Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 91

Văn bản gốc(Tây Tạng)

Trang 18 / 21 (50.000 ký tự/trang)
ིས་ན་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་དེའི་རིམ་པས་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་ཞིང་།
དེ་ལྟར་བདག་གིས་བསྟན་ན་སྔོན་གྱི་འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་དང་སྤྱོད་པ་མཐུན་པར་སྤྱད་པས་སྔོན་གྱི་འཕགས་པ་རྣམས་ཀྱི་རྗེས་སུ་བསླབ་པ་ཉིད་བཀའ་དྲིན་དྲན་པར་བྱས་ཤིང་། དྲིན་ལ་ལན་ལོན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་གདམས་པ་ནི། སྡིག་པ་མི་དགེ་བའི་

ཆོས་ལ་སོགས་པ་བྱར་མི་རུང་བ་རྣམས་མ་བྱེད་ཅིག་ཅེས་དང་པོ་གདམས་པའོ། །རྗེས་སུ་བསྟན་པ་ནི། དགེ་བའི་ཆོས་འདི་དག་བྱོས་ཤིག་ཅེས་དགེ་བ་ལ་གཟུད་པའོ། །དགྱེས་པར་བྱས་པ་ནི་ནན་ཏན་དུ་སྒྲུབ་པའི་དམིགས་མི་ཤེས་པ་ལ་སྒྲུབ་ཅིང་སྒོམ་པའི་དམིགས་བསྟན་པས་དགའ་བར་བྱས་པའོ། །
ཡང་དག་པར་བསྐུལ་བ་ནི་སྒོམ་ཞིང་སྒྲུབ་པ་ལ་ཞུགས་པའི་ཚེ་ལུང་དང་མན་ངག་ལེགས་པར་མ་ཐོབ་པས་འཁྲུལ་ཅིང་ལོག་པར་སྒོམ་པ་ལས་མ་འཁྲུལ་ཅིང་ཡང་དག་པར་སྒོམ་པ་ལ་སྦྱོར་བའོ། །ལེགས་པར་གཟེངས་བསྟོད་པ་ནི་ལེ་ལོ་ལ་སོགས་པའི་སྐྱོན་གྱིས་སྒྲུབ་པ་དང་། སྒོམ་པ་ལ་མི་བརྩོན་
པ་རྣམས་སྤྲོ་བ་བསྐྱེད་ཅིང་བརྩོན་འགྲུས་རྩོམ་དུ་འཇུག་པའོ། །རབ་ཏུ་དགྱེས་པར་བྱས་པ་ན། ལེགས་པར་སྒྲུབ་ཅིང་ཕྱིན་ཅི་མ་ལོག་པར་སྒོམ་པ་ལ་ལེགས་སོ་ཞེས་བསྟོད་ནས་སྒོམ་པ་ལ་སྤྲོ་ཞིང་དགའ་བ་སྐྱེད་པའོ། །བཀོད་པ་དང་ཞེས་བྱ་བ་ནི་དེ་ལྟར་བསྒྲུབས་ཤིང་བསྒོམས་པའི་ཐ་མར་
འཕགས་པའི་ལམ་ལ་བཀོད་པའོ། །ཤིན་ཏུ་བརྟན་པ་བགྱིས་པས་ཞེས་བྱ་བ་ནི་ལམ་བསྒོམས་པའི་འབྲས་བུ་ཐོབ་པར་བྱས་ཤིང་དེ་ལ་བརྟན་པར་གནས་པར་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེའི་
ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་དང་། ཇི་ལྟར་མི་གནས་པར་བྱ་བ་བདག་གིས་བཤད་དོ་ཞེས་བྱ་བ་ལ་སོགས་པ་ནི། གོང་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རབ་འབྱོར་
ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་ཞེས་དྲིས་པའི་ལན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་བའི་དོན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ། ཀཽ་ཤི་ཀ་
གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པ་རྣམས་དོན་དམ་པར་དེ་དག་གི་རང་བཞིན་གྱིས་སྟོང་ལ། དེ་ལྟར་སྟོང་པར་

རྟོགས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའི་སྟོང་པ་གང་ཡིན་པ་དེ་དག་སྟོང་པ་ཉིད་དུ་རོ་གཅིག་སྟེ་ཐ་མི་དད་པས་དེ་དག་ལ་གཉིས་
སུ་མེད་ཅིང་གཉིས་སུ་བྱར་མེད་པར་རྟོགས་ཤིང་གནས་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཇི་ལྟར་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམིགས་པའི་ཚུལ་གྱིས་གཟུགས་ལ་གནས་
པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གནས་པར་མི་བྱ་བ་ཡོངས་སུ་སྤང་བའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་བསྟན་པ་སྟེ། གནས་པར་མི་བྱ་བ་ཡང་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པའི་བར་གྱི་ཆོས་རྣམས་ལ་དམིགས་པའི་
ཚུལ་གྱིས་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན་ནོ་ཞེས་བསྟན་པའོ། །དམིགས་པའི་ཚུལ་གྱིས་གཟུགས་ཞེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བ་ནས། དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་གནས་པར་མི་བྱའོ་
ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ལ་དམིགས་པའི་ཚུལ་གྱིས་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ཀྱང་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་ཞིང་
ཐོགས་པ་དང་བཅས་པའོ། །ཚོར་བའི་མཚན་ཉིད་ནི་བདེ་བ་དང་། སྡུག་བསྔལ་མྱོང་བའི་རང་བཞིན་ཅན་ནོ་ཞེས་བྱ་བ་ལ་སོགས་པ་ཆོས་རྣམས་སོ་སོའི་མཚན་ཉིད་གང་ཡིན་པ་ལ་ཇི་ལྟར་རིགས་པར་སྦྱར་རོ། །དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བ་

ལ་སོགས་པ་ནི་གཟུགས་ལ་སོགས་པའི་ཆོས་ཉིད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པ་བསྟན་པ་སྟེ། ཆོས་ཉིད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཡང་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པ་དང་།
ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པ་དང་གསུམ་མོ། །དེ་ལ་དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱིན་པའི་གནས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་ཉིད་ལ་གནས་པར་མི་བྱ་བ་བསྟན་པ་སྟེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་
པ་ཞེས་བྱ་བ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཐེག་པ་ཆུང་ངུའི་ཚུལ་གྱིས་ཐམས་ཅད་ཤེས་པ་ཉིད་ཐོབ་པར་བྱ་བའི་ཕྱིར། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་།
བདག་དང་བདག་མེད་པ་དང་། སྡུག་པ་དང་མི་སྡུག་པ་དང་། ཞི་བ་དང་མ་ཞི་བ་དང་། དབེན་པ་དང་མི་དབེན་པ་དང་། སྟོང་པ་དང་མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པའི་ཆོས་ཉིད་དུ་དམིགས་པའི་ཚུལ་གྱིས་རྟོག་ཅིང་
གནས་ཏེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟར་གནས་པར་མི་བྱའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་འདུས་མ་བྱས་པ་ལས་གདགས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུས་མ་བྱས་པ་ལས་གདགས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ཡང་རྒྱུན་དུ་ཞུགས་པ་ལ་སོགས་པའི་ཆོས་ལ་གནས་པར་མི་བྱ་བ་བསྟན་པ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་

དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམས་ཀྱི་ཆོས་ཉིད་ནི་མྱ་ངན་ལས་འདས་པ་འདུས་མ་བྱས་པ་ཞེས་བྱ་བ་ལ་དམིགས་ཤིང་བསྒོམ་བསྒོམ་པ་ལས་རྒྱུན་དུ་ཞུགས་པ་ལ་སོགས་
པའི་འབྲས་བུ་ཐོབ་པར་གྱུར་པ་ལ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་འདུས་མ་བྱས་པ་ལ་གདགས་སོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །རྒྱུན་དུ་ཞུགས་པ་སྦྱིན་པའི་གནས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་
བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱིན་པའི་གནས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ཡང་རྒྱུན་དུ་ཞུགས་པ་ལ་སོགས་པའི་ཆོས་ཉིད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་
པ་སྟེ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་བྱང་ཆུབ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི་སྦྱིན་པའི་གནས་ཡིན་ནོ་ཞེས་བྱ་བར་དམིགས་པའི་
ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགོད་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་སྤྱོད་པ་ལ་གནས་པར་མི་བྱ་བ་བསྟན་པ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་ཡང་བྱང་ཆུབ་
སེམས་དཔའ་རྣམས་ས་བཅུ་ལ་རིམ་པས་གནས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པར་བྱ་བ་

དང་། མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱ་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་ཞིང་ཆོས་མཉན་པ་དང་། ཆོས་ཐོས་པ་རྣམས་གཞན་ལ་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པར་འགྲོ་བར་བྱ་བ་དང་། སངས་རྒྱས་དེ་དག་གི་སངས་
ཀྱི་ཞིང་ཅི་འདྲ་བ་དེ་འདྲ་བ་ཉིད་དུ་ཡོངས་སུ་བསྒྲུབ་པར་བྱ་བ་དང་། སེམས་ཅན་རྣམས་བྱང་ཆུབ་ཏུ་སྨིན་པར་བྱ་བ་དང་། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་སོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེ་ཏོག་དང་། ཕྲེང་བ་ལ་སོགས་
པས་མཆོད་ཅིང་རིམ་གྲོར་བྱ་བ་དང་། སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགོད་པར་བྱས་ནས་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པ་ཤེས་པ་ཐོབ་པར་བྱེད་པ་དེ་དག་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
གནས་པ་ཡིན་ནོ་ཞེས་བསྟན་པའོ། །མིག་ལྔ་བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་སྤྱོད་པ་ལ་གནས་པར་མི་བྱ་བ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ཡང་སངས་རྒྱས་ཀྱི་ས་ལ་གནས་པའི་ཡེ་ཤེས་ལ་བྱ་སྟེ། ཡེ་ཤེས་དེ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྤྱན་ལྔ་སྒྲུབ་པ་དང་། ཏིང་ངེ་འཛིན་རྣམས་སྒྲུབ་
པ་དང་། ཏིང་ངེ་འཛིན་རྣམས་ཀྱིས་རྣམ་པར་རྩེ་བ་དང་། གཟུངས་ཀྱི་སྒོ་རྣམས་སྒྲུབ་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅོ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཡོངས་སུ་བསྒྲུབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་དུ་དེ་དག་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་

