Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 91

Văn bản gốc(Tây Tạng)

Trang 16 / 21 (50.000 ký tự/trang)
་མཉམ་པ་ཉིད་ཡིན་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་རང་བཞིན་མི་
དམིགས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཆོས་མིང་གིས་སྨོས་པ་དེ་དག་གི་རང་བཞིན་དོན་དམ་པར་དམིགས་སུ་མེད་པས་དེའི་ཕྱིར་དེ་དག་ལ་ཡོད་པ་དང་། མེད་པའི་མཐའ་གཉིས་ཐ་དད་དུ་དབྱེར་མེད་དེ་མཉམ་པ་ཉིད་དུ་ཞེས་བསྟན་པའོ། །
རབ་འབྱོར་འདས་པའི་གཟུགས་ནི་འདས་པའི་གཟུགས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལས་འདས་པའི་གཟུགས་དམིགས་སུ་མེད་དོ། །སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལས་འདས་པའི་གཟུགས་
དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས་ཞེས་བྱ་བ་ནི་དོན་དམ་པར་འདས་པའི་གཟུགས་ཀྱི་རང་བཞིན་སྟོང་པ་དང་། སྟོང་པ་ཉིད་ཅེས་བྱ་བ་ཡང་ཐ་སྙད་དུ་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་དམིགས་སུ་མེད་པའི་ཕྱིར་འདས་པའི་གཟུགས་ཀྱང་རང་བཞིན་
གྱིས་སྟོང་ལ། སྟོང་པ་ཉིད་ལ་ཡང་འདས་པའི་གཟུགས་དམིགས་སུ་མེད་དོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ཕུང་པོ་ལྔ་ཆར་ཡང་དུས་གསུམ་དམིགས་སུ་མེད་པའི་དོན་སྦྱར་བར་བྱའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་
གྱི་མཐར་མི་དམིགས་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་དུས་གསུམ་དམིགས་སུ་མེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་སོ་སོའི་

སྐྱེ་བོ་ནི་སྔོན་གྱི་མཐའ་མི་དམིགས་སོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་ཞེས་བྱ་བའི་བར་དུ་ནི་སོ་སོའི་སྐྱེ་བོའི་གང་
ཟག་དང་། འཕགས་པའི་གང་ཟག་རྣམས་ལ་དུས་གསུམ་དམིགས་སུ་མེད་པ་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དུས་གསུམ་མཉམ་པ་ཉིད་ལ་བསླབས་
ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་དེ་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་བ་དང་། ཐེག་པ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་
འཇིག་རྟེན་ཟིལ་གྱིས་མནན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་
འདས་ཀྱིས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བ་འདི་ལེགས་པར་གསུངས་པ་ནི་ལེགས་ཤིང་དགེ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཆེན་པོ་དེ་ལ་ཀུན་
རྫོབ་ཏུ་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་
གཉིས་པའོ།། །།དེ་ནས་བྱམས་གང་གི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་སླད་དུ་བསྐོ་བ་མཛད་པས། འདི་ནི་ཐེག་པ་ཆེན་པོ་བསྟན་པ་ཙམ་དུ་སེམས་སོ་ཞེས་བྱ་བ་ནི་གདམས་པ་དང་རྗེས་སུ་བསྟན་པའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འབྱུང་བར་འགྱུར་བར་སྤོབས་པ་སྐྱེད་ཅིག་ཅེས་སྔར་བཀའ་སྩལ་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྐོས་
པའི་ཚིག་གང་པོས་སྨོས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐེག་པ་ཆེན་པོ་ཐ་མི་དད་པའི་ཆོས་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་འདི་ནི་ཐེག་པ་ཆེན་པོ་བསྟན་པ་ཙམ་དུ་སེམས་སོ་ཞེས་གསོལ་བའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གམ་གཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བར་ཐེག་པ་ཆེན་པོ་བསྟན་པར་མ་གྱུར་ལགས་གྲང་ཞེས་བྱ་བ་ནི་རབ་འབྱོར་བདག་ཐེག་པ་ཆུང་ངུ་བ་ཡིན་པ་ལས། བཅོམ་
ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཆད་དུ་བཅུག་པ་འདི་ཐེག་པ་ཆེན་པོ་དང་འགལ་བར་འགྱུར་གྲང་སྙམ་དུ་དོགས་པ་སྐྱེས་ནས་བཅོམ་ལྡན་འདས་ལ་ཞུས་པ་སྟེ། དེ་ལྟར་ཞུས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བར་མ་གྱུར་པས།
འོག་ནས་བཅོམ་ལྡན་འདས་ཀྱིས་བཤད་པས་འཁོར་རྣམས་རབ་འབྱོར་གྱི་ཚིག་ཚད་མར་འཛིན་དུ་གཞུག་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་གྱུར་པའང་མེད་དེ། རབ་འབྱོར་ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་རྗེས་སུ་མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐེག་པ་ཆེན་པོ་དང་མི་འགལ་བར་རབ་འབྱོར་གྱིས་བཤད་པ་བསྟན་པ་སྟེ། དེ་སྐད་ཅེས་བཀའ་སྩལ་པ་ཡང་རབ་འབྱོར་གཟེངས་སྟོད་ཅིང་སྤྲོ་བ་བསྐྱེད་པ་དང་།

རབ་འབྱོར་གྱིས་བཤད་པ་ལ་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དགེ་བའི་ཆོས་གང་ཡང་རུང་སྟེ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་
སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་ཤིང་ཁོངས་སུ་ཆུད་དོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པར་ཐེག་པ་ཆེན་པོ་སྟོན་པའི་གཏན་ཚིགས་བཤད་པ་
སྟེ། ཐེག་པ་གསུམ་དུ་གཏོགས་པའི་ཆོས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་མ་འདུས་པ་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་ཆོས་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ཉིད་དུ་འགྱུར་རོ་ཞེས་བསྟན་པའོ། །རབ་
འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་ཤིང་ཁོངས་སུ་ཆུད་པ་དེ་ལྟ་བུའི་ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དེ་དག་གང་ལགས་ཞེས་བྱ་བ་ནི་ཐེག་པ་
གསུམ་གྱི་ཆོས་གང་དུ་མདོར་སྨོས་པ་རྣམས་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་གསུམ་
དུ་གཏོགས་པའི་ཆོས་རྣམས་འདི་དག་ཡིན་ནོ་ཞེས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་མིང་གིས་སྨོས་ཏེ་བསྟན་པའོ། །མི་ཉམས་པའི་ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡོན་
ཏན་ཉམས་པར་མི་འགྱུར་རོ། །རྟག་ཏུ་བཏང་སྙོམས་ཀྱི་རྣམ་པར་སྤྱོད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་སྟེ། རྟག་ཏུ་མཉམ་པར་གཞག་པས་མི་མཐུན་པའི་ཕྱོགས་ཀྱིས་འདྲེས་པར་མི་ཐོགས་པའི་བཏང་སྙོམས་

པ་བྱའོ། །རབ་འབྱོར་དེ་ལ་ཐེག་པ་ཆེན་པོ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་ཞེས་བྱ་བ་ནས། མྱ་ངན་ལས་འདས་པའི་དབྱིངས་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཏེ།
གྲངས་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ། རབ་འབྱོར་རྣམ་གྲངས་འདིས་ན། ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་
དང་། འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པ་འདི་དག་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་ཅིང་། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ། ཐ་དད་པ་མེད་པའི་ཕྱིར་ཆོས་དེ་དག་གང་བསྟན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པས་ཡོངས་སུ་ཟིན་པས་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་སྟོན་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་དེ་དག་ལས་ཟིལ་གྱིས་མནོན་པའི་སྐྱེ་མཆེད་བརྒྱད་དང་། རྒྱས་པའི་སྐྱེ་མཆེད་བཅུའི་མཚན་ཉིད་ནི་ཕྱིས་འཆད་དོ། །
གཞན་རྣམས་ཀྱི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་ཡང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མེད་དེ།
གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་ཐེག་པ་ཆེན་པོ་བསྟན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་
ཆོས་དེ་དག་ཐམས་ཅད་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་གཏན་ཚིགས་བསྟན་པ་སྟེ། གཉིས་སུ་མེད་དེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་གྱི་

ཆོས་དེ་དག་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་གཉིས་སུ་མེད་ཅེས་བྱའོ། །གཉིས་སུ་བྱར་མེད་ཅེས་བྱ་བ་ནི་དེ་ལྟར་སྟོང་པ་ཉིད་དུ་རོ་གཅིག་པས། ཐ་དད་དུ་དབྱེར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཐེག་པ་
ཆེན་པོ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་ཐེག་པ་ཆེན་པོ་བསྟན་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ་ཞེས་གང་དུ་སྨོས་པ་དང་སྦྱར་རོ། །
དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ནི་ཕྱི་མའི་མཐར་མི་དམིགས་སོ། །བྱང་
ཆུབ་སེམས་དཔའ་ནི་དབུས་སུ་མི་དམིགས་ཏེ་ཞེས་བྱ་བ་ནི་གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གདམས་ཤིང་རྗེས་སུ་བསྟན་པར་བྱ་བའི་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་མ་དམིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་འོག་ནས་འབྱུང་བའི་དོན་གླེང་བསླང་བའི་ཕྱིར་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་མི་དམིགས་པ་བསྟན་པའོ། །གཟུགས་ཀུན་དུ་མཐའ་ཡས་པའི་སླད་དུ་བྱང་ཆུབ་སེམས་
དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱིའོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་སླད་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་བགྱི་སྟེ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་མི་དམིགས་པའི་གཏན་ཚིགས་
བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་དོན་དམ་པར་རང་བཞིན་གྱིས་སྟོང་པས་དུས་གསུམ་གྱི་མཐའ་གཟུང་དུ་མེད་དེ། མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་ཡང་དུས་གསུམ་དམིགས་སུ་མེད་དེ། མཐའ་ཡས་པར་རིག་པར་བྱའོ་

ཞེས་བསྟན་པའོ། །གཟུགས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མི་དམིགས་སོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མི་དམིགས་ཏེ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གཟུགས་ཀུན་ཏུ་མཐའ་ཡས་པའི་ཕྱིར་བྱང་
ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ན། འོ་ན་ནི་གཟུགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཡིན་པར་འགྱུར་རོ་སྙམ་དུ་སེམས་པ་བསལ་བའི་ཕྱིར་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་
པའོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་པའི་རིམ་པ་དེ་ལྟ་བུར་བྱང་ཆུབ་སེམས་དཔའ་ཡོང་ཡེ་རྣམ་པ་ཐམས་ཅད་དུ་མ་
མཐོང་མ་དམིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་བསྟན་པར་བགྱི་ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འདི་ནི་མིང་ཙམ་དུ་བས་ཏེ་ཞེས་བྱ་
བ་ནས། མངོན་པར་མ་གྲུབ་པ་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདགས་སུ་མཆིས་སམ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཀུན་རྫོབ་ཏུ་མིང་དང་ཐ་སྙད་ཙམ་དུ་བརྗོད་དུ་ཟད་ཀྱི་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པའི་དཔེ་
མུ་སྟེགས་ཅན་གྱིས་བརྟགས་པའི་དཔག་ཏུ་མེད་པ་ལས་བླངས་ཏེ་བསྟན་པའོ། །གལ་ཏེ་དེ་ལྟར་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ་ཡོངས་སུ་མི་འཇུམ། འགྱོད་པར་མི་འགྱུར་ཞིང་ཡིད་མི་འཇིགས་མི་དངང་སྐྲག་
པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་དེ་ལྟར་དམིགས་སུ་མེད་པའི་ཆོས་ཟབ་མོ་བསྟན་པའི་ཚེ་སེམས་ཞུམ་ཞིང་སྐྲག་པར་མ་གྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྤྱོད་

པར་ཆུད་དོ་ཞེས་ཟབ་མོ་ལ་བཟོད་པའི་རྗེས་སུ་བསྔགས་པ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ། གལ་ཏེ་དེ་ལྟར་
བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ། ཡོངས་སུ་མི་འཇུམ། འགྱོད་པར་མི་འགྱུར་ཞིང་ཡིད་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་
ཞེས་སྨྲ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་དུས་གསུམ་དུ་མི་དམིགས་པའི་དོན་འོག་ནས་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་གོང་དུ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་དམིགས་སུ་མེད་པ་ལ་སོགས་པ་བཤད་པའི་ཚིག་དེ་དག་ཉིད་ཤཱ་རིའི་
བུས་བཟླས་ཏེ། རབ་འབྱོར་ཁྱོད་ཅིའི་ཕྱིར་དེ་སྐད་ཟེར་ཞེས་དྲིས་པའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་ཅན་མེད་པའི་ཕྱིར་བྱང་ཆུབ་སེམས་
དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་དམིགས་སུ་མེད་པའི་དོན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ། སེམས་ཅན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་བྱ་བ་ནི་མུ་
སྟེགས་ཅན་གྱིས་བརྟགས་པའི་བདག་སེམས་ཅན་ཞེས་བྱ་བ་ལ་སོགས་པ་དེ་དག་ཡང་དག་པར་ཡོད་པ་མ་ཡིན་ཏེ། དེ་དག་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ཆར་ན་དམིགས་སུ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར་
དུས་གསུམ་དུ་དམིགས་སུ་མེད་དོ་ཞེས་བསྟན་པ་སྟེ། སེམས་ཅན་སྟོང་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་མེད་པའི་ཕྱིར་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ཡང་དག་པར་ཡོད་པ་མ་ཡིན་པའི་རྣམ་གྲངས་བསྟན་པའོ། །

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་དང་། བྱང་ཆུབ་སེམས་དཔའ་དང་། དུས་གསུམ་ཀུན་ཀྱང་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་མི་དད་པའི་ཕྱིར་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་
གཏན་ཚིགས་བསྟན་པ་སྟེ། དེས་ནི་གང་ཟག་ལ་བདག་མེད་པ་བཤད་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་དམིགས་སུ་མེད་པ་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་མི་
དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ལ་བདག་མེད་པ་བཤད་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་དམིགས་སུ་མེད་པ་བསྟན་པ་སྟེ། ཚིག་གི་དོན་བཤད་པ་ནི་གོང་མ་དང་འདྲའོ། །གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པ་
འཇིག་རྟེན་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐམས་ཅད་མཁྱེན་པ་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དུས་གསུམ་དུ་དམིགས་སུ་མེད་པ་བཤད་པ་ལ་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་དམིགས་སུ་མེད་པ་
བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ། ཅིའི་ཕྱིར་ཞེ་ན། གཟུགས་ཀུན་དུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པར་རིག་པར་བྱའོ་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པས་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་
ཁྱོད་ཅིའི་ཕྱིར་གཟུགས་ཀུན་དུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་
འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ནམ་མཁའི་དཔེས་ཀུན་དུ་མཐའ་ཡས་པའི་དོན་ཞིབ་ཏུ་བཤད་པ་སྟེ། ཇི་ལྟར་ནམ་མཁའ་དེ་དངོས་པོ་ཡོད་པ་མ་ཡིན་ཞིང་རང་བཞིན་གྱིས་སྟོང་པའི་ཕྱིར་དེ་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་།

དབུས་མེད་དེ། ཀུན་དུ་མཐའ་ཡས་པ་དེ་བཞིན་དུ་ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་སྟེ། ནམ་མཁའ་
དང་འདྲ་བ་དེ་དག་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་དམིགས་སུ་མེད་པའི་ཕྱིར་ཀུན་དུ་མཐའ་ཡས་སོ། །བྱང་ཆུབ་སེམས་དཔའ་ཡང་དེ་ལྟ་བུར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཀུན་དུ་མཐའ་ཡས་པར་རིག་པར་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ། ཅིའི་
ཕྱིར་ན་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་ན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་ཞེས་ཟེར་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས་གཟུགས་ལ་སོགས་
པའི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་མ་ཡིན་པའི་གཏན་ཚིགས་ཞིབ་ཏུ་བཤད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་གཟུགས་མེད་བྱང་ཆུབ་སེམས་དཔའ་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་རང་བཞིན་གྱིས་སྟོང་པས་དེ་ལྟར་
སྟོང་པ་ལ་གཟུགས་ཞེས་བྱ་བའམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་མེད་དེ། དེའི་ཕྱིར་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་སོ་ཞེས་བདག་གིས་སྨྲས་སོ་ཞེས་བཤད་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ནས་དེ་བཞིན་གཤེགས་པ་ལ་ཐུག་གི་བར་དུ་
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་བདག་གིས། བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་དམིགས་ན་ཞེས་བྱ་བ་ལ་སོགས་པ་ནི། གོང་
དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་མི་དམིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞིག་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་ཟེར་ཞེས་རབ་འབྱོར་ལ་དྲིས་པའི་ཚིག་

