Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 82
Văn bản gốc(Tây Tạng)
Trang 10 / 20 (50.000 ký tự/trang)
་ཉིད་མེད་ཅིང་མི་དམིགས་སོ། །སྟོང་པ་ ཉིད་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །ཆེན་པོ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དོན་དམ་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །འདུས་བྱས་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །མཐའ་ལས་འདས་པ་སྟོང་ པ་ཉིད་མེད་ཅིང་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །རང་བཞིན་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །རང་གི་མཚན་ ཉིད་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །མི་དམིགས་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དངོས་པོ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། ། རང་གི་དངོས་པོ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །གཞན་གྱི་དངོས་པོ་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དུ་མེད་ཅིང་མི་དམིགས་པ་ནས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་ བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མེད་ཅིང་མི་དམིགས་སོ། །དེ་བཞིན་ཉིད་མེད་ཅིང་མི་དམིགས་སོ། །ཆོས་ཉིད་མེད་ཅིང་མི་དམིགས་སོ། །ཆོས་གནས་པ་ཉིད་མེད་ཅིང་མི་དམིགས་སོ། །ཆོས་ངེས་པ་ཉིད་མེད་ཅིང་མི་དམིགས་སོ། །ཡང་དག་པའི་ མཐའ་ཉིད་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སངས་རྒྱས་ཀྱང་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དེ་ལྟར་རྟོག་ཅིང་སེམས་པ་དང་། དེ་ལྟར་རྟོག་ཅིང་སེམས་པའི་ཚེ། དེའི་སེམས་ཞུམ་པ་མེད་ཅིང་ཡོངས་སུ་ཞུམ་པ་མེད་ལ། མི་དངང་ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་བྱ་བ་ནི་རྩེ་མོར་གཏོགས་པ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ རབ་འབྱོར་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང་བྲལ་བའོ། །དེ་བཞིན་དུ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་ པར་འཇུག་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཕ་རོལ་ཏུ་ཕྱིན་པ་དང་། མངོན་པར་ཤེས་པ་དང་། ཡི་གེ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་ པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རང་བཞིན་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་དག་པའི་མཐའི་བར་ཡང་ཡང་དག་པའི་མཐའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ། །ཤཱ་རིའི་བུས་ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སོ་སོ་བ་དང་། བསྡུས་པའི་རང་བཞིན་ནི་ ཇི་ལྟ་བུ། ཡང་དག་པའི་མཐའི་བར་གྱི་རང་བཞིན་ནི་ཇི་ལྟ་བུ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །ཚོར་བའི་རང་བཞིན་ནི་དངོས་པོ་མེད་པའོ། །འདུ་ཤེས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །འདུ་བྱེད་རྣམས་ཀྱི་ རང་བཞིན་ནི་དངོས་པོ་མེད་པའོ། །རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མེད་པའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་སོ་སོ་བ་དང་བསྡུས་པའི་རང་བཞིན་ནི་དངོས་པོ་མེད་པའོ། །ཡང་དག་པའི་མཐའི་བར་གྱི་རང་བཞིན་ནི་དངོས་པོ་མེད་པའོ། །ཚེ་ དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བ་དང་། ཚོར་བ་ནི་ཚོར་བའི་རང་བཞིན་དང་བྲལ་བ་དང་། འདུ་ཤེས་ནི་འདུ་ཤེས་ཀྱི་རང་བཞིན་དང་བྲལ་བ་དང་། འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ཀྱི་རང་བཞིན་དང་བྲལ་བ་ དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་དང་། སྐྱེ་མཆེད་རྣམས་ནི་སྐྱེ་མཆེད་རྣམས་ཀྱི་རང་བཞིན་དང་བྲལ་བ་དང་། ཁམས་རྣམས་ནི་ཁམས་ཀྱི་རང་བཞིན་དང་བྲལ་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་དང་བྲལ་བ་ དང་། ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་རང་བཞིན་དང་བྲལ་བར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་གཟུགས་ནི་གཟུགས་ཀྱི་མཚན་ཉིད་དང་བྲལ་བའོ། །ཚོར་བ་ནི་ཚོར་བའི་མཚན་ཉིད་དང་བྲལ་བའོ། །འདུ་ཤེས་ནི་འདུ་ཤེས་ཀྱི་མཚན་ཉིད་དང་བྲལ་ པའོ། །འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ཀྱི་མཚན་ཉིད་དང་བྲལ་བའོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དང་བྲལ་བའོ། །སྐྱེ་མཆེད་རྣམས་ནི་སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་དང་བྲལ་བའོ། །ཁམས་རྣམས་ནི་ཁམས་རྣམས་ཀྱི་མཚན་ཉིད་དང་ བྲལ་བའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་བར་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དང་བྲལ་བའོ། །ཡང་དག་པའི་མཐའི་བར་ནི་ཡང་དག་པའི་མཐའི་མཚན་ཉིད་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་ཉིད་ཀྱང་མཚན་ཉིད་ཀྱི་ངོ་བོ་དང་བྲལ་བའོ། །ངོ་བོ་ཡང་ངོ་བོའི་མཚན་ ཉིད་དང་བྲལ་བའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་བསླབ་པ་འདི་ལ་སློབ་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་བསླབ་པ་འདི་ལ་སློབ་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་བཟོད་པ་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ཆོས་ཐམས་ ཅད་ནི་མ་སྐྱེས་ཤིང་ངེས་པར་མ་བྱུང་བའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རྒྱུ་གང་གིས་ན་ཆོས་ཐམས་ཅད་མ་སྐྱེས་ཤིང་ངེས་པར་མ་འབྱུང་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ། ངེས་པར་ འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་ནི་ཚོར་བའི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདུ་ཤེས་ནི་འདུ་ཤེས་ཀྱི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་ སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ཀྱི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་ སོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཡང་དག་པའི་མཐའི་བར་དུ་ཡང་དག་པའི་མཐའི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་ཡིན་ཏེ། དེ་ཇི་ལྟ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །དེ་ཇི་ལྟ་ཇི་ལྟར་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེད་དོ། །ཞེ་སྡང་དང་ལྡན་པའི་སེམས་མི་སྐྱེད་དོ། །གཏི་མུག་དང་ལྡན་པའི་སེམས་མི་སྐྱེད་དོ། །ང་རྒྱལ་དང་ལྡན་པའི་སེམས་མི་སྐྱེད་དོ། །གཡོ་དང་སྒྱུ་དང་ལྡན་པ་དང་། ཕྲག་དོག་དང་སེར་སྣ་དང་ལྡན་པ་དང་། སྲེད་པ་དང་ལྡན་པ་དང་། ལྟ་བ་ངན་པ་དང་ལྡན་པའི་སེམས་མི་སྐྱེད་དོ། །དེ་འདོད་ཆགས་ཀྱི་སེམས་མི་སྐྱེད་ཅིང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། གཡོ་དང་། སྒྱུ་དང་། ཕྲག་དོག་དང་། སེར་སྣ་དང་། སྲེད་པ་དང་། ལྟ་བ་ངན་པ་དང་ལྡན་པའི་སེམས་མི་སྐྱེད་ པས་ནམ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར་ཏེ། རྟག་ཏུ་རྒྱུན་མི་འཆད་པར་རྫུས་ཏེ་སྐྱེ་བར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་མ་གཏོགས་པར་ནམ་ཡང་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ། །དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་ རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་བསྙེན་བཀུར་བྱེད། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་སྦྱོང་བར་བྱེད་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ དང་འབྲལ་བར་མི་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་བཟོད་པ་འབྲིང་གི་དམིགས་ པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་ མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་ཚོར་བ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་གཟུགས་རྟག་པའམ། མི་རྟག་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་ཚོར་བ་རྟག་པའམ། མི་རྟག་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་རྟག་པའམ། མི་རྟག་ པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་རྟག་པའམ། མི་རྟག་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་རྟག་པའམ། མི་རྟག་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་གཟུགས་བདེ་ བའམ། སྡུག་བསྔལ་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་ཚོར་བ་བདེ་བའམ། སྡུག་བསྔལ་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་བདེ་བའམ། སྡུག་བསྔལ་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། ། འདུ་བྱེད་རྣམས་བདེ་བའམ། སྡུག་བསྔལ་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་བདེ་བའམ། སྡུག་བསྔལ་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་གཟུགས་བདག་གམ། བདག་མེད་ཅེས་བགྱི་བར་ སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཚོར་བ་བདག་གམ་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་བདག་གམ་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་བདག་གམ་བདག་མེད་ཅེས་བགྱི་བར་ སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་བདག་གམ་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་གཟུགས་ཞི་བའམ། མ་ཞི་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ དོ། །ཚོར་བ་ཞི་བའམ། མ་ཞི་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་ཞི་བའམ། མ་ཞི་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་ཞི་བའམ། མ་ཞི་བ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་ཞི་བའམ། མ་ཞི་བ་ ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་གཟུགས་དབེན་པའམ། མི་དབེན་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཚོར་བ་དབེན་པའམ། མི་དབེན་པ་ཞེས་བགྱི་བར་ སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་ཤེས་དབེན་པའམ། མི་དབེན་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །འདུ་བྱེད་རྣམས་དབེན་པའམ། མི་དབེན་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །རྣམ་པར་ཤེས་པ་དབེན་པའམ་མི་དབེན་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་ སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་ལ་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་བཞིན་དུ་མངོན་པར་ཤེས་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། མིག་ལྔ་རྣམས་དང་། དེ་བཞིན་གཤེགས་པའི་ སྟོབས་བཅུ་རྣམས་དང་། མི་འཇིགས་པ་བཞི་རྣམས་དང་། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས་གལ་ ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་འདི་སྙམ་དུ། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་སྙམ་དུ་སེམས་ན་དམིགས་པ་ལ་སྤྱོད་པ་སྟེ། བདག་མེད་དོ་སྙམ་དུ་སེམས་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ནི་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་མོ་སྙམ་དུ་སེམས་ན་དེ་མཚན་མ་ཉིད་ལ་སྤྱོད་ པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མི་མཁས་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཐབས་མི་མཁས་ པར་ཇི་ལྟར་རིག་པར་བྱ་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། ཚོར་བ་ལ་གནས་པ་ དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། འདུ་ཤེས་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། འདུ་བྱེད་རྣམས་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། རྣམ་པར་ཤེས་པ་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་ པར་བྱེད་ན་དེ་གཟུགས་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། ཚོར་བ་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། འདུ་ཤེས་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། འདུ་བྱེད་རྣམས་ལ་གནས་པ་དང་། ལྷག་ པར་མོས་པ་དང་། ཀུན་ཤེས་པ་དང་། རྣམ་པར་ཤེས་པ་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། གཟུགས་མངོན་པར་འདུ་བྱེད་པ་ལ་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ཡིན་ཏེ། དེས་ན་དེ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་ལས་ཡོངས་སུ་མི་འགྲོལ་བས། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་ པ་དང་། གཟུགས་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། མིག་གི་འདུས་ཏེ་ རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ གང་ཡིན་པ་དེ་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པ་དང་། དེ་བཞིན་དུ་མིག་ལྔ་དང་། མངོན་པར་ཤེས་པ་དྲུག་དང་། ཕ་རོལ་ཏུ་ཕྱིན་པ་ དྲུག་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། དགྲ་བཅོམ་ པ་ཉིད་དང་། རང་སངས་རྒྱས་ཉིད་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་ན་དེ་སངས་རྒྱས་ཀྱི་ཆོས་རྣམས་ལ་གནས་པ་དང་། ལྷག་པར་མོས་པ་དང་། ཀུན་ཤེས་པས་སངས་རྒྱས་ཀྱི་ཆོས་རྣམས་ མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ཡིན་ཏེ། མངོན་པར་འདུ་བྱེད་པ་ལ་སྤྱོད་པས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ལས་ཡོངས་སུ་མི་འགྲོལ་བས་སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་ འགྲོལ་བར་བརྗོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་མངོན་དུ་བྱ་བའི་སྐལ་བ་ཡང་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། ཐབས་མི་མཁས་པར་ཤེས་པར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་ཇི་ལྟར་སྤྱོད་ན་ཐབས་མཁས་པར་ཤེས་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་ལ་གནས་པ་མེད་པ་དང་། ལྷག་པར་མོས་པ་མེད་པ་དང་། ཀུན་ཤེས་པ་ མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པ་མེད་པ་དང་། ལྷག་པར་མོས་པ་མེད་པ་དང་། ཀུན་ཤེས་པ་མེད་པ་དང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལ་གནས་པ་མེད་པ་དང་། ལྷག་པར་མོས་པ་མེད་པ་དང་། ཀུན་ཤེས་པ་མེད་པས་དེ་གཟུགས་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་དེ། གཟུགས་ཀྱི་མཚན་མ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་མ་ལ་མི་སྤྱོད། གཟུགས་ རྟག་པའམ། མི་རྟག་པ་ཞེས་བྱ་བར་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པའམ། མི་རྟག་པ་ཞེས་བྱ་བར་མི་སྤྱོད། གཟུགས་བདེ་བའམ། སྡུག་བསྔལ་བ་ཞེས་བྱ་བ་དང་། བདག་ཡོད་པའམ། བདག་མེད་པ་ཞེས་བྱ་བ་དང་། ཞི་ བའམ། མ་ཞི་བ་ཞེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ལ་ཡང་དེ་བཞིན་ཏེ། རྣམ་པར་ཤེས་པ་བདེ་བའམ། སྡུག་བསྔལ་ཞེས་བྱ་བ་དང་། བདག་གམ་བདག་མེད་པ་ཞེས་བྱ་བ་དང་། ཞི་བའམ་མ་ཞི་བ་ཞེས་བྱ་བར་མི་སྤྱོད། གཟུགས་སྟོང་པའམ། མི་སྟོང་ པ་ཞེས་བྱ་བར་མི་སྤྱོད། མཚན་མ་ཡོད་པའམ། མཚན་མ་མེད་པ་ཞེས་བྱ་བར་མི་སྤྱོད། སྨོན་པ་ཡོད་པའམ། སྨོན་པ་མེད་པ་ཞེས་བྱ་བར་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ལ་དེ་བཞིན་ཏེ། རྣམ་པར་ཤེས་པ་སྟོང་པའམ། མི་སྟོང་པ་ཞེས་བྱ་བར་མི་སྤྱོད། མཚན་མ་ཡོད་ པའམ། མཚན་མ་མེད་པ་ཞེས་བྱ་བར་མི་སྤྱོད། སྨོན་པ་ཡོད་པའམ། སྨོན་པ་མེད་པ་ཞེས་བྱ་བར་མི་སྤྱོད། དབེན་པའམ། མི་དབེན་པ་ཞེས་བྱ་བར་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་ བུ་འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན། སྟོང་པ་ཉིད་ལས་གཞན་ན་གཟུགས་མེད། གཟུགས་ལས་གཞན་ན་སྟོང་པ་ཉིད་མེད་དེ། གཟུགས་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ཉིད་གཟུགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་མ་ཡིན། སྟོང་པ་ཉིད་ལས་གཞན་ན་ཡང་། རྣམ་པར་ཤེས་པ་མེད། རྣམ་པར་ཤེས་པ་ལས་གཞན་ན་ཡང་། སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཉིད་རྣམ་པར་ཤེས་པ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་དོ། །དེ་བཞིན་ དུ་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། དེ་བཞིན་གཤེགས་ པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན། སྟོང་པ་ཉིད་ལས་གཞན་ན་ཡང་སངས་རྒྱས་ཀྱི་ཆོས་རྣམས་མེད། སངས་རྒྱས་ ཀྱི་ཆོས་རྣམས་ལས་གཞན་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པ་ཉིད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཐབས་ མཁས་པར་ཤེས་པར་བྱའོ།། །།བམ་པོ་བཅུ་གཅིག་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཡོད་དོ། ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གལ་ཏེ་ཆོས་འགའ་ཞིག་ཉེ་བར་རྟོགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཉེ་བར་མ་རྟོགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཉེ་བར་རྟོགས་པ་ཡང་མ་ཡིན་ལ། ཉེ་བར་མ་རྟོགས་པ་ཡང་ཡིན་ན། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཉེ་བར་རྟོགས་པ་ཡང་མ་ཡིན་ལ། ཉེ་བར་མ་རྟོགས་པ་ཡང་མ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ། ཉེ་བར་རྟོགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་པ་ཡིན། ཉེ་བར་མ་རྟོགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་པ་ཡིན། ཉེ་བར་རྟོགས་པ་ཡང་མ་ཡིན་ལ། ཉེ་བར་མ་རྟོགས་པ་ཡང་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་པ་ཡིན། ཉེ་ བར་རྟོགས་པ་ཡང་མ་ཡིན་ལ་ཉེ་བར་མ་རྟོགས་པ་ཡང་མ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ནི་དངོས་པོ་མེད་པའི་རང་བཞིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྤྱོད་དོ་ཞེས་བྱ་བར་ཉེ་བར་མི་རྟོགས་སོ། །མི་སྤྱོད་དོ་ཞེས་བྱ་བར་ཉེ་བར་མི་རྟོགས་སོ། །སྤྱོད་ཀྱང་སྤྱོད་ལ་མི་ སྤྱོད་ཀྱང་མི་སྤྱོད་དོ་ཞེས་བྱ་བར་ཉེ་བར་མི་རྟོགས་སོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ཉེ་བར་མི་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་ཁོང་དུ་ཆུད་ཅིང་མ་བླངས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ་ཞིང་ཀུན་ཏུ་མི་ཞུམ་སྟེ། མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པས་ཟིན་པར་མ་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་རིག་པར་བྱའོ་ ཞེས་བྱ་བ་ནི་བཟོད་པ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་ འཛིན་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་དེ། ཡངས་པ། མདུན་དུ་བྱས་པ། ཚད་མེད་པར་ངེས་པ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་མི་འཕྲོགས་པའོ། །ཤཱ་རིའི་བུ་ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་ནི་གང་དག་གིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཏིང་ངེ་འཛིན་གང་ལ་གནས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ བར་འགྱུར་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ཡོད་དོ། །དེ་བཞིན་དུ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ ཡོད་དོ། །ཟླ་བའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མཉམ་པར་གཞག་པའི་གནས་ སྐབས་སུ་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྒྱལ་པོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྟོབས་ཀྱི་བརྩོན་འགྲུས་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལས་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་ལ་ རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་ པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ལྟ་བས་ཆོག་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ ཡོད་དོ། །ཉམས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནམ་མཁའ་ལྟར་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་ དོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དབང་པོའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་ འཛིན་ཡོད་དོ། །ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གནས་ལ་རྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། ། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་དྲི་མ་མེད་པ་ཞེས་ བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྒྱལ་བར་བྱ་བ་མ་ཡིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མི་འཕམ་པ་ཞེས་བྱ་བའི་ཏིང་ངེ་ འཛིན་ཡོད་དོ། །གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པར་ཕྱེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འཇིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་ འཛིན་ཡོད་དོ། །ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བྱ་བ་བྱེད་ པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡེ་ཤེས་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རིན་ ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པར་འཐོར་བ་ཞེས་བྱ་ བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡི་གེ་རྣམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འགྱུར་བ་མེད་པ་ཞེས་བྱ་བའི་ ཏིང་ངེ་འཛིན་ཡོད་དོ། །རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཡོ་ བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། ། བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡོངས་སུ་གཅོད་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ ཡོད་དོ། །ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པ་མངོན་པར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། ། རྣམ་པ་དོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྲིད་པའི་གཞི་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བརྡ་དང་། སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྒྲ་དབྱངས་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ ཡོད་དོ། །སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མངོན་པར་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བདེ་བ་དང་། སྡུག་བསྔལ་ཐམས་ ཅད་ལ་མངོན་པར་མི་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འཇིག་རྟེན་ཐམས་ཅད་རབ་ཏུ་སྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ ངེ་འཛིན་ཡོད་དོ། །ཚུལ་དང་ཚུལ་མེད་པ་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྗེས་སུ་འབྲང་བ་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཞི་མེད་པར་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དེ་བཞིན་ཉིད་ལ་གནས་པར་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་ དོ། །ལུས་ཀྱི་སྐྱོན་ཡང་དག་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ངག་གི་སྐྱོན་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནམ་མཁའ་འདྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཏེ། ཏིང་ ངེ་འཛིན་དེ་དག་གིས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་ལྟར་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་གང་ལ་བསླབས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་ དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུ་ཚད་མེད་གྲངས་མེད་པ་གཞན་དག་ཀྱང་ཡོད་དེ། དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་འགྱུར་བ་སྟེ། དེ་ནི་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་རྒྱས་གདབ་པར་འགྱུར་བ་སྟེ། དེ་ནི་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་བཞིན་དུ་དེ་ལ་ནམ་མཁའ་ལྟར་ཆགས་པ་ མེད་པའི་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་བར་གྱི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་ལ་གནས་ན་ཆོས་ཐམས་ཅད་ལ་ནམ་མཁའ་ལྟར་ཆགས་པ་མེད་ཅིང་རྣམ་པར་གྲོལ་བས་གོས་པ་མེད་པ་རྗེས་སུ་ཐོབ་པར་འགྱུར་བ་སྟེ། དེ་ནི་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་ གོས་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་བར་དུའོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་ཏིང་ངེ་འཛིན་དེ་དག་གི་གནས་པ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་གང་དག་ཡིན་པ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལུང་བསྟན་ཏེ། དེས་ནི་ཏིང་ངེ་འཛིན་ཡང་ཡང་དག་པར་རྗེས་སུ་མི་མཐོང་། བདག་ནི་སྙོམས་པར་ཞུགས་སོ་ཞེས་བྱ་བར་ ཏིང་ངེ་འཛིན་དེས་རློམ་སེམས་སུ་འགྱུར་བ་ཡང་མེད་དོ། །དེས་ནི་ཏིང་ངེ་འཛིན་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདག་ནི་སྙོམས་པར་འཇུག་གོ། །བདག་གིས་མཉམ་པར་གཞག་པར་བྱའོ། །བདག་ནི་མཉམ་པར་གཞག་པར་གྱུར་ཏོ་ཞེས་རློམ་སེམས་སུ་འགྱུར་བ་མེད་དེ། དེ་ལ་རྣམ་པར་ རྟོག་པ་དེ་དག་མེད་ཅིང་མི་རྒྱུའོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་འབྲིང་གི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ་ཏིང་ངེ་འཛིན་ཡང་གཞན། བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་ མེད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའོ། །བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཏོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་ཏིང་ངེ་འཛིན་ཀྱང་གཞན་ལ། བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད། བྱང་ཆུབ་སེམས་དཔའ་ཡང་གཞན་ལ། ཏིང་ངེ་འཛིན་ཉིད་ཀྱང་གཞན་ཞེས་བྱ་བ་མེད་དེ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཡིན་ན། དེ་ལ་ཏིང་ངེ་འཛིན་བསྟན་པར་ནུས་སམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རིགས་ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་འདུ་ཤེས་སུ་བྱེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདུ་ཤེས་སུ་བྱེད་པ་མེད་དོ། །སྨྲས་པ། ཇི་ལྟར་དེ་ལ་འདུ་ཤེས་སུ་བྱེད་པར་མི་འགྱུར། རབ་འབྱོར་གྱིས་ སྨྲས་པ། ཇི་ལྟར་རྣམ་པར་རྟོག་པ་མེད་པ་ལྟར་རོ། །སྨྲས་པ་དེ་ལ་ཇི་ལྟར་རྟོག་པ་མེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཆོས་ཐམས་ཅད་མེད་པའི་ཕྱིར་རྟོག་པ་མེད་དེ། དེ་ལྟར་ན་ཏིང་ངེ་འཛིན་དེ་ལ་རྟོག་པ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། རིགས་ ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་རྣམ་པར་ཤེས་པར་བྱེད་པ་མེད་དོ། །འདུ་ཤེས་སུ་བྱེད་པ་མེད་དོ། །སྨྲས་པ། ཅིའི་ཕྱིར་རྣམ་པར་ཤེས་པར་བྱེད་པ་མེད་ཅིང་། འདུ་ཤེས་སུ་འགྱུར་བ་མེད། རབ་འབྱོར་གྱིས་སྨྲས་པ། ཏིང་ངེ་འཛིན་དེ་ཡང་མེད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མེད་པའི་ཕྱིར། རྣམ་པར་ཤེས་པ་མེད་དོ། །འདུ་ཤེས་སུ་འགྱུར་བ་མེད་དོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཇི་ལྟར་ཁྱོད་ཉོན་མོངས་པ་མེད་པ་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་ པ་ལྟར་སྟོན་པ་ནི་ལེགས་སོ། །ལེགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་བསླབ་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ ལགས་སམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་སློབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་ གྱིས་སློབ་པ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། བསམ་ གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་མི་དམིགས་པའི་ཚུལ་གྱིས་སློབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་ དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྡུག་བསྔལ་མི་དམིགས་ སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། འདོད་པའི་ཁམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། གཟུགས་ཀྱི་ཁམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། གཟུགས་མེད་པའི་ ཁམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། རྒྱུན་ཏུ་ཞུགས་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་ བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། བྱང་ཆུབ་སེམས་དཔའ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། བྱང་ཆུབ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། སངས་རྒྱས་མི་དམིགས་སོ། །གསོལ་པ། བཅོམ་ ལྡན་འདས་རྣམ་པར་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མ་སྐྱེས་པ་དང་། འབྱུང་བ་མེད་པ་དང་། དམིགས་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་འདི་ནི་རྣམ་པར་དག་པ་ཞེས་བྱ་སྟེ། ཤཱ་རིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་ལྡན་པ་སྤྱིའི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དང་གང་ལ་སློབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སློབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་འདི་དག་ནི། བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པ་ཡོད་པ་མ་ཡིན་ནོ། ། གསོལ་པ། བཅོམ་ལྡན་འདས་འོ་ན་ཆོས་འདི་དག་རྣམ་པ་ཇི་ལྟར་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མེད་པ་དེ་ལྟར་ཡོད་དེ། དེ་ལྟར་ཡོད་པ་མ་ཡིན་པ་དེའི་ཕྱིར་མེད་ཅེས་བྱའོ་ཞེས་བྱ་བ་ནི་དྲོད་དུ་གཏོགས་པའི་རྣམ་པར་རྟོག་པ་དང་ལྡན་པའི་དང་པོ་མ་རིག་པའི་རྟོག་པ་ ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མཆིས་པ་མ་ལགས་པས་མ་མཆིས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་དུ་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གཉིས་པ་གཟུགས་ལ་སོགས་པའི་ཕུང་པོ་ལ་རྟོག་པ་ཡིན་ནོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མ་རིག་པ་དང་། སྲེད་པ་ལ་མངོན་པར་ཞེན་ཏོ། །དེ་དག་གིས་ནི་མ་རིག་པ་དང་། སྲེད་པས་བརྟགས་སོ། །བརྟགས་ནས་མ་རིག་པ་དང་། སྲེད་པ་དག་གིས་མངོན་པར་ཞེན་ཏེ། མཐའ་གཉིས་སུ་ཆགས་པས་དེ་དག་གིས་མཐའ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་མི་མཐོང་ངོ་། །དེ་དག་གིས་ཇི་ལྟ་བ་བཞིན་མེད་པའི་ ཆོས་དེ་དག་བརྟགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལ་མངོན་པར་ཞེན་པར་གྱུར་ཏོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གསུམ་པ་མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྟོག་པ་ཡིན་ནོ། །ཆོས་རྣམས་ལ་མངོན་པར་ཞེན་པ་དེ་དག་ནི་མེད་པའི་མཐའ་གཉིས་ དག་ཏུ་རྟོག་པར་བྱེད། བརྟགས་ནས་མི་ཤེས་མི་མཐོང་ངོ་། །ཅི་ཞིག་མི་ཤེས་མི་མཐོང་ཞེ་ན། གཟུགས་མི་ཤེས་མི་མཐོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་ཤེས་མི་མཐོང་བ་ནས། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་ བའི་བར་དུ་མི་ཤེས་མི་མཐོང་ངོ་། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་ཤེས་མི་མཐོང་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མི་ཤེས་མི་མཐོང་སྟེ། དེ་ལྟར་དེ་དག་ནི་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བཞི་པ་མཐའ་གཉིས་ལ་ཆགས་ པའི་རྣམ་པར་རྟོག་པ་ཡིན་ནོ། །དེ་དག་ནི་མ་རིག་པ་དང་། སྲེད་པའི་རྐྱེན་གྱིས་མི་ཤེས་མི་མཐོང་ངོ་། །ཅི་ཞིག་མི་ཤེས་མི་མཐོང་ཞེ་ན། གཟུགས་ཀུན་ནས་ཉོན་མོངས་པའོ་ཞེས་མི་ཤེས་མི་མཐོང་ངོ་། །དེ་བཞིན་དུ་གཟུགས་རྣམ་པར་བྱང་བའོ་ཞེས་མི་ཤེས་མི་མཐོང་ངོ་། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའོ་ཞེས་མི་ཤེས་མི་མཐོང་ངོ་། །དེ་བཞིན་དུ་རྣམ་པར་ཤེས་པ་རྣམ་པར་བྱང་བའོ་ཞེས་མི་ཤེས་མི་མཐོང་ངོ་། །དེ་དག་ནི་ངེས་པར་མི་འབྱུང་བར་མི་འགྱུར་རོ། །གང་ནས་ངེས་པར་མི་འབྱུང་ཞེ་ན། འདོད་པའི་ཁམས་ནས་ངེས་པར་འབྱུང་བར་མི་འགྱུར་རོ། །གཟུགས་ཀྱི་ཁམས་ནས་ངེས་པར་འབྱུང་བར་མི་འགྱུར་རོ། །གཟུགས་མེད་པའི་ཁམས་ནས་ངེས་པར་འབྱུང་བར་མི་འགྱུར་རོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་དག་ལས་ངེས་པར་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནི་དེ་ཉིད་ ཀྱི་རྟོག་པ་ལྔ་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ་ཡིན་ནོ། །དེ་དག་ནི་མི་དད་དོ། །ཇི་ལྟར་མི་དད་ཅེ་ན། གཟུགས་གཟུགས་ཀྱིས་སྟོང་ཞེས་བྱ་བར་མི་དད་དོ། །བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱིས་སྟོང་ཞེས་བྱ་བར་མི་དད་དོ། །དེ་དག་ནི་གནས་པ་མ་ ཡིན་ནོ། །ཇི་ལྟར་གནས་པ་མ་ཡིན་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་གནས་པ་མ་ཡིན། ཕྱིར་མི་ལྡོག་པའི་ས་ལ་གནས་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་གནས་པ་མ་ཡིན་ནོ། །དེ་དག་ནི་མངོན་པར་ཞེན་པ་ཡིན་ནོ། །ཇི་ལྟར་མངོན་པར་ཞེན་པ་ཡིན་ཞེ་ན། གཟུགས་ལ་མངོན་པར་ཞེན་པ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པ་ཡིན། མིག་ལ་མངོན་པར་ཞེན་པ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་མངོན་པར་ཞེན་པ་ཡིན་ནོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མངོན་པར་ཞེན་པ་ཡིན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་མངོན་པར་ཞེན་པ་ཡིན། ལྟ་བར་གྱུར་པ་རྣམས་ལ་མངོན་པར་ཞེན་པ་ཡིན། བྱང་ཆུབ་ཀྱི་བར་ལ་མངོན་པར་ཞེན་པ་ཡིན་ཏེ། དེའི་ཕྱིར་ན་བྱིས་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ མི་སློབ་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ཡིན་ནོ། ། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། དེ་བཞིན་དུ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་ པ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད། དེ་བཞིན་གཤེགས་པའི་ སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད་པ་ནས། ཆོས་ཐམས་ཅད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་པར་བྱེད། མངོན་པར་ཞེན་པར་བྱེད་ དོ། །ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དྲུག་པ་འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་ རྟོག་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་བསླབས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་སློབ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་ པར་འབྱུང་བར་འགྱུར། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མི་དམིགས། ཡང་དག་པར་རྗེས་ སུ་མི་མཐོང་བ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ན། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ དང་། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བདུན་པ་དམིགས་པ་ལ་རྟོག་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་གང་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་དམིགས་ཤིང་མི་མཐོང་ངོ་། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་ཤིང་མི་མཐོང་ངོ་ཞེས་བྱ་བ་དེ་ཉིད་ཀྱི་རྟོག་པ་ བརྒྱད་པ་བདག་ལ་སོགས་པར་རྟོག་པ་ཡིན་ནོ། །ཤཱ་རིའི་བུ་རྣམ་པར་དག་པ་ནི་སྐྱེ་བ་མེད་པ་མ་བྱུང་བ་མངོན་པར་འདུ་བྱེད་པ་མེད་པའོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དགུ་པ་རྣམ་པར་དག་པ་སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་ཡིན་ནོ། །འདི་དག་ནི་གཟུང་བའི་རྟོག་པ་དང་པོ་ཡིན་ནོ། །དེ་ཐབས་མི་མཁས་ པས་གཟུགས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན། རྣམ་པར་ཤེས་པའི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ནོ་ཞེས་བྱ་བ་ནི་རྩེ་མོར་གཏོགས་པའི་རྣམ་པར་རྟོག་པ་དང་ལྡན་པ་དང་པོ་ཕུང་པོའི་དོན་ལ་རྣམ་པར་རྟོག་པ་ཡིན་ནོ། །མིག་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན། དེ་བཞིན་དུ་ཡིད་ཀྱི་བར་དང་གཟུགས་ ལ་མངོན་པར་རྟོག་ཅིང་མངོན་པར་ཞེན་པ་ཡིན། དེ་བཞིན་དུ་ཆོས་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གཉིས་པ་སྐྱེ་བའི་སྒོའི་དོན་གྱི་རྣམ་པར་རྟོག་པ་ཡིན་ནོ། །མིག་དང་གཟུགས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་སུ་རྟོག་ཅིང་མངོན་པར་ཞེན་པ་ཡིན། དེ་བཞིན་དུ་ ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གསུམ་པ་རིགས་ཀྱི་དོན་ལ་རྣམ་པར་རྟོག་པ་ཡིན་ནོ། །མ་རིག་པར་རྟོག་ཅིང་མངོན་པར་ཞེན་པ་ཡིན། དེ་བཞིན་དུ་རྒ་ཤིར་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བའི་བར་དུའོ་ཞེས་ བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བཞི་པ་སྐྱེ་བའི་དོན་ལ་རྣམ་པར་རྟོག་པ་ཡིན་ནོ། །དེ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་ལྔ་པ་སྟོང་པ་ཉིད་ཀྱི་དོན་ལ་རྣམ་པར་རྟོག་པ་ཡིན་ ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དྲུག་པ་ཕ་རོལ་ཏུ་ཕྱིན་པའི་དོན་ལ་རྣམ་པར་རྟོག་པ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི། དེ་ཉིད་ཀྱི་རྟོག་པ་བདུན་པ་མཐོང་བའི་ལམ་ལ་རྣམ་ པར་རྟོག་པ་ཡིན་ནོ། །དེ་བསམ་གཏན་དང་། མངོན་པར་ཤེས་པ་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་རྟོག་ཅིང་། མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི། དེ་ཉིད་ཀྱི་རྟོག་པ་བརྒྱད་པ་བསྒོམ་པའི་ལམ་ལ་རྣམ་པར་རྟོག་པ་ཡིན་ནོ། །དེ་བཞིན་གཤེགས་ པའི་སྟོབས་བཅུར་རྟོག་ཅིང་མངོན་པར་ཞེན་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དགུ་པ་མི་སློབ་པའི་ལམ་ལ་རྟོག་པ་ཡིན་ནོ། །འདི་དག་ནི་གཟུང་བའི་རྟོག་པ་གཉིས་པ་ཡིན་ནོ། །ཤཱ་རིའི་བུ་བདག་ ཉེ་བར་མི་དམིགས། དེ་བཞིན་དུ་སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། རིག་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་ མེད་ཅིང་མི་དམིགས་ཞེས་བྱ་བ་ནི་བཟོད་པར་གཏོགས་པའི་རྣམ་པར་རྟོག་པ་དང་ལྡན་པ་ལས། རྟོག་པ་དང་པོ་བདག་རང་དབང་ཅན་ལ་རྣམ་པར་རྟོག་པའོ། །ཤཱ་རིའི་བུ་གཟུགས་ཉེ་བར་མི་དམིགས་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་བར་དུ་ཉེ་བར་མི་དམིགས་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གཉིས་ པ་བདག་གཅིག་པུར་རྣམ་པར་རྟོག་པ་ཡིན་ནོ། །ཤཱ་རིའི་བུ་མིག་མི་དམིགས་སོ། །དེ་བཞིན་དུ་ཡིད་ཀྱི་བར་དང་། གཟུགས་མི་དམིགས། ཆོས་ཀྱི་བར་དུ་མི་དམིགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གསུམ་པ་རྒྱུའི་བདག་ཉིད་ལ་རྣམ་པར་རྟོག་པ་ཡིན་ནོ། །ཤཱ་རིའི་བུ་མིག་དང་། གཟུགས་དང་། མིག་གི་ རྣམ་པར་ཤེས་པ་མི་དམིགས་སོ། །ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་བར་མི་དམིགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བཞི་པ་ལྟ་བ་པོ་ལ་སོགས་པའི་བདག་ཏུ་རྣམ་པར་རྟོག་པ་ཡིན་ནོ། །ཤཱ་རིའི་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་མི་དམིགས་སོ། །གཟུགས་མེད་པའི་ཁམས་ཀྱི་བར་དུ་མི་ དམིགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་ལྔ་པ་ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ཡིན་ནོ། །བསམ་གཏན་དང་པོ་མི་དམིགས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པའི་བར་དུ་མི་དམིགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དྲུག་པ་འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་ ཏུ་རྣམ་པར་རྟོག་པ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་མི་དམིགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བདུན་པ་མཐོང་བའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་དམིགས་སོ་ཞེས་བྱ་བ་ནི་དེ་ ཉིད་ཀྱི་རྟོག་པ་བརྒྱད་པ་སྒོམ་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ཡིན་ནོ། །སྟོབས་བཅུ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་སོ། །ཇི་ལྟར་མི་དམིགས་ཤེ་ན། བདག་ཉིད་དུའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ ཉིད་ཀྱི་རྟོག་པ་དགུ་པ་དོན་བྱས་པའི་རྟེན་གྱི་རྣམ་པར་རྟོག་པ་ཡིན་ནོ་འདི་དག་ནི་འཛིན་པའི་རྣམ་པར་རྟོག་པ་དང་པོ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་ལ་ཞིག་འདི་སྐད་དུ་འདྲི་ཞིང་ཅི་སྒྱུ་མའི་སྐྱེས་བུ་འདི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི། ཅི་སྒྱུ་མའི་སྐྱེས་བུ་འདི་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། སྒྱུ་མའི་སྐྱེས་བུ་འདི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ རྣམས་ཀྱི་བར་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། སྒྱུ་མའི་སྐྱེས་བུ་འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག །ཅེས་བྱ་བ་ནི་འཛིན་པའི་རྟོག་པ་གཉིས་པ་ཕྱིར་བསྟན་པ་ ཡིན་ནོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱང་གཞན་ལ། སྒྱུ་མའང་གཞན་ཞིག་ཡིན་སྙམ་མམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཏུ་གཏོགས་པའི་རྣམ་པར་རྟོག་པ་དང་ལྡན་པ་རྟོག་པ་དང་པོ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ ནི་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གཉིས་པ་སྐྱེ་མཆེད་དུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་ རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་ སེམས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། སའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སའི་ཁམས་སོ། །བཅོམ་ལྡན་འདས་ཆུའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ ལགས་ཏེ། ཆུའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ཆུའི་ཁམས་སོ། །བཅོམ་ལྡན་འདས་མེའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། མེའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་མེའི་ཁམས་སོ། །བཅོམ་ལྡན་འདས