བསྟན་པའོ། །དད་པའི་རྗེས་སུ་འབྲང་བའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་གང་ཟག་དང་། བྱང་ཆུབ་སེམས་དཔའི་གང་ཟག་དང་། དེ་བཞིན་གཤེགས་པའི་གང་ཟག་རྣམས་ལ་དམིགས་པའི་ཚུལ་
གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པར་བསྟན་པ་སྟེ། དེ་ཡང་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པར་རིག་པར་བྱའོ། །དེ་ལ་
དད་པའི་རྗེས་སུ་འབྲང་བའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། རང་སངས་རྒྱས་སོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་གང་ཟག་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པ་སྟེ།
དེ་ལ་དད་པའི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་ཉན་ཐོས་ཤེས་རབ་རྟུལ་པོ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ལ་བྱ་སྟེ། གང་ཟག་དེ་དབང་པོ་རྟུལ་བས་བདག་ཉིད་ཀྱི་བློས་རྟོགས་པ་ནི་མེད་ཀྱི། ལུང་ལས་ཐོས་པ་བཞིན་དུ་དད་པས་འཕགས་པའི་ལམ་གྱི་རྗེས་སུ་འཇུག་པས་ན། དད་
པའི་རྗེས་སུ་འབྲང་བ་ཞེས་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པར་གང་ཟག་དབང་པོ་རྣོན་པོ་ལ་བྱ་སྟེ། དེ་དག་དབང་པོ་རྣོ་བས་གཞན་གྱི་དྲིང་ལ་མི་འཇོག་ཅིང་ཆོས་ཀྱི་ཚུལ་དང་མཐུན་པར་རིག་པ་དང་། སྦྱོར་བས་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །
བརྒྱད་པ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའི་གང་ཟག་དགྲ་བཅོམ་པའི་འབྲས་བུ་ནས་ཡས་བགྲངས་ན་རིམ་པ་བརྒྱད་ཀྱི་ཐ་མ་ལ་འབབ་པས་བརྒྱད་པ་ཞེས་བྱའོ། །རྒྱུན་དུ་ཞུགས་པ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་པོ་ཐོབ་པའི་གང་ཟག་ལ་བྱའོ། །དེ་ལྟར་
ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའི་གང་ཟག་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ཟད་པས་མི་དང་ལྷའི་ནང་དུ་འཁོར་བའི་སྲིད་པར་རེ་ལྟར་ཐོགས་ན་ལན་བདུན་སྐྱེ་བ་ལ། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བྱའོ། །རིགས་ནས་རིགས་སུ་

འགྲོ་བ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའི་གང་ཟག་ལ་ལ་ཚེ་གཉིས་སམ་གསུམ་གྱི་བར་དུ་འཁོར་བ་ན་གནས་ཤིང་ལྷ་དང་མིའི་རིགས་བཟང་པོར་སྐྱེ་བ་ལ་བྱའོ། །གཅིག་གིས་ཆོད་པའོ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་གང་ཟག་ལན་ཅིག་ཕྱིར་འོང་བའི་འབྲས་
བུ་ཐོབ་པར་བྱ་བ་ལ་སྐྱེ་བ་གཅིག་གིས་བར་ཆོད་པ་ལ་བྱའོ། །རྣམ་པ་གཅིག་ཏུ་ན་མྱ་ངན་ལས་འདས་པ་ཐོབ་པ་ལ་སྐྱེ་བ་གཅིག་གིས་བར་ཆོད་པ་ལ་ཡང་བྱ་སྟེ། མྱ་ངན་ལས་འདས་པ་ལ་ཚེ་ཕྱི་མ་འབའ་ཞིག་གིས་ཐོགས་པའོ་ཞེས་བྱ་བའི་དོན་ཏོ། །གང་ཟག་མགོ་མཉམ་པ་ཞེས་བྱ་བ་ནི་རྒྱུན་དུ་
ཞུགས་པའི་འབྲས་བུ་ལ་གནས་པའི་གང་ཟག་ཚེ་དང་ལས་དང་ཉོན་མོངས་པ་རྣམས་དུས་གཅིག་ཏུ་མགོ་མཉམ་དུ་ཟད་ནས། ཐལ་བྱུང་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་ལ་བྱའོ། །ཚེ་ཟད་པའོ་ཞེའམ་ཉོན་མོངས་པ་ཟད་པའོ་ཞེས་བྱ་བ་
ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་གང་ཟག་ལ་ལ་ཚེ་དང་ཉོན་མོངས་པ་སྔ་ཕྱིར་ཟད་པར་འགྱུར་བ་ལ་བྱའོ། །རྒྱུན་དུ་ཞུགས་པ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་གང་ཟག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ལན་ཅིག་ཕྱིར་འོང་
བའི་འབྲས་བུ་ཐོབ་ཏུ་ཉེ་བ་ལ་བྱའོ། །ལོག་པར་ལྟུང་བ་མེད་པའི་ཆོས་ཅན་ནོ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་གང་ཟག་ངན་སོང་གསུམ་དུ་ལྟུང་བའི་ལས་མི་བྱེད་ཅིང་སྔོན་ངན་སོང་གསུམ་དུ་ལྟུང་བའི་ལས་བྱས་པ་ཡང་གཉེན་པོ་བསྒོམས་པ་ལས་དེའི་འབྲས་བུ་རྣམ་པར་སྨིན་
པར་མི་འགྱུར་བའི་ཆོས་ཅན་ལ་བྱའོ། །ལན་ཅིག་ཕྱིར་འོང་བ་སྟེ། འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་སྡུག་བསྔལ་མཐར་དབྱུང་ངོ་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པའི་གང་ཟག་ལྷའི་འཇིག་རྟེན་ནས་མི་ཡུལ་གྱི་འཇིག་རྟེན་འདིར་མིའི་ནང་དུ་ལན་ཅིག་སྐྱེས་ནས་མྱ་ངན་
ལས་འདས་པ་མངོན་སུམ་དུ་བྱེད་པ་ལ་བྱའོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བའི་གང་ཟག་དེ་ཉིད་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ཏུ་ཉེ་བ་ལ། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱའོ། །ཕྱིར་མི་

འོང་བ་སྟེ། དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བ་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པའི་གང་ཟག་གང་དུ་སྐྱེས་པའི་གནས་དེ་ཉིད་དུ་ཚེ་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ལ་བྱའོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་
བའི་ཕྱིར་ཞུགས་པའོ་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པའི་གང་ཟག་དེ་ཉིད་དགྲ་བཅོམ་པའི་འབྲས་བུ་ཐོབ་ཏུ་ཉེ་བའི་ཚེ། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱའོ། །དགྲ་བཅོམ་པ་སྟེ། ཚེ་འདི་ཉིད་ལ་ཕུང་པོ་མ་ལུས་པའི་མྱ་ངན་
ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བ་ནི་དགྲ་བཅོམ་པའི་གང་ཟག་དགྲ་བཅོམ་པའི་ཕུང་པོ་དེ་ཉིད་ལ་གནས་པའི་ཚེ། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་ནས་ཕུང་པོ་དེ་བོར་མ་ཐག་ཏུ་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདའ་
བར་འགྱུར་བ་ལ་བྱའོ། །རང་སངས་རྒྱས་སོ་ཞེས་བྱ་བ་ནི་རང་སངས་རྒྱས་ལ་རྣམ་པ་གཉིས་ཏེ། འཁོར་དང་ལྷན་ཅིག་ཏུ་གནས་པ་དང་། བསེ་རུ་ལྟར་གཅིག་པུ་ཡན་གར་དུ་གནས་པ་ལ་བྱ་སྟེ། དེ་ལྟ་བུའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་གང་ཟག་ཐམས་ཅད་ཤེས་པ་ཉིད་
ཀྱི་ཕྱོགས་སུ་གཏོགས་པ་རྣམས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། བྱང་ཆུབ་སེམས་དཔའི་ས་ལ་གནས་པར་བྱའོ་ཞེས་བྱ་བར་དམིགས་
པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་བྱ་བ་བྱས་ཏེ། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་སོང་སྟེ། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་དོན་དུ་ནི་
ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་གང་ཟག་ལ་གནས་པར་མི་བྱའོ་ཞེས་བྱ་བ་བསྟན་པ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་གང་ཟག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱ་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དང་བསམ་པ་ཉན་ཐོས་

དང་རང་སངས་རྒྱས་ཀྱི་ས་ལས་བཟླས་ཏེ། བྱང་ཆུབ་སེམས་དཔའི་ས་ལ་གནས་པར་བྱ་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བྱ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བྱ་བ་དང་། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་
སངས་རྒྱས་ནས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་པར་བྱ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བ་དང་། སངས་རྒྱས་ཀྱི་བྱ་བ་བྱས་ཏེ། འཇིག་རྟེན་གྱི་ཁམས་
ཚད་མེད་གྲངས་མེད་པར་འགྲོ་བ་དང་། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་སྤྱོད་པ་དང་། བསམ་པ་དེ་ལྟ་བུ་དག་ལ་མཚན་མར་འཛིན་ཅིང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །རྫུ་འཕྲུལ་གྱི་
རྐང་པ་བཞི་ལ་གནས་ཏེ། ཏིང་ངེ་འཛིན་རྣམས་གང་ལ་སྙོམས་པར་ཞུགས་པས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་གོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་གང་ཟག་ལ་དམིགས་
པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་གང་ཟག་ཅེས་བྱ་བ་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐུ་དང་ཡོན་ཏན་ཏིང་ངེ་འཛིན་ལ་དབང་ཐོབ་པ་ལ་སོགས་པ་ལ་མཚན་མར་
འཛིན་ཅིང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པ་སྟེ། དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཏིང་ངེ་འཛིན་རྣམས་གང་ལ་སྙོམས་པར་ཞུགས་པས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་གོ་ཞེས་བྱ་བར་
དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བསྟན་པ་སྟེ། འདུན་པ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ཏིང་ངེ་འཛིན་གྱི་རང་བཞིན་ཅན་ལ་གནས་ཏེ། ཏིང་ངེ་འཛིན་ལ་དབང་དུ་གྱུར་པས་བསྐལ་པ་དུ་མར་ཡང་ཏིང་ངེ་འཛིན་

ལས་ཉམས་པར་མི་འགྱུར་ཞིང་སེམས་ཅན་གྱི་དོན་ཀྱང་ལྷུན་གྱིས་གྲུབ་པ་ཉིད་དུ་མཛད་པར་འགྱུར་བ་དེ་ལྟ་བུའི་མཐུ་དང་ཡོན་ཏན་མངའ་བའི་གང་ཟག་སངས་རྒྱས་བཅོམ་ལྡན་འདས་ལ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །བདག་གི་
ཚེ་ནི་ཚད་མེད་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཚེ་ལ་དབང་ཐོབ་པའི་ཡོན་ཏན་དེ་ལྟ་བུ་ཐོབ་པར་བྱ་བ་ལ་ཡང་བྱང་ཆུབ་སེམས་དཔའ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །བདག་གི་སྐྱེས་
བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལས་མཚན་རེ་རེ་ཞིང་ཡང་། བསོད་ནམས་བརྒྱས་ཡོངས་སུ་སྒྲུབ་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལས་རེ་རེ་ཡང་བསོད་ནམས་ཀྱི་
ཚོགས་ཆེན་པོའི་རྒྱུ་ལས་བྱུང་བར་གྱུར་པ་དེ་ལྟ་བུ་བདག་གིས་ཀྱང་ཐོབ་པར་གྱུར་ཅིག་ཅེས་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཇི་ཙམ་ཡོད་པ་དང་ཞེས་བྱ་བ་ནས། ནུབ་བྱང་གི་འཇིག་རྟེན་གྱི་
ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་རྒྱ་ཇི་ཙམ་ཡོད་པ་དེ་ཙམ་གྱི་ཐ་གྲུར་བདག་གིས་སངས་རྒྱས་ཀྱི་ཞིང་གཅིག་བསྒྲུབས་སོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་དེ་ལྟ་བུ་བདག་གིས་གྲུབ་པར་གྱུར་ཅིག་ཅེས་
དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པའོ། །བདག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེའི་རྒྱུ་ལས་གྲུབ་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བས་ནི་བདག་གི་སངས་རྒྱས་ཀྱི་ཞིང་བདུད་དང་ཕས་རྒོལ་
བ་ལ་སོགས་པས་སུན་མི་ཕྱིན་ཅིང་མི་ཤིགས་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །བདག་གི་བྱང་ཆུབ་ཀྱི་ཤིང་ལས་དྲི་སེམས་ཅན་གང་གིས་ཚོར་ཡང་རུང་སྟེ། དེ་དག་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་

གནོད་པ་མེད་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་བདག་ནམ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་འཚང་རྒྱ་བའི་ཚེ་བྱང་ཆུབ་ཀྱི་ཤིང་ལས་སྤོས་ཀྱི་དྲི་ཞིམ་པོ་བྱུང་བ་སེམས་ཅན་གང་གིས་ཚོར་བའི་སེམས་ཅན་དེ་དག་ཀྱང་འདོད་ཆགས་ལ་སོགས་པའི་
ཉོན་མོངས་པའི་གནོད་པ་དང་བྲལ་ཞིང་བྱང་ཆུབ་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག་ཅེས་བྱ་བར་སྨོན་ལམ་དུ་གདབ་ཅིང་བསྔོ་བ་ཡང་ཀུན་རྫོབ་ཏུ་བྱར་ཟད་ཀྱི། དོན་དམ་པར་དེ་ལ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པའོ། །ཉན་ཐོས་ཀྱི་སེམས་དང་། རང་སངས་རྒྱས་
ཀྱི་སེམས་སྐྱེད་པར་མ་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་དེའི་དྲི་ཚོར་བའི་སེམས་ཅན་དེ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་སྐྱེད་པར་མ་གྱུར་ཅིག་ཅེས་སྨོན་ལམ་དུ་བཏབ་པ་ལ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་
བྱའོ་ཞེས་བསྟན་པའོ། །དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་དེའི་དྲི་ཚོར་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་སྨོན་ལམ་དུ་གདབ་པ་དེ་ལ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པའོ། །སེམས་ཅན་གང་དག་བྱང་ཆུབ་ཀྱི་ཤིང་གི་དྲི་ཚོར་བར་གྱུར་པ་དེ་དག་གི་ལུས་སམ་སེམས་ལ་ནད་གང་ཡང་མེད་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་
པར་མི་བྱའོ་ཞེས་བྱ་བས་ནི། བདག་མངོན་པར་སངས་རྒྱས་པའི་ཚེ་བྱང་ཆུབ་ཀྱི་ཤིང་དེའི་དྲི་ཚོར་བའི་སེམས་ཅན་དེ་དག་གི་ལུས་དང་། སེམས་ལ་ནད་གང་ཡང་མེད་པར་གྱུར་ཅིག་ཅེས་སྨོན་ལམ་དུ་གདབ་པ་དེ་ལ་ཡང་དོན་དམ་པར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པའོ། །
བདག་གི་སངས་རྒྱས་ཀྱི་ཞིང་དེར་གཟུགས་ཀྱི་སྒྲ་ཡོད་པར་མ་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་སྒྲ་ཡོད་པར་མ་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི། བདག་མངོན་པར་སངས་

རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་དོན་དམ་པར་ཕུང་པོ་ལྔ་ལ་སོགས་པ་སངས་རྒྱས་ཀྱི་བར་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་མཚན་མར་འཛིན་པའི་སྒོ་ནས་སྒྲ་ཡང་ཡོད་པར་མ་གྱུར་ཅིག་ཅེས་སྨོན་ལམ་དུ་གདབ་པ་དེ་ལ་ཡང་དམིགས་པའི་ཚུལ་
གྱིས་གནས་པར་མི་བྱ་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བས་ནི་
གོང་དུ་ཆོས་ཐམས་ཅད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བཤད་པའི་གཏན་ཚིགས་བསྟན་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལས་འགའ་ཞིག་དངོས་པོ་ཡོད་ཅིང་དམིགས་སུ་ཡོད་ན་ནི་དེ་དག་ལ་དམིགས་པའི་ཚུལ་གྱིས་གནས་པར་ཡང་རིགས་ན་དེ་བཞིན་
གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཡང་དོན་དམ་པར་ཆོས་གང་ཡང་དངོས་པོ་ཡོད་པར་མི་དམིགས་ཏེ། དེའི་ཕྱིར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བས་ནི་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བའི་དོན་རབ་འབྱོར་གྱིས་མཇུག་བསྡུས་ནས་བརྒྱ་བྱིན་ལ་བསྟན་པ་སྟེ། དེ་ལྟར་ཆོས་གང་ལ་ཡང་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
གནས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྙམ་པ་དང་ཞེས་བྱ་བ་ནི་གང་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་གནས་པར་མི་བྱའོ་ཞེས་
ཀྱང་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་ཀྱང་བཤད་པ་སྟོང་པ་ཉིད་ལ་ནི་གནས་སུ་ཡང་མི་རུང་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྙམ་དུ་རྟོགས་པར་གྱུར་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུའི་

སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཅི་ཞིག་ལ་གནས་ཞེས་བྱ་བ་ནི་ཅི་ལ་ཡང་མི་གནས་པ་
ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པར་བསྟན་པའི་ཕྱིར་རབ་འབྱོར་གྱིས་ཤ་ར་དྭ་ཏིའི་བུ་ལ་དེ་བཞིན་གཤེགས་པ་ཅི་ལ་གནས་ཞེས་དྲིས་པ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་
མེད་པར་ཐུགས་སུ་ཆུད་ནས་ཆོས་གང་ལ་ཡང་དམིགས་པའི་ཚུལ་གྱིས་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་ནི་ཅི་ལ་ཡང་གནས་པ་མ་ཡིན་ནོ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པ་ཅི་
ཞིག་ལ་གནས་ཞེས་རབ་འབྱོར་གྱིས་དྲིས་པའི་ལན་ཤཱ་རིའི་བུས་བཏབ་པ་སྟེ། ཆོས་གང་ལ་ཡང་མི་གནས་སོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ནི་མི་གནས་པ་སྟེ་ཞེས་བྱ་བས་ནི། ཅི་ལ་ཡང་མི་
གནས་པའི་གཏན་ཚིགས་བསྟན་པ་སྟེ། །དེ་བཞིན་གཤེགས་པའི་ཐུགས་ནི་ཆོས་གང་ལ་ཡང་མཚན་མར་མི་འཛིན་ཅིང་། དམིགས་པའི་ཚུལ་གྱིས་གནས་པ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་གཟུགས་ལ་མི་གནས། ཚོར་བ་ལ་མི་གནས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ལ་མི་གནས་སོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པའི་ཐུགས་ཅི་ལ་ཡང་མི་གནས་ཞེས་བྱ་བ་དེ་ཆོས་གང་དང་གང་ལ་མི་གནས་པའི་དམིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་
པར་དངོས་པོ་ཡོད་པར་མ་གྲུབ་པས་ཆོས་དེ་དག་ལ་དེ་བཞིན་གཤེགས་པའི་ཐུགས་དམིགས་པའི་ཚུལ་གྱིས་མི་གནས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྟེ་ཞེས་
བྱ་བའི་བར་དུ་ནི་གནས་པ་དང་མི་གནས་པའི་མཐའ་གཉིས་སྤང་བ་བསྟན་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་པ་དེ་དེ་ལྟར་བྱའོ་ཞེས་བསྟན་པའོ། །གནས་
པ་ཡང་མ་ཡིན་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། གནས་པར་བྱར་མི་རུང་བའི་ཕྱིར་རོ། །མི་གནས་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་བརྗོད་ཅིང་གདགས་པ་ལ་སོགས་པ་ལ་གནས་པའི་ཕྱིར་མི་གནས་པ་
ཡང་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ་གནས་པར་བྱའོ་ཞེས་བྱ་བས་ནི་མཐའ་གཉིས་དང་བྲལ་བའི་དོན་གོང་དུ་བསྟན་པ་མཇུག་བསྡུས་ནས་བཤད་པ་སྟེ།
ཇི་ལྟར་དེ་བཞིན་གཤེགས་པས་གནས་པ་དང་། མི་གནས་པའི་མཐའ་གཉིས་སྤངས་ཏེ། གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་བསླབ་ཅིང་གནས་པར་བྱའོ་ཞེས་བསྟན་པའོ། །དེ་ནས་འཁོར་དེའི་ནང་ནས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ་
ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཚིག་གིས་ཐོག་ཏུ་མི་ཕེབས་ཤིང་བརྗོད་དུ་མེད་པ་ཡིན་པར་བསྟན་པ་སྟེ། གང་གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་གྱི་ཚིག་དང་། གནོད་སྦྱིན་གྱི་སྐད་དང་། གནོད་སྦྱིན་གྱི་སྒྲ་དང་། གནོད་སྦྱིན་གྱི་བརྗོད་པ་དེ་དག་ནི་སྨྲས་པར་གྱུར་ན་ཤེས་
པར་རུང་གི །གང་འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་དང་། བརྗོད་པ་དང་། སྟོན་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། གཏན་ལ་དབབ་པར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ་ཞེས་བྱ་བས་ནི་ཆོས་ཐམས་ཅད་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་

མ་ཡིན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པས། དེ་ལྟར་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ་ཞེས་རབ་འབྱོར་གྱིས་བཤད་པའི་འཁོར་གྱི་ནང་ནས་ལྷའི་བུ་ཁ་ཅིག་གིས་ཐོས་ནས་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བཤད་པའི་ཚིག་ཟབ་ཅིང་རྟོགས་པར་
བྱ་དཀའོ་སྙམ་དུ་རྟོག་པར་གྱུར་པ་སྟེ། གནོད་སྦྱིན་གྱི་ཚིག་དང་། གནོད་སྦྱིན་གྱི་སྐད་ལ་སོགས་པ་མིའི་ཚིག་དང་སྐད་མ་ཡིན་པ་རྣམས་ཀྱང་བསླབས་ན་ལོབས་ཤིང་ཤེས་པར་རུང་གི །ཅི་ལ་ཡང་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བཤད་པ་དང་།
ཆོས་ཐམས་ཅད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ་ཞེས་རབ་འབྱོར་གྱིས་བཤད་པའི་ཚིག་གི་དོན་ཤེས་པར་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས།
ལྷའི་བུ་དེ་དག་ལ་སྨྲས་པ། ལྷའི་བུ་དག་གང་སྨྲས་པ་དེ་ཤེས་པར་མི་རུང་ངམ་ཞེས་བྱ་བ་ནི་གོང་དུ་ལྷའི་བུ་དག་རྟོགས་པ་སྐྱེས་པ་དེ་ཚིག་ཏུ་མ་སྨྲས་ཀྱང་རབ་འབྱོར་གྱི་སེམས་ཀྱིས་རྟོགས་ནས་ཅི་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བཤད་པའི་ཚིག་དེ་དག་ཤེས་པར་མི་རུང་ངམ་
ཞེས་སླར་བརྟག་ཅིང་དྲིས་པའོ། །ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོར་ཤེས་པར་མི་རུང་ངོ་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་དོན་རབ་འབྱོར་འཆད་དུ་གཞུག་པའི་ཕྱིར་སྨྲས་པའོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དེ་དག་ནི་འདི་ལྟར་ཡི་གེ་གཅིག་ཀྱང་མ་
བརྗོད་ཀྱིས། གང་མ་བརྗོད་པ་དེ་ནི་ཐོས་པར་མི་རུང་ངོ་། །གང་ཐོས་པར་མི་རུང་བ་དེ་ནི་ཤེས་པར་མི་རུང་ངོ་ཞེས་བྱ་བ་ནི་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ནི་སེམས་ཅན་རྣམས་དཀྲི་ཞིང་དྲང་བའི་ཕྱིར་ཀུན་རྫོབ་ཏུ་ཚིག་དང་ཡི་གེ་རྣམས་ཀྱིས་སྒྲོ་བཏགས་ཏེ་བཤད་པར་
ཟད་ཀྱི། དོན་དམ་པར་ནི་ཚིག་དང་ཡི་གེ་བརྗོད་པས་ཐོག་ཏུ་ཕེབས་པར་མི་འགྱུར་བའི་ཕྱིར་ཡི་གེ་གཅིག་ཀྱང་མ་བརྗོད་དེ། དེ་ལྟར་ཚིག་དང་ཡི་གེ་མ་བརྗོད་པ་དེ་ཐོས་པ་དང་ཤེས་པར་ཡང་མི་རུང་ངོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་ཡིན་ཏེ།

དེ་ལ་སུ་ཡང་སྟོན་པ་དང་། ཉན་པ་དང་ཤེས་པར་བྱེད་པ་མེད་དོ་ཞེས་བྱ་བ་ནི་ཡི་གེ་གཅིག་ཀྱང་མ་བརྗོད་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚིག་དང་ཡི་གེའི་རང་བཞིན་ཡང་མ་ཡིན་ལ། ཚིག་དང་ཡི་གེས་བསྟན་པར་བྱ་བ་
ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཡི་གེ་མེད་པའོ་ཞེས་བྱ་བས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིག་དང་ཡི་གེའི་རང་བཞིན་མ་
ཡིན་པ་དང་། ཚིག་དང་ཡི་གེས་བསྟན་དུ་མི་རུང་བའི་གཏན་ཚིགས་བསྟན་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱང་ཚིག་དང་ཡི་གེའི་རང་བཞིན་ཡང་མ་ཡིན་ལ། ཚིག་དང་ཡི་གེས་བསྟན་པས་ཐོག་ཏུ་ཕེབས་པ་ཡང་མ་ཡིན་གྱི། འཕགས་པ་རྣམས་ཀྱིས་སོ་སོ་རང་
གིས་རིག་པའི་རང་བཞིན་ཡིན་པའི་ཕྱིར་དོན་དམ་པར་ཡི་གེ་གཅིག་ཀྱང་མ་བརྗོད་དོ་ཞེས་བསྟན་པའོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྤྲུལ་པ་ཞིག་སྤྲུལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་
སྤྲུལ་པ་དང་རྨི་ལམ་དང་སྒྲ་བརྙན་དང་སྒྱུ་མའི་དཔེས་དོན་དམ་པར་ཆོས་ཐམས་ཅད་ཚིག་དང་ཡི་གེས་བསྟན་ཅིང་བརྗོད་དུ་མེད་པ་བསྟན་པའོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་གསལ་བར་བྱེད་པ་སྟེ་ཞེས་བྱ་བ་ནི།
སྤྲུལ་པ་ལ་སོགས་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཚིག་དང་ཡི་གེས་བརྗོད་ཅིང་བསྟན་པ་དང་། ཐོག་ཏུ་མི་ཕེབས་པ་བཤད་པས་ལྷའི་བུ་རྣམས་མགུ་ནས་གནས་བརྟན་རབ་འབྱོར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གསལ་བར་སྟོན་པའོ་ཞེས་རབ་འབྱོར་ལ་བསྟོད་
པའོ། །ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བར་བྱེད་ཀྱང་ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན་ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་ལ་འཇུག་གོ་ཞེས་བྱ་བ་ནི་དེ་ལྟར་གསལ་བར་བྱེད་དུ་ཟིན་ཀྱང་ཤེས་རབ་རྣོ་ལ་བློ་ཟབ་ཅིང་ཕྲ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཤིན་ཏུ་

