པོ་ཆེའི་ལྟ་སྟངས་ཞེས་བྱ་སྟེ་ལྟ་སྟངས་དེ་ལྟ་བུས་བལྟས་ནས། སེམས་ཅན་རྣམས་ལ་ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་ཆོས་སྟོན་པའི་ཡོན་ཏན་ཆེ་བའི་བདག་ཉིད་དེ་བཞིན་གཤེགས་པ་ལ་མངའ་ བ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན་བདག་སེང་གེ་ཆེན་པོའི་རྣམ་པར་བསྒྱིངས་པས་རྣམ་པར་བསྒྱིངས་པར་འགྱུར་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་མཐུ་དང་། གཟི་བརྗིད་ཀྱིས་བདུད་དང་ ཕས་རྒོལ་བ་ལ་སོགས་པ་སྤ་གོང་ཞིང་ཟིལ་གྱིས་མནན་པའི་མཐུ་བསྟན་པའོ། །ཇི་ལྟར་ན་བདག་གིས་དོན་ཡོད་པའི་རྣམ་པར་མནན་པས་རྣམ་པར་མནན་པར་བྱ་ཞེས་བྱ་བ་ནི། རྣམ་པར་སྨིན་པའི་འབྲས་བུ་བསྟན་པ་སྟེ། གཟི་བྱིན་གྱིས་ཟིལ་གྱིས་མནན་ནས་དེའི་མཐུས་དམ་པའི་ཆོས་ལ་ བཀོད་དེ་ཡོངས་སུ་སྨིན་པར་བྱ་བའོ། །ཇི་ལྟར་ན་བདག་ས་ཆེན་པོ་ལ་སོར་བཞི་ཙམ་གྱི་རྐང་པ་ས་ལ་མི་རེག་པར་འགྲོ་བར་འགྱུར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་སྐུའི་སྤྱོད་ལམ་སྐྱོན་མེད་པ་བསྟན་ཏེ། ཡོན་ཏན་དེ་ལྟ་བུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་བདག་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་མངོན་པར་འཚང་རྒྱ་བའི་ཚེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་ན་འཁོར་ཕུན་སུམ་ཚོགས་པ་བསྟན་ཏེ། ཡོན་ཏན་དེ་ལྟ་ བུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན་བདག་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པའི་ཚེ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་མངོན་པར་འཚང་རྒྱ་བ་ན་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པའི་ཚེ་གདན་བཏིང་བ་ཕུན་ སུམ་ཚོགས་པ་དང་གདན་ཕུན་སུམ་ཚོགས་པ་བསྟན་པ་སྟེ། དེ་ལྟ་བུ་ཐོབ་པར་འདོད་པས་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན་བདག་སྙིང་པོ་བྱང་ཆུབ་ལ་འདུག་སྟེ། མཚན་གྱིས་ལེགས་པར་བརྒྱན་པའི་ལག་གིས་ས་ཆེན་པོ་ལ་བརྡབས་ནས་ནག་པོའི་ཕྱོགས་བདུད་འཁོར་དང་བཅས་ པ་ཤིན་ཏུ་ཕམ་པར་བྱ་སྙམ་ན་ཡང་ཞེས་བྱ་བས་ནི་བདུད་ལས་རྒྱལ་བ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལྟ་བུར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་ རྒྱས་ནས། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བའི་ས་ཕྱོགས་དེ་དག་རྡོ་རྗེའི་རང་བཞིན་དུ་འདུག་པར་འགྱུར་སྙམ་ན་ཡང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་རྡོ་རྗེ་ལྟ་བུ་དང་ལྡན་པ་བྱིན་ཆེ་བ་བསྟན་པ་སྟེ། ས་གཞི་རྡོ་རྗེའི་རང་བཞིན་དུ་མ་གྱུར་ན་སས་མི་ཐེག་ ཅིང་འགས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ན་བདག་ཉི་མ་གང་ལ་མངོན་པར་བྱུང་བ་དེ་ཉིད་ཀྱི་ཉི་མ་ལ་ནག་པོའི་ཕྱོགས་འཁོར་དང་བཅས་པ་ཕམ་པར་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་འབྲས་བུ་དང་བཅས་པ་བསྟན་པ་སྟེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་ པས་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་ཚེ། ཉན་ཐོས་ཀྱི་དགེ་འདུན་ནི་ཚད་མེད་གྲངས་མེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་འཁོར་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང་། སྐུ་ ཚེའི་ཚད་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པ་དང་། འོད་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། དེ་ལྟ་བུའི་ཆེ་བའི་བདག་ཉིད་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་སྒྲ་ཡང་མི་གྲག་པར་བྱ་སྙམ་ན་ཡང་ཞེས་བྱ་བས་ནི་དེ་བཞིན་གཤེགས་པས་ཉོན་མོངས་པའི་བདུད་བཅོམ་པའི་རྒྱུ་མཐུན་པའི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ པའོ། །ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་ཚེ་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད་འདི་ལྟར་སྦྱིན་པ་ན་དགེ་བའོ་ཞེས་བྱ་བ་ལ་སོགས་པས་ནི། དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཕུན་སུམ་ ཚོགས་པ་བསྟན་པ་སྟེ། སྔོན་ཤེས་རབ་སྦྱངས་པའི་འབྲས་བུས་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་སེམས་ཅན་རྣམས་དེ་ལྟ་བུའི་ཤེས་རབ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་དང་སྦྱར་ རོ། །ཇི་ལྟར་ན་བདག་ཡོངས་སུ་མྱ་ངན་ལས་འདས་ཀྱང་དམ་པའི་ཆོས་ནུབ་ཅེས་བྱ་བའི་སྒྲ་ཡང་མི་གྲག་པར་འགྱུར་སྙམ་ན་ཡང་ཞེས་བྱ་བས་ནི་དམ་པའི་ཆོས་ནུབ་པར་མི་འགྱུར་བའི་བྱིན་གྱི་རླབས་ཕུན་སུམ་ཚོགས་པ་ཐོབར་བྱ་བ་བསྟན་པའོ། །ཇི་ལྟར་ན་བདག་ གི་མིང་ཐོས་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ནི་སྔོན་གྱི་སྨོན་ལམ་གྱི་རྒྱུ་མཐུན་པའི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། སྔོན་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ། ངའི་མིང་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་ སྨོན་ལམ་བཏབ་པ་དེ་བཞིན་དུ། མངོན་པར་བྱང་ཆུབ་པའི་ཚེ་གྲུབ་པར་གྱུར་པ་དེ་ལྟ་བུ་ཐོབ་པར་འདོད་པས་ཞེས་བྱ་བ་དང་སྦྱར་རོ། །ཤ་ར་དྭ་ཏིའི་བུ་གང་གི་ཚེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡོན་ཏན་འདི་དག་ སྒྲུབ་པར་གྱུར་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཆེ་བའི་བདག་ཉིད་ཐོབ་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པའི་ཕན་ཡོན་བསྟན་པའོ། །དེ་ནི་སེམས་ཅན་རྣམས་བྱང་ཆུབ་ལ་དགོད་པའི་ཕྱིར་ཚངས་པར་ སྤྱོད་པ་ཡིན་ཏེ། འདུ་བའི་ཆོས་རྣམས་ཀྱིས་ཡོངས་སུ་འདུ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་དག་པ་དང་། སྤྱོད་པ་ཡོངས་སུ་དག་པ་བསྟན་པའོ། །ཅི་ལགས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ལ་ཕ་མ་དང་། མཆིས་འབྲང་དང་། བུ་དང་བུ་མོ་གདོན་མི་འཚལ་བར་འཚལ་ལམ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བྱང་ཆུབ་སེམས་དཔའི་ཡོན་ཏན་གླེངས་ནས། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་བྱང་ཆུབ་སེམས་དཔའ་དེའི་ཕ་མ་ལ་སོགས་པར་འགྱུར་བར་ཡིད་དམ་ བཅས་པ་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དགའ་བར་གྱུར་ཏེ། བཙུན་མོའི་འཁོར་དབུལ་བར་ཡིད་དམ་བཅས་པ་ལས་གྲེངས་ནས། ཤཱ་རིའི་བུས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལ་བུ་སྨད་ལ་སོགས་པ་གདོན་མི་ཟ་བར་འཚལ་ལམ་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཉིད་འདོད་པའི་ཡོན་ཏན་ལྔ་ལ་ཆགས་ཏེ་སྤྱོད་པ་ནི་མ་ཡིན་གྱི། ཀུན་རྫོབ་ཀྱི་བདེན་པ་ལ་གནས་ཏེ་མ་ཆགས་བཞིན་དུ་ཐབས་མཁས་པས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་བསྡུས་ཏེ་དམ་པའི་ཆོས་ལ་དགོད་པའི་ ཕྱིར། འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པ་བསྟན་པ་སྟེ། འདི་ཡན་ཆད་དུ་གང་གི་ཕྱིར་བརྩོན་པར་བྱ་བ་བསྟན་ཟིན་ཏོ། །དེ་ལྟར་གང་གི་ཕྱིར་བརྩོན་པར་བྱ་བ་བསྟན་ནས། ད་ནི་ཇི་ལྟར་བརྩོན་པར་བྱ་བ་བསྟན་པའི་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཇི་ལྟར་སྤྱད་པར་བགྱི་ཞེས་བྱ་བས་ནི་ཤཱ་རིའི་བུས་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་། དེ་ལ་སྤྱད་པ་གསུམ་ཞུས་སོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་གང་ཟག་ལ་བདག་མེད་པའི་སྒོ་ནས། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མིང་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དང་། སྤྱོད་པ་དང་མི་སྤྱོད་པ་རྣམས་དོན་དམ་པར་དམིགས་སུ་མེད་པ་བསྟན་ཏོ། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ ལ་སོགས་པས་ཆོས་ལ་བདག་མེད་པའི་སྒོ་ནས་གཟུགས་ལ་སོགས་པ་དོན་དམ་པར་མི་དམིགས་པ་བསྟན་ཏོ། །ཇི་ལྟར་སྤྱད་པར་བགྱི་ཞེས་ཞུས་པའི་ལན་དུ་དེ་ལྟར་སྤྱད་པར་བྱའོ་ཞེས་བསྟན་པའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ཡང་བྱང་ ཆུབ་སེམས་དཔའི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་ཡང་དག་པར་རྗེས་སུ་མི་མཐོང་བའི་གཏན་ཚིགས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་སྟོང་པའི་གཏན་ཚིགས་བསྟན་ཏེ། དེ་ནི་འདི་ལྟར་སྟོང་པ་ཉིད་ ཀྱིས་གཟུགས་སྟོང་པ་མ་ཡིན་ཞེས་བྱ་བ་ནི་གཟུགས་ལ་སྟོང་པ་ཉིད་ཀྱི་རང་བཞིན་ཡོད་པའོ། །གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མེད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དངོས་པོར་གྲུབ་པ་ཞིག་གུད་ན་ཡོད་པ་མ་ཡིན་གྱི། གཟུགས་ཀྱི་རང་བཞིན་དོན་དམ་ པར་ཡོད་པར་མ་གྲུབ་པ་ཉིད་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་བས་ན་གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་གསུངས་ཏེ། གཟུགས་དང་སྟོང་པ་ཉིད་དོན་དམ་པར་ཐ་དད་པ་མ་ཡིན་ཏེ། གཉིས་ཀ་ཡང་དོན་དམ་པར་སྟོང་པའི་རང་བཞིན་ དུ་གཅིག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཡང་མིང་ཙམ་མོ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའ་ལ་ སོགས་པ་མིང་གིས་གོང་དུ་སྨོས་པ་རྣམས་ཀུན་རྫོབ་དུ་མིང་ཙམ་དུ་བརྗོད་དུ་ཟད་ཀྱི། དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འགའ་ཞིག་འདི་སྙམ་དུ་རྟོགས་ཏེ། བྱང་ཆུབ་སེམས་དཔའ་དང་། གཟུགས་ལ་སོགས་པ་དེ་དག་དེ་ལྟར་རང་བཞིན་ གྱིས་སྟོང་སྟེ་མེད་ན་རི་བོང་གི་རྭ་བཞིན་དུ་བལྟར་མི་སྣང་བའི་རིགས་ན། གཟུགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་ནོ་སྙམ་པ་ལ། དེ་ཡང་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་སྒྱུ་མའི་དཔེ་བསྟན་ཏེ། སྒྱུ་མ་མཁན་གྱིས་རྟ་དང་གླང་པོ་ཆེ་ལ་སོགས་པ་སྒྱུ་མར་བྱས་པ་རྣམས་ རྟ་དང་གླང་པོ་ཆེ་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཡང་རྟ་དང་གླང་པོ་ཆེ་ལ་སོགས་པའི་གཟུགས་སུ་སྣང་བ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་ སོགས་པ་ནི་དེ་ལྟར་གོང་དུ་སྨོས་པའི་རིམ་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ན། འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་ལ། སྐྱེ་བ་དང་འགག་པ་ལ་སོགས་པའི་འདུ་ཤེས་མི་སྐྱེ་བ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་སོ་སོའི་མིང་ནི་སྒྱུ་ མ་སྟེ། རྣམ་པར་བརྟགས་པ་དེ་དག་འཕྲལ་དུ་བྱུང་བའི་མིང་ཡང་དག་པ་མ་ཡིན་པ་ལས་ཡོངས་སུ་བརྟགས་པས་ཐ་སྙད་དུ་བརྗོད་དོ་ཞེས་བྱ་བ་ལ་སོགས་པས་ཡང་དག་པར་རྗེས་སུ་མི་མཐོང་བའི་གཏན་ཚིགས་བསྟན་པ་སྟེ། ཆོས་རྣམས་སོ་སོའི་མིང་དང་མཚན་མར་བརྟགས་པ་རྣམས་ ཡང་དག་པར་ཡོད་པ་མ་ཡིན་པ་ལས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གློ་བུར་དུ་མིང་དང་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱིས། དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ་འདི་ལྟར་ཡོངས་སུ་རྟོགས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་ལ་སོགས་པས་ནི་དོན་གོང་མ་ཉིད་གསལ་བར་བྱ་བའི་ཕྱིར་བསྟན་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་བདག་བདག་ཅེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི་ དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི། མུ་སྟེགས་ཅན་གྱིས་བདག་རྣམ་པ་སྣ་ཚོགས་སུ་བརྟགས་པ་རྣམས། ཉན་ཐོས་གང་ཟག་ལ་བདག་མེད་པར་རྟོགས་པ་རྣམས་ཀྱིས་མེད་པར་ཁོང་དུ་ཆུད་པའི་དཔེས་བྱང་ཆུབ་ སེམས་དཔའ་དང་། བྱང་ཆུབ་དང་། སངས་རྒྱས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་རྗེས་སུ་མི་མཐོང་བ་བསྟན་པའོ། །དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པ་གཞན་རྣམས་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་ཤེས་རབ་མ་གཏོགས་པར། དེ་མ་ཡིན་པའི་ཤེས་རབ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་བར་དུ་དམིགས་སུ་མེད་པའི་སྟོང་པ་ཉིད་ཉེ་བར་བཟུང་བས་ཟིལ་གྱིས་གནོན་ཏོ་ཞེས་ བྱ་བ་ལ་སོགས་པས་དེ་ལྟར་སྟོང་པ་ཉིད་རྟོགས་ཏེ། དམིགས་སུ་མེད་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཤེས་རབ་ཁྱད་པར་ཅན་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། འཇིག་རྟེན་པ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ནི་དངོས་ པོར་ལྟ་བ་ལ་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ཀྱི་དངོས་པོ་དང་མཚན་མ་མེད་པར་རྟོགས་པས་ཟིལ་གྱིས་གནོན་ཏོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་ཛམྦུའི་གླིང་འདི་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཞེས་བྱ་བ་ལ་ སོགས་པས་བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ཁྱད་པར་དུ་འཕགས་པ་གསལ་བར་བསྟན་པ་སྟེ། འཕགས་པ་ཉན་ཐོས་ཀྱི་ནང་ན་ཤཱ་རིའི་བུ་དང་མཽད་གལ་ལས་ཤེས་རབ་རྣོ་བ་མེད་པ་དེ་ལྟ་བུ་ཤ་སྟག་གིས་ཛམྦུའི་གླིང་འདི་འདམ་བུའི་ཚལ་ལ་སོགས་པ་བཞིན་དུ་གང་བར་གྱུར་པ་རྣམས་ ཀྱི་ཤེས་རབ་ཐམས་ཅད་བསྡོམ་པ་དང་། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཆ་ཤས་དང་། དཔེ་དང་ཟླ་ལ་སོགས་པས་ཀྱང་བསྒྲུན་དུ་མེད་པ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བས་དེ་ལྟར་ཤེས་རབ་ཁྱད་པར་ཅན་དུ་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། ཉན་ཐོས་དང་རང་ སངས་རྒྱས་ནི་བདག་གི་དོན་ལྷུར་ལེན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་ལྷུར་ལེན་པའི་ཕྱིར་ཁྱད་ཞུགས་སོ། །ཤ་ར་དྭ་ཏིའི་བུ་ག་ཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཉིན་གཅིག་ཏུ་ཡོངས་སུ་བསྒོམས་པའི་ཤེས་ རབ་ཇི་ཙམ་པ་དེས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་མནན་ཅིང་གནས་ཏེ་ཞེས་བྱ་བ་ལ་སོགས་པས། དེ་བས་ཀྱང་ཤེས་རབ་ཁྱད་ཞུགས་པ་བསྟན་ཏོ། །དེ་བཞིན་དུ་ཤར་ཕྱོགས་ལ་སོགས་པ་ཕྱོགས་ཀུན་ཏུ་སྦྱར་བར་བྱའོ། །ཤ་ར་དྭ་ཏིའི་བུས་གསོལ་ པ་ཞེས་བྱ་བ་ལ་སོགས་པས་ནི། ཤཱ་རིའི་བུ་དོན་དམ་པའི་ཚུལ་ལ་གནས་ཏེ། ཐེ་ཚོམ་དྲིས་པའི་ལན་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་བྱང་ཆུབ་སེམས་དཔའི་བསམ་པ་རྒྱ་ཆེ་བ་བསྟན་ནས། ཁྱད་པར་དུ་འཕགས་པ་བསྟན་པའི་ཕྱིར་ཤ་ར་དྭ་ཏིའི་བུ་དེ་ཇི་ སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་དོན་དམ་པར་བྱེ་བྲག་མེད་དུ་ཟིན་ཀྱང་། ཀུན་རྫོབ་ཏུ་སྔོན་གྱི་སྨོན་ལམ་གྱི་མཐུས་བསམ་པ་རྒྱ་ཆེན་པོ་བསྐྱེད་པས་ཁྱད་པར་ཡོད་པར་བསྟན་ཏེ། བསམ་པ་རྒྱ་ཆེན་པོ་དེ་ཡང་གང་ཞེ་ན། བདག་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱད་དེ་སེམས་ཅན་ཐམས་ ཅད་ཀྱི་དོན་བྱས་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བྱ་བ་ལ་སོགས་པའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་སྲོག་ཆགས་ཀྱི་རིགས་སྲིན་བུ་མེ་ཁྱེར་ནི་ཞེས་བྱ་བ་ལ་སོགས་ པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་དཔེ་སྲིན་བུ་མེ་ཁྱེར་ལས་བླངས། བྱང་ཆུབ་སེམས་དཔའི་དཔེ་ཉི་མའི་དཀྱིལ་འཁོར་ལས་བླངས་ནས་བསམ་པ་དང་སྤྱོད་པ་རྒྱ་ཆེ་ཆུང་གི་ཁྱད་པར་བསྟན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ཆོས་ཉན་པའི་འཁོར་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པར་གནས་པ་དང་། ཕྱིར་མི་ལྡོག་པའི་ས་ཐོབ་པར་གནས་པ་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ལ་གནས་པ་གསུམ་ ཞུས་པས་སོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ཤིང་ཞེས་བྱ་བས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པར་གནས་པར་བྱ་བ་ཞུས་སོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་པ་དང་ཞེས་བྱ་བས་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་ བྱ་བ་ཞུས་སོ། །བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྦྱོང་བ་ལགས་ཞེས་བྱ་བས་ནི། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ལ་གནས་པར་བྱ་བ་ཞུས་སོ། །དེ་ལ་སེམས་དང་པོ་བསྐྱེད་པ་ནས་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་བོ་ཞེས་བྱ་བའི་བར་གྱིས་ཉན་ཐོས་ དང་། རང་སངས་རྒྱས་ཀྱི་ས་ལས་འདས་པ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ལ་གནས་པ་གསུམ་ཆར་བསྟན་ཏོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་ས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་བ་ལགས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་མ་ཐག་ཏུ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཆོད་ གནས་སུ་འགྱུར་རམ། འོན་ཏེ་དུས་གཞན་ཞིག་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་མཆོད་གནས་སུ་འགྱུར་སྙམ་ནས་ཞུ་བ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཐོག་མ་སེམས་བསྐྱེད་ཕྱིན་ཆད་ཅེས་བྱ་བ་ལ་སོགས་པས་ས་དང་པོ་རབ་དུ་དགའ་བ་ ཐོབ་མ་ཐག་ཏུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་བར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་པས་དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ སྦྱིན་གནས་སུ་འགྱུར་བའི་གཏན་ཚིགས་བསྟན་ཏེ། དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཆོས་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ། །དེ་ལ་འཇིག་རྟེན་པའི་ཆོས་རྣམས་ནི། འདི་ལྟར་དགེ་བ་བཅུའི་ལས་ཀྱི་ ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ ནས། ཤ་ར་དྭ་ཏིའི་བུ་དགེ་བའི་ཆོས་དེ་དག་ལ་སོགས་པ་མང་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བའི་བར་དུའོ། །དགེ་བའི་ཆོས་འདི་དག་འཇིག་རྟེན་དུ་བྱུང་བས། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན་ཞེས་བྱ་བ་ལ་སོགས་པས་དགེ་བའི་ཆོས་རྣམས་འཇིག་རྟེན་ དུ་བྱུང་བའི་རྣམ་པར་སྨིན་པའི་འབྲས་བུ་བསྟན་ཏེ། དེ་ལ་འཇིག་རྟེན་པའི་ཆོས་ཟག་པ་དང་བཅས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན་ཞེས་བྱ་བ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན་ཞེས་བྱ་བའི་ བར་དུའོ། །འཇིག་རྟེན་ལས་འདས་པའི་ཆོས་ཟག་པ་མེད་པ་རྣམས་འཇིག་རྟེན་དུ་བྱུང་བའི་རྣམ་པར་སྨིན་པའི་འབྲས་བུ་ནི། རྒྱུན་དུ་ཞུགས་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་ རྟེན་ན་ཡོད་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པ་ཡོངས་སུ་སྦྱོང་བ་ལགས་སམ་ཞེས་བྱ་བ་ནི། གོང་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་སྨོས་ཏེ། དེ་ལྟ་བུའི་ཡོན་ཏན་ དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྦྱིན་གནས་སུ་གྱུར་པ་བསྟན་པ་དང་། དེ་ལྟར་སྦྱིན་གནས་སུ་གྱུར་པ་དེ་དག་ལ་མཆོད་ཅིང་ཡོན་ཕུལ་ན་འབྲས་བུ་ཆེན་པོར་འགྱུར་རམ་མི་འགྱུར་ཞེས་ཞུས་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ནི་སྦྱིན་པའི་རྣམ་གྲངས་ཀྱིས་ཡོངས་སུ་སྦྱོང་སྟེ་ཞེས་བྱ་བ་ནི། སྦྱིན་པའི་འབྲས་བུ་ཚེ་རབས་ཕྱི་མ་ལ་རྣམ་པར་སྨིན་པ་ཆེན་པོར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སྦྱིན་པ་བྱིན་ན་ནི་ཀུན་ཀྱང་ཤིན་ ཏུ་དག་པ་སྟེ། དེ་ཡང་འདི་ལྟར་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པ་ཡོངས་སུ་གཏོང་བ་སྟེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་བྱིན་པ་ཚེ་རབས་ཕྱི་མ་ལ་ཡོངས་སུ་སྦྱོང་བའི་གཏན་ཚིགས་བསྟན་པ་སྟེ། སྦྱིན་པ་བྱིན་པའི་འབྲས་བུ་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་རྣམ་པ་དུ་མ་ཐོབ་པར་འགྱུར་བའི་ཕྱིར་སྦྱིན་པ་ཡོངས་སུ་སྦྱོང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་བྱས་པའི་འབྲས་བུ་དགེ་བའི་ཆོས་རྣམ་པ་དུ་མ་ཐོབ་པར་འགྱུར་བ་དེ་དག་ཀྱང་གང་ཞེ་ན། འདི་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་ རྣམས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་བྱ་བའི་བར་དུ་སྟེ། དེ་ཡན་ཆད་ཀྱིས་ཇི་ལྟར་བརྩོན་པར་བྱ་བ་བསྟན་ཟིན་ཏོ། །དེ་ལྟར་ཇི་ལྟར་བརྩོན་པར་བྱ་བ་བསྟན་ནས། ད་ནི་བརྩོན་པར་བྱེད་པ་རྣམས་ཀྱི་མཚན་ཉིད་བསྟན་ པའི་ཕྱིར། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིས་ན་བརྩོན་ཞེས་བགྱི་བ་ལགས་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་བརྩོན་པར་བགྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་བརྩོན་པར་ཆུད་ཅེས་ཞུས་པའོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་བརྩོན་པར་བྱེད་པ་རྣམས་ཀྱི་མཚན་ཉིད་བསྟན་ཏེ། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་ དང་། ཁམས་བཅོ་བརྒྱད་དང་། འཕགས་པའི་བདེན་པ་བཞི་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་དང་། འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་སྙོང་པ་ཉིད་ལ་བརྩོན་པར་བྱེད་ན་བརྩོན་པར་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཕུང་པོ་དང་། ཁམས་དང་། སྐྱེ་ མཆེད་དང་བདེན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སྨོས་པ་ནི། ཕུང་པོ་ལ་སོགས་པ་སོ་སོའི་མཚན་ཉིད་བྱེ་བྲག་ཏུ་ཕྱེ་སྟེ་སྟོང་པ་ཉིད་དུ་བསྟན་ཏོ། །འདུས་བྱས་དང་། འདུས་མ་བྱས་པའི་ཆོས་གང་ཇི་སྙེད་མིང་དུ་གདགས་སུ་ཡོད་ཅེས་བྱ་བ་དང་། རང་བཞིན་སྟོང་པ་ཉིད་ཅེས་ བྱ་བ་ནི་ཆོས་ཐམས་ཅད་སྤྱིར་བསྡུས་པའི་མཚན་ཉིད་སྟོང་པ་ཉིད་དུ་བསྟན་པའོ། །སྟོང་པ་ཉིད་བདུན་པོ་འདི་དག་ལ་བརྩོན་ན་བརྩོན་ཞེས་བྱའོ་ཞེས་བྱ་བ་ནི། ཕུང་པོ་དང་། ཁམས་ལ་སོགས་པ་སོ་སོར་ཕྱེ་བ་བདུན་པོ་ལ་བྱའོ། །དེ་སྟོང་པ་ཉིད་བདུན་པོ་འདི་དག་གིས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ཀྱང་བརྩོན་ཞེ་འམ། མི་བརྩོན་ཞེས་མི་བརྗོད་དེ་ཞེས་བྱ་བ་ནི། དེ་ལྟར་བརྩོན་པ་རྣམས་ཀྱི་མཚན་ཉིད་བསྟན་ན་བརྩོན་པར་བྱེད་པ་དེ་ལྟ་བུ་དོན་དམ་པར་དངོས་པོ་ཡོད་དོ་སྙམ་དུ་རྟོགས་པ་ལས་བཟློག་པ་སྟེ། དེ་ལྟར་བརྩོན་པར་བྱེད་པ་རྣམས་ཀྱི་མཚན་ཉིད་ བསྟན་པ་ཡང་ཀུན་རྫོབ་ཀྱི་ཐ་སྙད་ཙམ་དུ་བསྟན་དུ་ཟད་ཀྱི། དོན་དམ་པར་མཚན་ཉིད་མ་གྲུབ་པའི་ཕྱིར་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུགས་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་ རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་དོན་དམ་པར་མཚན་ཉིད་དམིགས་སུ་མེད་པ་བསྟན་ཏེ། དེ་ཡང་གཟུགས་ལ་སོགས་པ་སོ་སོའི་བྱེ་བྲག་གི་ངོ་བོ་ཉིད་དམིགས་སུ་མེད་པ་དང་། འདུས་པའི་ངོ་བོ་ཉིད་དམིགས་སུ་མེད་པ་དང་། རང་གི་མཚན་ཉིད་དམིགས་སུ་མེད་པ་དང་། ཆོས་ ཐམས་ཅད་དམིགས་སུ་མེད་པ་དང་རྣམ་པ་བཞིས་སྟོང་པ་ཉིད་ལ་སྤྱོད་ན་བརྩོན་པར་ཆུད་དོ་ཞེས་བསྟན་ཏེ། དེ་ལ་གཟུགས་ལ་སོགས་པ་སོ་སོའི་བྱེ་བྲག་གི་ངོ་བོ་ཉིད་དམིགས་སུ་མེད་པས་སྟོང་པ་ཉིད་ལ་སྤྱོད་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུགས་བརྩོན་ཞེས་བྱ་བའམ་མི་ བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །གཟུགས་ལ་སོགས་པའི་ཆོས་རྣམས་འདུས་པའི་ ངོ་བོ་ཉིད་དམིགས་སུ་མེད་པ་ནི། གཟུགས་ནི་ཚོར་བ་དང་ལྷན་ཅིག་ཀུན་དུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ནི་འདུ་བྱེད་དང་ལྷན་ཅིག་ཀུན་དུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་བསྟན་ཏོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གང་ཡང་ཆོས་གང་དང་ཡང་ལྷན་ཅིག་ཏུ་ཀུན་དུ་རྒྱུ་བ་མེད་དེ་ཞེས་བྱ་བ་ལ་སོགས་པས་འདུས་པའི་ངོ་བོ་ཉིད་དམིགས་སུ་མེད་པའི་གཏན་ཚིགས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཏེ་འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་ གང་ཡིན་པ་དེ་ཡང་ཐོགས་པར་བྱེད་པ་མེད་དོ་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ་འདི་ལྟར་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་སྟེ། རྣམ་པར་ཤེས་པར་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་རང་གི་མཚན་ཉིད་དམིགས་སུ་མེད་པ་བསྟན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གཟུགས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ཞེས་བྱ་བ་ནས། གང་མི་སྐྱེ་མི་འགག་ཅིང་ཀུན་ནས་ཉོན་མོངས་པར་འགྱུར་བ་མེད། རྣམ་པར་བྱང་བར་འགྱུར་བ་མེད་ལ་མི་འགྲིབ་མི་འཕེལ་ཏེ་ཞེས་ བྱ་བའི་བར་གྱིས་ནི་རང་གི་མཚན་ཉིད་དམིགས་སུ་མེད་པའི་གཏན་ཚིགས་བསྟན་ཏོ། །འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ་ཞེས་བྱ་བ་ནས། དེ་ལ་ནི་སངས་རྒྱས་མེད་དོ། །བྱང་ཆུབ་ མེད་དོ་ཞེས་བྱ་བའི་བར་དུ་ཆོས་ཐམས་ཅད་དམིགས་སུ་མེད་པ་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་སྟེ་ཞེས་བྱ་བ་ནི། དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་མཚན་ཉིད་དུ་ཆུད་དོ་ ཞེས་བསྟན་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། གཟུགས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེ་ལྟ་བུས་ན། ཆོས་ཐམས་ཅད་འདུ་བ་དང་འབྲལ་བ་མེད་པའི་ཕྱིར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའོ་ཞེས་བྱ་བའི་བར་དུ་ནི་བདག་ཉིད་ལ་བྱེད་པ་པོར་རྣམ་པར་རྟོག་པ་མེད་པ་དང་། བདག་ཏུ་ལྟ་བ་མེད་པའི་ཕྱིར། བདག་ཉིད་ལ་བརྩོན་པའམ་མི་བརྩོན་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས་བརྩོན་པའི་ མཚན་ཉིད་དུ་ཆུད་པ་རྣམ་པ་གཞན་གྱིས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མི་སྡུད་མི་འབྱེད་དེ་ཞེས་བྱ་བ་ནས། སྨོན་པ་མེད་པ་དང་། སྨོན་པ་མེད་པར་མི་སྡུད་མི་ འབྱེད་དེ། སྨོན་པ་མེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་རྣམ་པར་ཐར་པའི་སྒོ་རྣམས་ལ། སྡུད་པ་དང་འབྱེད་པ་རྣམ་པར་རྟོག་པ་སྤང་བས་བརྩོན་པའི་མཚན་ཉིད་བསྟན་ཏེ། སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཞིག་དངོས་པོར་ཡོད་ན་ནི་སྟོང་པ་ཉིད་དེ་མ་ཡིན་པ་གཞན་དང་ སྡུད་ཅིང་འབྱེད་པ་ཡང་སྲིད་ན། སྟོང་པ་ཉིད་ཅེས་བྱ་བའི་ཆོས་དངོས་པོར་གྲུབ་པ་གང་ཡང་མེད་པས་སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མི་སྡུད་མི་འབྱེད་དོ། །སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བྱ་སྟེ། ཏིང་ངེ་འཛིན་དེ་ཡང་དངོས་པོ་མེད་ པས་ཏིང་ངེ་འཛིན་གཞན་དང་མི་སྡུད་མི་འབྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ཡང་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་འདུ་བའམ་འབྲལ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་ཐར་པའི་སྒོ་གསུམ་ དངོས་པོ་མེད་པའི་གཏན་ཚིགས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཇུག་སྟེ། དེ་དེ་ལྟར་ཁོང་དུ་ཆུད་པས་གཟུགས་མི་སྦྱོར་མི་འབྱེད་ དོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བའི་བར་དུ་ཕུང་པོ་ལྔ་རྣམས་ཀྱི་རང་གི་མཚན་ཉིད་ཡོད་པར་མ་གྲུབ་པས་མི་སྦྱོར་མི་འབྱེད་པ་བསྟན་ཏོ། །གཟུགས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ད་ལྟར་བྱུང་བར་ མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དང་། དུས་གསུམ་དུ་མི་སྦྱོར་མི་འབྱེད་པར་བསྟན་པ་སྟེ། ཆོས་རྣམས་ཀྱང་རང་བཞིན་གྱིས་མ་གྲུབ་ལ། དུས་ གསུམ་ཡང་དངོས་པོ་ཡོད་པ་མ་ཡིན་པས། དེ་དག་གཅིག་ལ་གཅིག་སྦྱོར་ཞིང་འབྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ་ཞེས་བྱ་བ་ནི་བརྩོན་པའི་ མཚན་ཉིད་མཇུག་བསྡུས་ཏེ་བསྟན་པ་སྟེ། དེ་ལྟར་ཆོས་རྣམས་དང་དུས་གསུམ་དམིགས་སུ་མེད་པར་རྟོགས་ནས་ཆོས་རྣམས་དང་དུས་གསུམ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཤ་ར་དྭ་ཏིའི་བུ་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དུས་གསུམ་མཉམ་པ་ཉིད་དུ་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནས། སྔོན་གྱི་མཐའ་འམ། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བའི་མཐར་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བའི་བར་གྱིས་དུས་ གསུམ་གྱི་མཐའ་རྣམས་ཕན་ཚུན་སྦྱོར་བ་དམིགས་སུ་མེད་པ་བསྟན་ཏེ། དམིགས་པ་ཅན་རྣམས་ནི་སྔོན་ལས་ཅི་བྱས་པའི་འབྲས་བུ་ད་ལྟར་བྱུང་བར་རྣམ་པར་སྨིན། ད་ལྟར་བྱུང་བའི་ཚེ་ལས་ཅི་བྱས་པའི་འབྲས་བུ་ཕྱི་མའི་མཐར་རྣམ་པར་སྨིན་པས་ལས་དང་དུས་གསུམ་ དངོས་པོ་ཡོད་དོ་སྙམ་དུ་རྣམ་པར་རྟོག་པ་ཡང་བཟློག་པའི་ཕྱིར། དོན་དམ་པར་དུས་གསུམ་མཉམ་པ་ཉིད་དེ། དབྱེར་མེད་ཅིང་སྟོང་པ་ཉིད་ཡིན་པའི་ཕྱིར་ཕན་ཚུན་མི་སྦྱོར་མི་འབྱེད་དོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་དག་བརྩོན་པར་བྱེད་དེ། བརྩོན་པ་དེས་ཐམས་ཅད་མཁྱེན་པ་ཉིད་འདས་པ་དང་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བ་ནས། ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་བ་དང་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་དུ་ཐམས་ཅད་མཁྱེན་པ་ཉིད་དང་ དུས་གསུམ་དུ་མི་སྦྱོར་མི་འབྱེད་པ་བསྟན་ཏེ། དུས་གསུམ་དང་ཐམས་ཅད་མཁྱེན་པ་གཉི་ག་ཡང་དོན་དམ་པར་ཡོད་པ་མ་ཡིན་པས། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པའི་ཡུལ་དུ་མ་གྲུབ་པས་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་མཚན་ཉིད་དུ་སྦྱོར་བ་འམ་འབྱེད་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བ་ནས། ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་ཏུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་དུ་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་པ་བསྟན་ཏེ། གཟུགས་ལ་སོགས་པའི་ཆོས་རྣམས་དང་། ཐམས་ཅད་མཁྱེན་པ་ཉིད་ དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མཁྱེན་པར་བྱ་བ་སྟེ་དམིགས་པའི་ཡུལ་ཡིན། ཐམས་ཅད་མཁྱེན་པ་ནི་དམིགས་པར་བྱེད་པ་ཡིན་ནོ་སྙམ་པ་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་ དངོས་པོར་རྟོག་པ་སྤོང་བ་དང་། གཟུགས་ལ་སོགས་པ་འདི་དག་སྦྱིན་པ་ལ་སོགས་པ་བསོད་ནམས་བྱ་བའི་དངོས་པོར་ཡོངས་སུ་བསྔོས་ན། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུར་འགྱུར་རོ་སྙམ་པའི་རྣམ་པར་རྟོག་པའི་སྒོ་ནས། རྒྱུ་དང་འབྲས་བུ་ལྟ་བུར་ཡོད་པའི་རྣམ་པར་རྟོག་པ་སྤངས་ པས། སྦྱོར་བ་དང་འབྱེད་པ་མེད་པ་བསྟན་པ་སྟེ། དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དོ་ཞེས་བྱ་བ་དང་སྦྱར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དངོས་པོ་ཡོད་ཅེས་ བྱ་བར་མི་སྦྱོར་རོ། །གཟུགས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ ཆོས་ཐམས་ཅད་དངོས་པོ་ཡོད་པ་དང་དངོས་པོ་མེད་པར་མི་སྦྱོར་བ་བསྟན་ཏེ། ཀུན་རྫོབ་ཏུ་ནི་དངོས་པོ་ཡོད་པའི་ཟླས་དངོས་པོ་མེད་པ་འགྲུབ། དངོས་པོ་མེད་པའི་ཟླས་དངོས་པོ་ཡོད་པར་འགྲུབ་ཀྱི། དོན་དམ་པར་གཟུགས་ལ་སོགས་པའི་དངོས་པོ་གང་ཡང་མ་གྲུབ་པས། དངོས་པོ་མེད་པ་ཡང་ དེའི་ཟླས་མི་འགྲུབ་སྟེ། དེ་བས་ན་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་གཉིས་ཕན་ཚུན་ལྟོས་པའི་ཚུལ་གྱིས་མི་སྦྱོར་རོ་ཞེས་བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྟག་ཅེས་བྱ་བར་མི་སྦྱོར་ རོ། །གཟུགས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ། མུ་སྟེགས་ ཅན་ཁ་ཅིག་ནི་རྟག་པར་རྟོག །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མི་རྟག་པར་རྟོག་སྟེ། དེ་དག་གི་མཐའ་ལས་བཟློག་པའི་ཕྱིར་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་རྣམས་དངོས་པོ་ཡོད་པར་མ་གྲུབ་པས། རྟག་པ་དང་མི་རྟག་ཅེས་མི་རྟོག་པ་ཉིད་ལ་མི་སྦྱོར་བ་ཞེས་བྱའོ། ། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་གཟུགས་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ། མུ་སྟེགས་ཅན་ཁ་ཅིག་ནི་བདེ་བར་རྟོག །ཉན་ཐོས་དང་རང་སངས་རྒྱས་ རྣམས་ནི་སྡུག་བསྔལ་དུ་རྣམ་པར་རྟོག་པ་ལས་བཟློག་པའི་ཕྱིར་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས། དེ་ལ་བདེ་བ་དང་སྡུག་བསྔལ་དུ་རྟོག་པ་ཡང་མི་འབྱུང་བ་བསྟན་ཏོ། །གཟུགས་བདག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་ མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ཡང་མུ་སྟེགས་ཅན་རྣམས་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བདག་ཡོད་པར་རྟོག ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བདག་མེད་པར་རྟོག་སྟེ། མཐའ་དེ་གཉིས་ལས་བཟློག་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བདག་དང་བདག་མེད་པ་གཉི་གར་མི་རྟོག་གོ་ཞེས་བསྟན་པའོ། །གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་ མ་ཞི་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཞི་བ་དང་མ་ཞི་བ་རྣམ་པར་རྟོག་པ་སྤངས་པས་བརྩོན་ པའི་མཚན་ཉིད་བཤད་དེ། དོན་དམ་པར་གཟུགས་ལ་སོགས་པའི་དངོས་པོར་མ་གྲུབ་པས། དེ་དག་གི་ཡོན་ཏན་ཞི་བ་ཞེས་བྱ་བའམ། མ་ཞི་བ་ཞེས་བྱ་བར་བརྟག་ཏུ་མེད་པའི་ཕྱིར་རོ། །གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བའམ་སྨོན་པ་མེད་ཅེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དངོས་པོར་རྟོག་པ་ལས་བཟློག་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པའི་དངོས་པོ་ཡོད་པར་ རྟོག་པས་ཀྱང་མི་བརྩོན་ལ། རྣམ་པར་ཐར་པའི་སྒོ་གསུམ་དངོས་པོ་མེད་པར་རྟོག་པས་ཀྱང་མི་བརྩོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ཆུད་དོ་ཞེས་བསྟན་པ་སྟེ། དེ་ལ་གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ཞེས་བྱ་བའམ་ མི་སྟོང་ཞེས་བྱ་བའི་བར་དུ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ། སྟོང་པ་དང་མི་སྟོང་བར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པའོ། །གཟུགས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ལ། མཚན་མ་ཡོད་པ་དང་མཚན་མ་མེད་པར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པའོ། །གཟུགས་སྨོན་པ་ ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ། སྨོན་པ་ཡོད་པ་དང་སྨོན་པ་མེད་པར་རྣམ་པར་རྟོག་པ་སྤང་བའི་ སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པའོ། །གཟུགས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་ཞེས་བྱ་བའམ། འགག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ཆོས་རྣམས་ལ་སྐྱེ་བ་དང་འགག་པར་རྣམ་པར་རྟོག་པ་ཡོངས་ སུ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་རྣམས་དངོས་པོ་ཡོད་པར་མ་གྲུབ་པས། དེ་དག་གི་ཆོས་ཉིད་སྐྱེ་བའམ། འགག་པ་ཡང་མི་འགྲུབ་པའི་ཕྱིར་རོ། །གཟུགས་འདས་ཞེས་བྱ་བར་མི་སྦྱོར་རོ། །མ་འོངས་ཞེས་བྱ་བར་ མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་ཞེས་བྱ་བར་མི་སྦྱོར་རོ། །མ་འོངས་ཞེས་བྱ་བར་མི་སྦྱོར་རོ། །ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི། དུས་གསུམ་གྱི་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་བྱེ་བྲག་ལ། རྣམ་ པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། ཉན་ཐོས་རྣམ་པར་སྨྲ་བ་པ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པ། འདས་པའི་གཟུགས་ནི་བྱ་བ་བྱས་ཟིན་པའི་དངོས་པོར་ཡོད། མ་འོངས་པའི་གཟུགས་ནི་བྱ་བ་བྱེད་པར་འགྱུར་བའི་དངོས་པོར་ཡོད། ད་ལྟར་བྱུང་བའི་ གཟུགས་ནི་བྱ་བ་བྱེད་པའི་དངོས་པོར་ཡོད་དོ་ཞེས་སྨྲ་ཞིང་རྟོག་པ་ལས་བཟློག་པའི་ཕྱིར། གཟུགས་ཉིད་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། གཟུགས་ཀྱི་ཡོན་ཏན་དང་། བྱེ་བྲག་བྱ་བ་བྱས་ཟིན་པ་དང་། བྱ་བ་བྱེད་པར་འགྱུར་བ་དང་། བྱ་བ་བྱེད་པའི་དངོས་པོར་མི་འགྲུབ་ སྟེ། དེ་ལྟར་མཚན་མར་མི་འཛིན་པའི་ཕྱིར་དུས་གསུམ་ལ་མི་སྦྱོར་རོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱར་བར་བྱའོ། །གཟུགས་བརྟན་ཞེས་བྱ་བའམ། མི་བརྟན་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྟན་ཞེས་བྱ་ བའམ། མི་བརྟན་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ། སོ་སོའི་སྐྱེ་བོ་རྣམས་ནི་གཟུགས་ལ་སོགས་པའི་ཆོས་རྣམས་བརྟན་པ་དང་སྙིང་པོ་ཡོད་པར་ལྟ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མི་བརྟན་ཞིང་སྙིང་པོ་མེད་པ་དང་། གསོབ་གསོག་ལྟ་བུར་ལྟ་བ་ལས་བཟློག་པའི་ ཕྱིར། གཟུགས་ལ་སོགས་པའི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དེ་དག་གི་ཡོན་ཏན་དང་། སྐྱོན་བརྟན་པ་དང་། མི་བརྟན་པ་ཡང་དངོས་པོ་མེད་པའི་ཕྱིར་དེ་ལྟ་བུར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། གཟུགས་ལ་ཇི་ལྟ་བ་ བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གཟུགས་ཡོད་ཅེས་བྱ་བའམ། མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་ཅེས་བྱ་བའམ། མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བའི་ བར་དུ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ། ཡོད་པ་དང་མེད་པའི་མཐར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། མི་སྦྱོར་ཞེས་བྱ་བ་ནི། ཡོད་མེད་ཀྱི་མཐར་རྟོག་པ་དང་བཅས་པས་བརྩོན་པར་མི་བྱེད་པའོ། །མི་འབྱེད་ཅེས་བྱ་བ་ནི་དེ་ལས་བཟློག་པ་སྟེ། མི་ སྦྱོར་བར་ཡང་མི་འབྱེད་དོ་ཞེས་བྱ་བའི་དོན་ཏོ། །ཀུན་རྫོབ་ཏུ་ཆོས་རྣམས་ཡོད་པ་དང་མེད་པའི་མཚན་ཉིད་ཤེས་པར་བྱས་ནས། ཐབས་མཁས་པས་དེ་ལ་མ་ཆགས་པར་བརྩོན་པར་བྱ་དགོས་པའི་ཕྱིར་རོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྤྱོད་ཅེས་བྱ་བར་མི་ དམིགས་སོ། །མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི། སྤྱོད་པ་དང་མི་སྤྱོད་པ་ལ་སོགས་པའི་མཚན་ཉིད་རྣམ་པ་བཞིར་རྣམ་པར་རྟོག་པ་སྤང་ བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། དེ་ལ་སྤྱོད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལྟར་སྤྱོད་ཅིང་བརྩོན་པའི་མཚན་ཉིད་དང་ལྡན་པ་ལ་ཡང་དེ་ལྟར་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དོ་ཞེས་མཚན་མར་ཡང་མི་འཛིན་པའོ། ། མི་སྤྱོད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི་གོང་མ་ལས་བཟློག་པ་སྟེ། བརྩོན་པའི་མཚན་ཉིད་དང་མི་ལྡན་པ་ལ་ཡང་འདིས་སྤྱོད་པའམ། བརྩོན་པར་མི་ཆུད་དོ་ཞེས་ཀྱང་མཚན་མར་མི་འཛིན་པའོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི། ཀུན་རྫོབ་ཏུ་མི་སྤྱོད་པར་ཡང་ཆུད་ལ། དོན་དམ་པར་སྤྱོད་པར་མི་ཆུད་དོ་ཞེས་བྱ་བའི་མཚན་མར་ཡང་མི་འཛིན་པའོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་དང་པོ་ལས་ལྟ་འོག་སྤོས་པ་སྟེ། དོན་དམ་པར་སྤྱོད་པ་ཡང་མ་ཡིན་ ལ། ཀུན་རྫོབ་ཏུ་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་མཚན་མར་མི་འཛིན་པ་སྟེ། དེ་ལྟར་རྣམ་པར་རྟོག་པ་བཞིར་མི་འཇུག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་མཚན་ཉིད་དུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། ཡང་དག་པའི་མཐའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བའི་བར་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ཐ་དད་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། ཆོས་ཐམས་ཅད་ སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་ཐ་དད་པ་མེད་པ་ལ། ཐ་དད་དུ་འཛིན་པ་མི་འཐད་པའི་ཕྱིར་རོ། །དེ་བས་ན་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཆོས་གང་ལ་ཡང་ཐ་དད་པའམ། བྱེ་བྲག་གམ། ཁྱད་པར་དུ་ལྟ་བ་མེད་དེ་ཞེས་ བྱ་བའི་གཏན་ཚིགས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དངོས་པོ་ཐ་དད་པ་དག་ཅིག་ཡོད་ན་ནི། གཅིག་སྒྲུབ་པའི་ཕྱིར་གཅིག་ལ་སྤྱད་ཅེས་བྱར་རུང་ན། ཆོས་དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་དབྱེར་མེད་པའི་ཕྱིར། གཅིག་གི་ དོན་དུ་གཅིག་ལ་མི་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྷའི་མིག་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། ཟག་པ་ཟད་པའི་ཡེ་ཤེས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བའི་བར་དུ། མངོན་པར་ཤེས་པ་ལ་བརྩོན་པའི་རྣམ་པར་རྟོག་པ་སྤང་བའི་སྒོ་ ནས་བརྩོན་པའི་མཚན་ཉིད་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན་ཞེས་བྱ་བ་ལ་སོགས་པས། མངོན་པར་ཤེས་པའི་ཆོས་རྣམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཉིད་ཀྱང་དོན་དམ་པར་མ་གྲུབ་པའི་གཏན་ཚིགས་བསྟན་པ་སྟེ། ཐ་དད་དུ་དབྱེར་མེད་པ་ནི་གོང་དུ་བཤད་པ་དང་འདྲའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་སྙམ་དུ་བདག་གིས་རྫུ་འཕྲུལ་གྱི་རྐང་པ་ལ་གནས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ནས། སེམས་ཅན་གྲངས་ མེད་ཚད་མེད་པ་དག་བདག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་མི་སེམས་ཏེ་ཞེས་བྱ་བའི་བར་དུ་མངོན་པར་ཤེས་པ་དྲུག་ཐོབ་པའི་མཐུས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ། མཆོད་ཅིང་བཀུར་སྟི་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་ བརྩོན་པའི་མཚན་ཉིད་བསྟན་པ་སྟེ། གཞན་ནི་རང་ལོག་ཏུ་ཟད་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཟག་པ་ཟད་པ་མངོན་པར་ཤེས་པ་དང་སྦྱར་རོ། །བདུད་གླགས་ཚོལ་ཞིང་ཉམས་བསྐྱོད་པ་རྣམས་ཀྱིས་གླགས་མི་རྙེད་དེ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་ ནམ་ཡང་འབྲལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་བརྩོན་པའི་མཚན་ཉིད་གོང་དུ་སྨོས་པ་རྣམས་དང་ལྡན་པའི་ཕན་ཡོན་བསྟན་པ་སྟེ། ཕན་ཡོན་དེ་ཡང་བདུད་ཀྱིས་གླགས་མི་རྙེད་པའི་ཕན་ཡོན་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་གྲུབ་པ་རྣམས་ལྷུན་གྱིས་གྲུབ་པ་དང་། ཉོན་མོངས་པ་ཐམས་ཅད་སེལ་བ་དང་། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བ་ལས་ཡོངས་སུ་སྲུང་བ་དང་། འཇིག་རྟེན་པའི་ལྷ་ཐམས་ཅད་བར་དུ་གཅོད་པ་ལས་ཡོངས་སུ་སྲུང་བ་དང་། ལུས་ཀྱི་སྐྱོན་ཐམས་ཅད་མེད་པར་འགྱུར་བ་ དང་། གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་སྒོ་མངོན་དུ་འགྱུར་བ་དང་། སྐྱེ་བ་ཐམས་ཅད་དུ་སངས་རྒྱས་མཉེས་པར་བྱེད་ཅིང་སངས་རྒྱས་དང་བྲལ་བར་མི་འགྱུར་བ་དང་བརྒྱད་དེ། དེ་ལ་བདུད་གླགས་ཚོལ་ཞིང་ཉམས་བསྐྱོད་པ་རྣམས་ཀྱིས་གླགས་མི་རྙེད་དེ་ཞེས་བྱ་བས་ནི་བདུད་ཀྱིས་ གླགས་མི་རྙེད་པའི་ཕན་ཡོན་བསྟན་ཏོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པ་དང་། ཡོངས་སུ་བརྟག་པ་མེད་པར་མཐུན་པར་འགྲུབ་བོ་ཞེས་བྱ་བས་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ ལྷུན་གྱིས་གྲུབ་པའི་ཕན་ཡོན་བསྟན་ཏེ། ཡོངས་སུ་བརྟག་པ་མེད་པར་ཞེས་བྱ་བ་ནི་དོགས་པའམ་ཐེ་ཚོམ་མེད་པར་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པའི་ཉོན་མོངས་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་བསལ་བར་འགྱུར་རོ་ཞེས་བྱ་བས་ནི། འཇིག་རྟེན་པའི་ ཉོན་མོངས་པ་ཐམས་ཅད་སེལ་བའི་ཕན་ཡོན་བསྟན་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་ཞེས་བྱ་བ་ལ་སོགས་པས་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བ་ལས་ཡོངས་སུ་སྲུང་བའི་ཕན་ཡོན་བསྟན་ཏོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཞེས་བྱ་བ་ལ་སོགས་པས་ནི། འཇིག་རྟེན་པའི་ལྷ་རྣམས་བར་དུ་གཅོད་པ་ལས་སྲུང་བའི་ཕན་ཡོན་བསྟན་ཏོ། །དེ་ལ་ལུས་ཀྱི་སྐྱོན་དུ་ བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ་ཞེས་བྱ་བས་ནི། ལུས་ལ་སྐྱོན་མེད་པའི་ཕན་ཡོན་བསྟན་ཏོ། །གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་དང་། སྤོབས་པ་དང་། སོ་སོ་ཡང་དག་པར་རིག་པའི་སྒོ་དག་ཀྱང་ ཚེགས་མི་ཆེ་བར་མངོན་དུ་འགྱུར་རོ་ཞེས་བྱ་བས་ནི་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་སྒོ་འགྲུབ་པའི་ཕན་ཡོན་བསྟན་ཏོ། །ཚེགས་མི་ཆེ་བ་ཞེས་བྱ་བ་ནི་ཉོན་མོངས་ཤིང་འབད་མི་དགོས་པར་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཡང་ཞེས་བྱ་བ་ལ་སོགས་ པས་སངས་རྒྱས་མཉེས་པར་བྱེད་ཅིང་སངས་རྒྱས་དང་འབྲལ་བར་མི་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་ཆོས་གང་ལ་ལ་ཞེས་བྱ་བ་ལ་སོགས་པས་ཆོས་རྣམས་ འདུ་བ་དང་འབྲལ་བར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་གང་ཡང་དོན་དམ་པར་ཡོད་པར་མ་གྲུབ་པས། འདུ་བ་དང་འབྲལ་བ་ལ་སོགས་པ་ཡང་མི་འགྲུབ་སྟེ། ཕྲད་པའམ་མི་ཕྲད་པ་ཞེས་བྱ་བ་ཡང་འདུ་བ་ དང་འབྲལ་བའི་རྣམ་གྲངས་ཙམ་དུ་ཟད་དོ། །འདི་སྙམ་དུ་བདག་གི་ཆོས་ཀྱི་དབྱིངས་མངོན་པར་སངས་རྒྱས་པར་འགྱུར་རམ། འོན་ཏམ་མི་འགྱུར་ཞེས་བྱ་བར་མི་སེམས་ཏེ་ཞེས་བྱ་བས་ནི་མངོན་པར་འཚང་རྒྱ་བར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། དོན་དམ་པར་མངོན་པར་འཚང་རྒྱ་བར་བྱེད་པ་དང་། མངོན་པར་འཚང་རྒྱ་བར་བྱ་བ་མི་འགྲུབ་པའི་ཕྱིར་རོ། །ཆོས་གང་ཡང་ཆོས་ཀྱི་དབྱིངས་དང་ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ཡང་དོན་གོང་མ་ཉིད་གསལ་བར་སྟོན་པ་སྟེ། ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་སྟོང་ པ་ཉིད་ཀྱི་རང་བཞིན་ཡིན་ལ། དེ་དང་ཐ་མི་དད་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་དང་ཆོས་རྣམས་སུ་བྱེ་བྲག་ཏུ་བྱ་བ་མི་བྱེད་དེ་ཞེས་བྱ་བ་ནི་དོན་དམ་པར་ཆོས་རྣམས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རོ་གཅིག་པས་མཚན་ཉིད་བྱེ་བྲག་ཏུ་དབྱེར་མེད་ དོ་ཞེས་བསྟན་པའོ། །ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་འགྱུར་རམ། འོན་ཏམ་ཁོང་དུ་ཆུད་པར་མི་འགྱུར་ཞེས་བྱ་བར་མི་སེམས་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དང་བདག་གཉིས་དབྱེར་མེད་པས་ཁོང་དུ་ཆུད་པར་བྱེད་པ་དང་། ཁོང་དུ་ཆུད་པར་བྱ་བ་མི་དམིགས་པའི་ཕྱིར་ཏེ། དེ་བས་ན་དེ་ནི་ འདི་ལྟར་དེས་ཆོས་གང་གིས་ཆོས་གང་ཁོང་དུ་ཆུད་པར་བྱ་བ་དེ་ལྟ་བུའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་མེད་དོ་ཞེས་བྱ་བ་ལ་སོགས་པས་དེའི་གཏན་ཚིགས་བསྟན་ཏོ། །དེ་ཡང་འདི་ལྟར་དེ་ནི་ཆོས་ཀྱི་དབྱིངས་སྟོང་ཞེས་བྱ་བར་མི་སྦྱོར། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཀྱི་དབྱིངས་རྟོག་པར་བྱར་ཡང་མེད་པས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་རྟོག་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་གཟུགས་སུ་མི་སྦྱོར་རོ་ཞེས་བྱ་བ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ཆོས་རྣམས་སྟོང་པ་ཉིད་དང་སྦྱོར་བའི་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། གཟུགས་ལ་སོགས་ པའི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་ཏེ། སྟོང་པ་དང་ཐ་མི་དད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་འདི་ནི་རྣལ་འབྱོར་དམ་པ་སྟེ་ཞེས་བྱ་བ་ནི། དེའི་གཏན་ཚིགས་བསྟན་པ་སྟེ། ཆོས་རྣམས་དངོས་པོ་ཡོད་པར་ལྟ་ཞིང་། མཚན་མར་འཛིན་པ་རྣམས་ནི། གཟུགས་ལ་སོགས་པ་དང་སྟོང་པ་ཉིད་དུ་སྦྱོར་བ་སྲིད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣལ་འབྱོར་འདི་ལ་གནས་པ་ནི། མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་རྣལ་འབྱོར་དམ་པ་སྟེ། དེའི་ཕྱིར་དེ་ལྟ་བུར་སྦྱོར་ བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་ནི། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་བརྩོན་པའི་མཚན་ཉིད་དང་ལྡན་པའི་ཕན་ཡོན་ཉན་ཐོས་དང་རང་སངས་ རྒྱས་ཀྱི་སར་མི་ལྟུང་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་མངོན་པར་འཚང་རྒྱ་བར་འགྱུར་བ་རྣམས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་རྣལ་འབྱོར་དུ་བྱ་བ་གང་ ཅི་ཡང་རུང་སྟེ། དེ་དག་གི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི་རབ་ཅེས་བྱ། མཆོག་ཅེས་བྱ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བརྩོན་པའི་ཕན་ཡོན་གོང་དུ་སྨོས་པ་རྣམས་དང་ལྡན་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་རྣལ་འབྱོར་གང་བས་ཀྱང་ལྷག་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞིང་རྣལ་འབྱོར་དུ་བྱེད་པ་འདི་རབ་དང་མཆོག་ལ་སོགས་པར་འགྱུར་ཏེ། རབ་ཅེས་བྱ་བ་དང་མཆོག་ཅེས་བྱ་བ་ལ་སོགས་པ་ནི་བཟང་བའི་རྣམ་གྲངས་ཙམ་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ རྣལ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པས། རྣལ་འབྱོར་དེ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་ཞིང་། བླ་ན་མེད་པ་ཡིན་པའི་ཕྱིར་རབ་དང་མཆོག་ལ་སོགས་པར་འགྱུར་བའི་གཏན་ཚིགས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ནི་ལུང་བསྟན་པ་ཞེས་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བརྩོན་ཞིང་རྣལ་འབྱོར་དུ་བྱེད་པ་ནི། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཐོབ་ཅིང་སངས་རྒྱས་སུ་ལུང་བསྟན་པ་དང་། རིང་པོར་མི་ཐོགས་ པར་མངོན་པར་འཚང་རྒྱ་བར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱེད་ཀྱང་ཞེས་བྱ་བ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བའི་བར་དུ་ དེ་ལྟར་བརྩོན་པའི་ཡོན་ཏན་ལུང་བསྟན་པ་ལ་སོགས་པ་དང་ལྡན་ཡང་། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཡིན་ནོ་སྙམ་མམ། ལུང་བསྟན་པ་ལ་ཉེ་བར་གྱུར་པ་ཡིན་ནོ་སྙམ་མམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་སྙམ་མམ། སེམས་ཅན་ཡོངས་སུ་སྨིན་ པར་བྱའོ་སྙམ་མམ། བདག་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མཚན་མར་འཛིན་ཅིང་རློམ་སེམས་སུ་འགྱུར་བ་མེད་པའི་ཕན་ཡོན་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཀྱི་དབྱིངས་ལ་བྱེ་བྲག་ཏུ་འབྱེད་པ་མེད་དོ་ཞེས་བྱ་བ་ནས། དེ་ལྟ་བུའི་ ཆོས་གཞན་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས། དེ་ལྟར་རློམ་སེམས་མི་སྐྱེ་བའི་གཏན་ཚིགས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གྱི་འདུ་ ཤེས་མི་སྐྱེའོ་ཞེས་བྱ་བ་ནས། མཐོང་བ་པོའི་འདུ་ཤེས་མི་སྐྱེའོ་ཞེས་བྱ་བའི་བར་གྱིས་རློམ་སེམས་མི་འབྱུང་བའི་གཏན་ཚིགས་བསྟན་ཏེ། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ཏུ་ལྟ་བ་རྣམ་པ་མང་པོ་མིང་གིས་སྨོས་པ་རྣམས་ལས་འགའ་ཞིག་གིས་འདུ་ཤེས་སྐྱེ་ན་ནི། རློམ་ སེམས་ཀྱང་སྐྱེ་ན་བདག་ཏུ་ལྟ་བ་དེ་རྣམས་གང་དུ་ཡང་འདུ་ཤེས་མི་སྐྱེ་བས། དེ་ལྟ་བུའི་རློམ་སེམས་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ཅན་ཤིན་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་བདག་ཏུ་འདུ་ཤེས་མི་སྐྱེ་བའི་ གཏན་ཚིགས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་སྐྱེ་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཞེས་བྱ་བ་ལ་སོགས་པས། དེ་ལྟར་བདག་ཏུ་ལྟ་བའི་འདུ་ཤེས་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་མཚན་ཉིད་དང་རྣམ་གྲངས་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་སྟེ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ལས་འཕགས་པའི་ཕྱིར་རྣལ་འབྱོར་དམ་པ་ཞེས་བྱ་སྟེ། དེ་བས་ན་དེས་དེ་མ་ཡིན་པའི་རྣལ་འབྱོར་རྣམས་ཟིལ་གྱིས་མནན་ཏེ་གནས་སོ་ཞེས་བྱ་བ་གསུངས་ཏེ། དེ་མ་ ཡིན་པའི་རྣལ་འབྱོར་ཞེས་བྱ་བ་ནི་འཇིག་རྟེན་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣལ་འབྱོར་ཏེ། དེ་དག་ལས་འཕགས་པའི་ཕྱིར་ཟིལ་གྱིས་མནན་ཏེ་གནས་སོ་ཞེས་བཤད་པའོ། །ཤ་ར་དྭ་ཏིའི་བུ་རྣལ་འབྱོར་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ གཤེགས་པའི་སྟོབས་བཅུ་མངོན་པར་སྒྲུབ་པོ་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་དམ་པ་དེ་ལ་སྤྱོད་པའི་ཡོན་ཏན་བསྟན་པ་སྟེ། ཡོན་ཏན་དེ་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་སྒྲུབ་ནུས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་མེད་པ་བསྟན་ཏོ། །འདི་ཡན་ཆད་དུ་བརྩོན་པ་རྣམས་ཀྱི་མཚན་ཉིད་བཤད་ཟིན་ཏོ། །ད་ནི་བརྩོན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། གནས་བརྟན་ཤཱ་རིའི་བུས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་སྤྱོད་པ་དེ། གང་ནས་ཚེ་འཕོས་ཏེ་འདིར་སྐྱེས་པ་ལགས། འདི་ནས་ཚེ་འཕོས་ནས་གང་དུ་སྐྱེ་བར་