Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 82
Văn bản gốc(Tây Tạng)
Trang 16 / 20 (50.000 ký tự/trang)
ུན་སུམ་ཚོགས་པ་དང་། སྐྱེ་བ་ཕུན་སུམ་ཚོགས་པ་དང་། མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པ་དང་། ཡོན་ཏན་ཐམས་ ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་སྟེ། རབ་འབྱོར་ཆོས་བཅུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ བཞིན་གཤེགས་པ་ཉིད་དུ་བརྗོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ལ་སོགས་པ་ཡོངས་སུ་སྦྱང་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དགེ་བའི་རྩ་བ་མང་པོ་ཡང་དག་པར་སྡུད་པ་གང་ཡིན་པ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་ བསམ་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕན་པའི་དངོས་པོ་ཡོངས་སུ་སྦྱང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐེག་པ་ཆེན་པོའི་ཡེ་ཤེས་ཚོལ་ཞིང་སྒྲུབ་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཕན་པའི་དངོས་པོ་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་ཚད་མེད་པ་བཞི་པོ་ བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མངོན་པར་སྒྲུབ་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཏོང་བ་ཡོངས་སུ་སྦྱང་ བ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པར་སྦྱིན་པ་ཡོངས་སུ་གཏོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བ་ཡོངས་སུ་སྦྱང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་ སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། གང་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་བསྐུལ་བ་དང་། གཞོག་པ་དང་། རབ་ཏུ་གཞོག་པར་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཏེ། དགེ་བའི་བཤེས་གཉེན་དེ་དག་བསྟེན་པ་ དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ བཙལ་བ་ཡོངས་སུ་སྦྱང་བ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་ཆོས་ཚོལ་ཞིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་བཙལ་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཡང་དང་ཡང་ངེས་པར་འབྱུང་བ་ཡོངས་སུ་སྦྱང་བ་གང་ཞེ་ན། ཚེ་རབས་ཐམས་ཅད་དུ་འདུ་འཛི་མེད་པར་ངེས་པར་འབྱུང་ཞིང་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་ཞིང་དེར་ཡང་བར་ཆད་བྱེད་པ་གང་ཡང་མེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དང་ ཡང་ངེས་པར་འབྱུང་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ལ་འདོད་པ་ཡོངས་སུ་སྦྱང་བ་གང་ཞེ་ན། སངས་རྒྱས་ཀྱི་སྐུ་མཐོང་ནས་ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་གྱི་བར་དུ་སངས་རྒྱས་ཀྱི་སྐུ་ཡིད་ལ་བྱ་བ་དང་། ནམ་ཡང་འབྲལ་ བར་མི་འགྱུར་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ལ་མོས་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་འགྲེལ་པ་ཡོངས་སུ་སྦྱང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་ གཤེགས་པ་མངོན་དུ་འགྱུར་བ་འམ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་ཐོག་མར་ཡང་དགེ །བར་དུ་ཡང་དགེ །ཐ་མར་ཡང་དགེ །ཡི་གེ་བཟང་པོ། དོན་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཚངས་པར་སྤྱོད་པ་འདི་ ལྟ་སྟེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་དབབ་པར་བསྟན་པ་དག་ཡང་དག་ པར་སྟོན་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་དང་ཁེངས་པ་བསལ་བ་ཡོངས་སུ་སྦྱང་བ་གང་ཞེ་ན། ང་རྒྱལ་དང་ཁེངས་པ་ཡོངས་སུ་བསལ་བ་དེས་ནམ་ཡང་ རིགས་དམའ་བར་མི་སྐྱེ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་དང་ཁེངས་པ་བསལ་བ་ཡོངས་སུ་སྦྱང་བའོ།། །།བམ་པོ་བཅོ་བརྒྱད་པ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་ པ་དེ་ལྟར་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ཡོངས་སུ་སྦྱང་བའོ། །རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པའི་ཡོངས་སུ་སྦྱོང་བ་བཅུའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཡིད་ལ་མི་བྱེད་ཅིང་དེ་མ་ཡིན་པའི་ཚུལ་ཁྲིམས་ངན་པར་བྱེད་པ་དང་། བྱང་ཆུབ་ཀྱི་གེགས་སུ་འགྱུར་བའི་ཆོས་གཞན་དག་ཀྱང་ཡིད་ལ་མི་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཕན་པ་ཆུང་ངུ་ཞིག་ཀྱང་འཁོར་ བ་མ་ཟད་ཀྱི་བར་དུ་ཆུད་མི་གསོན་ན། མང་པོ་ལྟ་ཅི་སྨོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་མཐུ་ལ་གནས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་གནོད་སེམས་མེད་ ཅིང་འཚེ་བ་མེད་པའི་སེམས་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་མཐུ་ལ་གནས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཐེག་པ་ གསུམ་ལ་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་གང་ཞེ་ན། འདི་ལྟ་ སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཤིང་བདག་གིས་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དམྱལ་བར་གནས་པར་བྱ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་བཀོད་ཀྱི་བར་དུ་དེ་དག་ ཏུ་གཏུབ་ཅིང་གཤེགས་པ་དང་། བརྡུང་ཞིང་བཙོ་བ་དང་། སྲེག་པ་ལ་སོགས་པ་ཉམས་སུ་མྱོང་བར་བྱའོ་སྙམ་ནས། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྲོ་ཞིང་སྐྱོ་བ་མེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་མངོན་དུ་བྱ་བའོ། །དེ་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པས་བཀུར་སྟི་བྱེད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐམས་ཅད་ལ་ང་རྒྱལ་བཅག་པ་ཉིད་ཀྱིས་ཡང་དག་པར་འདུད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དད་པས་བཀུར་ སྟི་བྱེད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་བསྙེན་བཀུར་ཞིང་དད་པས་གུས་པར་བྱ་བ་གང་ཞེ་ན། འདི་ལྟར་བླ་མ་རྣམས་ལ་སྟོན་པའི་འདུ་ཤེས་སུ་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་བསྙེན་བཀུར་ཞིང་དད་པས་གུས་པར་ བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལས་གཞན་མེད་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་ཚོལ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་མི་ངོམས་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་འདི་འམ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་ གང་ཇི་བསྟན་པ་དེ་དག་ཐམས་ཅད་ཡོངས་སུ་བཟུང་བར་བྱའོ་ཞེས་མི་ངོམས་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་དུ་ཐོས་པས་མི་ངོམས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྟོན་པའི་ཚེ། ཆོས་ཀྱི་སྦྱིན་པ་དེ་ཆུང་ངུ་ན་བྱང་ཆུབ་ཏུ་ཡང་རེ་བ་མེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་བ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་བདག་དང་གཞན་གྱི་སེམས་ཡོངས་སུ་སྦྱོང་བའི་ཚེ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་གང་ཡིན་པ་སྟེ། འདི་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་པ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་ཉེ་བར་ བསྟན་ན་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དེ་ལྟ་བུའི་དགེ་བའི་རྩ་བ་ཉེ་བར་སྟོན་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་རྫོགས་ཀྱི་བར་དུ་ནམ་ཡང་སྐྱོ་བར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དཔག་ཏུ་ མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ལ་སྨོད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་ལ་གནས་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་དགོན་པ་ལ་གནས་པ་ཡོངས་སུ་མི་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པ་ཆུང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ལ་ཡང་འདོད་པ་མི་སྐྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་འདོད་པ་ཆུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོག་ཤེས་པ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱང་རློམ་སེམས་སུ་མི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་ག་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན། འདི་ལྟར་ཆོས་ཟབ་མོ་རྣམས་ལ་རྟོག་པར་འཇོག་པའི་བཟོད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མི་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་བསླབ་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན། བསླབ་པ་ཐམས་ཅད་ལ་སྒྱུ་མེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསླབ་པ་ཡོངས་སུ་མི་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པའི་ཡོན་ཏན་ལ་སྨོད་པ་ གང་ཞེ་ན། འདོད་པའི་སེམས་མི་བསྐྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པའི་ཡོན་ཏན་ལ་སྨོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱ་ངན་ལས་འདས་པ་དང་ལྡན་པའི་སེམས་བསྐྱེད་པ་གང་ཞེ་ན། འདི་ལྟར་ཆོས་ཐམས་ ཅད་མངོན་པར་འདུ་བྱེད་པ་མེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱ་ངན་ལས་འདས་པ་དང་ལྡན་པའི་སེམས་བསྐྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྫས་ཐམས་ཅད་ཡོངས་སུ་གཏོང་བ་གང་ཞེ་ན། ཕྱི་ནང་གི་ཆོས་ ཐམས་ཅད་ལ་འཛིན་པ་མེད་པ་གང་ཡིན་པ་སྟེ། འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྫས་ཐམས་ཅད་ཡོངས་སུ་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཞུམ་པ་མེད་པ་གང་ཞེ་ན། རྣམ་པར་ཤེས་པ་གནས་པ་ལ་དེའི་སེམས་མི་གནས་པ་གང་ ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཞུམ་པ་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པ་གང་ཞེ་ན། དངོས་པོ་ཐམས་ཅད་ཡིད་ལ་མི་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་དངོས་པོ་ཐམས་ཅད་ལ་ལྟོས་པ་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་བ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་རྫུས་ཏེ་སྐྱེ་བ་དང་། མགོ་བྲེགས་ཤིང་ངུར་སྨྲིག་ གི་གོས་བགོ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་མ་དང་བསྟེན་པ་ཡོངས་སུ་སྤང་བ་གང་ཞེ་ན། དགེ་སློང་མ་དང་སེ་གོལ་གཏོགས་པ་ཙམ་ཡང་ལྷན་ ཅིག་མི་གནས་ཤིང་དེའི་རྒྱུས་ཡོངས་སུ་བརྐམ་པའི་སེམས་མི་བསྐྱེད་དེ། དེའི་རྒྱུས་གོས་འཐོབ་པར་ཡང་མི་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་མ་དང་བསྟེན་པ་ཡོངས་སུ་སྤང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ལ་ སེར་སྣ་བྱེད་པ་ཡོངས་སུ་སྤོང་བ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། གང་བདག་གིས་སེམས་ཅན་ཐམས་ཅད་ལ་བདེ་བའི་རྣམ་པ་བསྒྲུབ་པར་བྱ་བ་དེ་དག་སེམས་ཅན་འདི་དག་རང་རང་གི་བསོད་ནམས་ཀྱིས་བདེ་བར་ འགྱུར་ན། དེ་ལ་བདག་གིས་སེར་སྣའི་སེམས་བསྐྱེད་པར་མི་བྱའོ་ཞེས་བྱ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ལ་སེར་སྣ་བྱེད་པ་ཡོངས་སུ་སྤང་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུ་འཛིའི་གནས་ཡོངས་སུ་སྤང་ བར་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་འཛིའི་གནས་གང་དུ་གནས་པས་ཉན་ཐོས་སམ། རང་སངས་རྒྱས་ཡོད་པ་འམ། དེ་དང་ལྡན་པའི་གཏམ་འབྱུང་བར་འགྱུར་བ་འམ། དེ་དང་ལྡན་པའི་སེམས་སྐྱེད་པ་སྐྱེ་བར་འགྱུར་བ་དེ་ལྟ་བུར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པར་མི་བྱ་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་འཛིའི་གནས་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནོད་སེམས་ཡོངས་སུ་སྤང་བར་བྱ་བ་གང་ཡིན་ཞེ་ན། གནོད་སེམས་དང་འཚེ་བའི་སེམས་ཀྱི་སྐབས་མི་འབྱེད་ཅིང་འཐབ་མོའི་སེམས་སམ་རྩོད་པའི་སེམས་ཀྱི་གོ་མི་འབྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནོད་སེམས་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་ བསྟོད་པ་ཡོངས་སུ་སྤང་བ་གང་ཞེ་ན། ནང་གི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་བསྟོད་པ་ཡོངས་སུ་སྤང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཞན་སྨོད་པ་ཡོངས་སུ་སྤང་ བ་གང་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་གྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཞན་སྨོད་པ་ཡོངས་སུ་སྤང་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་དགེ་བ་བཅུའི་ལས་ཀྱི་ལམ་ ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། དེ་དག་ནི་འདི་ལྟར་བདེ་འགྲོ་ལ་ཡང་བར་དུ་གཅོད་ན། འཕགས་པའི་ལམ་ལ་ལྟ་ཅི་སྨོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྟ་ཅི་སྨོས་ཀྱང་མི་དགོས་ཀྱིས་སྤང་བར་བྱའོ་ཞེས་སྤོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་ང་རྒྱལ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། དེ་ནི་འདི་ལྟར་དེས་ཆོས་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་ན། གང་གིས་ང་རྒྱལ་ དུ་འགྱུར་བའི་ལྷག་པ་ལ་ལྟ་ཅི་སྨོས་ཞེས་ང་རྒྱལ་དུ་མི་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་ང་རྒྱལ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁེངས་པ་ཡོངས་སུ་སྤང་བར་བྱ་བ་གང་ཡིན་ ཞེ་ན། འདི་ལྟར་དེས་གང་ལ་ཁེངས་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁེངས་པ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིན་ཅི་ ལོག་རྣམས་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། དངོས་པོ་མི་དམིགས་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིན་ཅི་ལོག་རྣམས་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡིད་གཉིས་སྤང་བར་བྱ་བ་གང་ ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ཡིད་གཉིས་དང་བྲལ་བར་མཐོང་བ་གང་ཡིན་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་གཉིས་སྤང་བར་བྱ་བ་ཡིན་ནོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་ཆགས་དང་ཞེ་སྡང་དང་། གཏི་ མུག་ཉམས་རངས་སུ་མི་འདོར་བ་ཡིན་ཞེ་ན། དེ་ནི་འདི་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡང་དག་པར་རྗེས་སུ་མི་མཐོང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཉམས་རངས་སུ་མི་འདོར་བའོ། ། དེ་ལ་ས་དྲུག་པ་ལ་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་གང་ཡིན་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཤེས་པར་བྱ་བའི་རྒྱ་མཚོ་ལྔའི་ ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཕྱིན་ཏོ། །ཕྱིན་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། བརྗོད་དུ་མེད་པ་དང་། འདུས་མ་བྱས་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དྲུག་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ། །རང་ སངས་རྒྱས་ཀྱི་སེམས་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ། །ཡོངས་སུ་ཆད་པའི་སེམས་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ། །སློང་བ་མཐོང་ན་ཞུམ་པའི་སེམས་བསྐྱེད་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ། །དངོས་པོ་ཐམས་ཅད་ཡོངས་སུ་བཏང་བས་ཡིད་མི་བདེ་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ། །སློང་བ་པོ་སྤང་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ཏེ། དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དྲུག་ཡོངས་སུ་སྤང་བར་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་ཏུ་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེ་དག་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་ཏུ་འཛིན་ པར་མི་བྱའོ། །དེ་ལ་ཇི་ལྟར་ན་སེམས་ཅན་དང་། སྲོག་དང་གང་ཟག་ཏུ་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེ་དག་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་འཛིན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་ཆད་པར་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པའི་ཕྱིར་ཆོས་གང་ཡང་ཆད་པ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆད་པར་འཛིན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་རྟག་པར་འཛིན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་གང་ལ་ཡང་སྐྱེ་བ་མེད། དེ་ལ་རྟག་པ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་འཛིན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའི་ འདུ་ཤེས་སུ་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཀུན་ནས་ཉོན་མོངས་པ་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའི་འདུ་ཤེས་སུ་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུར་ལྟ་བར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ལྟ་ བ་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུར་ལྟ་བར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ ལྟར་ཆོས་དེ་དག་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་ལྟར་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་རང་བཞིན་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཞེན་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་དངོས་པོ་མེད་ཅིང་མི་དམིགས་པའི་ཕྱིར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་བརྟེན་པ་དང་གནས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་དངོས་པོ་མེད་པའི་ཕྱིར་ཏེ། དེ་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་བརྟེན་པ་དང་གནས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་སངས་རྒྱས་སུ་ལྟ་བ་ལ་བརྟེན་ནས། སངས་རྒྱས་སུ་མཐོང་བར་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ལ་ བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་སུ་ལྟ་བ་ལ་བརྟེན་པས་ཆོས་མཐོང་བར་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་དགེ་འདུན་དུ་ལྟ་བ་ལ་བརྟེན་པས་དགེ་འདུན་མཐོང་བར་མི་འགྱུར་བའི་ཕྱིར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཚུལ་ཁྲིམས་སུ་ལྟ་བ་ལ་བརྟེན་པའི་ཚུལ་ཁྲིམས་རྣམ་པར་དག་པར་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་སྟོང་ངོ་ཞེས་ཞུམ་པར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པ་མ་ཡིན་གྱི། རང་ གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་སྟོང་ངོ་ཞེས་ཞུམ་པར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་དང་འགལ་བར་མི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པས་ སྟོང་པ་ཉིད་དང་འགལ་བར་མི་བྱེད་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་དང་འགལ་བར་མི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ཡིན་ཞེ་ན། རང་གི་མཚན་ཉིད་སྟོང་ པ་ཉིད་ཉེ་བར་བཟུང་ནས་ཡོངས་སུ་རྫོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོང་པ་ཉིད་ཡོངས་སུ་རྫོགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་མཚན་མ་མེད་པ་མངོན་དུ་བྱ་བ་ཡིན་ཞེ་ན། འདི་ལྟ་སྟེ། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚན་མ་མེད་པ་མངོན་དུ་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྨོན་པ་མེད་ པ་ཤེས་པ་ཞེ་ན། དེ་ནི་ཁམས་གསུམ་ཐམས་ཅད་དུ་སེམས་མི་གནས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྨོན་པ་མེད་པ་ཤེས་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པ་ཡིན་ཞེ་ན། དགེ་བ་བཅུའི་ ལས་ཀྱི་ལམ་ཡོངས་སུ་རྫོགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་ཡོངས་སུ་རྫོགས་པ་ཡིན་ཞེ་ན། སྙིང་ རྗེ་ཆེན་པོ་ཐོབ་པ་གང་ཡིན་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བརྙས་པར་མི་བྱ་ཞེ་ན། བྱམས་པ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བརྙས་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་བ་གང་ཞེ་ན། ཆོས་ཐམས་ཅད་ལ་བསྣན་ པ་དང་དབྲི་བ་མེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ལྟ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དག་པའི་ཚུལ་རབ་ཏུ་རྟོགས་པ་གང་ཞེ་ན། ཆོས་ཐམས་ཅད་ཚུལ་གཅིག་ཏུ་རྟོགས་ཀྱང་རྟོགས་པ་ མེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དག་པའི་ཚུལ་རབ་ཏུ་རྟོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བ་ལ་བཟོད་པ་གང་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ དང་། མངོན་པར་འདུ་བྱ་བ་མེད་པ་ལ་བཟོད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བ་ལ་བཟོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བ་ཤེས་པ་གང་ཞེ་ན། མིང་དང་གཟུགས་མི་སྐྱེ་བ་ཤེས་པ་གང་ཡིན་པ་སྟེ། དེ་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བ་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པ་གང་ཞེ་ན། གཉིས་ལ་ཡོངས་སུ་རྒྱུ་བ་མེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ ཐམས་ཅད་ཚུལ་གཅིག་ཏུ་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟོག་པ་ཡང་དག་པར་བསལ་བ་གང་ཞེ་ན། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟོག་པ་ཡང་དག་པར་བསལ་ བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་དང་། ལྟ་བ་རྣམ་པར་བཟློག་པ་གང་ཞེ་ན། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་རྣམ་པར་སྤོང་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་དང་། ལྟ་བ་རྣམ་པར་ལྡོག་པའོ། ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཉོན་མོངས་པ་རྣམ་པར་བཟློག་པ་གང་ཞེ་ན། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཉོན་མོངས་པ་རྣམ་པར་བཟློག་པའོ། །དེ་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་གནས་དང་། ལྷག་མཐོང་གི་ས་གང་ཞེ་ན། འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་གནས་དང་ལྷག་མཐོང་གི་སའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་སེམས་དུལ་བ་གང་ཞེ་ན། ཁམས་གསུམ་ལ་དགའ་བར་སེམས་པ་མེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དུལ་བའི་སེམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་བའི་སེམས་གང་ཞེ་ན། དབང་པོ་དྲུག་ཡང་དག་པར་ འདུས་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་བའི་སེམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོགས་པ་མེད་པའི་ཡེ་ཤེས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྱན་ཐོབ་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ཐོགས་པ་མེད་པའི་ཡེ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆགས་པའི་ས་མ་ཡིན་པའི་ཤེས་པ་གང་ཞེ་ན། སྐྱེ་མཆེད་དྲུག་གི་བཏང་སྙོམས་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆགས་པའི་ས་མ་ཡིན་པའི་ཤེས་པའོ། ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གང་དུ་འདོད་པའི་ཞིང་དུ་འགྲོ་བ་གང་ཞེ་ན། གང་སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མ་གཡོས་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་ཡང་དག་པར་མཐོང་ཞིང་འདི་ལས་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་ཀྱང་མི་འབྱུང་བ་ཡིན་པ་ སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གང་དུ་འདོད་པའི་ཞིང་དུ་འགྲོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐམས་ཅད་དུ་བདག་གི་ངོ་བོ་སྟོན་པ་གང་ཞེ་ན། འཁོར་གྱི་དཀྱིལ་འཁོར་རྣམས་སུ་གང་དང་གང་ལ་དགའ་བ་དེ་ལ་ཇི་ལྟར་དགའ་བར་རང་གི་ ངོ་བོ་དེ་དང་དེ་སྟོན་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐམས་ཅད་དུ་བདག་གི་ངོ་བོ་སྟོན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་རྗེས་སུ་འཇུག་པ་གང་ཞེ་ན། སེམས་གཅིག་གིས་ སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྗེས་སུ་འཇུག་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་ཤེས་པས་རྣམ་པར་རྩེ་ བ་གང་ཞེ་ན། མངོན་པར་ཤེས་པ་གང་དག་གིས་རྣམ་པར་རྩེ་བ་ན་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ལྟ་བའི་ཕྱིར་འགྲོ་ཡང་སངས་རྒྱས་ཀྱི་འདུ་ཤེས་མི་འབྱུང་བ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་ཤེས་པས་རྣམ་པར་རྩེ་བའོ། ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་བཞིན་དུ་ཡོངས་སུ་བསྒྲུབ་པ་གང་ཞེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་གི་འཁོར་ལོས་སྒྱུར་བའི་ས་ལ་གནས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་ སུ་གཏོང་ཞིང་དེས་རློམ་སེམས་སུ་མི་བྱེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་བཞིན་དུ་བསྒྲུབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ལ་བསྙེན་བཀུར་བ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ ཕན་གདགས་པའི་དོན་དུ་ཆོས་ལ་བསྙེན་བཀུར་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ལ་བསྙེན་བཀུར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཞེ་ན། ཆོས་ཀྱི་སྐུ་ ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་གང་ཞེ་ན། སྟོབས་བཅུ་ལ་གནས་ཤིང་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་རྫོགས་པར་ཤེས་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ ཞིང་ཡོངས་སུ་སྦྱོང་བ་གང་ཞེ་ན། མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་སྦྱོང་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྒྱུ་མ་ལྟ་བུའི་ ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱ་བ་ཐམས་ཅད་བྱེད་ཀྱང་དེའི་སེམས་ཆོས་གང་ལ་ཡང་མི་འཇུག་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེ་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དང་ཡང་མཉམ་པར་གཞག་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཏིང་ངེ་འཛིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དང་ཡང་མཉམ་པར་གཞག་པའོ། །དེ་ལ་ཇི་ལྟར་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་བསྒྲུབ་པ་གང་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཇི་ལྟ་ཇི་ལྟར་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟ་དེ་ ལྟར་ཆེད་དུ་བསམས་ཤིང་ལུས་ཡོངས་སུ་བསྒྲུབ་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་བསྒྲུབ་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ཆེད་དུ་བསམས་ཤིང་སྲིད་པ་ཉེ་བར་ལེན་པ་ཡིན་ཞེ་ན། འདི་ལྟ་སྟེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆེད་དུ་བསམས་ཤིང་སྲིད་པ་ཉེ་བར་ལེན་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཇི་ལྟ་ཇི་ལྟར་ སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བའོ། །དེ་ ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པར་བྱ་བ་ཁོང་དུ་ཆུད་པ་ཡིན་ཞེ་ན། འདི་ལྟ་སྟེ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ ཁོང་དུ་ཆུད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པར་བྱ་བ་ཁོང་དུ་ཆུད་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་རྫོགས་པའི་སྤོབས་པས་ངེས་པར་བསྟན་པ་ ཤེས་པར་བྱ་བ་རྟོགས་པ་ཡིན་ཞེ་ན། འདི་ལྟ་སྟེ། སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཁོང་དུ་ཆུད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་རྫོགས་པའི་སྤོབས་པས་ངེས་པར་བསྟན་པ་ཤེས་པར་བྱ་བ་རྟོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚེ་རབས་ཐམས་ཅད་དུ་རྫུས་ཤིང་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པའོ། །དེ་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཆེན་པོར་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱལ་རིགས་ཆེ་ཞིང་མཐོ་བ་འམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བར་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པའོ། །དེ་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུད་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་རིགས་སུ་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བྱུང་བར་གྱུར་པ་དེའི་རྒྱུད་དུ་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་རྒྱུད་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ལ་སེམས་ཅན་རྣམས་བཀོད་ཅིང་བྱང་ཆུབ་སེམས་དཔའི་འཁོར་དང་ལྡན་པ་ཉིད་དུ་འགྱུར་བ་དེ་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱེ་བ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་སྣང་བས་རྒྱས་པར་བཀང་ཞིང་དེ་དག་ཐམས་ཅད་རྣམ་ པར་འགྱུར་བ་དྲུག་ཏུ་གཡོ་བར་བྱེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱེ་བ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རབ་ཏུ་འབྱུང་བའི་ཕྱིར་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་མངོན་པར་འབྱུང་ཞིང་། སེམས་ཅན་དེ་དག་ཀྱང་ཐེག་པ་གསུམ་ལ་ངེས་པར་འབྱུང་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་འབྱུང་བ་ཕུན་སུམ་ཚོགས་པའོ། ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་རྩ་བ་གསེར་གྱི་རྒྱུ་ལས་བྱུང་བ་དང་། ལྷུན་བཻ་ཌཱུརྱར་འདུག་པ་དང་། ཡལ་ག་རིན་པོ་ཆེ་སྣ་བདུན་གྱི་རང་ བཞིན་ལས་གྲུབ་པ་དང་། མེ་ཏོག་དང་ལོ་མ་རིན་པོ་ཆེ་སྣ་ཚོགས་ལས་གྱུར་པ་དང་། ཤིང་དེའི་དྲི་ཞིམ་པོ་དང་། འོད་བཟང་པོས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱས་པར་བཀང་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཞིང་གི་རྒྱན་ཕུན་སུམ་ཚོགས་ པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྣམ་པར་དག་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་ཡེ་ཤེས་དང་། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་གྱུར་པ་དག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་ གཤེགས་པ་ཉིད་ཅེས་བྱའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་པ་གང་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་ མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ སྤྱོད་པའི་ཚེ། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ཏེ། རབ་འབྱོར་ དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དགུ་པ་ལས་ཡོངས་སུ་འདས་ནས་སངས་རྒྱས་ཀྱི་ས་ལ་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་ དག་པར་ཞུགས་པར་རིག་པར་བྱའོ་ཞེས་བྱ་བ་ནི་སའི་ཚོགས་སོ། །རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་ཆེན་པོ་དེས་གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ནི་དེ་མི་དམིགས་པའི་ཚུལ་གྱིས་ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་ཆེན་པོ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་མཚན་ ཉིད་གཅིག་པ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཚན་ཉིད་མེད་པའི་ཆོས་ནི་ངེས་པར་འབྱུང་བའམ། འབྱུང་བར་འགྱུར་བའམ། འབྱུང་བར་འགྱུར་བ་མེད་དེ། རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཆོས་ ཀྱི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་དེ་བཞིན་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཡང་དག་པའི་མཐའ་ངེས་ པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ནམ་མཁའི་དབྱིངས་ངེས་ པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་འདོད་ཆགས་སྤངས་པའི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་འདོད་ཆགས་དང་བྲལ་ བའི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་འགོག་པའི་དབྱིངས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་གཟུགས་ སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཚོར་བ་སྟོང་པ་ཉིད་དང་། འདུ་ཤེས་སྟོང་པ་ཉིད་དང་། འདུ་བྱེད་རྣམས་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ངེས་པར་འབྱུང་ བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཚོར་བ་སྟོང་པ་ཉིད་དང་། འདུ་ཤེས་སྟོང་པ་ཉིད་དང་། འདུ་བྱེད་རྣམས་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་ སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་ཤེས་པས་ སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མིག་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྣ་བ་སྟོང་པ་ཉིད་དང་། སྣ་སྟོང་པ་ཉིད་དང་། ལྕེ་ སྟོང་པ་ཉིད་དང་། ལུས་སྟོང་པ་ཉིད་དང་། ཡིད་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རྣ་བ་སྟོང་པ་ཉིད་དང་། སྣ་སྟོང་པ་ཉིད་ དང་། ལྕེ་སྟོང་པ་ཉིད་དང་། ལུས་སྟོང་པ་ཉིད་དང་། ཡིད་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་མིག་གིས་སྟོང་པའི་ཕྱིར་རོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཡིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་གཟུགས་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་སྒྲ་སྟོང་པ་ཉིད་དང་། དྲི་སྟོང་ པ་ཉིད་དང་། རོ་སྟོང་པ་ཉིད་དང་། རེག་སྟོང་པ་ཉིད་དང་། ཆོས་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཆོས་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྣ་བའི་རྣམ་ པར་ཤེས་པ་སྟོང་པ་ཉིད་དང་། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་རྣམ་པར་ཤེས་པ་ སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། ཡིད་ ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་གི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་ པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ངེས་པར་འབྱུང་བར་ འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ དང་། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རྣ་བའི་འདུས་ཏེ་རེག་པ་སྟོང་ པ་ཉིད་དང་། སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་ དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་གི་འདུས་ཏེ་རེག་པ་མིག་གི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་པའི་ ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བ་སྟོང་པ་ཉིད་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་ངེས་པར་འབྱུང་བར་ འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང་། སྣའི་ འདས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་རྨི་ ལམ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་སྒྱུ་མ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ངེས་པར་འབྱུང་ བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྨི་ལམ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །སྒྱུ་མ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། དེ་ བཞིན་གཤེགས་པའི་སྤྲུལ་པ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨི་ལམ་ནི་རྨི་ལམ་གྱིས་སྟོང་པའི་ཕྱིར་རོ། །སྒྱུ་མ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་བཟུང་བའི་རྟོག་པ་དང་པོའི་གཉེན་པོ་ཡིན་ནོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་ འདོད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ནང་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་ འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཕྱི་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཕྱི་ནང་སྟོང་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ གནས་པ་མེད་དོ། །ཕྱི་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དངོས་པོ་མེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཕྱི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། ། ཕྱི་ནང་སྟོང་པ་ཉིད་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ ལམ་ཡན་ལག་བརྒྱད་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་ གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་ དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་དང་། ཚད་མེད་པ་རྣམས་ཀྱི་ངོ་བོ་ཉིད་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་ པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་དང་། ཚད་མེད་པ་རྣམས་ཀྱི་ངོ་བོ་ཉིད་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅོ་བརྒྱད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །མི་འཇིགས་པ་བཞིའི་ངོ་བོ་ཉིད་དང་། སོ་སོ་ ཡང་དག་པར་རིག་པ་བཞིའི་ངོ་བོ་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ངོ་བོ་ཉིད་ནི་ དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མི་འཇིགས་པ་བཞིའི་ངོ་བོ་ཉིད་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་ངོ་བོ་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ ཕྱིར་རོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་གཟུང་བའི་རྟོག་པ་གཉིས་པའི་གཉེན་པོ་ཡིན་ནོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་དགྲ་བཅོམ་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་ འདོད་པ་དེ་ནི་རང་སངས་རྒྱས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་ པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། ། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དགྲ་ བཅོམ་པའི་ངོ་བོ་ཉིད་ནི་དགྲ་བཅོམ་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་ འབྱུང་བར་འདོད་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ལན་ཅིག་ཕྱིར་ འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་འཛིན་པའི་རྟོག་པ་དང་པོའི་གཉེན་པོ་ཡིན་ནོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་ འབྱུང་བར་འདོད་པ་དེ་ནི་མིང་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མཚན་མ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་བརྡ་ངེས་པར་ འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་ཐ་སྙད་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་བདག་མེད་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། ། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིང་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །མཚན་མ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། ། བརྡ་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །ཐ་སྙད་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །གདགས་པ་སྟོང་པ་ཉིད་ནི་ཁམས་གསུམ་ ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་མིང་སྟོང་པ་ཉིད་མིང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མཚན་མ་སྟོང་པ་ཉིད་མཚན་མ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བརྡ་སྟོང་པ་ ཉིད་བརྡ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐ་སྙད་སྟོང་པ་ཉིད་ནི་ཐ་སྙད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །གདགས་པ་སྟོང་པ་ཉིད་གདགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་ འདོད་པ་དེ་ནི་སྐྱེ་བ་མེད་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ངེས་པར་འབྱུང་བར་ འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་མེད་པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ། །འགག་པ་མེད་པ་དང་། ཀུན་ན