ཟབ་པ་སྟོན་ཅིང་ཤིན་ཏུ་ཕྲ་བ་ལ་འཇུག་གོ་ཞེས་བསྟོད་པ་སྟེ་ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་ཅིང་གཏིང་དཔག་དཀའ་བ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་རྟོགས་པར་མི་ནུས་པ་གཞན་ལ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཕྲ་བ་བས་
ཀྱང་ཤིན་ཏུ་ཕྲ་བ་ལ་འཇུག་གོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཕྲ་ལ་བརྟགས་དཀའ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ལ། སོ་སོ་རང་གིས་རིག་པའི་ཚུལ་དུ་བདག་གི་བློ་འཇུག་གོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་
དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ཏེ། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ལྷའི་བུ་རྣམས་འཕགས་པ་རབ་འབྱོར་འདི་ནི་ཤིན་ཏུ་ཟབ་པ་སྟོན་ཅིང་། ཤིན་ཏུ་
ཕྲ་བ་ལ་འཇུག་གོ་སྙམ་དུ་སེམས་ཤིང་རྟོག་པ་ཚིག་ཏུ་མ་སྨྲས་ཀྱང་། རབ་འབྱོར་གྱི་སེམས་ཀྱིས་ཤེས་ནས་ཟབ་ཅིང་ཕྲ་བ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་ཅིང་བརྗོད་དུ་མེད་པ་ཡིན་པར་བསྟན་པ་སྟེ། ཟབ་ཅིང་ཕྲ་བ་ཞེས་བྱ་བ་ཞིག་ཡོད་ན་ནི་གཟུགས་ལ་སོགས་པ་འཇིག་རྟེན་གྱི་
ཆོས་རྣམས་སམ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཤིག་ཡིན་གྲང་ན། གཟུགས་ཀྱི་ཕུང་པོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། གང་རང་བཞིན་གྱིས་སྟོང་པ་དེ་ནི་ཟབ་
པ་ཡང་མ་ཡིན། ཕྲ་བ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཆོས་བསྟན་པ་འདི་ལ་ནི་གཟུགས་སུ་བཏགས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་སྤྲུལ་པ་ལ་སོགས་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་
སུས་ཀྱང་བསྟན་པ་མེད་དེ། སུས་ཀྱང་ཐོས་པ་མེད་སུས་ཀྱང་ཤེས་པ་མེད་དོ་ཞེས་བཤད་པ་དང་། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཟབ་པ་ཡང་མ་ཡིན་ཕྲ་བ་ཡང་མ་ཡིན་པར་བཤད་པ་འཁོར་གྱི་ནང་ན་འཁོད་པའི་ལྷའི་བུ་དེ་དག་གིས་ཐོས་ནས། དེ་ལྟར་ཆོས་ཐམས་ཅད་སྨྲ་

བསམ་ལས་འདས་ཏེ་བརྗོད་དུ་མེད་པ་ཡིན་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་པ་འདི་ལ། གཟུགས་ལ་སོགས་པ་ནས་སངས་རྒྱས་དང་། བྱང་ཆུབ་དང་། ཡི་གེ་རྣམས་སུ་ཡང་བཏགས་པ་མེད་དམ་ཅི་སྙམ་དུ་སེམས་པ་བསྟན་པའོ། །
དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་བྱང་ཆུབ་ནི་བརྗོད་དུ་མེད་དོ། །སྨྲར་མེད་དོ། །དེ་ནི་སུས་ཀྱང་བསྟན་པ་མེད་དོ། །སུས་ཀྱང་ཐོས་པ་མེད་དོ། །སུས་ཀྱང་ཤེས་པ་
མེད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བླ་ན་མེད་པའི་བྱང་ཆུབ་ཐུགས་སུ་ཆུད་པའི་བྱང་ཆུབ་གང་ཡིན་པ་དེ་དོན་དམ་པར་ཆོས་གང་གི་རང་བཞིན་ཡང་མ་ཡིན་པས་ཚིག་དང་ཡི་གེ་ལ་སོགས་པར་བརྗོད་ཅིང་བསྟན་དུ་ཡང་མེད་ལ། ཚིག་དང་ཡི་གེ་ལ་སོགས་པའི་སྒོ་ནས་སུས་ཀྱང་
ཐོས་ཤིང་ཤེས་པར་བྱར་རུང་བ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་བྱང་ཆུབ་ཀྱི་རང་བཞིན་དང་ཐ་མི་དད་པས་གཟུགས་ལ་སོགས་པར་བཏགས་པ་མེད་དོ་ཞེས་བསྟན་པའོ། །ལྷའི་བུ་དག་དེ་ལྟ་བས་ན་ལ་ལ་ཞིག་རྒྱུན་དུ་ཞུགས་པའི་འབྲས་
བུ་ལ་གནས་པར་འདོད་ཅིང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བར་འདོད་ན་ཡང་བཟོད་པ་འདི་ལ་མི་རྟེན་དུ་མི་རུང་ངོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་བཞི་དང་། རང་བྱང་ཆུབ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་
གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པས་སྨྲ་བསམ་ལས་འདས་ཤིང་ཐ་སྙད་དུ་གདགས་པའི་བཟོད་པ་འདི་ལ་མ་བརྟན་པར་ཐེག་པ་གསུམ་གྱི་འབྲས་བུ་ཐོབ་པར་མི་འགྱུར་གྱི། ཆོས་ཟབ་མོ་རྟོགས་པའི་བཟོད་པ་འདི་ལ་བརྟེན་ན་གདོད་ཐེག་པ་གསུམ་གྱི་
འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །ལྷའི་བུ་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་བརྗོད་པ་དང་མཉན་དུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་གྱིས་

ཆོས་ཐམས་ཅད་སྨྲ་བསམ་ལས་འདས་ཤིང་ཚིག་དང་ཡི་གེར་བྲལ་བར་རྟོགས་ཏེ། མཚན་མ་གང་ལ་ཡང་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་གྱིས། སེམས་དང་པོ་བསྐྱེད་ནས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བསྟན་པའོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅོ་ལྔ་པའོ།། །།དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་རྣམས་ལ་ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་པ་དང་ཞེས་བྱ་བ་ནི་སེམས་དང་པོ་བསྐྱེད་པ་
ནས་བརྗོད་པ་དང་མཉན་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་གོང་དུ་རབ་འབྱོར་གྱིས་བཤད་པ་ལྷའི་བུ་རྣམས་ཀྱིས་ཐོས་ནས་དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པ་ཡིན་ནོ། །ཆོས་འཆད་པ་དང་། ཆོས་ཉན་པ་ཡང་མེད་པས་ཆོས་བཤད་པ་ཡང་མེད་པར་འགྱུར་
ན། གནས་བརྟན་རབ་འབྱོར་གྱིས་ཆོས་བཤད་པ་རྣམ་པ་ཇི་ལྟ་བུ་ཞིག་ཡོད་པར་འགྱུར་སྙམ་དུ་ཐེ་ཚོམ་སྐྱེས་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་ཀྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་ཡོངས་སུ་ཤེས་ནས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་
དག་བདག་གི་ཆོས་བསྟན་པ་ནི་སྒྱུ་མ་ལྟ་བུ་སྟེ། ལྷའི་བུ་དག་བདག་ལ་ཆོས་ཉན་པ་ལ་ཡང་སྒྱུ་མ་ལྟ་བུར་བཙལ་བར་བྱའོ་ཞེས་བྱ་བ་ནི་ཆོས་སྟོན་པ་དང་། ཆོས་ཉན་པ་དང་། ཆོས་བཤད་པར་བྱ་བ་རྣམས་ནི་ཀུན་རྫོབ་ཏུ་བརྗོད་པར་ཟད་ཀྱི། དོན་དམ་པར་དེ་དག་ཐམས་ཅད་ཀྱང་དངོས་པོ་མེད་དེ།
དངོས་པོ་མེད་པ་ལས་ཡོད་པ་ལྟ་བུར་སྣང་བ་ནི། སྒྱུ་མ་ལྟ་བུ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པ་ལྷའི་བུ་དག་བདག་གི་ཆོས་བསྟན་པ་ནི་སྤྲུལ་པ་ལ་བྱ་སྟེ། བདག་ལ་ཆོས་ཉན་པ་ཡང་སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། དེ་དག་ནི་ཅི་འང་ཉན་པ་མེད་ཅིང་མངོན་དུ་བྱེད་པ་མེད་དོ་
ཞེས་བྱ་བ་ནི་སྟོན་པ་དང་ཉན་པ་དང་། བཤད་པར་བྱ་བ་གསུམ་ཆར་དོན་དམ་པར་ཡོད་པ་མ་ཡིན་པའི་དཔེ་སྤྲུལ་པ་ལས་བླངས་ནས་བསྟན་པ་སྟེ། དེ་དག་ནི་ཅིའང་ཉན་པ་མེད་ཅིང་ཞེས་བྱ་བ་ནི་ཐོས་པའི་ཤེས་རབ་ཀྱིས་གང་ཡང་མཉན་པ་མེད་དོ་ཞེས་བསྟན་པའོ། །མངོན་དུ་བྱེད་པ་མེད་དོ་ཞེས་བྱ་བ་ནི་བསྒོམས་