རབ་འབྱོར་གྱིས་བཟླས་ནས་དེའི་དོན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ། གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ། །གཟུགས་ནི་ཚོར་བ་ལ་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་མེད་ཅིང་
མི་དམིགས་པས་གདམས་ཤིང་རྗེས་སུ་བསྟན་པ་མེད་པའི་གཏན་ཚིགས་ཞིབ་ཏུ་བཤད་པ་སྟེ། གཟུགས་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཉན་ཐོས་དང་རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ལ་ཐུག་གི་བར་དུ་ཆོས་དེ་དག་ཐམས་
ཅད་དོན་དམ་པར་བདག་གི་དངོས་པོར་ཡང་མེད་ལ། གཞན་གྱི་དངོས་པོར་ཡང་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་མེད་ཅིང་མི་དམིགས་པས་བྱང་ཆུབ་སེམས་དཔའ་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་ཡང་གདམས་
ཤིང་རྗེས་སུ་བསྟན་དུ་མེད་དོ་ཞེས་བཤད་པའོ། །དེ་ལ་གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ་ཞེས་བྱ་བས་ནི་བདག་གི་དངོས་པོར་མེད་པ་བསྟན་ཏོ། །གཟུགས་ནི་ཚོར་བ་ལ་མེད་ཅིང་མི་དམིགས་སོ་ཞེས་བྱ་བས་ནི་གཞན་གྱི་དངོས་པོར་ཡང་མེད་པ་
བསྟན་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་བདག་གི་དངོས་པོར་མེད་པ་དང་། གཞན་གྱི་དངོས་པོར་མེད་པ་ཅི་རིགས་སུ་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་
ཞེས་བྱ་བ་འདི་ནི་མིང་ཙམ་ཡིན་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་ཡིན་ནོ་ཞེས་ཟེར་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ཏེ། དེའི་དོན་ཞིབ་ཏུ་
བཤད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། དེའི་ཕྱིར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་མིང་ཙམ་ཞེས་བྱ་བ་ནི་དོན་དམ་པར་བྱང་ཆུབ་སེམས་

དཔའ་ཞེས་བྱ་བ་ནི་དངོས་པོ་ཡོད་པར་མ་གྲུབ་སྟེ། དེ་ལྟར་དངོས་པོ་མེད་པ་ལས་བྱང་ཆུབ་སེམས་དཔའ་ཞེས་མིང་དུ་བརྗོད་པ་ནི། ཀུན་རྫོབ་ཏུ་གློ་བུར་དུ་ཐ་སྙད་བཏགས་པར་ཟད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དག་པར་མེད་ན།
བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་གང་དུ་སྨོས་པའི་དོན་དང་སྦྱར་རོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་
ཤེས་ཞེས་བྱ་བ་དང་། འདུ་བྱེད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འབའ་ཞིག་དོན་དམ་པར་མེད་པ་ལས་གློ་བུར་དུ་མིང་དུ་བཏགས་པར་མ་ཟད་ཀྱི།
ཕུང་པོ་ལྔ་ལ་སོགས་པ་ཆོས་ཐམས་ཅད་ཀྱང་དོན་དམ་པར་ཡོད་པ་མ་ཡིན་པ་ལས་གློ་བུར་དུ་མིང་དུ་བཏགས་པར་ཟད་དོ་ཞེས་བསྟན་པའོ། །འདི་ལྟར་མིང་ནི་གང་ནས་ཀྱང་མ་འོང་གང་དུ་ཡང་མི་འགྲོ་གང་ན་ཡང་མི་གནས་སོ་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་
ཡང་དག་པར་ཡོད་པ་མ་ཡིན་པ་ལས་གློ་བུར་དུ་མིང་དུ་བཏགས་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་དེ་དག་དོན་དམ་པར་དངོས་པོ་མེད་པས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་། །འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ། །སྐད་ཅིག་
མའི་རང་བཞིན་ཡིན་པས་གང་ན་ཡང་མི་གནས་སོ་ཞེས་བསྟན་པའོ། །མིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། དེ་ནི་ཚོར་བ་མ་ཡིན། དེ་ནི་འདུ་ཤེས་མ་ཡིན། དེ་ནི་འདུ་བྱེད་མ་ཡིན། དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡང་དག་པར་ཡོད་པ་མ་ཡིན་
པ་ལས་གློ་བུར་དུ་མིང་ཙམ་དུ་བཏགས་པ་དེ་ནི་ཡང་དག་པར་ཕུང་པོ་ལྔའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་གང་ཡིན་པ་དེ་ནི་མིང་མ་ཡིན་ཏེ་ཞེས་བྱ་བ་ནི་གློ་བུར་དུ་བཏགས་པའི་མིང་དེ་

ཕུང་པོ་ལྔའི་རང་བཞིན་མ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། མིང་དེ་རང་བཞིན་གྱིས་སྟོང་པའི་ཕྱིར་ཕུང་པོ་ལྔའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང་། རྣམ་པར་ཤེས་པ་དྲུག་
དང་། འདུས་ཏེ་རེག་པ་དྲུག་དང་། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང་། སའི་ཁམས་ལ་སོགས་པ་ཁམས་དྲུག་དང་། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་འདི་ལྟ་སྟེ།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་སྟེ། མིང་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མིང་དེ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་
དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་ཡོད་པ་མ་ཡིན་པས་མིང་ཙམ་དུ་བཏགས་པར་ཟད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་མིང་ཙམ་དུ་བཏགས་པར་ཟད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་
དུ་དཔེར་ན་བདག་བདག་ཅེས་བྱ་བ་སྟེ། བདག་ཤིན་ཏུ་མངོན་པར་མ་གྲུབ་པོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་དཔེར་ན་བདག་བདག་ཅེས་བྱ་སྟེ། བདག་ཤིན་ཏུ་མངོན་པར་མ་གྲུབ་པོ་ཞེས་བྱ་བ་ལ་སོགས་པ་ཟེར་ཞེས་དྲིས་
པའི་ཚིག་རབ་འབྱོར་གྱིས་བཟླས་ནས། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ལ་སོགས་པ་ཤིན་ཏུ་མངོན་པར་མ་གྲུབ་པའི་དོན་ཞིབ་ཏུ་བསྟན་པ་སྟེ། དེ་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་
འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བྱ་བ་ནས། མཐོང་བ་པོ་ཤིན་ཏུ་མེད་ཅིང་མི་དམིགས་ན་དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་དུ་ནི་མུ་སྟེགས་ཅན་གྱིས་ཕྱིན་ཅི་ལོག་ཏུ་བཏགས་པའི་བདག་རྣམས་བྱེད་པ་པོ་ལ་སོགས་

པའི་དངོས་པོར་ཡོད་པ་མ་ཡིན་ཏེ། དེ་མེད་ཅིང་མི་དམིགས་པས་དེ་དག་ཉིད་མངོན་པར་འགྲུབ་པར་འགྱུར་བའམ། དེ་དག་ལས་གཞན་རྣམས་མངོན་པར་གྲུབ་ཅིང་འབྱུང་བར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བཤད་པ་སྟེ། དེས་ནི་
གང་ཟག་ལ་བདག་མེད་པར་བསྟན་ཏོ། །གཟུགས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མེད་ཅིང་མི་དམིགས་ན།
དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་ཞེས་བྱ་བའི་བར་དུ་ནི་ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ཏེ།
ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བསྟན་པ་སྟེ། དེ་ནི་ཆོས་ལ་བདག་མེད་པ་བསྟན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་བདག་ཅེས་ཀྱང་བྱ་སྟེ། བདག་ཤིན་ཏུ་མངོན་པར་འགྲུབ་
པ་མེད་དོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། གོང་དུ་བཤད་པའི་ཚུལ་དེས་ན་གང་ཟག་དང་ཆོས་གཉི་ག་ཤིན་ཏུ་མེད་ཅིང་མི་དམིགས་པའི་ཕྱིར་མངོན་པར་འགྲུབ་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་
ཏིའི་བུ་གཞན་ཡང་གང་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནམ་ཞེས་ཟེར་བ་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་ཞེས་དྲིས་པའི་ཚིག་རབ་
འབྱོར་གྱིས་བཟླས་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་དོན་ཞིབ་ཏུ་བཤད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་

པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནི་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་འདུས་པ་ལས་འབྱུང་སྟེ། རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བ་གང་ཡིན་པ་དེ་དག་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་བཤད་པའོ། །ཤ་ར་དྭ་
ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་པ་ཡིན་ཞེས་བྱ་བ་ནི་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་གོང་དུ་སྤྱིར་སྨོས་པ་ཆོས་གང་དང་གང་དག་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་སོ་སོར་ཕྱེ་སྟེ་དྲིས་
པའོ། །སྨྲས་པ་གཟུགས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་བར་དུ་ནི་རབ་འབྱོར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་
རྣམས་སོ་སོར་ཕྱེ་སྟེ་མིང་གིས་སྨོས་ནས་ཆོས་འདི་རྣམས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་
མི་རྟག་པའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་པ་དེ་དག་གང་ཡིན་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཆོས་ཐམས་
ཅད་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་སྤྱིར་སྨྲས་པ་ཆོས་དེ་དག་གང་དང་གང་ཡིན་པ་སོ་སོར་ཕྱེ་སྟེ་འཆད་དུ་གཞུག་པའི་ཕྱིར་ཤ་ར་དྭ་ཏིའི་བུས་རབ་འབྱོར་ལ་དྲིས་པའོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་མི་རྟག་པ་སྟེ་གང་དང་ཡང་
བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བསྟན་

པའོ། །དེ་ལ་མི་རྟག་པ་ཞེས་བྱ་བ་ཉན་པ་ནི་གཟུགས་ལ་སོགས་པ་ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་ནི་དངོས་པོ་སྐྱེས་པ་ལས་ཞིག་པ་ལ་བྱའོ། །ཐེག་པ་ཆེན་པོ་འདི་ལ་ནི་མི་རྟག་པའི་མཚན་ཉིད་དེ་ལྟ་མ་ཡིན་པར་སྟོན་ཏེ། ཆོས་ཐམས་
ཅད་གཟོད་མ་ནས་མ་སྐྱེས་ཤིང་རང་བཞིན་གྱིས་སྟོང་པ་ལ་མི་རྟག་པ་ཞེས་བྱ་སྟེ། རྟག་ཏུ་དངོས་པོ་ཡོད་པར་མ་གྲུབ་ཅིང་དུས་ཐམས་ཅད་དུ་མེད་པ་ཉིད་ལ་མི་རྟག་པ་ཞེས་བྱའོ། །གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་དངོས་པོ་ཡོད་
པ་མ་ཡིན་པས་ཡོད་པའི་དངོས་པོ་གང་ཡང་ཞིག་པར་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་མི་རྟག་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་དང་ཟད་དེ་ཞེས་བྱ་བ་ནི་མི་རྟག་པའི་དོན་དངོས་པོ་མེད་པར་བསྟན་
པའི་གཏན་ཚིགས་བསྟན་པ་སྟེ། གང་རྟག་ཏུ་ཡོད་པ་མ་ཡིན་པ་ལ་མི་རྟག་པ་ཞེས་བྱ་སྟེ། དེ་བས་ན་མི་རྟག་པའི་དོན་ནི་དངོས་པོ་མེད་པ་དང་ཟད་པ་ལ་བྱའོ་ཞེས་བྱ་བའི་དོན་ཏེ། ཟད་པ་ཞེས་བྱ་ན་ཡང་མེད་པའི་རྣམ་གྲངས་སོ། །ཚེ་དང་ལྡན་ཤ་ར་དྭ་ཏིའི་བུ་གཞན་
ཡང་ཆོས་ཐམས་ཅད་ནི་སྡུག་བསྔལ་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྡུག་བསྔལ་བའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། གང་གི་ཚེ་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་
ཐམས་ཅད་ལ་དངོས་པོ་ཡོད་པར་མངོན་པར་ཞེན་པ་དེའི་ཚེ་སྡུག་བསྔལ་གྱི་རྒྱུར་འགྱུར་བས་སྡུག་བསྔལ་བ་ཞེས་བྱའོ། །གང་གི་ཚེ་ཀུན་བརྟགས་པའི་ཆོས་དེ་དག་དོན་དམ་པར་དངོས་པོ་མེད་པར་རྟོགས་ཤིང་། མངོན་པར་ཞེན་པར་མ་གྱུར་པ་དེའི་ཚེ་སྡུག་བསྔལ་
མེད་པར་འགྱུར་ཏེ། དེ་བས་ན་སྡུག་བསྔལ་བ་ནི་དངོས་པོ་མེད་པ་ལས་ཡོད་པར་ཕྱིན་ཅི་ལོག་ཏུ་མཐོང་བ་ལས་གྱུར་ཏེ། གང་ཕྱིན་ཅི་ལོག་ཏུ་མཐོང་བ་ལས་བྱུང་བ་དེ་ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་བྱ་བས་ཆོས་

ཐམས་ཅད་དངོས་པོ་མེད་པར་བསྟན་པར་རིག་པར་བྱའོ། །གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་དངོས་པོ་ཡོད་པ་གང་དང་ཡང་བྲལ་བས་སྡུག་བསྔལ་བར་གྱུར་པ་ནི་མ་ཡིན་གྱི། དངོས་པོ་མེད་པ་ལས་ཕྱིན་ཅི་ལོག་ཏུ་མཐོང་བ་ལས་
སྡུག་བསྔལ་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་དོན་གཅིག་ཏུ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན།
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་སྡུག་བསྔལ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་དང་ཟད་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པ་ལས་ཕྱིན་ཅི་ལོག་ཏུ་མཐོང་སྟེ། ཡོད་པར་བརྟགས་པ་ལས་སྡུག་བསྔལ་བར་གྱུར་པ་དེ་ནི་དོན་དམ་པར་དངོས་པོ་
ཡོད་པ་མ་ཡིན་པས་དངོས་པོ་མེད་པ་དང་ཟད་པའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་བདག་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་བདག་མེད་པའི་སྒོ་ནས་ཐམས་ཅད་དངོས་པོ་
མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་བདག་མེད་པ་ཞེས་བྱ་བ་ནི་དེ་དག་གི་རང་བཞིན་མེད་དེ། སྟོང་པ་ལ་བདག་མེད་པ་ཞེས་བྱའི་མུ་སྟེགས་ཅན་གྱིས་བརྟགས་པའི་
བདག་དང་བྲལ་བས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་ཚིག་ཞི་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཞི་བའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། གཟུགས་
ལ་སོགས་པའི་ཕུང་པོ་ལྔ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་ཅིང་གཟོད་མ་ནས་ཞི་བའི་ཕྱིར་ཞི་བ་ཞེས་བྱའོ། །དངོས་པོ་ཡོད་པ་ལས་མི་མཐུན་པའི་ཕྱོགས་དང་བྲལ་ནས་ཞི་བར་གྱུར་པ་ནི་

མ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་སྟོང་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྟན་
པའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་ཡོད་པར་མ་གྲུབ་པ་སྟོང་པ་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པ་ཡིན་གྱི། དངོས་པོ་གཞན་དང་བྲལ་བས་སྟོང་པ་དང་། མཚན་མ་དང་བྲལ་བས་མཚན་མ་མེད་པ་དང་། སྨོན་པ་དང་བྲལ་བས་སྨོན་པ་མེད་པ་མ་ཡིན་ཏེ། རང་བཞིན་གྱིས་སྟོང་པ་དང་། རང་བཞིན་གྱིས་མཚན་མ་མེད་པ་དང་། རང་བཞིན་
གྱིས་སྨོན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་དགེ་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དགེ་བའི་སྒོ་ནས་གཟུགས་ལ་སོགས་པ་
སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་མི་དགེ་བའི་དངོས་པོ་འགའ་ཞིག་ཡོད་པ་ལས་དེ་དང་བྲལ་བས་དགེ་བ་ཞེས་བཏགས་པ་ནི་མ་ཡིན་གྱི་ཆོས་ཐམས་ཅད་དངོས་པོ་མེད་ཅིང་སྟོང་
སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་དགེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་གང་དགེ་བའི་དངོས་པོ་མེད་པ་དང་ཟད་པ་སྟེ་ཞེས་བྱ་བ་ནི་དགེ་བ་ཞེས་བྱ་བའི་དོན་དངོས་པོ་མེད་ཅིང་རང་བཞིན་གྱིས་འོད་གསལ་བ་ལ་བྱ་བ་
ཡིན་པར་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཆོས་ཐམས་ཅད་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཁ་ན་མ་ཐོ་བ་མེད་པའི་སྒོ་ནས་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་

བརྒྱད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ཞེས་བྱ་བའི་ཆོས་ཤིག་ཡོད་པ་ལས་དེ་དང་བྲལ་བས་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ནི་མ་ཡིན་གྱི། རང་བཞིན་གྱིས་སྟོང་ཞིང་གཙང་
བ་ལ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་ཟག་པ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཟག་པ་མེད་པའི་སྒོ་ནས་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། འཁོར་བའི་རྒྱུར་གྱུར་པའི་ཆོས་ཟག་པ་དང་བཅས་པ་རྣམས་དང་བྲལ་བས་ཟག་པ་མེད་པ་ཞེས་བྱ་བ་ནི་མ་ཡིན་གྱི། གཟོད་མ་ནས་དག་པའི་ཕྱིར་ཟག་པ་མེད་པ་ཞེས་
བྱ་སྟེ། དེའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་ཉོན་མོངས་པ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཉོན་མོངས་པ་མེད་པའི་སྒོ་ནས་ཆོས་ཐམས་
ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་བྲལ་བས་ཉོན་མོངས་པ་མེད་པར་གྱུར་པ་ནི་མ་ཡིན་གྱི། གཟོད་མ་ནས་ཞི་བའི་ཕྱིར་ཉོན་མོངས་པ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་
པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བྱང་བའི་སྒོ་ནས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། མི་མཐུན་པའི་ཕྱོགས་སུ་
གཏོགས་པའི་དྲི་མ་དང་བྲལ་བས་རྣམ་པར་གྱུར་པ་ནི་མ་ཡིན་གྱི། རང་བཞིན་གྱིས་དག་པའི་ཕྱིར་རོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་འཇིག་རྟེན་ལས་འདས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་

འཇིག་རྟེན་ལས་འདས་པའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། འཇིག་རྟེན་པའི་ཆོས་ཡོངས་སུ་མ་དག་པ་རྣམས་དང་བྲལ་བས་འཇིག་རྟེན་ལས་འདས་པར་གྱུར་པ་ནི་མ་ཡིན་གྱི། ཆོས་ཐམས་ཅད་ངོ་བོ་ཉིད་
ཀྱིས་སྟོང་པས་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་འཇིག་རྟེན་ལས་འདས་པ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་འདུས་མ་བྱས་
པའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པའོ། །འདུས་བྱས་ཀྱི་དངོས་པོ་ཞིག་ཡོད་ལ། དེ་དང་བྲལ་བས་འདུས་མ་བྱས་པར་གྱུར་པ་ནི་མ་ཡིན་གྱི། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་འདུས་མ་བྱས་པའོ་
ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་རྟག་པ་མ་ཡིན་འཇིག་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རྟག་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ།
ཀུན་བརྟགས་པའི་ཆོས་འདི་དག་ཐམས་ཅད་ཡོད་པ་ཞིག་ཡིན་ན་ནི་རྟག་པའི་རང་བཞིན་ཏེ། ཐེར་ཟུག་ཏུ་གནས་པ་ཞིག་གམ། མི་རྟག་པའི་རང་བཞིན་ཏེ་འཇིག་པའི་ཆོས་ཅན་ཞིག་ཡིན་གྲང་ན། དོན་དམ་པར་ཆོས་འདི་དག་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས་རྟག་པ་དང་
འཇིག་པའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་བཞིན་ནོ་ཞེས་བྱ་བ་ནི་གཟུགས་རྟག་པ་མ་ཡིན་འཇིག་པ་མ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། རང་བཞིན་གྱིས་སྟོང་པའི་ཕྱིར་གཟུགས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ནོ་ཞེས་བསྟན་
པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ཟག་པ་མེད་པའི་ཆོས་ལ་ཐུག་གི་བར་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་གཟུགས་མངོན་པར་མ་གྲུབ་ཅེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་གཟུགས་

ལ་སོགས་པའི་ཆོས་རྣམས་ཅིའི་ཕྱིར་མངོན་པར་མ་གྲུབ་ཅེས་ཟེར་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས། གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་མངོན་པར་འདུ་མ་བྱས་པའི་ཕྱིར་མངོན་པར་མ་གྲུབ་པོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
གཟུགས་ལ་མངོན་པར་འདུ་བྱེད་པ་མེད་ཅེས་བྱ་བ་ལ་སོགས་པ་ནི་ཆོས་རྣམས་མངོན་པར་འདུ་མ་བྱས་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་མངོན་པར་འདུ་བྱེད་པ་པོ་མེད་པའི་ཕྱིར་མངོན་པར་འདུས་མ་བྱས་པའོ་ཞེས་བསྟན་
པའོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་གཟུགས་མངོན་པར་མ་གྲུབ་བོ། །ཚོར་བ་མངོན་པར་མ་གྲུབ་བོ། །འདུ་ཤེས་མངོན་པར་
མ་གྲུབ་བོ། །འདུ་བྱེད་མངོན་པར་མ་གྲུབ་བོ། །རྣམ་པར་ཤེས་པ་མངོན་པར་མ་གྲུབ་བོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་མངོན་པར་འདུ་བྱེད་པའི་བྱེད་པ་པོ་མེད་པའི་ཕྱིར་མངོན་པར་མ་གྲུབ་པའི་དོན་རབ་འབྱོར་གྱིས་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ཚེ་དང་ལྡན་པ་རབ་འབྱོར་གང་མངོན་པར་མ་གྲུབ་པ་དེ་གཟུགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཅིའི་ཕྱིར་གང་མངོན་པར་མ་གྲུབ་པ་དེ་གཟུགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་དྲིས་པའི་ཚིག་
རབ་འབྱོར་གྱིས་བཟླས་ནས། དེའི་ལན་དུ་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཆོས་རྣམས་རང་བཞིན་གྱིས་སྟོང་པས་སྐྱེ་བ་དང་འཇིག་པ་མེད་ཅིང་གནས་པ་ལས་གཞན་དུ་འགྱུར་བ་ཡང་མེད་དེ། དེའི་ཕྱིར་གང་མངོན་པར་མ་གྲུབ་པ་དེ་
གཟུགས་ལ་སོགས་པའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་མངོན་པར་འདུས་མ་བྱས་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནས། གང་མངོན་པར་འདུས་མ་བྱས་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་

ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་མངོན་པར་འདུས་མ་བྱས་པ་སྟེ། དེ་ལྟར་མངོན་པར་འདུས་མ་བྱས་ཤིང་མངོན་པར་མ་གྲུབ་པ་དེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་གང་གི་རང་བཞིན་ཡང་མ་ཡིན་ནོ་ཞེས་མངོན་པར་མ་གྲུབ་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། མངོན་པར་མ་གྲུབ་པ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་མངོན་པར་མ་གྲུབ་པའི་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མ་གྲུབ་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་
པར་བྱ་ཞེས་སྨྲས་པ་ལ། ཤཱ་རིའི་བུས་ཁྱོད་ཅིའི་ཕྱིར་དེ་སྐད་ཟེར་ཞེས་རབ་འབྱོར་ལ་དྲིས་པའི་ལན། ཤཱ་རིའི་བུ་ལ་རབ་འབྱོར་གྱིས་སྨྲས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་མངོན་པར་མ་གྲུབ་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མངོན་པར་མ་གྲུབ་པ་སྟེ། དེ་ལྟར་མངོན་པར་མ་གྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་
བསྟན་པར་བྱ་བའི་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉི་ག་ཡང་དོན་དམ་པར་དངོས་པོར་མེད་དེ། མངོན་པར་མ་གྲུབ་པར་རང་བཞིན་གཅིག་པས་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་
ན་འདི་སྐད་དུ་མངོན་པར་མ་གྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་སོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་ཚུལ་གྱིས་ན་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ཡང་དོན་དམ་པར་མངོན་