པའི་ཤེས་རབ་ཀྱིས་འབྲས་བུ་མངོན་སུམ་དུ་བྱས་པ་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཅི་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་
སྒྱུ་མ་ལྟ་བུ་ཡིན་ནམ་སེམས་ཅན་དེ་དག་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྤྲུལ་པ་ལྟ་བུ་ཡིན་ནམ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་དང་། རྨི་ལམ་ལྟ་བུ་ཡིན་པར་འཆད་དུ་གཞུག་པའི་སྐབས་དབྱེ་བའི་ཕྱིར་ཆོས་ཉན་པའི་སེམས་ཅན་དེ་དག་དང་།
བཤད་པར་བྱ་བའི་ཆོས་དེ་དག་ཀྱང་སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུ་ཡིན་ནམ་ཞེས་ལྷའི་བུ་རྣམས་ཀྱིས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་ནི་སྒྱུ་མ་ལྟ་བུའོ། །
སེམས་ཅན་དེ་དག་ནི་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་ནི་སྤྲུལ་པ་ལྟ་བུའོ་ཞེས་བྱ་བ་ནི་གོང་དུ་ལྷའི་བུ་རྣམས་ཀྱིས་དྲིས་པའི་དོན་དེ་ལྟ་བུ་ཡིན་ནོ་ཞེས་རབ་འབྱོར་གྱིས་ལན་བཏབ་པའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་རྨི་ལམ་ལྟ་བུའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུའོ། །
ལྷའི་བུ་དག་གཟུགས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ནས། ལྷའི་བུ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་བྱ་བའི་བར་དུ་ནི་ཆོས་སྟོན་པ་དང་། ཉན་པ་དང་། བཤད་པར་བྱ་བའི་ཆོས་རྣམས་འབའ་ཞིག་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་ཡིན་པར་
མ་ཟད་ཀྱི། ཕུང་པོ་ལྔ་ལ་སོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་
སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་ན། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་དམ་ཞེས་བྱ་བ་ནི་ཐེག་པ་ཆུང་ངུ་བ་ལ་སོགས་པ་ཁ་ཅིག་མྱ་ངན་ལས་འདས་པ་དངོས་པོ་ཡོད་པར་འཛིན་པ་གསལ་བའི་ཕྱིར་དྲིས་

པའོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་བདག་ནི་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲས་ཏེ། དེ་བས་ན་གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་པ་ན་ཡང་དེ་ལ་བདག་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ་ཞེས་
བྱ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་བཤད་ཅིང་བརྗོད་པ་ནི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི། དོན་དམ་པར་མྱ་ངན་ལས་འདས་པ་ཞེས་བྱ་བ་དངོས་པོ་ཡོད་པར་མ་གྱུར་ཏེ། དངོས་པོ་མེད་པ་ལས་ཡོད་པ་སྐད་དུ་བཤད་པ་ནི་རྨི་ལམ་དང་སྒྱུ་མ་ལྟ་བུར་མངོན་ནོ་ཞེས་པའི་དོན་
ཏོ། །གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་དེ་ལ་བདག་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ་ཞེས་བྱ་བ་ནི་ལ་དོར་བའི་ཚིག་སྟེ། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ལྟ་མེད་མོད་ཀྱི། གལ་ཏེ་བརྒྱ་ལ་དེ་ལྟ་བུ་ཞིག་
ཡོད་ན་དེ་ཡང་ཀུན་རྫོབ་ཏུ་ཡོད་པར་བཏགས་སུ་ཟད་ཀྱི། དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། མྱ་ངན་ལས་འདས་
པ་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་རྨི་ལམ་དང་། སྒྱུ་མ་དག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཏུ་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་དངོས་པོ་མེད་པ་ཡིན་ཏེ། དེ་ལྟ་བས་ན་རྨི་ལམ་དང་སྒྱུ་མ་དང་། མྱ་ངན་
ལས་འདས་པ་གསུམ་ཆར་ཡང་། དངོས་པོ་མེད་པར་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་མཛོད་ལྡན་ཆེན་པོ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང་། ཚེ་དང་
ལྡན་པ་བྱམས་གང་གི་བུ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་

པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་གསལ་བ། འདི་ལྟར་ཕྲ་བ། འདི་ལྟར་བཟང་བ་འདི་ལ་སུ་དག་ཡིད་ཆེས་པར་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུར་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་ཟབ་ཅིང་རྒྱ་ཆེ་བ་འདི་
ཀུན་རྫོབ་ཏུ་སུ་དག་ཡིད་ཆེས་པར་འགྱུར་བ་དང་། དོན་དམ་པར་སུ་ཡང་ཡིད་ཆེས་པར་འགྱུར་བ་མེད་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་འཕགས་པ་ཉན་ཐོས་ཆེན་པོ་དགྲ་བཅོམ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་མང་པོ་རྣམས་ཀྱིས་རབ་འབྱོར་ལ་དྲིས་པ་སྟེ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་ཞེས་བྱ་བ་ནི་ཐེག་པ་ཆུང་ངུ་པ་བློ་ཞན་པ་དང་། མུ་སྟེགས་ཅན་བདག་ཏུ་ལྟ་བའི་རྟོག་པའི་རྩིང་གེ་མ་རྣམས་ཀྱིས་བློས་གཏིང་དཔག་དཀའ་བའི་ཕྱིར་ཟབ་པའོ། །འདི་ལྟར་བལྟ་དཀའ་བ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔའི་ཡུལ་མ་
ཡིན་པའི་ཕྱིར་བལྟ་དཀའ་བའོ། །འདི་ལྟར་རྟོགས་པར་དཀའ་བ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་འོ། །འདི་ལྟར་ཞི་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བའོ། །འདི་ལྟར་གསལ་བ་
ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་ལ་མཁས་ཤིང་གསལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་གསལ་བའོ། །འདི་ལྟར་ཕྲ་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཕྲ་བའོ། །འདི་ལྟར་བཟང་བ་ཞེས་བྱ་བ་ནི་སྡུག་བསྔལ་
ཐམས་ཅད་ཉེ་བར་ཞི་བའི་ཕྱིར་བཟང་བའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བརྟག་དཀའ་བ། འདི་ལྟར་བརྟག་པའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་ཕྲ་བ། འདི་ལྟར་གསལ་བ། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་བཟང་བ།

འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ་འདི་ལ་ཡིད་ཆེས་པར་འགྱུར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདི་ཟབ་ཅིང་རྒྱ་ཆེ་བ་དེ་ལ། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཡིད་ཆེས་པར་
འགྱུར་རོ་ཞེས་བསྟན་པ་སྟེ། ཟབ་པ་དང་། ཕྲ་བ་དང་། གསལ་བ་དང་། བལྟ་དཀའ་བ་དང་། རྟོགས་པར་དཀའ་བ་དང་། ཞི་བ་དང་བཟང་བའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །འདི་ལྟར་བརྟག་དཀའ་བ་ཞེས་བྱ་བ་ནི་སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་བརྟག་དཀའ་
བའོ། །འདི་ལྟར་བརྟག་པའི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་སེམས་ཀྱིས་བསམ་པས་ཐོག་ཏུ་མི་ཕེབས་པའི་ཕྱིར་བརྟག་པའི་སྤྱོད་ཡུལ་མ་ཡིན་པའོ། །འདི་ལྟར་ཤིན་ཏུ་འཕགས་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པར་འགྱུར་བའི་གནས་ཀྱི་མཆོག་ཡིན་པའི་ཕྱིར་
ཤིན་ཏུ་འཕགས་པའོ། །འདི་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ་ཞེས་བྱ་བ་ནི་མཚན་མར་འཛིན་ཅིང་རྟོག་པ་དང་བཅས་པ་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་གྱི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཁས་ཤིང་ཤེས་པ་རྣམས་ཀྱིས་ཐོག་ཏུ་ཕེབས་ཤིང་
རིག་པར་བྱ་བ་ཡིན་པའི་ཕྱིར་མཁས་ཤིང་ཤེས་པས་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཡིད་ཆེས་པ་མེད་པ་མ་ཡིན་གྱི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་ལ་ཡིད་ཆེས་པར་འགྱུར་རོ་ཞེས་བསྟན་པའོ། །
བདེན་པ་མཐོང་བའི་གང་ཟག་པའམ། དགྲ་བཅོམ་པ་ཟག་པ་ཟད་པ་བསམ་པ་ཡོངས་སུ་རྫོགས་པའམ་ཞེས་བྱ་བ་ནི། འཕགས་པ་ཉན་ཐོས་ཀྱི་ནང་ན་ཡང་རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང་། འཕགས་པ་དགྲ་བཅོམ་
པ་ཟག་པ་ཟད་པ། བྱ་བ་བྱས་པ། ཁུར་བོར་བ་རྣམས་ལས་ཀྱང་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་རྒྱ་ཆེ་བ་འདི་ལ་ཡིད་ཆེས་པར་འགྱུར་བ་དག་ཡོད་དོ་ཞེས་བྱ་བ་དང་སྦྱར་རོ། །སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའི་སེམས་ཅན་སངས་རྒྱས་བྱེ་བ་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་བསྐྱེད་

པ་དག་དང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ནང་ན་ཡང་ཚེ་རབས་སྔ་མ་ལ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཉན་པའི་འཕྲོ་ཡོད་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་རྒྱ་ཆེ་བ་འདི་ལ་ཡིད་ཆེས་ནས་དད་ཅིང་ཉམས་སུ་ལེན་
པ་ཡང་ཡོད་དོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་གང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ནང་ནས་ཁ་ཅིག་སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པའི་ལས་ཀྱི་འཕྲོ་མེད་ཀྱང་ཚེ་འདི་ཉིད་ལ་དགེ་བའི་བཤེས་གཉེན་ལ་བརྟེན་
པའི་ཡོན་ཏན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་ཅིང་བརྟག་བཀའ་བ་ལ་ཡིད་ཆེས་ཤིང་སྤྱོད་པར་འགྱུར་བ་ཡོད་དོ་ཞེས་བསྟན་པའོ། །དེ་དག་ནི་གཟུགས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་ཞེས་བྱ་བ་
ལ་སོགས་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་བདེན་པ་མཐོང་བ་དང་། དགྲ་བཅོམ་པ་དང་སོ་སོའི་སྐྱེ་བོ་སྔོན་གྱི་བསོད་ནམས་ཀྱི་འཕྲོ་ཡོད་པ་དང་། སོ་སོའི་སྐྱེ་བོ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་
ཅིང་བརྟག་དཀའ་བ་ལ་དད་ཅིང་ཡིད་ཆེས་པར་འགྱུར་བ་ཡང་ཀུན་རྫོབ་ཏུ་དད་ཅིང་ཡིད་ཆེས་པར་འགྱུར་དུ་ཟད་ཀྱི། དོན་དམ་པར་ནི་གཟུགས་ལ་སོགས་པའི་ཆོས་གང་ལ་ཡང་དངོས་པོར་འཛིན་ཅིང་རྣམ་པར་རྟོག་པར་འགྱུར་བ་མེད་དོ་ཞེས་བསྟན་པ་སྟེ། སྐབས་འདིར་ཡང་གཟུགས་ལ་སོགས་པའི་
ཕུང་པོ་ལྔ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཞི་བ་དང་། དབེན་པར་རྣམ་པར་རྟོག་པར་མི་འགྱུར་ལ། སྟོང་པ་ཉིད་ལ་སོགས་པ་དེ་དག་ཀྱང་གཟུགས་ལ་སོགས་པ་ཡིན་པར་རྣམ་པར་རྟོག་པར་མི་འགྱུར་བ་ནི་
གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། དབེན་པ་རྣམས་ཀྱང་གཟུགས་ལ་སོགས་པ་ཡིན་པར་རྣམ་པར་རྟོག་པར་མི་འགྱུར་བ་ནི་དོན་དམ་པར་དེ་དག་ཐམས་ཅད་དངོས་པོ་མེད་པའི་

ཕྱིར་རོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ། སྟོང་པ་ཉིད་ལ་སོགས་པའི་ཆོས་བདུན་དང་སྦྱར་ཏེ། ཇི་ལྟར་བཤད་པ་དེ་བཞིན་དུ་མིག་ལ་སོགས་པ་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང་། རྣམ་པར་ཤེས་པ་དྲུག་དང་། འདུས་ཏེ་རེག་པ་དྲུག་དང་། རེག་པ་ལས་བྱུང་བའི་ཚོར་བ་དྲུག་དང་།
སའི་ཁམས་ལ་སོགས་པ་ཁམས་དྲུག་དང་། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་བཅོ་བརྒྱད་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། འཕགས་
པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་དང་།
ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྒྱུན་དུ་ཞུགས་པ་ལ་
སོགས་པའི་འབྲས་བུ་བཞི་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ལྷའི་
བུ་དག་རྣམ་གྲངས་འདིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་ཟབ་པ་དེ་ལྟར་བརྟག་ཏུ་མི་རུང་བ། དེ་ལྟར་བརྟག་ཏུ་མི་རུང་བའི་སྤྱོད་ཡུལ། དེ་ལྟར་ཕྲ་བ། དེ་ལྟར་གསལ་བ། དེ་ལྟར་བལྟ་དཀའ་བ། དེ་ལྟར་རྟོགས་པར་དཀའ་བ། དེ་ལྟར་ཞི་བ། དེ་ལྟར་བཟང་བ། དེ་ལྟར་ཤིན་ཏུ་འཕགས་
པ། དེ་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ་དེ་ལ་ཡིད་ཆེས་པར་བྱེད་པ་སུ་ཡང་མེད་དེ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པར་མི་འགྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་བརྟག་དཀའ་བ་འདི་ཡང་དོན་དམ་པར་རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་དོན་དམ་པར་

ཡིད་ཆེས་པར་བྱེད་པ་སུ་ཡང་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་དག་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དོ་ཞེས་བྱ་བ་ནི་རྣམ་པར་རྟོག་པར་མི་འགྱུར་ཞིང་། ཡིད་ཆེས་པར་བྱེད་པ་སུ་ཡང་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་
པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཆོས་གང་ཡང་མདོར་བརྗོད་པ་ཡང་མེད། ཞིབ་ཏུ་བཤད་པ་ཡང་མེད་པའི་ཕྱིར་ཡིད་ཆེས་པར་བྱེད་པ་སུ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་པ་དེ་བཞིན་དུ་འདི་ལ་སེམས་ཅན་གང་ཡང་ཡིད་ཆེས་པར་བྱེད་པ་མེད་དོ་ཞེས་
བྱ་བ་ནི་ཇི་ལྟར་ཡིད་ཆེས་པར་བྱ་བའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་མ་བརྗོད་མ་བཤད་པ་དེ་བཞིན་དུ་ཡིད་ཆེས་པར་བྱེད་པའི་སེམས་ཅན་ཡང་དོན་དམ་པར་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་
སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱང་རྒྱ་ཆེར་རྣམ་པར་མ་བཀོད་དམ་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་རབ་
འབྱོར་གྱིས་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དོ་ཞེས་སྨྲས་ཏེ། ཆོས་སྟོན་པ་དང་། ཉན་པ་གཉི་ག་མེད་པར་བསྟན་པ་གཞུང་ལས་ནི་ཐེག་པ་གསུམ་ལ་སོགས་པ་རྒྱ་ཆེར་རྣམ་པར་བཀོད་ཅིང་བཤད་ལ། རབ་འབྱོར་གྱིས་ནི་ཆོས་གང་ཡང་མ་བརྗོད་མ་བཤད་དོ་ཞེས་སྨྲས་པ་གཞུང་དང་འགལ་བའི་གལ་
བཟུང་སྟེ་དྲིས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བཟུང་བ་ཡང་མ་བསྟན་ཏམ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་ས་དང་པོ་ནས་ས་བཅུ་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་ཡོངས་སུ་བཟུང་བ་ཞེས་བྱ་བ་སྟེ། དེ་ཉིད་གསལ་བར་བསྟན་པའི་ཕྱིར། སེམས་དང་པོ་བསྐྱེད་པ་ནས། སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དང་པོ་བསྐྱེད་པ་ཞེས་

བྱ་བ་ནི་ས་དང་པོ་ཐོབ་པ་ལ་བྱའོ། །སེམས་བཅུ་པ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་བྱའོ། །དེ་ལྟར་ས་དང་པོ་ནས་ས་བཅུ་པ་ཡོངས་སུ་རྫོགས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཆོས་དེ་དག་ཀྱང་མ་བསྟན་ཏམ་ཞེས་རབ་འབྱོར་ལ་དྲིས་
པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་རྣམས་ཀྱང་མ་བསྟན་ཏམ་ཞེས་བྱ་བ་ནས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་། ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པར་འགྱུར་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་
སེམས་དཔའི་ཡོན་ཏན་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྫུས་ཏེ་སྐྱེ་བར་འགྱུར་བ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་ཉམས་པ་མེད་པའི་ཆོས་ཅན་དུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དང་།
སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང་བཀུར་སྟི་བྱེད་ནུས་པའི་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐམས་ཅད་ཐོས་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་མི་བརྗེད་ཅིང་། རྒྱུན་འཆད་པར་མི་འགྱུར་བ་དང་།
རྟག་ཏུ་སེམས་མཉམ་པར་གཞག་པ་དང་། སྤོབས་པ་ཐམས་ཅད་ཕུན་སུམ་ཚོགས་པ་དག་ཀྱང་གཞུང་ལས་མ་བཤད་དམ་ཞེས་དྲིས་པ་སྟེ། དེ་ལ་ཐོགས་པ་མེད་པའི་སྤོབས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དྲན་པ་ཕུན་སུམ་ཚོགས་པས་ཆོས་སྟོན་པའི་ཚེ་དོན་དང་ཚིག་གཉི་ག་ལ་ཐགས་ཐོགས་
མེད་པའོ། །རྒྱུན་ཆད་པ་མེད་པའི་སྤོབས་པ་ཞེས་བྱ་བ་ནི་བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པའོ། །མཉམ་པར་གཞག་པའི་སྤོབས་པ་ཞེས་བྱ་བ་ནི་དྲན་པ་ཉམས་པ་མེད་ཅིང་འདོད་ཆགས་ལ་སོགས་པའི་ཡུལ་ལ་གཡེང་བ་མེད་པར་ཆོས་སྟོན་པའི་སྤོབས་པ་དང་ལྡན་པའོ། །རིགས་པའི་སྤོབས་པ་
ཞེས་བྱ་བ་ནི་ཚད་མ་དང་མི་འགལ་བར་ཆོས་སྟོན་པའི་སྤོབས་པ་དང་ལྡན་པའོ། །འབྲེལ་པའི་སྤོབས་པ་ཞེས་བྱ་བ་ནི་ལུང་དང་མི་འགལ་ཞིང་དོན་དང་ཚིག་སྔ་ཕྱི་འབྲེལ་བར་ཆོས་སྟོན་པའི་སྤོབས་པ་དང་ལྡན་པའོ། །དོན་དང་ལྡན་པའི་སྤོབས་པ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་འབྲས་བུ་ཐོབ་པར་འགྱུར་

བའི་དོན་དང་ལྡན་པར་ཆོས་སྟོན་པའི་སྤོབས་པ་དང་ལྡན་པའོ། །འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་ལས་འཕགས་ཤིང་འཇིག་རྟེན་ལས་འདས་པའི་ལམ་ཁྱད་པར་ཅན་སྟོན་པའི་སྤོབས་པ་དང་ལྡན་
པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ་ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱང་རྒྱ་
ཆེར་བསྟན་ཏོ་ཞེས་བྱ་བ་ནས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤཱ་རིའི་བུས་གོང་དུ་དྲིས་པའི་ཆོས་དེ་དག་ཐམས་ཅད་རབ་འབྱོར་གྱིས་བཟླས་ནས་ཆོས་དེ་དག་གཞུང་ལས་བཤད་པ་ནི་བདེན་ན་
ཀུན་རྫོབ་ཏུ་བསྟན་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་ཆོས་དེ་དག་ཐམས་ཅད་དམིགས་སུ་མེད་དེ། དེ་ལྟར་དོན་དམ་པར་དམིགས་སུ་མེད་པ་ལས་ཀུན་རྫོབ་ཏུ་སྒྲོ་བཏགས་ཏེ་བཤད་པ་ནི་ཡང་དག་པར་བརྗོད་པའམ་བཤད་པ་མ་ཡིན་ནོ་ཞེས་བསྟན་པའོ། །གང་མི་དམིགས་པའི་ཚུལ་གྱིས་ཤེ་ན།
བདག་མི་དམིགས་པའི་ཚུལ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པ་དེ་ལྟ་བུར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཐེག་པ་གསུམ་ལ་སོགས་པའི་ཆོས་གཞུང་ལས་བཤད་པ་དེ་དག་དོན་དམ་པར་མེད་ཅིང་མི་དམིགས་པ་བསྟན་པ་སྟེ། མུ་སྟེགས་
ཅན་གྱིས་བརྟག་པའི་བདག་དང་སེམས་ཅན་ལ་སོགས་པའི་གང་ཟག་རྣམས་དང་། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་མེད་ཅིང་མི་དམིགས་པ་ལས་སེམས་ཅན་རྣམས་དྲང་བའི་ཕྱིར་ཀུན་རྫོབ་ཏུ་སྒྲོ་བཏགས་ཏེ་བརྗོད་ཅིང་
བཤད་པ་ཙམ་དུ་ཟད་ཀྱི་ཡང་དག་པར་བརྗོད་ཅིང་བཤད་པ་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་མི་དམིགས་པའི་ཚུལ་གྱིས་

ཐེག་པ་གསུམ་རྒྱ་ཆེར་བསྟན་ཞེས་བྱ་བ་ནས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པ་ཡིན་ཞེས་བྱ་བའི་བར་དུ་ནི་ཐེག་པ་གསུམ་ལ་སོགས་པའི་ཆོས་གོང་དུ་སྨོས་པ་དེ་དག་ཅིའི་ཕྱིར་མི་དམིགས་པའི་ཚུལ་གྱིས་བསྟན་པའི་གཏན་ཚིགས་དྲིས་
པའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་
ཉིད་ཀྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ཏེ་དེ་ལྟར་སྟོང་པའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་ཐེག་པ་གསུམ་མི་དམིགས་པའི་ཚུལ་གྱིས་རྒྱ་ཆེར་བསྟན་པའི་གཏན་ཚིགས་བསྟན་
པའོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པའི་ཕྱིར་ཆོས་བསྟན་པ་དང་། ས་དང་པོ་ནས་ས་བཅུ་པའི་བར་དུ་བྱང་ཆུབ་སེམས་དཔའི་ལམ་གྱི་ཆོས་ཕ་རོལ་ཏུ་
ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་རྣམས་བསྟན་པ་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དང་། རྫུས་ཏེ་སྐྱེ་བར་འགྱུར་བ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་ཉམས་པ་མེད་པའི་ཆོས་
ཅན་དུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང་བཀུར་སྟི་ལ་སོགས་པ་བྱེད་ནུས་པའི་དགེ་བའི་རྩ་བ་ཕུན་སུམ་ཚོགས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཆོས་ཐོས་པ་ཡང་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་མི་བརྗེད་ཅིང་རྒྱུན་ཆད་པར་མི་འགྱུར་བ་དང་། རྟག་ཏུ་སེམས་མཉམ་པར་གཞག་པ་དང་། སྤོབས་པ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་དག་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་བཅོ་བརྒྱད་རེ་རེ་དང་སྦྱར་ཏེ། དེ་ལྟར་སྟོང་པའི་ཕྱིར་ཆོས་དེ་དག་མི་

དམིགས་པའི་ཚུལ་གྱིས་བསྟན་ཏོ་ཞེས་མི་དམིགས་པའི་ཚུལ་གྱིས་བསྟན་པའི་གཏན་ཚིགས་བཤད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་དྲུག་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་
གྱུར་ཏེ། གནས་བརྟན་རབ་འབྱོར་གྱིས་དེ་ལྟར་ཆོས་ཀྱི་ཆར་པ་འདི་ཕབ་སྟེ་བསྟན་ན། དེ་ལ་བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར། མེ་ཏོག་མངོན་པར་སྤྲུལ་པ་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
དང་། དགེ་སློང་གི་དགེ་འདུན་རྣམས་དང་། གནས་བརྟན་རབ་འབྱོར་ལ་གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །རབ་ཏུ་གཏོར་བར་བྱའོ་སྙམ་མོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་སྨོས་པའི་རིམ་པས་མི་དམིགས་པའི་ཚུལ་གྱིས་ཆོས་ཟབ་མོ་བཤད་པ་ལ། ལྷའི་དབང་
པོ་བརྒྱ་བྱིན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དད་པ་སྐྱེས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་འདི་སྟོན་པ་དང་། ཉན་པ་ལ་མཆོད་པ་བྱ་བར་སེམས་པ་བསྟན་པ་སྟེ། གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །རབ་ཏུ་གཏོར་བར་བྱའོ་ཞེས་ལན་གསུམ་སྨོས་པ་ནི་དད་པའི་ཤུགས་ཀྱིས་མེ་ཏོག་ལན་གསུམ་དུ་བཟླས་ཏེ་གཏོར་བར་བསྟན་པའོ། །དེ་ནས་ལྷའི་དབང་
པོ་བརྒྱ་བྱིན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་ཞེས་བྱ་བ་ལ་སོགས་པ་ནི་ལྷའི་དབང་པོ་བརྒྱ་བྱིན་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱིས་དེ་ལྟར་སེམས་བསྐྱེད་པའི་འོག་ཏུ་ལྷ་རྫས་ཀྱི་མེ་ཏོག་མན་དཱ་ར་
བ་མང་པོ་མངོན་པར་སྤྲུལ་ཏེ་མཆོད་པ་བྱས་པ་བསྟན་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དད་པ་སྐྱེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དང་། ཉན་པ་ལ་མཆོད་པ་བྱ་བ་བསྟན་པ་དང་། མ་འོངས་པའི་དུས་ཀྱི་སྐྱེ་བོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་སྟོན་ཅིང་ཉན་

པ་ལ་མཆོད་པ་དང་། རིམ་གྲོ་བསྐྱེད་དུ་གཞུག་པའི་ཕྱིར་རོ། །མེ་ཏོག་དེ་དག་གིས་གཏོར་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཞི་མེ་ཏོག་གིས་ཁེངས་པར་གྱུར་ནས། སྟེང་གི་བར་སྣང་ལ་ཡང་མེ་ཏོག་གི་ཁང་པ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་ཙམ་མདངས་དགའ་ཞིང་ཡིད་དུ་འོང་བ་ཀུན་ནས་གནས་པར་གྱུར་ཏོ་ཞེས་བྱ་བ་ནི་དེ་ལྟར་ལྷ་རྣམས་དད་པ་སྐྱེས་ནས་མེ་ཏོག་སྤྲུལ་པ་ཕུལ་བ་སེམས་ལ་སྒྱུ་མེད་ཅིང་བསམ་པ་དག་པས་ཕུལ་བའི་རྟགས་སུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གཞི་མེ་ཏོག་གིས་
ཁེངས་པར་གྱུར་པ་དང་། སྟེང་གི་བར་སྣང་ལ་མེ་ཏོག་གི་ཁང་པ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་པར་བཅོམ་ལྡན་འདས་ཀྱིས་བྱིན་གྱི་རླབས་བསྟན་པ་སྟེ། ད་ལྟར་བསྟན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་སྟོན་པ་དང་ཉན་པ་ལ་མཆོད་
པ་བྱས་པ་དོན་མེད་པར་མི་འགྱུར་བའི་རྟགས་བསྟན་པའོ། །དེ་ནས་གནས་བརྟན་རབ་འབྱོར་འདི་སྙམ་དུ་སེམས་པར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ལྷ་རྣམས་ཀྱིས་མངོན་པར་སྤྲུལ་པའི་མེ་ཏོག་དེ་རྣམས་དེ་ལྟར་རྒྱ་ཆེ་ཞིང་གྲངས་མང་ལ་བཟང་བ་འཇིག་རྟེན་ན་ཡོད་པ་མི་སྲིད་དེ། མེ་ཏོག་དེ་དག་
ལྡུམ་བུ་ལས་སྐྱེས་པའམ་ཆུ་དང་ཐང་ལས་སྐྱེས་པ་ནི་མ་ཡིན་གྱི་སྤྲུལ་པ་སྟེ། ཡིད་