པར་མ་གྲུབ་སྟེ། སྟོང་པ་ཉིད་དུ་རོ་གཅིག་ཅིང་ཐ་དད་དུ་དབྱེར་མེད་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་སོ་ཞེས་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤ་དྭ་ཏིའི་བུ་གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན་མངོན་པར་མ་གྲུབ་པ་མ་
གཏོགས་པར་གང་བྱང་ཆུབ་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་མི་དམིགས་སོ་ཞེས་ཟེར་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ། ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་མངོན་པར་མ་གྲུབ་པ་མ་གཏོགས་པར་གང་བྱང་ཆུབ་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་
བུ་མི་དམིགས་སོ་ཞེས་ཟེར་ཞེས་དྲིས་པའི་ཚིག་དེ་ཉིད་རབ་འབྱོར་གྱིས་བཟླས་ནས་དེའི་དོན་ཞིབ་ཏུ་བསྟན་པ་སྟེ། དོན་དམ་པར་མངོན་པར་མ་གྲུབ་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཐ་དད་དུ་དབྱེར་མེད་དེ་སྟོང་པ་ཉིད་དུ་རོ་གཅིག་པར་བསྟན་པའོ། །
ཇི་ལྟར་མངོན་པར་འགྲུབ་པ་དང་བྱང་ཆུབ་སེམས་དཔའ་གཉིས་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དེ། གཉིས་སུ་བྱར་མེད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ཕུང་པོ་ལྔ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། དེ་ལྟར་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གལ་ཏེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་སྨྲས་
ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ། ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དེ་ལྟར་བསྟན་པའི་ཚེ། གལ་ཏེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་དོ་ཞེས་སྨྲས་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས། དེའི་དོན་ཞིབ་ཏུ་བསྟན་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་བྱེད་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་ལ། ཆོས་ཐམས་

ཅད་རྨི་ལམ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པར་བྱེད་པའི་རྒྱུ་གང་ཡང་མེད་པར་རྟོགས་ནས། རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་།
སྤྲུལ་པ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་བས་དེའི་ཕྱིར་སྐྱེ་བ་དང་། འཇིག་པ་མེད་པའི་ཆོས་ཟབ་མོ་ཐོས་ནས་འཇིགས་ཤིང་སྐྲག་པར་མི་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་དེ་དག་ལ་ཡོངས་སུ་རྟོག་པའི་ཚེ་འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མི་དམིགས་ཤིང་མི་ལེན་མི་གནས་ཏེ་མངོན་པར་ཞེན་པར་མི་བགྱིད་ལ། འདོགས་པར་
མི་བགྱིད་དོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཆོས་ཐམས་ཅད་ཐ་དད་དུ་དབྱེར་མེད་ཅིང་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པའི་འབྲས་བུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་མ་ཆགས་པར་གྱུར་པ་བསྟན་པ་སྟེ། ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོག་པའི་ཚེ་ཞེས་
བྱ་བ་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་གོང་དུ་སྨོས་པ་དེ་དག་ལ་སྟོང་པ་ཉིད་དུ་རོ་གཅིག་པར་ཡོངས་སུ་རྟོག་པའི་ཚེ་ཞེས་བྱ་བའི་དོན་ཏོ། །འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མི་དམིགས་ཤིང་ཞེས་བྱ་བ་ནི་འདུ་ཤེས་ཀྱིས་མཚན་མར་མི་འཛིན་
པའོ། །མི་ལེན་ཞེས་བྱ་བ་ནི་ཡིད་ཀྱིས་དངོས་པོར་མི་རྟོག་པའོ། །མི་གནས་ཏེ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་སྟོང་པར་རྟོགས་ནས་དེ་ལ་མི་གནས་པའོ། །མངོན་པར་ཞེན་པར་མི་བགྱིད་ལ་ཞེས་བྱ་བ་ནི་ལྟ་བས་མངོན་པར་ཞེན་པར་མི་བྱེད་པའོ། །འདོགས་པར་མི་བགྱིད་
དོ་ཞེས་བྱ་བ་ནི་ཚིག་གིས་མིང་དང་བརྡར་བཏགས་ཤིང་གཞན་ལ་མི་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་གཞན་ཡང་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་ནི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཞེས་བགྱི་བར་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་མི་དམིགས་ཤིང་། མི་ལེན་མི་གནས་ཏེ་མངོན་པར་ཞེན་པར་
མི་བགྱིད་ལ། འདོགས་པར་མི་བགྱིད་དོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྒོ་དང་། གཟུངས་ཀྱི་སྒོར་གྱུར་པའི་ཡི་གེ་ཨ་ལ་སོགས་པ་ཡི་གེའི་འབྲུ་རྣམས་ལ་ཡང་མཚན་མར་མི་འཛིན་ཅིང་མངོན་པར་ཞེན་པར་མི་འགྱུར་བ་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན།
འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གོང་དུ་སྨོས་པའི་རིམ་པས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་
ཆོས་ཐམས་ཅད་ལ་མཚན་མར་མི་འཛིན་ཅིང་མངོན་པར་མ་ཆགས་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་དེ་དག་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དངོས་པོར་ཡང་དག་པར་
རྗེས་སུ་མ་མཐོང་བའི་ཕྱིར་དེ་དག་ལ་མཚན་མར་མི་འཛིན་ཅིང་མངོན་པར་མ་ཆགས་སོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཏེ། དེ་ལྟར་ན་གཟུགས་དང་
མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བས་བཤད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་གཟུགས་མ་སྐྱེས་པ་ཡིན་པས་མ་སྐྱེས་པ་ལ་
གཟུགས་ཀྱི་རང་བཞིན་མེད་པའི་ཕྱིར་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བསྟན་པའོ། །དེ་ལྟར་ན་གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ་ཞེས་བྱ་བ་ནི་གཟུགས་དང་མ་སྐྱེས་པ་གཉིས་དོན་དམ་པར་དངོས་པོ་མེད་

པར་རོ་གཅིག་པའི་ཕྱིར་ཐ་དད་དུ་དབྱེར་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ་ཞེས་བྱ་བ་ནི་མ་
སྐྱེས་པ་ཞེས་བྱ་བ་དོན་དམ་པར་དངོས་པོ་མེད་པ་ལ་བྱ་སྟེ། དངོས་པོ་མེད་པ་ལ་ནི་གྲངས་ཀྱིས་བགྲང་བའམ། ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་སོ་ཞེས་བྱ་བ་ནི་མ་
སྐྱེས་པ་ལ་གཟུགས་ཀྱི་རང་བཞིན་མེད་པའི་ཕྱིར་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་བཞིན་དུ་ཚོར་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་
གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པ་ལས་ཕྱིན་ཅི་ལོག་ཏུ་ཡོད་པར་བརྟགས་པ་ནི་ཕྱིས་གཞན་དུ་འགྱུར་ཞིང་ཉམས་པར་འགྱུར་བའི་
ཕྱིར་འགྲིབ་པ་ཞེས་བྱ་བ་སྟེ། དེ་ལྟར་ཡང་དག་པར་མ་ཡིན་པ་ལས་ཀུན་བརྟགས་པའི་གཟུགས་འགྲིབ་པའི་རང་བཞིན་ཅན་དེ་དོན་དམ་པར་གཟུགས་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གཟུགས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་
སུ་བགྱིར་མ་མཆིས་སོ་ཞེས་བྱ་བ་ནི་དོན་དམ་པར་དེ་གཉིས་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་ཞེས་བྱ་བ་ལ་སོགས་པ་ནི་གཉིས་
སུ་མེད་པའི་གཏན་ཚིགས་བཤད་པ་སྟེ། གཟུགས་ཀྱི་དངོས་པོ་མེད་པ་ལས་ཕྱིན་ཅི་ལོག་ནི་ཡོད་པར་རྟག་པ་འགྲིབ་པའི་རང་བཞིན་ཅན་དེ་ནི་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པས་གཅིག་དང་དུ་མ་ལ་སོགས་པར་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་

ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་སྦྱར་བར་བྱའོ། །བཅོམ་ལྡན་འདས་གང་ཡང་གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམས་པ་མ་མཆིས་པའི་ཆོས་ཀྱི་
གྲངས་སུ་བགྱིས་པའོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཀྱི་ཕུང་པོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པ་རྣམས་ཀུན་རྫོབ་ཏུ་གཟུགས་སོ་ཚོར་བའོ་ཞེས་བྱ་བ་ལ་སོགས་པར་གདམས་
ཤིང་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་དེ་དག་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རོ་གཅིག་ཅིང་དེ་བཞིན་ཉིད་ལས་ཉམས་པར་མི་འགྱུར་བའི་ཕྱིར་གཉིས་སུ་མ་མཆིས་ཤིང་ཉམས་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ་ཞེས། བཅོམ་ལྡན་
འདས་ལ་རབ་འབྱོར་གྱིས་གསོལ་པ་སྟེ། གྲངས་སུ་བགྱིས་པའོ་ཞེས་བྱ་བ་ནི་གཉིས་སུ་མེད་ཅིང་ཉམས་པ་མེད་པའི་རང་བཞིན་ནམ་གཉིས་སུ་མེད་པའི་རང་རིས་སུ་གཏོགས་སོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས།
ལེའུ་བཅུ་གསུམ་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་འདི་དག་
ལ་ནི་ཇི་ལྟར་ཡོངས་སུ་རྟོག །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་། ཡོངས་སུ་བརྟག་པ་ནི་གང་ཞེས་བྱ་བ་ནི་གོང་དུ་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས། བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་དེ་ལ་འདི་ལྟར་ཡོངས་སུ་རྟོག་པ་དེའི་ཚེ་འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མི་དམིགས་ཤིང་མི་ལེན་མི་གནས་ཏེ་མངོན་པར་ཞེན་པར་མི་བགྱིད་ལ། འདོགས་པར་མི་བགྱིད་

དོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་མི་རྟོག་པའི་འབྲས་བུ་བསྟན་པ་དེ་ཉིད་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར། ཤཱ་རིའི་བུས་རབ་འབྱོར་ལ་བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཡོངས་སུ་བརྟག་
པ་གང་ཡིན་པ་དང་། དོན་རྣམ་པ་གསུམ་དྲིས་པའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་དེའི་ལན། བྱང་ཆུབ་སེམས་དཔའ་གང་ཡིན་པ་ལ་
སོགས་པ་ཞིབ་ཏུ་བཤད་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་གང་ཞེས་ཟེར་བ་ནི་གང་གི་ཕྱིར་སེམས་ཅན་བྱང་ཆུབ་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཆོས་ཀྱི་སྐུའི་བྱང་ཆུབ་ཅེས་
བྱ་བའི་རང་བཞིན་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བསྟན་པའོ། །བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་པ་སྟེ། ཆོས་དེ་དག་ལ་མངོན་པར་ཆགས་པ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་བྱང་ཆུབ་ཀྱི་རང་བཞིན་ཅན་གྱི་སེམས་པ་དེས་ཀུན་རྫོབ་ཏུ་
འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་ཤེས་ལ། དོན་དམ་པར་ཆོས་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ཆོས་དེ་དག་ལ་མངོན་པར་ཆགས་པ་མེད་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བསྟན་པའོ། །ཆོས་
གང་གི་རྣམ་པ་ཤེས་ཤེ་ན། གཟུགས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་གང་དང་
གང་གི་རྣམ་པ་ཤེས་ཤིང་། དེ་དག་ལ་མངོན་པར་མ་ཆགས་པ་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་ཀྱི་རྣམ་པ་གང་ཡིན་ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་པ་སྟེ། དེ་ལ་མངོན་པར་ཆགས་པ་མེད་དོ་ཞེས་སྨོས་པ་ཆོས་

ཐམས་ཅད་ཀྱི་རྣམ་པ་གང་ཡིན་པ་བཤད་པའི་སྐབས་དབྱེ་བའི་ཕྱིར། ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པ་གང་དང་། ཚུལ་གང་དང་། མཚན་མ་གང་གིས་ཆོས་རྣམས་རྣམ་པ་ཡོད་པར་བྱ་བ་
སྟེ་ཞེས་བྱ་བ་ལ་སོགས་པ་ནི་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་རྣམས་རྣམ་པ་དང་། ཚུལ་དང་མཚན་མ་གང་གིས་འདི་ནི་གཟུགས་སོ། །འདི་ནི་སྒྲའོ། །འདི་ནི་དྲིའོ། །འདི་ནི་རོའོ། །འདི་རེག་གོ། །འདི་ནི་ཆོས་སོ་ཞེས་བྱ་བར་ཕྱི་ནང་གི་ཆོས་ཐམས་ཅད་
ལ་ཀུན་རྫོབ་ཏུ་ཆོས་རྣམས་སོ་སོའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ལས་ཆོས་རྣམས་ཀྱི་རྣམ་པ་ཤེས་ཞེས་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་གང་ཡིན་ཞེས་གོང་དུ། ཤཱ་རིའི་བུས་རབ་འབྱོར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེས་དྲིས་པའི་དོན་བཤད་པ་སྟེ། ཚེ་དང་ལྡན་པ་ཤྭ་ར་དྭ་ཏིའི་བུ་གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་རིང་དུ་སོང་བ་སྟེ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་
འདས་པའི་ཆོས་ཐམས་ཅད་ལ་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཤེས་པའི་མཐར་ཕྱིན་པ་ལ་རིང་དུ་སོང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་རིང་དུ་སོང་བ་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཕུང་པོ་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་
དུ་སོང་བ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཉོན་མོངས་པ་རྣམས་དང་། ལྟ་བའི་རྣམ་པ་ཐམས་ཅད་དང་། འགྲོ་བ་རྒྱུད་དྲུག་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་བཅོ་བརྒྱད་ལ་སོགས་པ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀུན་རྫོབ་དང་། དོན་དམ་པར་ཤེས་པའི་མཐར་ཕྱིན་ཅིང་ཆོས་དེ་དག་ལ་མ་ཆགས་ཏེ། ཆོས་དེ་དག་ལས་རིང་དུ་གྱུར་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བསྟན་པའོ། །

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རིང་དུ་སོང་བའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ཤེས་པའི་མཐར་ཕྱིན་པ་དང་། ཆོས་དེ་དག་ལ་མ་ཆགས་ཏེ་རིང་དུ་སོང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཞེས་བྱའོ་ཞེས་གོང་དུ་སྨོས་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་ཡོངས་སུ་བརྟག་པ་གང་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པ་ནི། གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཡོངས་སུ་བརྟག་པ་གང་ཡིན་པ་ཞེས་དྲིས་པའི་ལན་
ཞིབ་ཏུ་བཤད་པ་སྟེ། ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་དེ་དག་ལ་
རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་བདག་མེད་པ་དང་། སྡུག་པ་དང་། མི་སྡུག་པ་དང་། སྟོང་པ་དང་མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པ་དང་། ཞི་བ་
དང་མ་ཞི་བ་དང་། དབེན་པ་དང་། མི་དབེན་ཞེས་བྱ་བའི་མཐའ་གཉིས་སུ་མི་འཛིན་ཅིང་། མི་རྟོག་པ་ཉིད་ཡང་དག་པར་ཡོངས་སུ་རྟོགས་པ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་
པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཞེས་ཟེར་ཞེས་བྱ་བའི་བར་དུ་ནི་གོང་དུ་རབ་འབྱོར་གྱིས་གཟུགས་ཀྱི་མ་སྐྱེས་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བཤད་
པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་དེ་སྐད་དུ་གཟུགས་ལ་སོགས་པའི་ཆོས་དེ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་ལ་སོགས་པ་མ་ཡིན་ཞེས་ཟེར་ཞེས་དེའི་གཏན་ཚིགས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་

པ་ཤ་ར་དྭ་ཏིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་གཟུགས་མ་ཡིན་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཤཱ་རིའི་བུས་དྲིས་པའི་ལན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ། གཟུགས་ནི་དོན་དམ་པར་གཟུགས་ཀྱི་རང་བཞིན་གྱིས་སྟོང་སྟེ། ཡོད་
པ་མ་ཡིན་པས་དེ་ནི་གཟུགས་མ་ཡིན་ཞིང་སྐྱེ་བ་ཡང་མེད་དེ། དེའི་ཕྱིར་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་སྨྲས་སོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་སྦྱར་བར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་
པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཞེས་ཟེར་ཞེས་བྱ་བའི་བར་དུ་ནི་གོང་དུ་རབ་འབྱོར་གྱིས་གཟུགས་ལ་སོགས་པའི་འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་མ་ཡིན་ནོ་ཞེས་བཤད་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར།
ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་དེ་སྐད་དུ་གཟུགས་ལ་སོགས་པའི་འགྲིབ་པ་གང་ཡིན་པ་གཟུགས་ལ་སོགས་པ་མ་ཡིན་ནོ་ཞེས་ཟེར་ཞེས་དེའི་གཏན་ཚིགས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་འགྲིབ་པ་གང་ཡིན་
པ་དང་། གཟུགས་གང་ཡིན་པ་དང་། གཉིས་སུ་མེད་པ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཤཱ་རིའི་བུས་དྲིས་པའི་དོན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ་འགྲིབ་པ་དང་གཟུགས་དང་། གཉིས་སུ་མེད་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་
བརྗོད་དུ་ཟད་ཀྱི་དོན་དམ་པར་ཆོས་དེ་དག་ཐམས་ཅད་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་སྟེ། དངོས་པོ་མེད་པ་མ་ཡིན་པའི་ཕྱིར་གཟུགས་ཀྱི་འགྲིབ་

པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་སྨྲས་སོ་ཞེས་བསྟན་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་
ཅད་ལ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་གཟུགས་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་
ཞེས་བྱ་བའི་བར་དུ་ནི། གོང་དུ་བཤད་པའི་དོན་ཉིད་མཇུག་བསྡུས་ཏེ་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་གང་འདི་གཟུགས་ཞེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་བྱ་བ་ནས། གང་འདི་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་ཟེར་ཞེས་བྱ་བའི་བར་དུ་ནི་གོང་དུ་རབ་འབྱོར་གྱིས་གཟུགས་ལ་སོགས་པའི་ཆོས་རྣམས་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་སྨྲས་པའི་དོན་ཞིབ་ཏུ་བཤད་པའི་
སྐབས་དབྱེ་བའི་ཕྱིར་ཁྱོད་ཅིའི་ཕྱིར་གཟུགས་ལ་སོགས་པ་གཉིས་སུ་མེད་པའི་གྲངས་སུ་བྱས་ཞེས་ཟེར་ཞེས་དེའི་གཏན་ཚིགས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་གཟུགས་ཀྱང་གཞན་མ་
ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་གཟུགས། གཟུགས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན་གང་འདི་གཟུགས་ཞེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་བྱ་བ་ནས། འདི་
ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན་མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་སྐྱེས་པ་ཉིད་དེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་གང་འདི་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་བྱ་བའི་བར་དུ་ནི་ཤཱ་རིའི་བུས་དྲིས་པའི་ལན་གཉིས་སུ་མེད་པའི་གཏན་ཚིགས་རབ་འབྱོར་གྱིས་བཤད་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ལ་ཐུག་གི་བར་གྱི་ཆོས་རྣམས་མ་སྐྱེས་པའི་རང་བཞིན་དུ་རོ་གཅིག་སྟེ། ཐ་མི་དད་པའི་ཕྱིར་གཉིས་སུ་མེད་པའི་གྲངས་སུ་བྱས་སོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་དེ་དག་ལ་དེ་ལྟར་ཡོངས་སུ་རྟོག་པ་དེའི་ཚེ། ཤིན་ཏུ་རྣམ་པར་དག་པའི་སླད་དུ་གཟུགས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར་ཞེས་བྱ་བ་ནས། ཤིན་ཏུ་
རྣམ་པར་དག་པའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་མཐོང་བར་འགྱུར་ཞེས་བྱ་བའི་བར་དུ་ནི་གོང་དུ་བཤད་པའི་རིམ་པ་ལྟར་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པས་གཉིས་སུ་མེད་པར་ཡོངས་སུ་རྟོག་པའི་ཚེ། འཇིག་རྟེན་དང་འཇིག་
རྟེན་ལས་འདས་པའི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་རྟོགས་པས་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་མཐོང་བར་འགྱུར་རོ་ཞེས་གཉིས་སུ་མེད་པར་ཡོངས་སུ་རྟོག་པའི་ཕན་ཡོན་བསྟན་པའོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ་སོ་སོའི་སྐྱེ་བོའི་མ་སྐྱེས་པ་མཐོང་བར་
འགྱུར་ཞེས་བྱ་བ་ལ་སོགས་པ་ཡང་གཉིས་སུ་མེད་པར་ཡོངས་སུ་རྟོག་པའི་ཕན་ཡོན་བསྟན་པ་སྟེ། དེ་ལ་སོ་སོའི་སྐྱེ་བོའི་ནི་འཕགས་པའི་ཆོས་རྣམས་མ་ཐོབ་པ་ལ་བྱའོ། །སོ་སོའི་སྐྱེ་བོའི་ཆོས་ནི་འཇིག་རྟེན་པའི་ཆོས་བརྒྱད་ལ་སོགས་པ་ལ་བྱའོ། །རྒྱུན་དུ་ཞུགས་
པ་ནི་གང་ཟག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ལ་བྱའོ། །རྒྱུན་དུ་ཞུགས་པའི་ཆོས་ནི་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་རྣམས་མཐོང་བའི་ལམ་གྱིས་སྤངས་ཤིང་དཀར་པོའི་ཆོས་ཐམས་ཅད་མངོན་སུམ་དུ་མཐོང་

བའོ། །ལན་ཅིག་ཕྱིར་འོང་བ་ནི་གང་ཟག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་ལྷ་དང་མིའི་ནང་དུ་སྐྱེ་བ་གཅིག་ཅིག་ལེན་པའོ། །ལན་ཅིག་ཕྱིར་འོང་བའི་ཆོས་ནི་བསྒོམ་པའི་ལམ་གྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སྲབ་མོར་བྱས་པའོ། །ཕྱིར་མི་འོང་བ་ནི་གང་ཟག་
ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པའོ། །ཕྱིར་མི་འོང་བའི་ཆོས་ནི་གང་ཟག་ཕྱིར་མི་འོང་བ་དེས་བསྒོམ་པའི་ལམ་གྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་སྤང་བའི་རང་བཞིན་ཅན་ནོ། །དགྲ་བཅོམ་པ་ནི་གང་ཟག་དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཉིད་དོ། །དགྲ་བཅོམ་པའི་ཆོས་ནི་
ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་པས་བྱ་བ་བྱས། ཁུར་བོར། འདི་ལས་སྲིད་པ་གཞན་མེད་དོ་ཞེས་བྱ་བ་ལ་སོགས་པའི་ཆོས་ཅན་ནོ། །རང་སངས་རྒྱས་ནི་རྣམ་པ་གཉིས་ཏེ། འཁོར་དང་ལྷན་ཅིག་སྤྱོད་པ་དང་། བསེ་རུ་ལྟར་གཅིག་པུ་ཡན་གར་དུ་གནས་པའོ། །རང་སངས་རྒྱས་ཀྱི་
ཆོས་ནི་གཞན་ལས་ལུང་ནོད་མི་དགོས་པར་བདག་རང་གི་བློས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་རྟོགས་ནས། ཚིག་གིས་ཆོས་མི་འཆད་པར་རྫུ་འཕྲུལ་བསྟན་པས་སེམས་ཅན་གྱི་དོན་བྱེད་པའི་རང་བཞིན་ཅན་ནོ། །བྱང་ཆུབ་སེམས་དཔའ་ནི་ས་དང་པོ་ནས་ས་བཅུའི་བར་ལ་གནས་པ་དག་གོ། །བྱང་ཆུབ་སེམས་དཔའི་
ཆོས་ནི་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པར་རྟོགས་ཤིང་འཁོར་བའི་མཐའ་ཇི་སྲིད་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་གཙོ་བོར་བྱེད་པའི་རང་བཞིན་ཅན་ནོ། །སངས་རྒྱས་ནི་མ་རིག་པའི་གཉིད་སངས་ཤིང་བློ་རྒྱས་པས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་རང་བཞིན་ཅན་ཏེ། སངས་རྒྱས་ཀྱི་ས་ལ་གནས་པའོ། །
སངས་རྒྱས་ཀྱི་ཆོས་ནི་ཡེ་ཤེས་བཞི་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆོས་རྣམས་ཏེ། ཆོས་དེ་དག་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་ཅིང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དེ་དག་གི་མ་སྐྱེས་པ་མཐོང་བར་འགྱུར་རོ་ཞེས་བསྟན་པ་སྟེ། མ་སྐྱེས་པ་ཁོང་དུ་ཆུད་ཅིང་རྟོགས་པར་འགྱུར་རོ་
ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པའི་དོན་ཤེས་པ